JKCL-KABUM-08-NYA-012: Difference between revisions

From Khyentse Lineage - A Tsadra Foundation Project
No edit summary
(Replaced content with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |fulltitletib=གསུང་མགུར་སྐོར་ཕྱོགས་བསྒྲ...")
Tag: Replaced
 
Line 27: Line 27:
}}
}}
{{Header}}
{{Header}}
<h1 style="font-size: 24px !important;">Tibetan Text</h1>
<onlyinclude>
{{TibP|༄༅།  །གསུང་མགུར་སྐོར་ཕྱོགས་བསྒྲིགས་བཞུགས་སོ།  །
།དགྲ་འདུལ་གཉེན་སྐྱོང་དང་། འདི་ཆ་འདྲ་བའི་ཆགས་སྡང་རྟེན་བཞེངས་སོགས། དོན་མེད་ཀྱི་ལྟོ་ལྡིར་ཆེན་པོའི་ངང་། ཚེ་འདི་ཡི་ལྷག་མ་ནུབ་རིར་བསྐྱལ། དོན་དེ་ལ་བསམ་ཀྱང་སྐྱོ་བ་འཕེལ། སེམས་ཕན་པའི་ཚིག་གིས་སྨྲས་གྱུར་ཀྱང་། ཚིག་ངན་པས་རང་བཞིན་མཐོང་གྱུར་ནས། འཁོན་ངན་པ་བཟུང་བའི་བུ་དང་། སྐྱོང་དཀའ་བའི་འཁོར་གཡོག་གནས་ཚུལ་ལ། བསམ་བཞིན་སྐྱོ་བ་འཕེལ། རང་ལས་འབྲས་བརྩི་མེད་བཏང་བཞིན་དུ། མི་གཞན་ལ་དགེ་སྡིག་བླང་དོར་བཤད། གཡོ་སྒྱུ་ཡི་ཁུག་འགོ་ཆེན་པོ་ཅན། བདག་རང་ལ་བསམ་བཞིན་སྐྱོ་བ་འཕེལ། ད་མི་ཚེའི་ལྷག་མ་ཇི་ཙམ་གནས། ལས་དིན་མེད་ཀྱི་མགོ་བོ་མི་འཁོར་བར། ཆོས་ཟབ་མོ་བསྒྲུབ་ལ་བརྩོན་པ་ཡིས། ཚེ་མཐའ་རུ་འཁྱིལ་བར་བྱིན་གྱིས་རློབས། སྐྱབས་འདྲེན་མཆོག་རྒྱལ་པོ་ཁྱེད་རྣམས་མཁྱེན། ཅེས་པའང་ཆུ་རྟ་ཟླ་བ་བཅུ་པའི་ཚེས་བཞི་ལ་སེམས་སྐྱོ་བའི་གདུང་གླུ་བློ་གྲོས་རྒྱ་མཚོས་བྲིས་པའོ། །དགེའོ༎ །། ༈  ཨོཾ་སྭཱསྟི།  །སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་།  །བཀའ་དྲིན་མཉམ་མེད་ཆོས་ཀྱི་བློ་གྲོས་མཁྱེན།  །བདག་བརྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས།  །གསལ་སྟོང་ཟུང་འཇུག་སྤྲོས་བྲལ་ལྟ་བ་སྟོང་།  །ཡེངས་མེད་འཛིན་མེད་བསྒོམས་པ་ལམ་དུ་ཁྱེར།  །སྡོམ་པ་གསུམ་གྱི་ཀུན་སྤྱོད་རྣམ་པར་དག།  དབང་བཞིའི་འབྲས་བུ་ཚེ་འདིར་སྨིན་པར་ཤོག།  མདོར་ན་སྐྱིད་སྡུག་ལེགས་ཉེན་ཅི་བྱུང་ཡང་།  །རེ་ས་གཞན་ན་མེད་དོ་བླ་མ་མཁྱེན།  །བྱང་ཆུབ་བར་དུ་འབྲལ་མེད་ཐུགས་རྗེའི་གཟུང་།  ཞེས་པས་ཤཱཀྱའི་དགེ་སློང་འཇམ་དབྱངས་ཡོན་ཏན་རྒྱ་མཚོས་བསྐུལ་ངོར་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།  །དགེ་ལེགས་འཕེལ།།  །། ༈ སྐྱོ་གླུ་སྙིང་གི་གཟེར་ཆེན་ཞེས་བྱ་བ་བཞུགས་སོ།  །རྗེ་དྲན་ཆོག་ངོ་བོ་རྡོ་རྗེ་འཆང་།  །སྐྱབས་མཚུངས་མེད་བློ་གཏེར་དབང་པོ་དང་།  །རྗེ་ཐམས་ཅད་མཁྱེན་གཟིགས་སི་ཏུ་པ།  །དཔལ་བཀའ་དྲིན་མཉམ་མེད་པདྨའི་མཚན།  །མགོན་འགྲོ་འདུལ་དཔའ་བོ་རྡོ་རྗེ་དང་།  །ཆོས་ཤེས་བྱ་ཀུན་གཟིགས་གྲུབ་ཆེན་པ།  །རྗེ་འཇམ་མགོན་ངག་དབང་ལེགས་པའི་ཞབས།  །གཙུག་རྒྱན་གྱི་ཡོངས་འཛིན་རྣམ་པ་དྲུག།  མི་བདག་གི་སྤྱི་བོའི་རྒྱན་དུ་བཞུགས།  །དུས་ལེགས་ཉེས་སྐྱིད་སྡུག་ཅི་བྱུང་ཡང་།  །རྗེ་བླ་མ་རྣམས་ལ་གསོལ་བ་འདེབས།  །བུ་བདག་ལ་ཐུགས་རྗེས་བྱིན་གྱིས་རློབས།  །དུས་སྙིགས་མའི་གྲལ་མཐར་སྐྱེས་པ་ཡི།  །རྒྱུད་ཉོན་མོངས་དུག་ལྔས་རབ་ཏུ་གཟིར།  །ཆོས་ཟབ་རྒྱས་ཀྱི་གདམས་པ་ཐོབ་གྱུར་ཀྱང་།  །དཔེ་ཤོག་ཐོག་དང་ཚིག་སྐམ་ཁོ་ནར་ལུས།  །དོན་སྙིང་ལ་ཟུགས་པ་འགའ་མ་མཆིས།  །རང་རྒྱུད་གཤིས་ངན་པ་འདུལ་མ་ཐུབ།  །སེམས་ཆོས་ཉིད་རྣམ་རྟོག་མུན་པས་སྒྲིབ།  །བྱིང་རྒོད་ཀྱི་ཆོམ་རྐུམ་ངན་པས་བཅོམ།  །བརྗེད་ངས་ཀྱིས་དྲན་པའི་སོ་མ་ཚུགས།  །སྣང་སེམས་ཐ་མལ་རྒྱ་འབྱམས་ལུས།  །དོན་རིག་སྟོང་དབྱིངས་སུ་གྲོལ་མ་ཐུབ།  །དེ་བསམ་ཞིང་བསམ་ཞིང་སྐྱོ་བ་འཕེལ།  །ཕྱི་ནམ་ཟླ་དུས་ཀྱི་སྟོད་སྨད་དང་།  །ནང་སྐྱེ་འགྲོ་མི་ཡི་འགྱུར་བ་དང་།  །སྒོས་རང་གི་མི་ཚེ་ཟད་ལུགས་ལ།  །ཡང་ཡང་བསམ་ན་སྐྱོ་བ་འཕེལ།  །གྲོགས་མི་རྟག་འདུས་པ་ཐམས་ཅད་འབྲལ།  །དེ་ཕལ་ཆེར་ཕྱི་མའི་ལྟད་མོར་སོང་།  །རྒྱུ་ནོར་རྫས་སྒྱུ་མའི་བསོག་པ་འདྲ།  །ཕན་ཅུང་ཟད་མེད་ཀྱང་སྙིང་མེད་པོ།  །མགོ་འཁོར་ནས་ནོར་ལ་གསོག་འཇོག་བྱེད།  །དེའི་ཚུལ་ལ་བསམ་ཀྱང་སྐྱོ་བ་འཕེལ།  །དམ་སྡོམ་པ་སྣ་གཅིག་མི་བསྲུང་བའི།  །རང་གཞན་གྱི་ཨོ་ཟོག་ཚུལ་འཆོས་ཀྱི།  །ཆོས་འཆད་ཉན་བྱེད་ཟེར་དམ་ཆོས་བཙོངས།  །འཇིག་རྟེན་གྱི་དགྲ་འདུལ་གཉེན་སྐྱོང་དང་།  །ཆ་འདྲ་བའི་ཆགས་སྡང་རྟེན་བཞེངས་སོགས།  །དོན་མེད་ཀྱི་སྟོང་ལྡིར་ཆེན་པོའི་ངང་།  །ཚེ་འདི་ཡི་ལྷག་མ་ནུབ་རིར་བསྐྱལ།  །དོན་དེ་ལ་བསམ་ཀྱང་སྐྱོ་བ་འཕེལ།  །སེམས་ཕན་པའི་ཚིག་གི་སྨྲས་གྱུར་ཀྱང་།  །ཚིག་ངན་པའི་རང་བཞིན་མཐོང་གྱུར་ནས།  །འཁོན་ངན་པར་བཟུང་བའི་སློབ་བུ་དང་།  །བསྐྱངས་དཀའ་བའི་འཁོར་གཡོགས་གནས་ཚུལ་ལ།  །བསམ་ཞིང་བསམ་ཞིང་སྐྱོ་བ་འཕེལ།  །རང་ལས་འབྲས་བརྩི་མེད་བཏང་བཞིན་དུ།  །མི་གཞན་ལ་དགེ་སྡིག་བླང་དོར་བཤད།  །གཡོ་སྒྱུ་ཡི་ཁུག་མགོ་ཆེན་པོ་ཅན།  །བདག་རང་ལ་བསམ་ཞིང་སྐྱོ་བ་འཕེལ།  །ད་མི་ཚེའི་ལྷག་མ་ཇི་ཙམ་གནས།  །ལས་དོན་མེད་མང་པོས་མགོ་མི་འཁོར།  །ཆོས་ཟབ་མོ་སྒྲུབ་ལ་བརྩོན་པ་ཡིས།  །ཚེ་མཐའ་རུ་འཁྱོལ་བར་བྱིན་གྱིས་རློབས།  །སྐྱབས་དྲན་ཆོག་རྒྱལ་པོ་ཁྱེད་རྣམས་མཁྱེན།  ཅེས་པའང་ཆུ་རྟ་ཟླ་༡༠ཚེས་༤ལ་སེམས་སྐྱོ་བའི་གདུང་གླུ་བློ་གྲོས་རྒྱ་མཚོས་བྲིས་པའོ།།  །། ༈  དུས་ད་ནང་སྤྲིན་དཀར་འཁྲིགས་པ་ནས།  །ཤེལ་དཀར་གྱི་རྡུལ་ཕྱེ་ཐང་མར་བརྡལ།  །དཀར་ཕྱོགས་ཀྱི་ལྷ་རྣམས་དགྱེས་ཞལ་ངོམ།  །ལྷ་བྱ་ཡི་གོང་མོའི་སྐད་སྙན་སྒྲོགས།  །སངས་རྒྱས་ཀྱི་བསྟན་པ་དཀར་པོ་རུ།  །འགྲོ་བ་ཡི་བརྡ་ཞིག་སྟོན་ནས་འདུག།  གནས་དག་པ་ཤེལ་གྱི་རི་བོ་ལ།  །སྒྲོལ་མ་ནི་དཀར་མོ་བཞུགས་ནས་ཡོད།  །ཁོང་དགྱེས་ཞལ་འཛུམ་པའི་ཟེར་ཕྲེང་ལས།  །འཆི་མེད་ཀྱི་བདུད་རྩི་སྐྱུགས་ཀྱིན་གདའ།  །དེ་མྱོང་འདོད་ཡོད་ན་གྱེན་ལ་ལྟོས།  །སྒྲོལ་མ་ཡི་ཐུགས་རྗེས་གཟིགས་ནས་འདུག།  འཆི་མེད་ཀྱི་བདུད་རྩི་གནང་རན་འདུག།  རི་དེ་ཡི་རྩེ་མོ་འཇའ་འོད་ལྔ།  །འཁྲིགས་པ་ཡི་ཀློང་ན་པད་འབྱུང་ལ།  །མཚོ་རྒྱལ་དང་མནྡཱ་ར་བས་བསྟེན།  །བྱིན་རླབས་ཤིག་ཞུ་ན་དེ་ལ་གཟིགས།  །གསོལ་བ་ཞིག་སྙིང་གི་དཀྱིལ་ནས་ཐོབ།  །དངོས་གྲུབ་ཀྱི་སྦྲང་ཆར་འབེབས་རེ་རན།  །བྱིན་རླབས་ཀྱི་ན་བུན་ཐིབས་སེ་ཐིབས།  །མི་ང་འདྲ་སངས་རྒྱས་རློན་པར་བསྒྱུར།  །དངོས་གྲུབ་ཀྱི་དགའ་སྟོན་ཆར་དུ་བསྙིལ།  །དོན་གཉིས་ནི་ལྷུན་གྲུབ་བཀྲ་ཤིས་ཤོག།  །  ༈ རང་ལ་གྲོས་གདབ་ཀྱི་མཚངས་འདོན་བཞུགས་སོ།  །ཕ་སྐྱབས་གནས་ཀུན་འདུས་བླ་མ་རྗེ་མཁྱེན་ནོ།  །བདག་དལ་འབྱོར་མི་ལུས་ཁྱད་འཕགས་ནི་ཐོབ་ཀྱང་།  །ལས་ངན་པའི་དབང་གིས་འདིར་སྣང་གི་ཞེན་པས།  །རྒྱུད་མ་རུངས་ཐ་མ་སྲ་མཁྲེགས་ཏུ་གྱུར་པས།  །སེམས་དམུ་ཆུའི་གཅོང་ནད་དྲག་པོ་ཡིས་ཟིན་ཏོ།  །དུས་དེང་སང་ཕ་གཅིག་མཚན་ལྡན་གྱི་བླ་མ།  །སྐུ་དངོས་སུ་མཇལ་བའི་སྐལ་བ་ནི་དམན་ཞིང་།  །གསུངས་གདམས་ངག་ཆོས་ཀྱི་ཕུང་པོ་རྣམས་མཐོང་ཡང་།  །རང་རྒྱུད་དུ་མ་ལོན་ཁྱི་སྔོན་ལ་རྩྭ་བཞིན།  །བུ་ཐར་པའི་བློ་མིག་གྱེན་དུ་རེ་གཏོད་ཀྱང་།  །དགྲ་ཉོན་མོངས་ཆགས་སོགས་ཞགས་པས་ནི་ཐེབས་ཏེ།  །མགོ་ཐུར་དུ་དུད་སྟེ་དམྱལ་བ་ཡི་གཏིང་རྡོ།  །བྱས་འདི་ལ་འཁོན་དུ་བཟུང་རིན་ཞིག་གདའ་འོ།  །སེམས་ཆོས་ཉིད་རིག་པའི་ཡེ་ཤེས་ཀྱི་ཁྱེའུ་ཆུང་།  །རྗེ་མཚན་ལྡན་བླ་མས་ཕྱོགས་ཙམ་ཞིག་བསྟན་ཀྱང་།  །དོན་གོམས་འགྲིས་མ་བྱས་གཤིས་སུ་ནི་མ་ཕེབས།  །དཔེ་སྤྲིན་གསེབ་ཉི་ཞུར་ལྟ་བུ་འདིས་སྐྱོའོ།  །བདུད་འཆི་བདག་གཤེད་པོའི་སྡང་མིག་གིས་གཟིར་ཏེ།  །ལས་ཞགས་པ་ནག་པོས་རྐེ་ལ་ནི་བཏབ་ནས།  །མཚོན་དགྲ་སྟྭས་སྲོག་རྩ་དམར་པོ་ནི་གཅོད་རན།  །བདག་གོམ་གསུམ་སྤོས་ན་འཆི་བདག་དང་ཉེའོ།  །ལུས་འབྱུང་བཞིའི་བེམ་རྒོག་ཤུལ་དུ་ནི་ལུས་ཏེ།  །གྲོགས་སུ་མེད་གཅིག་པུར་འགྲོ་བ་ཡི་དུས་སུ།  །སྐྱབས་མཚུངས་མེད་བླ་མ་ཐུགས་རྗེ་ཅན་རྣམས་ལས།  །མགོན་དཔུང་གཉེན་གཞན་མེད་གསོལ་བ་ནི་འདེབས་སོ།  །ལས་དགེ་སྡིག་གང་བྱས་ཕྱི་བཞིན་དུ་འབྲང་ཚེ།  །དགེ་བྱས་བསགས་ཆུད་དུ་ཉུང་ངུ་ལས་མེད་ཅིང་།  །སྡིག་མི་དགེ་རི་རབ་ལྷུན་པོ་ཙམ་བསགས་པ།  །བསྐྱུར་བ་ཡི་ཐབས་ནི་ཅི་བྱས་ཀྱང་མ་རྙེད།  །འབྲས་རྣམ་སྨིན་རྩུབ་མོ་རང་ཐོག་ཏུ་མྱོང་དུས།  །དུས་སྐད་ཅིག་བཟོད་པའི་གོ་སྐབས་ནི་མེད་ཀྱང་།  །རང་བྱས་ཀྱི་འབྲས་བུར་སྤྱོད་པ་ལས་འོས་མེད།  །དུས་དེ་ཚེ་ཀྱེ་ཧུད་ཀྱེ་ཧུད་ཅེས་འབོད་ཚེ།  །ཕྱིས་སོང་བའི་སེམས་འགྱོད་ཆེན་པོ་ཞིག་ཡོང་ངོ་།  །རྒྱུ་དེས་ན་བློ་གྲོས་ལས་ངན་གྱི་ཁུར་པོ།  །བཏེག་མ་རན་གོང་ནས་དམ་ཆོས་ལ་འབད་མཛོད།  །བུ་རང་དབང་ཡོད་དུས་དལ་ཆུད་ནི་མ་གསོན།  །རྒྱུད་བསམ་པ་དགེ་བར་ནན་ཏན་དུ་བསྐྱེད་མཛོད།  །དེ་སྐད་རང་ལ་གདམས་པ་འདི།  སྦྲུལ་ལོ་ཆོ་འཕྲུལ་ཟླ་བའི་ཚེས༢།  དགའ་སྐྱོ་སྤེལ་མའི་ཉམས་ཤར་ཚེ།  རང་ལ་གྲོས་སུ་བཏབ་བོ།།  །། ༈ རང་གཞན་ལ་གྲོས་སུ་གདབ་པ་ཕན་བདེའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ།  །རྗེ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན།  །ཕ་མཚན་ལྡན་གྱི་བླ་མ་རིན་པོ་ཆེ།  །བུས་གསོལ་བ་སྙིང་གི་དཀྱིལ་ནས་འདེབས།  །དུས་རྟག་པར་འབྲལ་མེད་བྱིན་གྱིས་རློབས།  །ང་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ།  །སྐྱོན་མེད་པ་སྔོན་འབྲས་བསོད་ནམས་ཀྱིས།  །དུས་ད་རེས་ཐོབ་སྟེ་འདུག་ན་ཡང་།  །དལ་འབྱོར་ལ་སྙིང་པོ་མ་ལོན་པས།  །དེ་བསམ་གྱིན་སྙིང་ནས་སྐྱོ་བར་འདུག།  རྗེ་མཚན་ལྡན་གྱི་བླ་མ་མང་དུ་བསྟེན།  །གདམས་ངག་གི་ཟབ་དགུ་ཉན་ན་ཡང་།  །རྣ་ལམ་དུ་ཆུ་སྒྲ་ཤོབ་ཤོབ་བཞིན།  །དོན་ཉམས་སུ་མ་བླངས་སེམས་པ་སྐྱོ།  །ད་མི་ཚེ་ཉི་མ་བརྒྱ་ཕྱེད་ཐལ།  །མིག་ལ་སོགས་དབང་པོ་འགྲིབ་ཅིང་རྒུད།  །སེམས་ད་ལྟ་བྱས་པ་ད་ལྟ་བརྗེད།  །ལུས་འབྱུང་བ་རྒུད་པའི་སྡུག་གིས་ནོན།  །ཆོས་བྱེད་པར་སེམས་ཀྱང་ནུས་པ་མེད།  །སྔར་མ་ནུས་པ་ལ་འགྱོད་འདུག་ཀྱང་།  །འགྱོད་པ་འདི་དྲན་དུས་ཕྱི་ནས་འདུག།  ཁོ་གཤིན་རྗེའི་སྐྱེས་བུ་མདུན་དུ་ལྷག།  མི་བཟོད་ཀྱི་མཆེ་བ་རྣོན་པོ་དེ།  །དུས་ནམ་བཏབ་ངེས་པ་མི་འདུག་པས།  །རྗེ་བླ་མ་མཆོག་གིས་བསྐྱབ་ཏུ་གསོལ།  །ལས་དགེ་བ་བསགས་པ་སེན་རྡུལ་ཙམ།  །མི་དགེ་བའི་བང་མཛོད་གང་ནས་འདུག།  ལས་ཅི་བསགས་གྲིབ་མ་བཞིན་དུ་འབྲངས།  །ངན་སོང་གི་སྡུག་བསྔལ་མྱོང་ངན་འདུག།  དེ་བསམ་གྱིན་སྙིང་རྩ་དབང་མེད་འདར།  །སེམས་འཇིགས་སྣང་སྐྱེ་ཡང་ཕྱི་ནས་ཐལ།  །འཁོར་བ་འདི་མེ་ཡི་འོབས་དང་མཚུངས།  །འདོད་ཡོན་ལ་ཆགས་འདི་སྤུ་གྲི་ལ།  །སྦྲང་རྩི་འབྱར་བ་ལྕེས་ལྡག་བཞིན།  །ཐར་པའི་སྲོག་རྩ་གཅོད་པར་འགྱུར།  །ངན་སོང་གི་གནས་སུ་འཕེན་གྲབས་བྱེད།  །དུས་ད་ལྟ་ཉིན་གཅིག་བཀྲེས་སྐོམ་དང་།  །ལུས་མེ་སྟག་ཕོག་པའི་སྡུག་བསྔལ་ཙམ།  །མ་བཟོད་དེ་སྐད་ངན་འདོན་བྱེད་ན།  །དུས་རྒྱུན་རིང་བར་མེད་མནར་བ་ཡི།  །ངན་འགྲོའི་སྡུག་བསྔལ་བཟོད་ཐབས་བྲལ།  །དེ་ལེགས་པར་བསམས་ནས་ཆོས་ལ་འབུངས།  །ཆོས་ཐོབ་ཐོབ་བལྟས་བལྟས་རྣམ་གྲངས་མང་།  །སྦྱོར་དངོས་དང་རྗེས་གསུམ་ཚང་བ་ཡི།  །ཉམས་སུ་བླངས་པ་ནི་གཅིག་ཀྱང་མེད།  །ལྷ་བསྙེན་ཅིང་སྒྲུབ་པའི་བྱས་ལོ་ཡང་།  །དོན་རྒྱུད་ལ་འབྱོར་བ་ཤིན་ཏུ་ཉུང་།  །ཁ་ཤོག་ལྕེ་རླུང་གིས་བསྐྱོད་བཞིན་པར།  །སེམས་གཡེང་བ་བརྒྱ་འབྱམས་ངང་དུ་ཐལ།  །དེ་བསམ་གྱིན་སྙིང་ནས་སྐྱོ་བ་སྐྱེས།  །ད་ཅི་ཙམ་སྡོད་པའི་ལོང་ཡོད་ན།  །ཆོས་ཚུལ་བཞིན་སྒྲུབ་པའི་ནུས་པ་དང་།  །ལས་ཅི་བྱས་གཞན་དོན་འགྱུར་བ་དང་།  །རང་ལེགས་སུ་རེ་བའི་བདག་འཛིན་གྱི།  །འགོང་པོ་འདི་རྩད་ནས་ཆོམ་པ་ཞིག།  བླ་མ་དཀོན་མཆོག་གིས་བྱིན་གྱིས་རློབས།  །མཁས་འདོད་ཀྱི་དཔེ་ཀློག་མང་པོ་དང་།  །ལྟར་སྣང་གི་ཆོས་ལྟར་བཅོས་པ་ཡི།  །འདུ་ཚོགས་དང་དབང་བསྐུར་ཆོས་བཤད་སོགས།  །རང་མ་སྨིན་གཞན་རྒྱུད་གྲོལ་མི་ནུས།  །དགོས་མེད་ཀྱི་བྱ་བ་བསྒྱུར་ལ་ཐོངས།  །ད་སོས་དལ་འདུག་ལ་མ་ཎི་སྒྲོངས།  །ཆོས་ཕྱག་རྫོགས་དབུ་གསུམ་ཟེར་བ་དེ།  །ཟབ་དང་ཟབ་པར་ཡོད་ཚོད་ཀྱང་།  །དེ་རང་ཉམས་ལོངས་པ་ཤིན་ཏུ་དཀའ།  །ཁ་གདངས་དང་མིག་བགྲད་སེམས་གནས་དང་།  །སྟོང་ཆ་དང་གསལ་ཆ་ཕྱོགས་རེར་ཞེན།  །རྒྱུད་ཉོན་མོངས་ཁ་ནས་མ་བྲི་བ།  །སྒོམ་འདིས་ཀྱང་གར་འཕེན་ངེས་མི་འདུག།  རྗེ་མཚན་ལྡན་གྱི་བླ་མ་རིན་པོ་ཆེ།  །སངས་རྒྱས་དངོས་སུ་མཐོང་བ་དང་།  །ཅིར་སྣང་ཀུན་བླ་མར་ཤར་ཙམ་ན།  །རྟོགས་པ་དེ་སྐྱེ་བ་ཡིན་ཚོད་འདུག།  དེ་ང་དང་ང་འདྲར་མེད་པ་འདྲ།  །བདག་འཛིན་དང་ཉོན་མོངས་ཇེ་འཕེལ་འདི།  །རང་བློ་རང་ལ་མངོན་གྱུར་པས།  །གནས་ལུགས་ཀྱི་རྟོགས་པ་ཕར་ལ་ཞོག།  གོ་མྱོང་ཡང་རྣལ་མ་སྐྱེ་བ་དཀའ།  །ཚུལ་དེ་འདྲའི་རིགས་ལ་རང་གཞན་ཀུན།  །སྣང་བ་འདི་རྒྱ་ཡན་མ་བཏང་བར།  །ལག་བྲང་ཐོག་ཞོགས་ལ་བསམ་མནོ་བཏང་།  །དུས་ད་ནི་མི་རན་དགུ་རན་རེད།  །འཆི་ཞེས་བྱའི་སྒྲ་ཆེན་དེ་ཉིད་ལ།  །མི་སྐྲག་དང་མི་འགྱོད་པ་ཞིག་ཏུ།  །ཕ་རྗེ་བཙུན་བླ་མས་བྱིན་གྱིས་རློབས།  །ཐར་པའི་ལམ་སྣ་འདྲེན་དུ་གསོལ།  །མ་རིག་གི་མུན་པ་བསལ་དུ་གསོལ།  །ཡེ་ཤེས་ཀྱི་སྣང་བ་རྒྱས་པར་མཛོད།  །སྐྱབས་གཅིག་ཆོག་འདྲེན་མཆོག་བླ་མ་མཁྱེན།  །ཅེས་པའང་གནས་འགོ་དགོན་གྱི་གྲྭ་པདྨ་རིག་འཛིན་གྱིས་བསྐུལ་བ་དང་།  རང་ལ་ཁྲེལ་བཟླས་ཤིང་སྐྱོ་བའི་ངག་གི་སྨྲེ་སྔགས་འདིས་ཀྱང་རང་གཞན་ལ་དྲན་བའི་གསོས་སུ་གྱུར་ཅིག།  ཅེས་པའང་འབྲས་ལྗོངས་སྟག་རྩེ་ཕོ་བྲང་དུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།།  །།དགེའོ།།  །། ༈ རྡོ་རྗེའི་གླུ་སྤྲིན་དཀར་འཛུམ་པོའི་ལྷ་ཡི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།  །ཨ་ཧོ་ཡེ།  །ངོ་མཚར་འཇའ་དང་འོད་ཀྱི་གུར་ཁང་གི་དབུས་ན།  །རྡོ་རྗེའི་སློབ་དཔོན་པདྨ་འབྱུང་གནས་དེ་མཁྱེན་ནོ།  །ང་ཅག་འདིར་འདུས་སྐལ་ལྡན་རྣལ་འབྱོར་གྱི་ཕོ་མོར།  །གསང་གསུམ་ཡེ་ཤེས་རྡོ་རྗེའི་བྱིན་ཆེན་དེ་ཕོབས་ཤིག།  མ་ཚོག་ཌཱ་ཀི་བྱེ་བ་འབུམ་ཕྲག་གི་དབུས་ན།  །འཆི་མེད་དབང་མོ་མནྡ་ར་བ་དེ་མཁྱེན་ནོ།  །བརྟན་གཡོ་སྲིད་དང་ཞི་བའི་ཚེ་བཅུད་ཀུན་བསྡུས་ནས།  །སྐྱེ་འཆི་གཞོམ་གཞིག་བྲལ་བའི་ཚེ་དབང་དེ་སྩོལ་ཅིག།  གངས་ཅན་སྐྱེ་འགྲོ་ཡོངས་ལ་བཀའ་དྲིན་ནི་མཚུངས་མེད།  །མ་གཅིག་དབྱིངས་ཕྱུག་ཡེ་ཤེས་མཚོ་རྒྱལ་དེ་མཁྱེན་ནོ།  །རྩ་གསུམ་དཔའ་བོ་མཁའ་འགྲོའི་ཟབ་གསང་གི་མཛོད་ལ།  །ཅི་དགར་སྤྱོད་དུ་ཡོད་པའི་དངོས་གྲུབ་དེ་སྩོལ་ཅིག།  རྗེ་བཙུན་འཇམ་དཔལ་དཔའ་བོ་མི་གཟུགས་སུ་བསྒྱུར་བ།  །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་ཁྱེད་མཁྱེན་ནོ།  །མ་རིག་གཉིས་འཛིན་འཁྲུལ་པའི་མུན་པ་འདི་བསལ་ནས།  །མཁྱེན་རབ་ཡེ་ཤེས་གློག་གི་སྒྲོན་མེ་ནི་སྦར་མཛོད།  །མདོ་སྔགས་གསུང་རབ་རྒྱ་མཚོ་འཕགས་ཡུལ་ནས་བསྒྱུར་མཛད།  །ལོ་ཙཱ་ཆེན་པོ་བེ་རོ་ཙ་ན་དེ་མཁྱེན་ནོ།  །རིག་རྩལ་དགོངས་པའི་རྩལ་ཆེན་ཤུགས་དྲག་ཏུ་བསྐྱེད་དེ།  །ང་ཅག་རྗེ་དང་དགོངས་པ་མཉམ་པ་རུ་བསྒྱུར་ཐོང་།  །མཆོག་ཐུན་གྲུབ་བརྙེས་རྗེ་འབངས་ལོ་པཎ་རྣམས་མཁྱེན་ནོ།  །ཟླ་མེད་མཁས་དང་གྲུབ་པའི་རྟགས་མཚན་དེ་བསྟན་ནས།  །གངས་ཅན་བསྟན་འགྲོར་ཕན་བདེའི་དགེ་ལེགས་ཀྱི་སྒོ་འཕར།  །ཡང་ཡང་འབྱེད་པའི་བཀྲ་ཤིས་སྣང་བ་དེ་སྩོལ་ཅིག།  ལྔ་བརྒྱའི་གཙུག་རྒྱན་པཎ་ཆེན་བི་མ་དེ་མཁྱེན་ནོ།  །ལྗོངས་འདིར་གསང་བ་གསུམ་གྱི་བྱིན་ཆེན་ཞིག་ཕབ་ནས།  །ཐེག་མཆོག་འོད་གསལ་ཉི་ཟླའི་སྣང་བ་ནི་ཆེན་པོ།  །འཕོ་བྲལ་འཕོ་བ་ཆེན་པོའི་མཆོག་དངོས་དེ་སྩོལ་མཛོད།  །ངེས་གསང་རྡོ་རྗེ་རྩེ་མོའི་ཤིང་རྟ་པ་ཆེན་པོ།  །ཀུན་མཁྱེན་བླ་མ་ཀློང་ཆེན་རབ་འབྱམས་དེ་མཁྱེན་ནོ།  །ཤེས་བྱ་ཀུན་ལ་ཆགས་ཐོགས་མེད་པ་ཡི་སྤོབས་པ།  །བློ་གྲོས་གཏེར་བརྒྱད་གྲོལ་བའི་དགའ་སྟོན་དེ་སྩོལ་ཤིག།  སྙིགས་མ་ལྔ་བདོའི་རྒུད་པའི་གདུང་བ་ལས་སྐྱོབ་མཛད།  །ཧེ་རུ་ཀ་དཔལ་ནམ་མཁའ་འཇིགས་མེད་དེ་མཁྱེན་ནོ།  །གཟུང་འཛིན་འཁྲུལ་རྟོག་སྐྱེ་མེད་ཆོས་དབྱིངས་སུ་བསྒྲལ་ནས།  །ཕྱི་ནང་སྦས་ཡུལ་རིན་ཆེན་སྒོ་མོ་ནི་འབྱེད་མཛོད།  །དེ་ཉིད་སླར་ཡང་བཀའ་བབས་བདུན་ལྡན་གྱི་ཤིང་རྟ།  །མཁྱེན་བརྩེའི་དབང་པོ་ཆོས་ཀྱི་བཤེས་གཉེན་དེ་མཁྱེན་ནོ།  །རིས་མེད་རྒྱལ་བསྟན་ཐམས་ཅད་དར་རྒྱས་སུ་མཛད་པ།  །སྐྱབས་གཅིག་ཁྱེད་དང་འདྲ་བར་བྱིན་གྱིས་རང་རློབས་ཤིག།  ང་ཡི་བླ་མ་དྲན་ཆོག་རྒྱལ་པོ་རྣམས་མཁྱེན་ནོ།  །ཉམ་ཐག་འགྲོ་བ་ཀུན་ལ་བུ་གཅིག་ལྟར་བརྩེ་བས།  །ལས་ཉོན་སྡུག་བསྔལ་མཚོ་ལས་ད་ལྟ་རང་དྲངས་མཛོད།  །ཨ་ཧོ་ཡེ།  བྲག་དཀར་བཀྲ་ཤིས་ལྡིང་གི་ས་འཛིན་གྱི་ལྟེ་བར།  །འཇིག་རྟེན་དབང་ཕྱུག་ཀརྨ་པའི་སྤྲུལ་སྐུ་ཆེན་པོ།  །ཆོས་རྒྱལ་ཡབ་ཡུམ་སྲས་ལྕམ་འདུས་ཚོགས་དང་ལྷན་ཅིག།  རྩ་གསུམ་དགྱེས་པའི་རྟེན་མཁར་ཆེན་པོ་ནི་འཛུག་སྟེ།  །འཕགས་བོད་ལྗོངས་སུ་བདེ་སྐྱིད་རྫོགས་ལྡན་གྱི་དགེ་མཚན།  །འཕེལ་བའི་རྟེན་འབྲེལ་བཟང་པོ་ལྷུན་གྲུབ་ཏུ་བྱུང་ཞིང་།  །རྟག་བརྟན་འགྱུར་མེད་གཡུང་དྲུང་གཡས་འཁྱིལ་ལ་ལོངས་སྤྱོད།  །རྒྱལ་བསྟན་དར་ཞིང་རྒྱས་བའི་ལྟས་བཟང་ཞིག་འཆར་སོང་།  །བཀྲ་ཤིས་མེ་ཏོག་སྣ་ཚོགས་མཁའ་དབྱིངས་སུ་བྲེས་ནས།  །བཀྲ་ཤིས་བླ་མ་ཡི་དམ་མཁའ་འགྲོ་ཡི་འཛུམ་ཞལ།  །བཀྲ་ཤིས་འདིར་ཚོགས་རྣམས་ལ་ཡང་ཡང་དུ་བསྟན་ནས།  །བཀྲ་ཤིས་པད་དཀར་བཞད་པའི་བཀྲ་ཤིས་དེ་ཤོག་ཅིག།  །ཅེས་པ་འདི་སྦས་ཡུལ་འབྲས་ལྗོངས་གནས་ཀྱི་སྙིང་པོ་བྲག་དཀར་བཀྲ་ཤིས་སྡེང་དུ་ཆོས་རྒྱལ་ཆེན་པོ་ཐབས་ཤེས་དང་ལྷན་ཅིག་གནས་ཆེན་བྱིན་འབེབ་སྐབས་སུ།  རང་སློབ་མཆོད་དཔོན་དགེ་སློབ་མཆོག་ལྡན་ནས་བསྐུལ་བས་མཚམས་སྦྱར་ཏེ་པདྨ་ཡེ་ཤེས་རྡོ་རྗེས་གང་ཤར་ཐོབ་བྱུང་དུ་བྲིས་པའོ།  །འདི་འབྲི་སྐབས་རྟེན་འབྲེལ་རབ་ཏུ་གྱུར་བ་བྱུང་ཞིང་།  །དེའང་ལྷ་བཙུན་ཆེན་པོ་བྲི་སྐབས་དངུལ་ལས་བཟོས་པའི་བཀྲ་ཤིས་རྟགས་བརྒྱད།  བྷོ་དྷི་ཙེའི་ཕྲེང་བ།  མཁྱེན་བརྩེ་རིན་པོ་ཆེའི་སྒབས་མཎྜལ་རྫས་བརྒྱད་རི་མོ་ཡོད་པ་ལྕགས་རི་དང་བཅས།  འབྲས་དཀར་སྡེར་མ་གང་།  ཡང་གཙང་པ་རྒྱ་རས་ཀྱི་སྐུ་བཅས་འབྱོར།  དེ་རྣམས་དད་ལྡན་ལི་ཐང་དག་མ་ནས་ཕུལ་བའོ།།  །། ༈ གླུ་ཟབ་དོན་གླིང་བུ་ཞེས་བྱ་བ།  ཨ་ཧོ།  འོག་མིན་དཔལ་གྱི་བསམ་ཡས་འཆིམས་ཕུ་ཡི་ཡང་རྩེ།  །རང་བྱུང་ཤེལ་གྱི་ཕ་ཝཾ་དཀར་པོ་ཡི་གུར་ཁང་།  །མ་བཅོས་ལྷུན་གྲུབ་གཞལ་མེད་ཁང་ཆེན་འདི་དགའ་འོ།  །དགུང་སྔོན་དག་པ་དབྱིངས་ཆེན་ཕྱོགས་ལྷུང་དང་བྲལ་བར།  །འོད་གསལ་ཉི་ཟླའི་དཀྱིལ་འཁོར་བཀྲག་མདངས་ནི་འཚེར་བས།  །རིག་པ་ཚད་ལ་ཕེབས་པའི་ངོ་མཚར་གྱི་ལྟད་མོ།  །མངོན་སུམ་ཆོས་ཉིད་སྤྱན་གྱིས་སྣང་བ་འདི་ཨ་ཧོ།  །རྣལ་འབྱོར་ང་ཡི་སྣང་བ་གཏད་མེད་དུ་ཟང་ཐལ།  །ཤེས་རབ་རང་བྱུང་སྒྲོན་མའི་རིག་པ་ཡི་རང་གདངས།  །ཕྱི་རོལ་དབྱིངས་ཀྱི་མཁའ་ལ་རྒྱ་འབྱམས་སུ་ཀླས་པས།  །སྐུ་གསུམ་ལྷུན་གྱིས་གྲུབ་པའི་གནས་ལུགས་ལ་ཡིད་ཆེས།  །སངས་རྒྱས་གཞན་ནས་མ་བཙལ་རང་ཆས་སུ་རྫོགས་འདུག།  ཀུན་བརྟགས་བློ་ཡིས་སྤྲོས་པའི་བསྐྱེད་རྫོགས་ཀྱི་ཨ་འཐས།  །ཡིད་དཔྱོད་མཚན་འཛིན་རྟོག་པ་ཐེ་ཚོམ་གྱི་དྲྭ་བའི།  །སྦུབས་སུ་འཐུམས་པའི་དཀའ་ཚེགས་ངལ་བ་འདིས་ཅི་བྱ།  །མ་བཅོས་གདོད་ནས་དག་པའི་རིག་གདངས་ཀྱི་དཀྱིལ་འཁོར།  །ཇི་ལྟར་སྣང་བ་འདི་དག་ཇི་བཞིན་དུ་བཀོད་པ།  །སངས་རྒྱས་འཕགས་པ་ང་ཡི་དཔང་བོ་རུ་བྱོན་དང་།  །ཐེ་ཚོམ་བྲལ་བའི་ངེས་ཤེས་ནང་ནས་རང་རྙེད་དོ།  །རྩ་རླུང་བྱེད་རྩོལ་མཚན་མའི་འདུ་བྱེད་ཀྱི་ཐགས་པས།  །དམ་དུ་བཅིད་ལས་རྟོག་མེད་བག་ཙམ་ཞིག་འཆར་རུང་།  །ཀུན་གཞིའི་ཆ་དང་འདྲེས་པས་རང་བྱུང་གི་ཡེ་ཤེས།  །སྒྲིབ་བྱེད་ཙམ་ལས་གནས་ལུགས་དངོས་མ་ནི་མ་ལགས།  །ཐེག་བརྒྱད་བློས་བྱས་གྲུབ་མཐའི་གཟུགས་བརྙན་གྱི་རི་མོ།  །བརྫུན་པ་ཆུ་ཟླ་དང་མཚུངས་གནས་ལུགས་ལ་ཐག་རིང་།  །ང་ཅག་རིག་འཛིན་དགའ་རབ་དཔའ་བོ་ཡི་བརྒྱུད་འཛིན།  །རྣམ་པར་རྟོག་པའི་གཟེབ་ཀྱི་འཆིང་བ་ལས་རང་གྲོལ།  །རང་བྱུང་རང་ཤར་རང་གནས་ཀུན་བཟང་གི་རོལ་པ།  །གདོད་མ་གཞི་ཡི་གནས་ལུགས་མངོན་སུམ་འདི་ཨ་ཧོ།  །བསྒོམ་བྱ་སྒོམ་བྱེད་བྲལ་བའི་འོད་གསལ་གྱི་གཤིས་ལ།  །རང་བབ་རྒྱ་འབྱམས་ལྷུན་གྲུབ་ཚོམ་བུ་ཡི་བཀྲག་མདངས།  །མ་བྲིས་མ་བྱས་རང་ཤར་སྣང་བ་འདི་ཨ་ཧོ།  །གཟུང་འཛིན་འཁྲུལ་རྟོག་ཆོས་ཉིད་དབྱིངས་ཆེན་དུ་ཟད་དེ།  །ལོ་དང་ཟླ་བའི་སྡུག་སྒུར་ཆེན་པོ་ནི་མི་དགོས།  །སྐྱིད་ཉལ་ངང་དུ་ལས་རླུང་ཟད་པ་ལ་ཕྱོགས་པ།  །འོད་གསལ་སྙིང་ཐིག་རིག་འཛིན་བརྒྱུད་པ་ལ་བྱིན་མཐུ།  །སྙིང་དབུས་འཕོས་པའི་རྟགས་ཚད་སྣང་བ་འདི་ཨ་ཧོ།  །ཅེས་པའང་མེ་སྤྲེལ་ནག་ཟླའི་ཚེས་ཉེར་དགུ་ལ་བསམ་ཡས་འཆིམས་ཕུའི་བློན་ཆེན་གུར་དཀར་ཕུག་ཏུ་ཉམས་སྐྱིད་པས་རྐྱེན་བྱས་ཏེ།  རང་ལ་འདི་འདྲའི་རྟོགས་ཚད་མི་ལྡན་ཡང་མ་འོངས་འབྱུང་འགྱུར་གྱི་རྟེན་འབྱུང་ཙམ་དུ་ཐོལ་བྱུང་གླུ་རུ་བླངས་པའོ།།  །། ༈ ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྗེས་དྲན་གྱི་གླུ་ཀ་ལ་པིངྐའི་དབྱངས་སྙན་ཞེས་བྱ་བ།  །ཕ་བླ་མའི་ཞབས་ལ་ཕྱག་འཚལ་ལོ།  །གནས་རང་སྣང་ལྔ་ལྡན་འཇའ་ཟེར་གྱི་ཀློང་ན།  །རྗེ་ཀུན་མཁྱེན་ངག་གི་དབང་པོ་དེ་བཞུགས་ཡོད།  །སྐུ་མཚན་དཔེའི་གཟི་བྱིན་ལྷམ་མེ་རུ་གསལ་ལ།  །གསུང་ཚངས་དབྱངས་ཆོས་སྒྲ་འགགས་མེད་དུ་སྒྲོགས་ཤིང་།  །ཐུགས་མཁའ་ཁྱབ་འོད་གསལ་རྡོ་རྗེ་ཡི་ཀློང་ན།  །དུས་རྟག་ཏུ་མཉམ་པར་མ་བཞག་པ་མི་མངའ།  །རྗེ་དུས་གསུམ་སངས་རྒྱས་སྲས་བཅས་ཀྱི་རང་གཟུགས།  །མགོན་ཀུན་མཁྱེན་ཆོས་རྗེ་སྙིང་དབུས་ནས་དྲན་བྱུང་།  །ཤར་རི་རྒྱལ་སྤང་བྲག་རྫ་རི་ཡི་རྩེ་མོ།  །དགུང་སྔོན་པོར་སྙེགས་འདྲའི་སྔོ་བསང་གི་མཁའ་ལ།  །སྤྲིན་དཀར་པོ་ལང་ལོང་གར་སྟབས་སུ་སྒྱུར་ཚེ།  །རྗེ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་དེ་དྲན་བྱུང་།  །དུས་ནམ་དྲན་སྙིང་ལ་མོས་གུས་ཀྱི་གཟེར་ཆེན།  །ཡིད་བཟོད་མེད་གདུང་བས་ཤུགས་རིང་ཞིག་འདོན་ཚེ།  །ལུས་བ་སྤུ་གཡོ་བའི་དད་མོས་ཀྱི་སྣང་བ།  །མིག་མཆི་མ་འཁྲུགས་བཞིན་གསོལ་འདེབས་ལ་འབད་ཚེ།  །ཕ་ཀུན་མཁྱེན་གདོད་མའི་མགོན་པོ་ཡི་དགྱེས་ཞལ།  །མི་བདག་གི་མིག་སྔར་མངོན་སུམ་དུ་སྟོན་ཅིག།  སྐུ་བེམ་པོ་མ་ཡིན་ཡེ་ཤེས་ཀྱི་ལུས་ཅན།  །འོད་སེར་པོ་བྱེ་བ་ཕྲག་བརྒྱ་ནི་འབར་ཞིང་།  །གསུང་ཟབ་རྒྱས་གདམས་པའི་སིལ་སྙན་གྱི་ང་རོས།  །བདག་མི་ཤེས་གཉིད་ལས་ད་ལྟ་རང་བཀྲོག་མཛོད།  །ཐུགས་ལྔ་ལྡན་ལྷུན་གྲུབ་འོད་གསལ་གྱི་གོང་བུ།  །དུས་ད་ལྟ་བདག་གི་སྙིང་དབུས་སུ་བསྟིམ་མཛོད།  །གཞི་རིག་སྟོང་དབྱེར་མེད་སྐུ་གསུམ་གྱི་བླ་མ།  །དོན་མ་བཅོས་མ་བསྒྲུབ་རང་ཞལ་ནི་མཇལ་ཏེ།  །ཅིར་སྣང་བ་ཡེ་ཤེས་འཁོར་ལོ་ཡི་རྒྱན་དུ།  །རང་ཤར་ནས་འཛིན་མེད་རང་གྲོལ་གྱི་སྤྱོད་པས།  །བོགས་འདོན་ཏེ་ཆོས་ཅན་སྤྲོས་པ་ཡི་དྲྭ་བ།  །གཞི་ཀ་དག་ཆོས་ཟད་ཆེན་པོ་རུ་ཐིམ་ནས།  །དབྱིངས་ཕྱིར་གསལ་སྐུ་དང་ཞིང་ཁམས་ཀྱི་བཀོད་པ།  །མ་འགྲོ་དྲུག་འཁོར་བ་དོང་སྤྲུགས་སུ་གྱུར་ཅིག།  ཚིག་དེ་སྐད་མགྲིན་པའི་དབྱངས་སྙན་དུ་འཁྲོལ་ན།  །རྗེ་ཀུན་མཁྱེན་བླ་མས་བྱིན་གྱིས་རང་རློབས་ཤིགབུ་བློ་གྲོས་བླུན་རྒན་ལས་ངན་གྱི་གདུང་བས།  །ཡིད་རྩེ་གཅིག་གུས་པས་གསོལ་བ་རང་འདེབས་སོ།  །ཤིང་ཁྱི་ཟླ་བརྒྱད་ཚེས་ཉེར་དགུ་ལའོ།།  །། ༈ ཉམས་མཚར་དུ་བརྗོད་པ་ཁུ་བྱུག་མགྲིན་གླུ་ཞེས་བྱ་བ།  ཨ་ཧོ་ཡེ།  ངོ་མཚར་ཕུན་ཚོགས་དག་པ་རབ་འབྱམས་ཀྱི་ཞིང་ཁམས།  །རྩ་གསུམ་རྒྱལ་བ་རྒྱ་མཚོ་སྐར་ཚོགས་ལྟར་བཀྲ་ཞིང་།  །ཕུལ་བྱུང་ཐུགས་རྗེའི་ཟླ་བ་བསིལ་ཟེར་དང་ལྡན་པ།  །མཁྱེན་བརྩེའི་འོད་ཟེར་སྟོང་འབར་བདུད་རྩི་ཡི་ཟིལ་ལྡན།  །ང་ཅག་རྣལ་འབྱོར་དམ་ལྡན་རིམ་གཉིས་ཀྱི་ལམ་ལ།  །བརྩོན་པས་དད་མོས་བློ་ཡི་ཀུ་མུད་ནི་ཁ་འབྱེད།  །རིག་སྟོང་འོད་གསལ་རྫོགས་པ་ཆེན་པོ་ཡི་ཟེ་འབྲུ།  །རང་བྱུང་བཞད་བའི་ངོ་མཚར་ལྟད་མོ་འདི་ཨ་ཧོ།  ཨ་ཧོ་ཡེ།  ཕ་གཅིག་དྲིན་ཆེན་བླ་མ་མཚོ་སྐྱེས་ཀྱི་རྡོ་རྗེ།  །མ་གཅིག་ཡེ་ཤེས་མཁའ་འགྲོ་འབུམ་ཕྲག་གི་གཙོ་མོ།  །མནྡཱ་ར་དང་ཡེ་ཤེས་མཚོ་རྒྱལ་དེ་མཁྱེན་ནོ།  །ང་ཅག་སྒོ་གསུམ་ཐ་མལ་འཁྲུལ་རྟོག་གི་ཁང་བུ།  །ཁྱེད་ཀྱི་ཡེ་ཤེས་མེ་ཡིས་ལྷག་མེད་དུ་བསྲེགས་ནས།  །གདན་གསུམ་ཚང་བར་གདོད་ནས་ལྷུན་གྲུབ་ཀྱི་ཕུང་པོ།  །ཡེ་ཤེས་མཁའ་འགྲོའི་གྲོང་ཁྱེར་ཆེན་པོ་རུ་བསྒྱུར་ཐོངས།  །རྩ་རླུང་ཐིག་ལེའི་འདུ་བ་རང་དབང་དུ་བསྒྱུར་ནས།  །གནས་ཡུལ་ཕྱི་རུ་མི་བགྲོད་ནང་བསྐོར་ཞིག་རྒྱབ་སྟེ།  །དཔའ་བོ་མཁའ་འགྲོའི་ཚོགས་དང་དགྱེས་དགུ་རུ་རོལ་ལོ།  །རྨད་བྱུང་ཕྱི་ནང་གསང་བའི་ཚོགས་འཁོར་གྱི་སྤྲིན་ཕུང་།  །ཏིང་འཛིན་ཆོ་འཕྲུལ་ཆེན་པོས་སྐད་ཅིག་ལ་རྫོགས་ཏེ།  །རྩ་ཡི་མདུད་གྲོལ་རླུང་རྣམས་དབུ་མ་རུ་དེངས་ནས།  །ཐིག་ལེ་རང་དག་ལམ་ལྔ་ས་བཅུ་རྣམས་བགྲོད་དེ།  །ཡེ་ཤེས་བླ་མའི་ས་མཆོག་ཐོབ་པ་ལ་སྨོན་ནོ།  །ཨ་ཧོ་ཡེ།  དྲན་བས་སྙིང་གི་མུན་སེལ་དྲི་མེད་ཀྱི་འོད་ཟེར།  །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་དེ་མཁྱེན་ནོ།  །རྟག་ཏུ་བདག་གི་ཚངས་གནས་འཁོར་ལོ་རུ་བཞུགས་ནས།  །ཡེ་ཤེས་འཕོ་བ་ཆེན་པོའི་དབང་བསྐུར་དེ་སྩོལ་ཅིག།  ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཡབ་སྲས་ཀྱི་གསུང་གི  །བདུད་རྩིས་རིང་ནས་འཚོ་བའི་སྐལ་བཟང་ང་སྐྱིད་དོ།  །ལེགས་གསུང་རྒྱལ་བའི་བཀའ་དང་རྣམ་དབྱེར་ནི་མེད་པའི།  །མཛོད་ཆེན་བདུན་དང་ཡོན་ཏན་རིན་པོ་ཆེའི་མཛོད་ཀྱི།  །ཚིག་དོན་སྦྲང་རྩི་རྒྱུན་དུ་ཡང་ནས་ཡང་མྱང་བས།  །ཟབ་རྒྱས་གནས་ལ་སྤོབས་པའི་གཏེར་ཆེན་དེ་རྡོལ་ལ།  །ཐེ་ཚོམ་མེད་པའི་ངེས་ཤེས་བརྟན་པོ་རང་འཁྲུངས་བྱུང་།  །བློས་བྱས་མ་ཡིན་ཀ་དག་གདོད་མ་ཡི་གནས་ལུགས།  །བླ་མའི་དྲིན་གྱིས་མངོན་སུམ་རང་ཐོག་ཏུ་ཕེབས་ནས།  །ལྷུན་གྲུབ་ཐོད་རྒལ་གསེང་ལམ་ཟབ་མོ་ཡི་གནད་ཀྱིས།  །ཆོས་ཅན་སྣང་བ་ཆོས་ཉིད་ཀློང་དུ་ནི་ཟད་དེ།  །འཇའ་ལུས་རྡོ་རྗེའི་སྐུ་མཆོག་འགྲུབ་པ་རུ་ཤོག་ཅིག།  ཅེས་པའང་རང་སློབ་གཡོན་རུ་གཏེར་སྲས་འཇམ་དབྱངས་བསོད་ནམས་ཀྱིས་མགུར་སྙན་བ་ཞིག་བྲི་དགོས་གསུངས་ཀྱང་སྙན་ཚིག་གཤིས་ལ་མི་གནས་པས་མ་བྱུང་ཡང་།  གང་ཤར་ཡུད་ཙམ་ལ་བློ་གྲོས་རྒྱ་མཚོས་བྲིས་ཏེ་ཕུལ།  དགེའོ།།  །། ༈ ངེས་དོན་སྙིང་པོའི་གླུ་བྱང་ཆུབ་བདེ་ལམ་ཞེས་བྱ་བ།  ཕ་མཚན་ལྡན་གྱི་བླ་མ་རྡོ་རྗེ་འཆང་།  །ཡིད་དད་བརྒྱའི་གདུང་བས་གསོལ་བ་འདེབས།  །རྗེ་ཁྱེད་ཀྱི་ཐུགས་རྗེ་མཐུ་ནུས་ཀྱིས།  །དོན་ངེས་གསང་རྟོགས་པར་བྱིན་གྱིས་རློབས།  ཆོས་སྣང་བ་འདི་དག་རང་གི་སེམས།  །མདངས་རྨི་ལམ་འཁྲུལ་སྣང་ཇི་བཞིན་དུ།  །གཞི་རྩ་བ་མེད་ཅིང་སྟོང་པའི་གཟུགས།  །དེ་སྣང་བའི་དུས་ན་རང་བཞིན་སྟོང་།  །སྟོང་བཞིན་དུ་སྣང་བ་མ་འགགས་ཤིང་།  །ཀུན་རྫོབ་ཏུ་རྒྱུ་འབྲས་བསླུ་བ་མེད།  །དོན་དམ་དུ་སྐྱེ་འགགས་གནས་བྲལ་བའི།  །སྟོང་རྟེན་འབྱུང་དབྱེར་མེད་རོ་གཅིག་འདི།  །གཞི་མཐའ་བྲལ་དབུ་མ་ཆེན་པོ་ཟེར།  །དེ་ཕྱི་ན་མེད་དེ་རང་གི་སེམས།  །རང་སེམས་ཀྱི་ཆོས་ཉིད་གཉུག་མ་འདི།  །བཞི་ཆ་གསུམ་བྲལ་གྱི་ཡེ་ཤེས་ལ།  །གཉིས་འཛིན་གྱི་རྟོག་པས་མ་བསླད་པར།  །གཞི་མ་བཅོས་སོ་མ་རང་བབ་ཏུ།  །ངང་གནས་ཀྱི་དྲན་པས་ཡེངས་འཛིན་བྲལ།  །སྒོམ་འོད་གསལ་གྱི་བློ་ཡིས་མ་བཅིང་ཞིང་།  །རེ་དོགས་ལས་འདས་པའི་ངང་དེ་རུ།  །བྱ་བྱེད་ཀྱི་རྩོལ་བ་བྲལ་བ་ལ།  །ལམ་སྒོམ་པ་ཕྱག་རྒྱ་ཆེན་པོ་ཡིན།  །གཞི་ཀ་ནས་དག་པའི་ཡེ་ཤེས་དེ།  །རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡི།  །ཆོས་ཀྱི་དབྱིངས་སྟོང་པ་ཆེན་པོ་ཡི།  །སྐུ་གསུམ་ལྷུན་གྲུབ་མ་བཙལ་རྫོགས།  །དེ་སྒོ་ཡུལ་རླུང་རིག་གནད་བསྣུན་པས།  །ལམ་སྣང་གི་སྒྲོན་མ་ཆེས་ཆེར་འབར།  །མངོན་སུམ་གྱི་སྣང་བ་ནས་བརྩམ་སྟེ།  །མཐར་ཆོས་ཟད་བློ་འདས་དགོངས་པ་རྙེས།  །ཕྱི་ནང་གི་འབྱུང་བའི་ཟག་པ་ཟད།  །རིག་པ་འོད་ཀྱི་སྐུ་རུ་སྨིན།  །གཞན་དོན་གྱི་མཛད་པ་རྒྱུན་མི་ཆད།  །དེ་འབྲས་བུ་རྫོགས་པ་ཆེན་པོ་ལགས།  །ཚུལ་དེ་སྐད་གླུ་རུ་གདམས་པ་འདིས།  །ཁམས་གསུམ་གྱི་སེམས་ཅན་མ་ལུས་པས།  །ཆེན་པོ་གསུམ་དབྱེར་མེད་རྟོགས་པ་དང་།  །འཁོར་བ་དོང་ནས་སྤྲུགས་གྱུར་ཅིག།  །ཅེས་པའང་རང་སློབ་དགེ་སློང་རིན་ཆེན་གྱིས་ལྷ་རྫས་དང་རིན་གཉིས་རྟེན་དང་བཅས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་འབྲས་ལྗོངས་སྒང་ཐོག་གཙུག་ལག་ཁང་གི་བ་གམ་ནས་བྲིས་པ་དགེའོ།།  །། ༈ གླུ་ཡེ་ཤེས་བྱིན་འབེབས་ཅེས་བྱ་བ།  ཨ་ཧོ་ཡེ།  མི་འགྱུར་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཕོ་བྲང་།  །ངེས་པ་ལྔ་ལྡན་སངས་རྒྱས་པདྨ་ཡི་རྒྱལ་པོ།  །གང་འདུལ་ངོ་མཚར་སྒྱུ་མའི་བཀོད་པ་ནི་གྲངས་མེད།  །སྐྱབས་གཅིག་ཨོ་རྒྱན་གཏེར་བདག་གླིང་པ་དང་དབྱེར་མེད།  །འགྱུར་མེད་པདྨ་བི་ཛ་སྙིང་དབུས་ནས་དྲན་བྱུང་།  །ང་ཡི་གཟུང་འཛིན་འཁྲུལ་པ་གཏད་མེད་དུ་ཐོང་ཞིག།  འཁོར་འདས་ཆོས་ཀུན་སྣ་ཚོགས་རང་སེམས་ཀྱི་ཆོ་འཕྲུལ།  །རྨི་ལམ་བདེ་སྡུག་མྱོང་ལྟར་དོན་ལ་ནི་མ་གྲུབ།  །ཨ་འཐས་བྱས་པའི་བློ་ཅན་རང་གི་རང་བཅིངས་པ།  །འདི་ཀོ་བླ་མའི་དྲིན་གྱིས་འབད་མེད་དུ་གོ་བྱུང་།  །སྐྱབས་གཅིག་དྲིན་ཆེན་བླ་མ་ཚངས་གནས་ཀྱི་འཁོར་ལོར།  །སྙིང་དབུས་པད་དཀར་བཞད་པའི་ཟེ་འབྲུ་རུ་བསྒོམ་སྟེ།  གསོལ་བཏབ་དབང་བླང་ཐུགས་ཡིད་བསྲེ་བ་ཡི་ཉམས་ལེན།  །ཁ་ཙམ་མིན་པར་སྙིང་ནས་ཡང་ཡང་དུ་སྐྱོང་ན།  །རྡོ་རྗེའི་ཡེ་ཤེས་སྙིང་དབུས་འབེབ་པ་ནི་ཐག་ཆོད།  །མ་རིག་རྒྱུས་བསྐྱེད་ལུས་ངག་ཡིད་གསུམ་གྱི་སྒྲིབ་པས།  །རིག་པ་སྐུ་གསུམ་སྙིང་པོའི་རང་ཞལ་དེ་མ་མཇལ།  །ད་རེས་རང་རིག་རྒྱལ་པོ་བླ་མ་ཡི་དྲིན་གྱིས།  །ཐུགས་རྗེའི་ཤུགས་ཀྱིས་མ་རིག་འཁྲུལ་འཁོར་དེ་གཏོར་ནས།  །རང་གནས་ཆོས་ཉིད་ངོ་བོ་རྗེན་པ་རུ་འཆར་སོང་།  །གཉིས་འཛིན་མུན་པ་སྟུག་པོ་གར་སོང་ནི་ཆ་མེད།  །ཡེ་གྲོལ་ཀ་དག་ཆོས་དབྱིངས་སྟོང་ཆེན་གྱི་མཁའ་ལ།  །ལྷུན་གྲུབ་འོད་གསལ་ཚོམ་བུའི་དཀྱིལ་འཁོར་འདི་བཀྲག་གསལ།  །མ་བྱས་རང་བྱུང་ཐོལ་གྱིས་འཆར་བ་འདི་ཨ་ཧོ།  །རང་བབ་མ་བཅོས་རང་སྣང་རིག་པ་ཡི་རྒྱན་འཁོར།  །འདུ་འབྲལ་མེད་པར་སྤྱོད་པའི་རྣལ་འབྱོར་ང་སྐྱིད་དོ།  །སངས་རྒྱས་ཞེས་པའི་འབྲས་བུ་སྒྲ་བོ་ཆེ་དེ་ཀོ།  གཞི་རྫོགས་འཕོ་འགྱུར་བྲལ་བ་འདི་ཀ་རང་ཡིན་པར།  །ངེས་ཤེས་གཏིང་ནས་སྐྱེས་པའི་མཆོད་པ་ཞིག་འབུལ་ན།  །སྐུ་བཞི་ཡེ་ཤེས་ལྔ་ལྡན་བྱིན་ཆེན་དེ་ཕོབ་ཅིག།  འཁོར་བ་དོང་ནས་སྤྲུགས་པའི་དངོས་གྲུབ་ཞིག་སྩོལ་ཅིག།  རང་གཞན་དོན་གཉིས་འགྲུབ་པའི་བཀྲ་ཤིས་ནི་ཞུའོ།  །ཞེས་བའང་སྨིན་གླིང་གདུང་སྲས་རིན་པོ་ཆེ་ཀུན་བཟང་དབང་རྒྱལ་གྱི་བཀའ་ཡིས་བསྐུལ་བ་བཞིན་དུ།  རང་ལ་འདི་འདྲའི་རྟོགས་པའི་གདིང་ཚད་མེད་ཀྱང་འབྱུང་རུང་གི་རྟེན་སྨོན་ཙམ་དུ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་འོག་མིན་གཉིས་པ་སྨིན་གྲོལ་གླིང་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག།  སརྦ་དཱ་མངྒ་ལ་ཤུ་བྷཾ།།  །། ༈ ཨེ་མ་ཧོ།  འཁོར་འདས་བདག་མེད་སྟོང་ཉིད་གཞི་དབྱིངས་ཀྱི་ཀློང་ན།  །གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དེ་བཞུགས་ཡོད།  །ཞལ་ཕྱག་འཛིན་པ་རང་སར་དག་པ་དེ་ཨ་ཧོ།  །གཞོན་ནུ་བུམ་སྐུའི་བླ་མ་ཆོས་སྐུ་དེ་མཁྱེན་ནོ།  །ངེས་པ་ལྔ་ལྡན་འོད་གསལ་བདེ་སྟོང་གི་ཞིང་ན།  །ཚོམ་བུ་ལྔ་ལྡན་རིགས་ལྔའི་སངས་རྒྱས་དེ་བཞུགས་ཡོད།  །གཉིས་མེད་ཁ་སྦྱོར་ཡན་ལག་བདུན་ལྡན་དེ་ཨ་ཧོ།  །ཟུང་འཇུག་རྡོ་རྗེའི་བླ་མ་ལོངས་སྐུ་དེ་མཁྱེན་ནོ།  །འོག་མིན་ལ་སོགས་དག་པ་རབ་འབྱམས་ཀྱི་ཞིང་ན།  །མཆོག་སྤྲུལ་སྟོན་པ་གཟུགས་ཀྱི་རྒྱལ་པོ་སོགས་བཞུགས་ཡོད།  །བྱར་མེད་ས་དང་ལམ་གཅིག་སྦྱོར་བ་དེ་ཨ་ཧོ།  །དབྱིངས་ཀྱི་སྙིང་པོ་ཡེ་ཤེས་བླ་མ་དེ་མཁྱེན་ནོ།  །རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོ་ཡི་ཞིང་ན།  །རིགས་ཀུན་འདུས་ཞལ་མཚོ་སྐྱེས་རྡོ་རྗེ་དེ་བཞུགས་ཡོད།  །སྐྱེ་དང་འཆི་བའི་མཚན་མ་ཟད་པ་དེ་ཨ་ཧོ།  །འཇའ་ལུས་རྡོ་རྗེའི་སྐུ་མཆོག་བླ་མ་དེ་མཁྱེན་ནོ།  །ཐ་མལ་རིག་པ་བརྗོད་འདས་སྤྲོས་བྲལ་གྱི་ཀློང་ན།  །གཉུག་མའི་རང་བཞིན་རྫོགས་པ་ཆེན་པོ་དེ་བཞུགས་ཡོད།  །ཆོས་ཀྱི་རང་བཞིན་ཡིད་དཔྱོད་ཟད་པ་དེ་ཨ་ཧོ།  །བྱར་མེད་མཉམ་བཞག་ལྷུག་པའི་བླ་མ་དེ་མཁྱེན་ནོ།  །དྭངས་མ་ལྔ་དང་ལྡན་པའི་དྷུ་ཏི་ཡི་ཀློང་ན།  །རིག་པ་དངོས་མེད་སྟོང་གསལ་ཁྱབ་བརྡལ་དེ་བཞུགས་ཡོད།  །ཅིར་སྣང་ཐམས་ཅད་དག་པ་རབ་འབྱམས་དེ་ཨ་ཧོ།  །ཡེ་གྲོལ་གདིང་ལྡན་ཆོས་སྐུའི་བླ་མ་དེ་མཁྱེན་ནོ།  །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་འདུ་བྱེད་ཀྱི་གྲོང་ན།  །མཁའ་འགྲོའི་གསང་མཛོད་རང་བྱུང་ཡེ་ཤེས་དེ་བཞུགས་ཡོད།  །སྣང་ཆེད་ཐམས་ཅད་དཔེ་ལ་ཤར་བ་དེ་ཨ་ཧོ།  །ལྟོས་གྲུབ་རང་བྱུང་རིག་པའི་བླ་མ་དེ་མཁྱེན་ནོ།  །སྒོམ་པ་ཡེངས་མེད་རང་གསལ་ལྷུན་གྲུབ་ཀྱི་ཀློང་ན།  །འཕོ་མེད་བྱ་བ་བྲལ་བའི་སངས་རྒྱས་དེ་བཞུགས་ཡོད།  །ལྷོད་དེ་གནས་པའི་སྟོང་ཉིད་ལྟ་བ་དེ་ཨ་ཧོ།  །ངེས་པ་དོན་གྱི་སྐྱབས་གནས་བླ་མ་དེ་མཁྱེན་ནོ།  །ཡེངས་དོག་མཉམ་བཞག་ལྟ་སྟངས་གར་འགྲོ་ལ་ཐོང་ཤོག།  སེམས་འཛིན་ཡིད་དཔྱོད་མི་དགོས་རང་བབ་ཏུ་བསྐྱུར་ཐོང་།  །བཏང་བཞག་ཆེད་དུ་འཛིན་པ་བློས་བྱས་ཀྱིས་ཅི་བྱེད།  །མ་བསྒོམ་རང་བྱུང་སངས་རྒྱས་ཀ་དག་ལ་བཞུགས་ཡོད།  །ཁྲེགས་ཆོད་གཞི་ཐོག་འཚང་རྒྱ་ཨ་ཏི་ཡི་རྙེད་པས།  །ས་ལམ་བཙལ་ཞིང་བགྲོད་པའི་འོ་བརྒྱལ་ནི་མི་དགོས།  །ལུས་རྒྱའི་སྦུབ་ན་བློ་འདས་ཆོས་ཉིད་དུ་སོང་བས།  །རང་ལུས་དྭངས་མ་འཇའ་ལུས་རྡོ་རྗེ་རུ་བཞེངས་འགྲོ།  །འདི་ལྟར་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ།  །གཞན་དུ་རྩོལ་སྒྲུབ་མ་དགོས་རང་སེམས་ལ་རྙེད་འདུག།  ངེད་ཅག་བདེ་ཆེན་རྒྱ་མཚོ་རང་མཐོང་གི་ཁ་ཕོ།  །རང་ལྟོས་སློབ་བུ་རྣམས་ཀྱི་དགའ་སྟོན་དུ་ཐལ་ལོ།།  །། ༈ རང་ཉམས་ངེས་པའི་དོ་ཧ་ནི།  ཨ་ཧོ།  སྲིད་པའི་གྲོང་ཁྱེར་ཆེན་པོ་ན།  །སེམས་ཁྱེའུ་འཁྲུལ་པའི་ཆང་གིས་མྱོས།  །ལམ་གྱ་གྱུ་མང་པོར་འཁྱམས་པའི་མཐར།  །བདེ་ཆེན་གྱི་ཐང་ལ་སླེབས་པར་གྱུར།  །དེར་ཕ་རྒོད་རིག་པའི་རྒྱལ་པོ་བཞུགས།  །དེ་དང་གཉིས་མིན་གཉིས་སྣང་བའི།  །གཞི་གྲོལ་གྱི་ཆོས་སྐུའི་ནོར་བུ་སྟེར།  །དེ་ཕྱི་ནས་མ་རྙེད་རང་ལ་གནས།  །སྔར་མ་རིག་སྒྲིབ་པས་ནོངས་པར་འདུག།  རང་བྱུང་རིག་པའི་ཉི་མ་ཤར།  །ཚོགས་བརྒྱད་ཀྱི་མདུད་པ་གྲོལ་ནས་སོང་།  །དེ་གར་སོང་བཙལ་དུ་མེད་པར་འདུག།  ཡེ་གྲོལ་གྱི་ངང་དུ་སླེབ་ནས་གདའ།  །བསྒོམ་འདོད་ཀྱི་རྟོག་པ་བོར་ནས་ཐལ།  །རིག་པ་འདི་ཕྱོགས་ཡན་ནམ་མཁར་བརྡལ།  །སྣང་བ་འདི་རྒྱ་ཡན་ཅོག་གེར་བཞག།  སྣང་སེམས་འདི་གཉིས་མེད་རོ་གཅིག་འདྲེས།  །དྲན་པ་ཡི་བྱ་ར་མ་དགོས་ཤིང་།  །ཅེར་འཛིན་དང་ཀློད་པ་སྐད་སོགས་ཀྱི།  །ཤེས་སྒྲིབ་ཐམས་ཅད་དབྱིངས་སུ་ཡལ།  །ཡེ་གདོད་ནས་དག་པའི་ཆོས་སྐུ་ཡི།  །ཆོས་སྣང་སྲིད་ཐམས་ཅད་ཁྱབ་པར་བརྡལ།  །བརྡལ་བ་འང་འུབ་ཆུབ་ཀློང་ཡངས་ཆེ།  །འོད་གསལ་གྱི་ཐིག་ལེ་ཆེན་པོར་རྫོགས།  །སྐུ་གསུམ་གྱི་སྣང་བ་བཀྲག་པོ་ཆེ།  །དམིགས་གཏད་དང་དངོས་མཚན་ཚོས་ལས་འདས།  །གཅིག་དང་དུ་མའི་མཐའ་དང་བྲལ།  །སྐུ་གསུམ་ནང་དབྱིངས་ཆེན་པོར་རྫོགས།  །དེ་ཤེས་རབ་མིག་གིས་མཐོང་བ་དང་།  །ཤེས་དང་ཤེས་བྱ་གཉིས་མེད་པ།  །ཐིམ་ལ་མ་རྨུགས་ངང་དུ་ཧཱུྃ།  །ཡེ་ཤེས་རང་གསལ་ཆེན་པོར་ཨཱཿ།  རང་སྣང་ཕྱིར་གསལ་ཆེན་པོར་ཨོཾ།  །དེ་སྐད་རྟོགས་པ་བརྗོད་པའི་གླུ།  །གྲགས་སྟོང་མགྲིན་པའི་རོལ་མོ་འཁྲོལ།  །བུ་སྨྱོན་པ་ཡེ་ཤེས་རྡོ་རྗེ་ཡིས།  །རང་རིག་པའི་བླ་མ་མཉེས་ཕྱིར་འབུལ།  །དགེ་འདི་ཡིས་འཁོར་བ་དོང་སྤྲུགས་ཤོག།  ཆུ་སྦྲུལ་ཟླ་བཅུ་ཚེས་བདུན་ལའོ།།  །། ༈ འ་འེ།  ཀུན་མཁྱེན་རྫོགས་པའི་སངས་རྒྱས།  །ང་ཡི་སྤྱི་བོའི་གནས་སུ།  །མི་འབྲལ་རྟག་པར་བཞུགས་ནས།  །དགོངས་བརྒྱུད་བྱིན་རླབས་འཕོས་ཤིག།  རིག་པའི་རྩལ་དབང་སྐུར་ཅིགའཁྲུལ་པ་ཟད་སར་སྐྱོལ་ཅིག།  སྣང་བ་གཏད་མེད་ཐོངས་ཤིག།  སྣང་སྲིད་ཆོས་ཀུན་སྒྱུ་མ།  །རང་བཞིན་བདེན་མེད་དུ་སོང་།  །ཆོས་ཀུན་ཡེ་ནས་ཀ་དག།  རང་རིག་བློ་བྲལ་ཆེན་པོ།  །བྱ་བྱེད་རྩོལ་བྲལ་ངང་ནས།  །མཉམ་ཉིད་འོད་གསལ་ཆེན་པོ།  །བརྡལ་ཁྱབ་ཐིག་ལེའི་ཀློང་དུ།  །ལྷུན་རྫོགས་ཆེན་པོར་ཨ་ཧོ།  །བལྟས་པས་མཐོང་བ་མེད་ཅིང་།  །མ་བཅོས་རང་བཞག་ཆེན་པོ།  །ཅོག་བཞག་གསུམ་གྱི་ལྷུམས་སུ།  སྐུ་གསུམ་རང་ཆས་བཞུགས་པ།  །སྤང་བླང་བསལ་བཞག་བྲལ་བ།  །བླ་མའི་དྲིན་གྱིས་མཐོང་བས།  །ཁམས་གསུམ་སེམས་ཅན་ཐམས་ཅད།  །རང་རིག་གཞོན་ནུ་བུམ་སྐུར།  །མངོན་བྱང་ཆུབ་པར་གྱུར་ཅིག།  ཅེས་པའང་ཀུན་བཟང་འོད་གསལ་སྙིང་བོས་བྲིས་པའོ།།  །། ༈ ཨ་ཧོ་ཡེ།  གཞི་སྐྱེ་མེད་ཀྱི་ཀློང་ནས།  །ལམ་འགགས་མེད་ཞིག་བགྲོད་ན།  །འབྲས་སྐྱེ་མེད་དེ་ཐོབ་འོང་།  །ལྷ་བཙུན་སྨྱོན་པའི་བུ་བརྒྱུད།  བྱར་མེད་ཀུན་བཞིའི་ཐང་ལ།  །རང་གསལ་རིག་པའི་རྟ་ཕོ།  །ཡེ་ཤེས་རྐང་པའི་འགྲོས་ལྡན།  །ཞོན་ནས་སྲིད་ཞིའི་ཐང་བརྒལ།  །ཆོས་སྐུའི་རྒྱལ་ཁམས་ཡངས་པར།  །ལྟད་མོ་ལྟ་རུ་འགྲོའོ།  །ཞེས་པའང་དབྱུག་ཟླ་ཕྱི་མའི་ཚེས་ཉེར་དགུ་ལ་འབྲས་ལྗོངས་སྟག་རྩེ་ཕོ་བྲང་ནས་ཐོལ་བྱུང་དུ་དྲན་པ་དགེའོ།།  །། ༈ ཨ་ཧོ།  སེམས་ཅན་ཀུན་ལ་ཡོད་པའི།  །ཡེ་གྲོལ་རྫོགས་པ་ཆེན་པོ།  །གཞན་ནས་བཙལ་དུ་མི་དགོས།  །ཡེ་ནས་ཆོས་ཉིད་ཀ་དག།  རང་བཞིན་གཤིས་ཀྱི་གནས་ལུགས།  །འདི་ཀོ་ངོ་འཕྲོད་དེས་ཆོག།  བློས་བྱས་བཟོ་བཅོས་མི་དགོས།  །སྒྲིམས་ལྷོད་ལ་སོགས་མཚན་འཛིན།  །ཡིད་དཔྱོད་ཆོས་ཀྱིས་མ་བསླད།  །འཕྲོ་གནས་གང་ལྟར་བྱས་ཀྱང་།  །རིག་པའི་རྩལ་ལས་གཞན་མེད།  །འཁོར་བ་ངན་དུ་མ་སོང་།  །མྱང་འདས་བཟང་དུ་མ་གྱུར།  །གཟུང་འཛིན་གཉིས་རྟོག་ཐམས་ཅད།  །ཆོས་དབྱིངས་བརྡལ་ཁྱབ་ཆེན་པོར།  །ཐིག་ལེ་ཉག་གཅིག་ཀློང་དུ།  །དབྱེ་བསལ་མེད་པར་མཉམ་མོ།  །དེ་ཉིད་བླ་མའི་དྲིན་ལས།  །སྐད་ཅིག་རྟོགས་པའི་མོད་ལ།  །དེ་མ་ཐག་ཏུ་གྲོལ་བ།  །ཨ་ཏི་རྫོགས་ཆེན་ཁྱད་ཆོས།  །འོད་གསལ་གསང་བའི་མན་ངག།  འདི་ལས་མྱུར་ལམ་ཟབ་པ།  །མདོ་རྒྱུད་ཀུན་ན་མེད་པས།  །འདི་འདྲ་འཕྲད་པ་བློ་བདེ།  །ཕ་རྗེས་བུ་ཡིས་ཟིན་པར།  །ཀུན་མཁྱེན་བླ་མས་བྱིན་རློབས།  །ཅེས་པའང་ཐོལ་བྱུང་དུ་བྲིས།  ཨ་ཧོ་ཡེ།  འཆི་བདུད་ཀྱི་རྟོག་པའི་ཚོགས།  །འཆི་མེད་ཀྱི་དབྱིངས་སུ་དེངས།  །འཆི་མེད་ཀྱི་རང་རིག་དེ།  །འཆི་མེད་ཀྱི་སྐུ་རུ་འགྲུབ།  །འཆི་ཞེས་བྱ་བ་མིང་ཙམ་མོ།  །འཆི་བདག་གི་གཤིན་རྗེ་དེ།  །འཆི་འཇོམས་ཀྱི་ཚེ་ཞལ་བྲག།  འཆི་མེད་ཀྱི་རིག་འཛིན་ཚོགས།  །འཆི་མེད་ཀྱི་དངོས་གྲུབ་སྩོལ།  །ཆོས་ཀྱི་བློ་གྲོས་པས་སོ།།  །། ༈ འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་མགུར་གླུ་ཀུན་བཟང་མཆོད་སྤྲིན་ཞེས་བྱ་བ།  ཨ་ཧོ།  འཁོར་འདས་ཞེས་བྱའི་སྒྲ་བོ་ཆེ།  །བཙལ་ན་རང་བཞིན་ཅིར་ཡང་མེད།  །མ་དཔྱད་སེང་གེའི་གསོབ་དང་མཚུངས།  །དོན་དུ་ཇི་ལྟར་སྣང་བ་ཀུན།  །རང་གི་སེམས་ཀྱི་སྣང་བ་ནི།  །དག་དང་མ་དག་སྣང་བ་ཡིན།  །མ་དག་སེམས་ཅན་ལ་སྣང་བ།  །ནང་དུ་ལུས་ལ་རབ་ཏུ་ཚང་།  །དེ་ཡི་རྩ་བ་སེམས་ལ་ཚང་།  །འཁོར་ཆོས་སེམས་ཀྱི་མཚན་ཉིད་དང་།  །ལམ་ཆོས་སེམས་ཀྱི་ཡོན་ཏན་དང་།  །འབྲས་ཆོས་གནས་འགྱུར་ཚུལ་དུ་ཚང་།  །ཀུན་གཞི་རྒྱུ་ཡི་རྒྱུད་ཅེས་བྱ།  །མྱོང་རིག་བྱེ་བྲག་ལ་ཕྱེད་ཅིང་།  །འཁོར་འདས་གཉིས་ཀའི་གཞི་རུ་གྱུར།  །ངོ་བོ་སྟོང་པ་ཉིད་ཡིན་ནོ།  །རྒྱུ་ཡི་ལྷན་སྐྱེས་ཆོས་གསུམ་དང་།  །ལམ་དང་འབྲས་བུའི་ལྷན་སྐྱེས་རྣམས།  །སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་ཀྱི།  །མ་དག་དག་དང་རྣམ་དག་གི  །རིམ་པ་ཀུན་གཞིའི་སྟེང་དུ་འཇོག།  ཐབས་རིག་གསལ་ལ་མ་འགགས་པ།  །སེམས་ཅན་ནས་བརྩམས་སངས་རྒྱས་བར།  །རྒྱུན་མི་ཆད་པས་རྒྱུད་དུ་འཇོག།  རིག་པའི་གསལ་བ་དེ་ཉིད་ནི།  །སེམས་ཀྱི་མཚན་ཉིད་ངོ་བོ་སྟོང་།  །བཅོས་མིན་ཟུང་འཇུག་སེམས་ཀྱི་གཤིས།  །དེ་ཡི་དོན་ལ་སྒྲོ་འདོགས་བཅད།  །རྡོ་རྗེའི་ལུས་ལ་གནད་བསྣུན་པ།  །བསྐྱེད་རྫོགས་དབང་བཞིའི་རིམ་པ་ཡི།  །ཆུ་བོའི་རྒྱུན་ལྟར་བརྩོན་པ་ལས།  །དཀྱིལ་འཁོར་བཞི་པོ་རབ་སྨིན་ནས།  །ས་ལམ་ཡོན་ཏན་ཀུན་རྫོགས་འགྱུར།  །འབྲས་རྒྱུད་ཀུན་གཞི་རྟེན་བརྟེན་པ།  །གནས་ཡོངས་གྱུར་དང་ཟག་བཅས་བྲལ།  །ཤིན་ཏུ་ཕྲ་བའི་རླུང་དང་བཅས།  །ངོ་བོ་ཉིད་སྐུར་བྱང་ཆུབ་པ།  །ཁ་སྦྱོར་བདུན་ལྡན་རྡོ་རྗེ་འཆང་།  །མཆོག་གི་གོ་འཕང་མངོན་སུམ་བརྙེས།  །གཞི་ལམ་འབྲས་གསུམ་དབྱེར་མེད་པ།  །གསུང་ངག་སྙིང་པོའི་དོན་གྱི་བཅུད།  །ལྟ་བའི་གླུ་དབྱངས་འདི་ཉིད་ནི།  །བློ་གྲོས་རྒྱ་མཚོའི་དཔལ་ལས་ཐོན།  །བླ་མའི་ཐུགས་དགོངས་རྫོགས་པར་ཤོག།  ས་མསྟ་ཨི་ཐི།  ས་ཟླའི་ཚེས་ཉེར་ལྔ་ལའོ།།  །། ༈ ལྟ་བའི་ཡང་སྙིང་བཅུད་ཕྱུང་།  འཁོར་འདས་དབྱེར་མེད་དོན་སྟོན་པའི།  །རང་སེམས་བླ་མར་གུས་བཏུད་ནས།  །བཤད་པའི་རྣམ་གྲངས་རྒྱ་ཆེ་ཡང་།  །མན་ངག་སློབ་བཤད་སྙིང་པོའི་བཅུད།  །གནད་དུ་དྲིལ་བ་འདི་ལྟ་སྟེ།  །ད་ལྟ་དྲན་རིག་སྣ་ཚོགས་ཀྱི།  །འཕྲོ་གཞིར་གྱུར་པའི་སེམས་འདི་ཉིད།  །མ་བཅོས་ཇི་བཞིན་བཞག་པ་ན།  །གསལ་སྟོང་ཟུང་འཇུག་དབྱེར་མི་ཕྱེད།  །དྭངས་གསལ་རྟོག་བྲལ་བརྗོད་མེད་ལ།  །མཚན་མཚོན་གདགས་གཞི་དང་བྲལ་བའི།  །གཉུག་མའི་རིག་པ་འདི་ཡི་སྟེང་།  །འཁོར་འདས་དབྱེར་མེད་ཚང་ཚུལ་ཤེས།  །གདོད་ནས་རྣམ་པར་དག་པ་ཡི།  །གསལ་གདངས་ཡེངས་མེད་འཛིན་བྲལ་བསྐྱངས།  །དེ་ཉིད་དོན་དམ་ཉམས་ལེན་མཐིལ།  །དེ་ཡིས་དབང་བཞིའི་ལམ་སྲོག་བཟུང་།  །དེས་ནི་ཚེ་འདིར་འགྲུབ་པར་འགྱུར།  །ཅེས་པའང་ས་ཁྱི་ས་ཟླའི་ཚེས་ཉེར་ལྔ་ལ་རྡོ་རྗེ་གླིང་དུ་བྲིས་པའོ།།  །། ༈ ཨ་ཧོ།  གདོད་ནས་རྣམ་དག་སྐྱེ་མེད་ཆོས་སྐུ་ཡི་ཀློང་ན།  །འགགས་མེད་རང་གསལ་ལྷུན་གྲུབ་ལོངས་སྤྱོད་ནི་རྫོགས་སྐུ།  །ཐུགས་རྗེ་གང་འདུལ་འགགས་མེད་སྤྲུལ་སྐུ་ཡི་རང་རྩལ།  །སྐུ་གསུམ་དབྱེར་མེད་བླ་མ་པད་འབྱུང་དེ་མཁྱེན་ནོ།  །ང་ཡི་གཟུང་འཛིན་འཁྲུལ་པའི་སྦུབས་རྒྱ་དེ་བཤིག་ནས།  །མི་འཁྲུལ་གཉུག་མ་རང་བྱུང་རིག་པ་ཡི་གནས་ལུགས།  །ཡིད་དཔྱོད་བློ་དང་བྲལ་བ་མངོན་སུམ་དུ་རྟོགས་ནས།  །ཚེ་འདིར་གདོད་མའི་གཏན་སྲིད་ཟིན་པ་ཞིག་ཞུའོ།  །མ་གྱུར་རིགས་དྲུག་ཁམས་གསུམ་སེམས་ཅན་གྱི་འགྲོ་རྣམས།  །རྣམ་གྲོལ་གཏན་བདེའི་ས་ལ་འགོད་འདོད་ཀྱི་ལྷག་བསམ།  །བྱང་ཆུབ་སེམས་མཆོག་རྒྱུད་ལ་རྩོལ་མེད་དུ་སྐྱེས་ནས།  །འཁོར་བ་དོང་ནས་སྤྲུགས་པའི་དངོས་གྲུབ་ཞིག་ཞུའོ།  །ཅེས་པའང་གྲོ་སྐྱབས་ལི་ཤུ་ཐུབ་བསྟན་སངས་རྒྱས་འོད་ཟེར་གྱིས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།།  །། ༈ ཨ་ཧོ་ཡེ།  ངོ་མཚར་གླུ་ཡི་རྒྱལ་པོ་དགྱེས་པ་ཡི་དགའ་སྟོན།  །སྤྲིན་དཀར་ན་བུན་བུ་མོའི་མཛེས་སྡུག་གི་ཁྲོད་ན།  །བཀྲ་ཤིས་ཁུ་བྱུག་ལྷ་ཡི་གསུང་དབྱངས་དེ་སྙན་པས།  །ང་ཅག་སེམས་པ་དགའ་བའི་སྤུ་ལོང་ནི་རྒྱས་སོ།  །ལྷ་དང་བླ་མའི་མཚན་དཔེའི་ཞལ་རས་ནི་དྲན་བྱུང་།  །གངས་ཅན་རི་བོའི་རྟེན་དང་གནས་མཆོག་གི་བཀོད་པ།  །ཡིད་ལ་དྲན་པའི་གསོས་སྨན་དམ་པ་རུ་གྱུར་པས།  །ཡིད་ཀྱི་མེ་ཏོག་བྱང་གི་ཕྱོགས་ལ་ནི་དེངས་སོང་།  །འབྲས་ལྗོངས་པདྨོ་བཀོད་པ་ལྷ་ཡུལ་གྱི་དགའ་ཚལ།  །ཡང་ཡང་ཡིད་ལ་དྲན་བཞིན་རྣལ་འབྱོར་ང་འགྲོའོ།  །སླར་ཡང་རྩ་གསུམ་ཌཱ་ཀིའི་འདུ་བ་དང་བཅས་ཏེ།  །རྨད་བྱུང་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ་སྤྱོད་པའི།  །བཀྲ་ཤིས་ཕུན་སུམ་ཚོགས་པའི་སྨོན་ལམ་ཞིག་ཞུ་བར།  །བཀྲ་ཤིས་མེ་ཏོག་གསར་པའི་ལྡིང་གུར་གྱི་ནང་ན།  །བཀྲ་ཤིས་དཔལ་ལྡན་རྣམ་པར་རྒྱལ་བ་ཡི་དོན་གྲུབ།  །བཀྲ་ཤིས་འཇིགས་བྲལ་ཚེ་དབང་རྣམ་པར་ནི་རྒྱལ་ལོ།།  །། ༈ གླུ་ཡེ་ཤེས་བྱིན་འབེབས་ཞེས་བྱ་བ།  ཨ་ཧོ་ཡེ།  རང་བྱུང་འོད་ལྔ་འཁྲིགས་པའི་འཇའ་ཟེར་གྱི་ཀློང་ན།  །ཕ་གཅིག་དྲིན་ཆེན་མཚོ་སྐྱེས་རྡོ་རྗེ་དེ་བཞུགས་ཡོད།  །བུ་ལ་བྱིན་རླབས་སྦྲང་ཆར་བཟང་པོ་ཞིག་ཕོབས་དང་།  །ང་ཡི་རྟོག་པ་སྐྱེ་མེད་ཟང་ཐལ་དུ་དེང་འགྲོ།  །མ་རྒྱུད་མཁའ་འགྲོ་དཔའ་བོའི་འཁོར་ཚོགས་ནི་འབུམ་ཕྲག།  རྩེད་འཇོ་གླུ་གར་གདུགས་དང་རྒྱལ་མཚན་ནི་ཐིབ་ཐིབ།  །ལྷ་རྫས་མེ་ཏོག་གསར་པས་ནམ་མཁའི་ཁྱོན་བཀང་སྟེ།  །བཀྲ་ཤིས་གླུ་དབྱངས་བྱེ་བའི་རོལ་མོ་ཡང་འཁྲོལ་སོང་།  །སྟེང་ན་རྒྱ་བོད་མཁས་གྲུབ་རིག་འཛིན་གྱི་ཚོམ་བུ།  །བར་ན་སྒྲུབ་སྡེ་དགུ་སོགས་ཞི་ཁྲོ་ཡི་ལྷ་ཚོགས།  །འོག་ན་དམ་ཅན་ཆོས་སྐྱོང་སྤྲིན་ལྟར་དུ་གཏིབ་པས།  །དམ་ཉམས་དགྲ་བགེགས་བསྒྲལ་བའི་མངོན་སྤྱོད་ལ་རྔམས་སོ།  །དེ་འདབ་ནོར་ལྷ་རྒྱ་མཚོས་དངོས་གྲུབ་ཀྱི་གཏེར་རྡོལ།  །དཀར་ཕྱོགས་ལྷ་ཀླུས་དགའ་བའི་རྣམ་འགྱུར་དང་བཅས་ཏེ།  །ངོ་མཚར་སྒྱུ་མའི་རོལ་རྩེད་ཡང་ཡང་དུ་བསྒྱུར་བས།  །རྣལ་འབྱོར་སྒྱུ་མའི་སྐྱེས་བུ་སེམས་པ་ནི་དགའ་འོ།  །ཨ་ཧོ།  སྐྱབས་ཀུན་འདུས་པ་ཨོ་རྒྱན་མཚོ་སྐྱེས་ཀྱི་རྡོ་རྗེ།  །དབྱིངས་ཕྱུག་མནྡར་དང་བདེ་ཆེན་གྱི་མཚོ་རྒྱལ།  །སྟངས་དཔྱལ་འདུ་འབྲལ་མེད་པ་སྤྱི་བོ་ཡི་རྒྱན་དུ།  །འབྲལ་མེད་རྟག་པར་བཞུགས་ནས་བྱིན་རླབས་དེ་སྩོལ་ཅིག།  སྙིང་དབུས་གེ་སར་བཞད་པར་རྟག་པ་རུ་མཆོད་པས།  །ཐུགས་ཡིད་དབྱེར་མེད་དགོངས་པའི་བཙན་ས་ནི་ཟིན་ཏེ།  །རིག་འཛིན་རྣམ་པ་བཞི་ཡི་གསང་ལམ་ལ་བགྲོད་ནས།  །ཨོ་རྒྱན་རྗེ་དང་དགོངས་ཀློང་མཉམ་པ་རུ་གྱུར་ཏེ།  །འཁོར་བ་དོང་ནས་སྤྲུགས་པའི་དངོས་གྲུབ་ཞིག་ཞུའོ།  །ཅེས་པའང་ས་ཁྱི་དབོ་ཟླའི་ཚེས་བཅུ་དགུ་ལ་རིག་པ་འཛིན་པ་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་འབྲས་ལྗངས་སྒང་ཏོག་ཏུ་བྲིས་བའོ།།  །། ༈ ཨ་ཧོ་ཡེ།  འབྲས་ལྗོངས་བཀྲ་ཤིས་དགའ་བ་འཁྱིལ་བ་ཡི་ཕོ་བྲང་།  །སྟེང་ན་འཇའ་འོད་གུར་ཁང་འཁྲིགས་པ་ཡི་ཀློང་ན།  །ཕ་གཅིག་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་དེ་བཞུགས་ཡོད།  །མ་ཚོགས་ཌཱ་ཀིའི་ཚོགས་ཀྱིས་མེ་ཏོག་གི་ཆར་འབེབས།  །ས་གཞི་པདྨ་འདབ་མ་སྟོང་ཕྲག་ནི་བརྡལ་བར།  །ལྷ་མི་འབུམ་ཕྲག་མང་པོས་མཆོད་པའི་རྫས་ཐོགས་ཏེ།  །ངོ་མཚར་ཀ་ལ་པིངྐའི་གླུ་དབྱངས་དེ་སྒྲོགས་བྱུང་།  །རྨ་བྱ་གཞོན་ནུའི་ཚོགས་ཀྱི་ཟློས་གར་དེ་མཛེས་སོ།  །བསོད་ནམས་ཟླ་གཞོན་བརྒྱ་ཕྲག་བརྩེགས་པ་ཡི་ཞལ་རས།  །ཆོས་ཀྱི་རྒྱལ་པོ་ལྷ་ཡི་བླ་མ་ཡི་མདུན་སར།  །མཉན་ལྕུགས་འཁྲིལ་ལྡེམ་རི་དྭགས་མིག་ཅན་གྱི་ཚོགས་གྲར།  །ཚེ་རིང་དཔྱིད་ཀྱི་རྒྱལ་མོའི་དབྱངས་སྙན་གྱི་རྒྱུད་མང་།  །སྙན་པའི་རྟ་ལ་དྲངས་ནས་མགྲིན་གླུ་ཡི་མཆོད་པ།  །ཅུང་ཟད་ཕུལ་བས་རྒྱལ་ཁམས་བདེ་དགའ་དང་སྐྱིད་པའི།  །བཀྲ་ཤིས་མི་ནུབ་དར་ཞིང་རྒྱས་པ་རུ་ཤོག་ཅིག།  འཛམ་གླིང་ཀུན་ཏུ་བཀྲ་ཤིས་སིལ་སྙན་ནི་འཁྲོལ་ལོ།  །ཨེ་མ་ཧོ།  བཀྲ་ཤིས་ངོ་མཚར་ལྷ་ཡི་དགའ་ཚལ་དང་མཚུངས་པའི།  །འབྲས་བཟང་དཀར་མོ་ལྗོངས་ཀྱི་ས་འཛིན་གྱི་ལྟེ་བར།  །པདྨ་དཀར་པོ་བཞད་པའི་གཞལ་མེད་ཀྱི་ཁང་མཛེས།  །སྐྱབས་གཅིག་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཡི་འཛུམ་ཞལ།  །ང་ཅག་སྐལ་བཟང་རྣམས་ལ་སྒྲིབ་མེད་དུ་སྟོན་དང་།  །སྔོན་སྨོན་ལས་འཕྲོ་ལྡན་པའི་ཞིང་ས་ནི་བཟང་པོར།  །བྱང་ཆུབ་མྱུ་གུ་ལྗང་མདོག་མཛེས་པ་ཞིག་འཁྲུངས་ནས།  །བསྟན་དང་འགྲོ་ལ་ཕན་པའི་རྟེན་འབྲེལ་ཞིག་ཞུའོ།  །དྷརྨ་མ་ཏིས་སོ།།  །། ༈ གླུ་ཐ་ལ་ཐ་ལ་རེད་ཡ།  གླུ་འདི་ལ་བླ་མས་བྱིན་རླབས་ཤིག་སྩོལ་ཤོག།  གླུ་འདི་ལ་མ་ཚོགས་མཁའ་འགྲོ་ཡིས་བྱིན་རློབས།  །ཁྱེད་དཔའ་བོ་ཌཱ་ཀི་གླུ་དབྱངས་ནི་སྙན་པས།  །དྲི་ཟའི་བུ་མོས་པི་ཝཾ་སྙན་པ་དེ་སྒྲོགས་དང་།  །ངེད་འདིར་ཚོགས་ཕོ་མོའི་སྣང་བ་ནི་བསྒྱུར་འོང་།  །གླུ་སྙན་པའི་དབྱངས་རྟ་གླིང་བུ་ལ་དྲངས་ན།  །ཁྱེད་ལྷ་ཀླུ་ཐམས་ཅད་དགྱེས་མོ་ཞིག་འོང་འགྲོ།  །ཞལ་འཛུམ་མདངས་མུལ་ལེ་ཞལ་ཆབ་ཅིག་སྩོལ་དང་།  །ངེད་འགྲོ་བ་ཕོ་མོས་འཆི་གསོས་ཀྱི་བདུད་རྩི།  །སྔར་མ་མྱོང་བའི་དངོས་གྲུབ་ཆེན་པོ་ཞིག་ཐོབ་འོང་།  །གནས་འདི་ནི་ཆོས་བཟང་ལྷ་ཡི་མདུན་ས་རེད་པས་སྐྱིད་དོ།  །དགུང་ཡ་ཀིར་འཇའ་སྤྲིན་ཁ་དོག་སྣ་ཚོགས།  །ཀླུ་མ་དྲོས་གཟི་ཅན་སྤྲིན་དཀར་དང་འགྲོགས་ནས།  །དངོས་གྲུབ་ཀྱི་སྦྲང་ཆར་ཟིམ་ཟིམ་དུ་འབེབ་བྱུང་།  །ས་འདི་ལ་མེ་ཏོག་ཨུཏྤལ་དང་པདྨ།  །དཀར་དམར་ཁ་དོག་སྣ་ཚོགས་བཀྲ་བའི་མཛེས་སྡུག་དེ་ངོམ་བྱུང་།  །འཆི་མེད་ལྷ་ཡི་བུ་དང་བུ་མོ་ཡི་ཚོགས་རྣམས།  །མཛེས་སྡུག་ལང་ཚོ་ངོམས་པས་སེམས་ཀྱི་སྡུག་བསྔལ་ཀུན་ཞི་བའི།  །བདེ་ལྡན་ཕུན་སུམ་ཚོགས་པའི་སྙན་འགྱུར་གྱི་རོལ་མོ་འཁྲོལ་ལོ།  །ཨ་ཧོ་ཡེ།  རྩ་བ་གསུམ་གྱི་ལྷ་ཚོགས་ལྟར་བཀྲ་ནས་འདུག་གོ  །སྐྱེ་བོ་ཐམས་ཅད་མིག་བགྲད་ཡར་ལ་ཞིག་གཟིགས་དང་།  །ངོ་མཚར་གྱི་ལྟད་མོ་མཐོང་མ་མྱོང་བ་ཞིག་མཐོང་རན།  ཨ་ཧོ་ཡེ།  ད་ལྟ་སྐྱིད་པའི་ཉི་མ་འདི་འདྲ་ཞིག་ཤར་དུས།  །སེམས་ཆུང་ཁ་རོག་མ་འདུག་གཟིང་གཟིང་ཞིག་མཛོད་དང་།  །བྱིན་རླབས་བཀྲ་ཤིས་འདོད་དགུ་འབྱུང་བའི་དངོས་གྲུབ་ཅིག་རྡོལ་འོང་།  །ཨ་ཧོ་མ་ཧཱ་སུ་ཁ་གི་རྟི་སཾ་གྲ་ཧ།  ཨ་ནུ་ཏཱ་རོ་པིཎྜེ་ཨ་བ་ཀ།  ནི་རྨ་ལི་ཛྙཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་ཧཾ།  ཅེས་པའང་མེ་བྱི་ཟླ་གཅིག་ཚེས་བཅུ་གསུམ་ལའོ།།  །། ༈ བལ་ཡུལ་གནས་བསྐོར་འཁོར་བའི་གླུ་ཚེ་རིང་ཞབས་བྲོ་བཀྲ་ཤིས་སོ།  །ཨ་ཧོ་ཡེ།  བཀྲ་ཤིས་ཀྱི་སྣང་བ།  །དཀར་པོ་ཡི་ཚེས་འགྲོགས།  །བལ་ཡུལ་གྱི་མཐིལ་དུ།  །རྣལ་འབྱོར་ང་འབྱོར་བས།  །ངོ་མཚར་གྱི་ཡུལ་གྲུ།  །བཀོད་པ་ནི་ཁྱད་འཕགས།  །སངས་རྒྱས་ཀྱི་བྱིན་རླབས།  །ཆོས་སྐུ་ཡི་མཆོད་རྟེན།  །རྣམ་གསུམ་དེ་བཞུགས་པས།  །དགེ་མཚན་གྱི་གཟི་འབར།  །ས་གཞི་ལ་གཡང་ཆགས།  །བྱིན་རླབས་ཀྱི་ན་བུན།  །སྤྲིན་བཞིན་དུ་གཏིབ་ཅིང་།  །ཐུགས་རྗེ་ཡི་ཆར་རྒྱུན།  །སི་ལི་ལི་འབེབ་བྱུང་།  །འཇིག་རྟེན་གྱི་ལྷ་ཆེན།  །ནོར་གྱི་ནི་བདག་པོས།  །ཕྱ་གཡང་ནི་སྩོལ་འདུག།  སྐྱེས་པ་ནི་དཔའ་བོ།  །བཞིན་རས་ནི་དུང་དང་།  །བྱེ་རུ་ལྟར་སྣུམ་ཞིང་།  །མཛེས་པ་དང་བརྗིད་ཆགས།  །མོ་བཙུན་ནི་བཞིན་བཟང་།  །ལྷ་ཡུལ་གྱི་བུ་མོ།  །ས་འདི་རུ་འཕོས་འདྲ།  །ཨ་ཧོ་ཡེ།  བུ་ཆུང་གཞོན་ནུ་ཡི་ཚོགས་རྣམས།  །ལྷ་ཕྲུག་རྩེ་བ་དང་འདྲའོ།  །ལྷ་དམག་རུ་མཚོན་ནི་སྒྲེང་བ།  །དགྲ་ལ་ཆས་པ་དང་འདྲའོ།  །བཟོ་རིག་འཕྲུལ་བཟོས་ཀྱི་བཀོད་པ།  །སྙན་པའི་སྒྲ་དབྱངས་དེ་སྒྲོགས་སོ།  །ཕྱོགས་མཚམས་བྱིན་ཅན་གྱི་གནས་མཆོག།  དུ་མས་ཁོར་ཡུག་ཀུན་ཁེངས་ཤིང་།  །ཤེལ་དཀར་བརྩེགས་འདྲ་ཡི་ལྷུན་པོ།  །ཡན་ལག་བརྒྱད་ལྡན་གྱི་ཆུ་བོ།  །ཁྲུས་ཀྱི་རྫིང་བུ་ནི་མང་པོ།  །རྣམ་མང་བཟའ་བཏུང་གི་ཞིམ་མངར།  །འཇམ་མཉན་གོས་བཟང་གི་ལྷབ་ལྷུབ།  །དེ་འདྲའི་གནས་ཡུལ་གྱི་བཀོད་པ།  །མཐོང་བས་སེམས་པ་ནི་དགའ་འོ།  །ཨ་ཧོ་ཡེ།  གནས་བསྐོར་སོང་བ་ཡི་དགེ་རྩ།  །རྩ་བའི་བླ་མ་ལ་འབུལ་ན།  །ཐུགས་ཀྱི་དགྱེས་པ་ནི་མཛོད་ཅིག།  མ་རྒན་སེམས་ཅན་ལ་སྦྱིན་པས།  །ཐར་པའི་ལམ་མཆོག་ཏུ་ཕྱིན་ཤོག།  ཨ་ཧོ་ཡེ།  བཀྲ་ཤིས་ཀྱི་ཞབས་བྲོ་འཁོར་གཅིག་འཁོར་གཉིས་འཁོར་གསུམ་རྒྱབ་པས་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག་ཅིག།  ཟླ་༡༢ཚེས་༥ལའོ།།  །། ༈ ངོ་མཚར་སྤྲོ་བ་བསྐྱེད་པ་ལྷ་ཡི་གླུ་དབྱངས་ཞེས་བྱ་བ།  ཨེ་མ་ཧོ།  སྟེང་འཆི་མེད་མཁའ་དབྱིངས་དགུང་སྔོན་གྱི་དཀྱིལ་ན།  །འོད་ཉི་ཟླའི་དཀྱིལ་འཁོར་བཀྲག་མདངས་ནི་འཚེར་ཞིང་།  །འཁོར་གཟའ་དང་རྒྱུ་སྐར་ཚོམ་བུ་ནི་བཀྲ་བས།  །རྗེ་བརྒྱུད་གསུམ་རིག་འཛིན་བླ་མ་རྣམས་དྲན་བྱུང་།  །གནས་ཁྱད་འཕགས་སྦས་ཡུལ་འབྲས་གཤོངས་ཀྱི་བཀོད་པ།  །གངས་དཀར་པོ་རྩེ་མོ་དགུང་དུ་ནི་ཟུག་སྟེ།  །དྭངས་བསིལ་གྱི་རི་བྲན་ཚར་དུ་ནི་དངར་ཞིང་།  །སྤོས་ངད་དང་ལྡན་པའི་ནགས་ཚལ་གྱི་དྲྭ་བ།  །བྲག་རིན་ཆེན་ཁམས་ལྡན་ཁ་དོག་ནི་སྣ་ཚོགས།  །བརྒྱ་སྟོང་ཕྲག་མང་པོའི་ཚོམ་བུ་ནི་བརྡལ་དང་།  །ངོས་འཇམ་གསལ་སྣ་ཚོགས་གཟུགས་བརྙན་ནི་ཆེས་བཀྲ།  །ལྷ་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་བཞུགས་གནས།  །ལྗོངས་ཆེན་པོའི་སྒོ་མོ་འཕྲང་ཆེན་གྱིས་བཅད་པ།  །ཕྱོགས་མཚམས་སུ་རབ་ཡངས་མཱ་ཀི་ཡི་ལྷ་མོ།  །ཆིལ་ཆིལ་དུ་མུ་ཏིག་དཀར་པོ་ནི་འཐོར་བཞིན།  །རྐང་གར་སྟབས་བསྒྱུར་ཞིང་གྱ་གྱུ་རུ་ལྡེམ་ལྡེམ།  །བྱ་རི་དྭགས་སྤུ་སྡུག་གསུང་སྙན་ནི་སྒྲོགས་ཚེ།  །མ་ཨོ་རྒྱན་མཁའ་འགྲོའི་གླིང་ཆེན་དེ་དྲན་བྱུང་།  །བཟོ་མ་དགོས་རང་བྱུང་རྡོ་བ་ཡི་ཕུག་ཆེན།  །ལྷ་རང་འཁྲུངས་རྩ་གསུམ་རབ་འབྱམས་ཀྱི་དཀྱིལ་འཁོར།  །ཆོས་ནོར་གྱི་གཏེར་ཁ་འཛད་མེད་དུ་གཏམས་ཤིང་།  །མ་ཌཱ་ཀིའི་བྲོ་གར་འདུ་འཕྲོ་ནི་ཆད་མེད།  །ཕ་ཨོ་རྒྱན་པདྨའི་ཐུགས་བསྐྱེད་ཀྱི་ཞིང་མཆོག།  དཔལ་པདྨ་འོད་ཀྱི་འདྲ་ཅོག་ནི་འདི་ལགས།  །ལྷ་རྩ་གསུམ་རབ་འབྱམས་དགྱེས་དགུ་རུ་རོལ་པའི།  །གནས་འདི་ངང་མཇལ་བའི་རྣལ་འབྱོར་ང་སྐྱིད་དོ།  །ཡར་བལྟས་པས་བྱིན་རླབས་སྤྲིན་ཕུང་ནི་ཐིབ་ཐིབ།  །བར་དངོས་གྲུབ་སྦྲང་ཆར་སི་ལི་ལི་འབེབས་ཤིང་།  །ཐང་སྔོ་ལྗང་གཡུ་ཡི་མཎྜལ་གྱི་སྟེང་དུ།  །ལྷ་བཟང་ཤིང་སྣ་ཚོགས་སྨན་དྲི་ནི་འཐུལ་ཏེ།  །སེམས་མེད་ཀྱི་རྐང་འཐུང་གར་བརྒྱ་ཡི་རྩེད་འཇོ།  །བཟའ་ཤིང་འབྲས་སྣ་ཚོགས་མགོ་ཅོག་ནི་དུད་དེ།  །རོ་ཞིམ་མངར་ཕན་ཚུན་འགྲན་པ་ལ་ཆས་བཞིན།  །མ་ཚོགས་ཀྱི་འདུ་བའི་དགའ་སྟོན་ནི་འབད་མེད།  །དུས་འཁོར་མོ་ཡུག་ཏུ་འབྲས་བཟང་གི་སྙེ་མ།  །ལྗགས་རོ་མངར་བརྒྱ་ལྡན་ལྷ་ཡུལ་གྱི་བདུད་རྩི།  །ནམ་ཅི་དགར་སྤྱོད་པའི་སྐལ་བཟང་ང་སྐྱིད་དོ།  །གྲོགས་དཔའ་བོ་དཔའ་མོ་མཛའ་ཕྲུག་གི་གཞོན་ནུ།  །དར་པཉྩ་ལི་ཀ་ལྷ་རྫས་ཀྱི་ན་བཟའ།  །རྒྱན་རིན་ཆེན་སྣ་ཚོགས་འཕྱང་འཕྲུལ་ནི་མཛེས་ཤིང་།  །རྐང་ངང་མོ་བཞིན་དུ་གདུ་བུ་ཡི་སྒྲ་ལྡན།  །གླུ་སྙན་འཇེབས་རྣ་བའི་དཔྱིད་དུ་ནི་སོན་ཞིང་།  །བཟོ་རིག་པ་ངོ་མཚར་སྒྱུ་མ་ཡི་འཕྲུལ་ཆེ།  །དུས་མིག་འཛུམ་ཙམ་ལ་བརྒྱ་ཕྲག་ནི་ངོམས་དང་།  །བཅུད་བཟང་པོའི་ཉིང་ཁུ་དྲི་བཟང་གི་ངད་ལྡན།  །ལན་ཇི་ཙམ་མྱོང་ཡང་སུན་པ་ནི་མི་སྐྱེད།  །མ་མཁའ་འགྲོའི་ཚོགས་དང་སྐལ་བ་ནི་མཉམ་པའི།  ཐབས་རྨད་བྱུང་གསང་བའི་ཚོགས་ཁང་ལ་ཞུགས་ནས།  །ལུས་རྡོ་རྗེའི་བྲོ་གར་གར་སྟབས་ནི་སྒྱུར་ཞིང་།  །ཆོས་ཟབ་མོ་རྩ་གསུམ་རིག་འཛིན་གྱི་སྲོག་སྒྲུབ།  །རང་ཅི་དགར་སྤྱོད་པའི་རྟེན་འབྲེལ་ལ་ཡག་བྱུང་།  །སྔོན་ཁྲག་འཐུང་ཧེ་རུ་ཀ་དཔལ་གྱི་དཔའ་བོ།  །དུས་དེང་སང་འཇིགས་མེད་ནམ་མཁའ་ཡི་རྡོ་རྗེ།  །བུ་དེ་ལ་རྣལ་འབྱོར་དབང་ཕྱུག་གིས་བྱིན་ཕོབ།  །ལུས་འཆི་མེད་རྡོ་རྗེའི་ལང་ཚོ་ནི་རྒྱས་ཤིང་།  །ཚེ་བདུད་ཀྱི་བར་ཆད་སྐྱེ་མེད་དུ་བསྒྲལ་ནས།  །ངག་གྲགས་སྟོང་གཞོམ་མེད་ཆོས་རྔ་ནི་ལྡིར་བཞིན།  །ཡིད་རིག་སྟོང་བརྡལ་ཁྱབ་ཆེན་པོ་ལས་མ་གཡོས།  །མཆོག་ཐུན་མོང་དངོས་གྲུབ་བགོ་སྐལ་ལ་སྤྱོད་དེ།  །ཕྱོགས་ཀུན་ལས་རྣམ་པར་རྒྱལ་བ་ཡི་བཀྲ་ཤིས།  །དབྱངས་སྙན་པོ་མི་ནུབ་དར་རྒྱས་སུ་གྱུར་ནས།  །ས་གསུམ་ཀུན་དགེ་ཞིང་ལེགས་པ་རུ་ཤོག་ཅིག།  །ཅེས་པའང་འབྲས་ལྗོངས་སྒང་ཐོག་ཏུ་འཇིགས་མེད་ནམ་མཁའི་རྡོ་རྗེས་གླུར་བླང་བ་དགེ་ལེགས་སུ་གྱུར་ཅིག།  །།  ༈དུས་ལ་མངོན་པར་སྐྱོ་བའི་གཏམ་མུ་ཀུའི་མགྲིན་གླུ་ཞེས་བྱ་བ།  ན་མོ་གུ་རུ།  དྲན་པ་ཙམ་གྱིས་སྙིང་གི་གདུང་སེལ།  །མ་རིག་མུན་པ་སེལ་བའི་སྒྲོན་མེ།  །རྗེ་བཙུན་དྲན་པས་གདུང་སེལ་ཁྱེད་རྣམས།  །བདག་གི་སྤྱི་བོའི་རྒྱན་དུ་བཞུགས་ཤིག།  སེམས་ཅན་རྣམས་ཀྱི་ལས་ངན་བསགས་པའི།  །ས་བོན་བག་ཆགས་རྩུབ་མོ་སྨིན་པས།  །ཆེར་སྙིགས་གནས་དུས་བསྐལ་པ་ངན་པ།  །འདི་འདྲར་སྐྱེས་པས་སེམས་པ་སྐྱོ་འོ།  །དགེ་སྡིག་བླང་དོར་གནས་ལ་རྨོངས་ཤིང་།  །ཤེས་ཀྱང་བཙན་དུག་འཐུང་བ་དང་འདྲ།  །ཉོན་མོངས་ཤུགས་དྲག་གཉེན་པོ་སྟོབས་ཆུང་།  །མི་དགེའི་ལས་ལ་སྤྱོད་འདིས་སེམས་སྐྱོ།  །རང་ལ་དབང་མེད་གཏི་མུག་གཞན་དབང་།  །དུག་ལྔའི་མེ་དཔུང་དྲག་ཏུ་འབར་བས།  །སྙིགས་དུས་རང་གཞན་ཐམས་ཅད་བསྲེགས་ནས།  །ངན་སོང་འབྲས་བུ་བསྐྱེད་འདིས་སེམས་སྐྱོ།  །ཆོས་པ་རྣམས་ཀྱང་དམ་ཆོས་བྱེད་ཟེར།  །བདག་བསྟོད་གཞན་སྨོད་ངན་སེམས་ཕྲག་དོག།  གཅིག་གིས་གཅིག་ལ་ངན་སྨྲས་སྐུར་འདེབས།  །ངན་སེམས་འཁོར་ལོ་བསྐོར་འདིས་སེམས་སྐྱོ།  །སྐྱེ་བོ་ཕལ་ཆེར་མི་དགེའི་འདམ་དུ།  །ཉིན་མཚན་བར་མེད་དོག་མེད་བྱ་བས།  །མི་ཚེའི་ཉི་མ་ནུབ་རིར་བསྐྱལ་ཞིང་།  །མི་ལུས་ཆུད་ཟོས་བཏང་འདིས་སེམས་སྐྱོ།  །མི་རྟག་འཆི་བས་མདུན་ནས་སྒུག་ཀྱང་།  །ཚེ་ནི་ནམ་ཟད་མི་ཤེས་བཞིན་དུ།  །སྡིག་པའི་ཁུར་ཆེན་བཏེགས་ནས་འགྲོ་དུས།  །སྐྱབས་མེད་ཉམ་ཐག་གྱུར་པས་སེམས་སྐྱོ།  །ཐོས་པ་བྱས་ཀྱང་ཐོས་དོན་མ་སྒྲུབ།  །སྒོ་གསུམ་མ་ཞི་མ་དུལ་རྩུབ་ཟིང་།  །ཚེར་མ་དར་ཐུམ་འདྲ་བའི་གྱོང་པོ།  །ཚུལ་འདི་བསམ་གྱིན་བསམ་གྱིན་སེམས་སྐྱོ།  །ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ།  །ཆོས་མིན་སྤྱོད་པས་ས་སྟེང་ཁེངས་ཤིང་།  །སྡིག་པའི་ལྟ་ངན་མུན་པ་འཐིབ་པས།  །ལོག་པའི་ལམ་དུ་འཁྱམས་འདིས་སེམས་སྐྱོ།  །རྒྱལ་བའི་བསྟན་པ་སྣུམ་ཟད་མར་མེ།  །བསྟན་འཛིན་སྐྱེས་རྣམས་དགུང་དུ་ཡལ་ནས།  །ས་སྟེང་མུན་པའི་སྨག་གིས་ཁྱབ་ཅིང་།  །ཀླ་ཀློ་མིན་ཀྱང་དེ་འདྲས་སེམས་སྐྱོ།  །ཆོས་ལྡན་རྒྱལ་པོའི་དབུ་འཕང་སྨད་ཅིང་།  །ཡ་རབས་དྲྭ་མའི་གྲལ་བཟང་འཐོར་ནས།  །མ་རབས་སྐྱེ་བོས་འཛིན་མའི་ཁྱོན་གང་།  །སྙིགས་མའི་ངང་ཚུལ་འདི་ཡིས་སེམས་སྐྱོ།  །ཞག་རེའི་ནང་དུ་གཏམ་གསར་རེ་རེ།  །མི་རྣམས་ཆ་ལུགས་ཕལ་ཆེར་འགྱུར་ནས།  །རྒྱན་གོས་ཡོ་བྱད་མཐའ་མིའི་ཆ་ལུགས།  །སྤྱོད་ངན་འདི་འདྲ་མཐོང་ནས་སེམས་སྐྱོ།  །བསྟན་ལ་ཞུགས་རྣམས་ཆོས་སྤྱོད་མི་བརྩོན།  །དམག་ཇག་སྒྲུང་དང་བུད་མེད་གཏམ་སོགས།  །ཆགས་སྡང་དྲག་པོས་ཉིན་མཚན་དུས་འདའ།  །ཐར་པའི་ལམ་ཆེན་བཀག་འདིས་སེམས་སྐྱོ།  །གྲྭ་པ་རྣམས་ལ་ཆོས་གཏམ་མེད་ཅིང་།  །ཁྱིམ་པའི་ཁ་ནས་ཆོས་བཤད་འུར་འུར།  །གོང་འོག་ནོར་བའི་དུས་ངན་རང་རྟགས།  །འདི་འདྲ་མང་པོ་མཐོང་བས་སེམས་སྐྱོ།  །ཕར་ལ་ཅི་ཙམ་བྱམས་སེམས་བྱས་ཀྱང་།  །ཇེ་རྩུབ་ཇེ་རྩུབ་ངན་དབང་ཇེ་ཆེ།  །ལབ་རྒྱུ་མང་པོས་རང་གཞན་རྒྱུད་བསྲེགས།  །འཁོར་ངན་སྐྱེ་བོ་འདི་ལ་སེམས་སྐྱོ།  །བླ་མ་བསྟེན་ཟེར་དམ་ཆོས་མང་ཐོབ།  །མ་བསྒོམ་མ་བསྒྲུབ་དད་དང་དག་སྣང་།  །ཅུང་ཟད་མེད་པའི་བླ་སློབ་འདི་འདྲ།  །དེ་ཡི་རང་བཞིན་མཐོང་བས་སེམས་སྐྱོ།  །རང་རྒྱུད་མ་གྲོལ་གཞན་ལ་ཆོས་བཤད།  །གསང་སྔགས་དབང་ཆོས་ནོར་དང་བརྗེ་ཞིང་།  །ཕན་སེམས་མེད་ལ་རྒྱུ་ནོར་གང་ཐོབ།  །ཡིད་ལ་བརྣགས་པ་འདི་ཡིས་སེམས་སྐྱོ།  །བསྐྱེད་རྫོགས་ལྟ་བའི་གདིང་དང་མི་ལྡན།  །གཞན་ཕན་བྱང་ཆུབ་སེམས་དང་རྒྱབ་འགལ།  །འདུལ་ཁྲིམས་སྡོམ་པ་ཆུ་ལ་ཕོ་ཞིང་།  །ཆོས་དང་མི་མཐུན་རང་ལ་སེམས་སྐྱོ།  །སྙིགས་མ་ལྔ་བདོའི་སེམས་ཅན་འདི་འདྲ།  །མགོན་པོ་འཕགས་མཆོག་ཐུགས་རྗེ་ཆེ་རྣམས།  །མཁྱེན་བརྩེ་ནུས་པའི་རྩལ་ཆེན་བསྐྱེད་ནས།  །སྡུག་བསྔལ་འཁོར་བའི་འདམ་ནས་དྲངས་མཛོད།  །ཀྱེ་མ་ཀྱི་ཧུད་བྱམས་ལྡན་ཁྱེད་རྣམས།  །ཐུགས་ལ་ལེ་ལོ་བཏང་སྙོམས་མི་མངའ།  །གནས་སྐབས་འདི་དང་འདི་འདྲར་དགོངས་ནས།  །ཡེ་ཤེས་སྤྱན་གྱིས་མྱུར་དུ་གཟིགས་ཏེ།  །ཐུགས་རྗེའི་ཕྱག་གིས་འདྲེན་པར་མཛོད་ཅིག།  ཅེས་པའང་སྡིག་རྒན་ཟོག་པོ་བློ་གྲོས་མིང་ཅན་གྱིས་བྲིས་པའོ།།  །། ༈ ཐུགས་དམ་རྒྱུད་བསྐུལ་གྱི་གླུ་དད་པའི་གློག་ཞགས་བཞུགས་སོ།  །ཨ་ཧོ།  གནས་བྱིན་རླབས་ཅན་རྔ་ཡབ་དཔལ་རི་ན།  །ཕ་རྩ་གསུམ་ཀུན་འདུས་གུ་རུ་རྗེ།  །འཁོར་རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར།  །བདག་མོས་པའི་བུ་ཡིས་གསོལ་བ་འདེབས།  །དུས་དེང་སང་སྲིད་པོའི་གྲོང་ཁྱེར་འདྲ།  །ཞག་རེ་བཞིན་མི་རྟག་ངང་ཚུལ་སྟོན།  །མི་ཐམས་ཅད་དགེ་སྡིག་གོ་ལོག་སྤྱོད།  །རྗེ་ཐུབ་པའི་བསྟན་པ་དབུ་འཕང་སྨད།  །རྒྱུད་མི་བསྲུན་ནག་ཕྱོགས་ཀླ་ཀློས་འཚེ།  །ཆོས་བྱེད་པ་ཀུན་གྱི་སྲོག་རྩ་གཅོད།  །བསྟན་འགྲོ་བ་ཡོངས་ཀྱི་བདེ་སྐྱིད་འཕྲོག།  དཔལ་བསོད་ནམས་ཀྱི་རྟེན་མཆོག་ཐམས་ཅད་བཅོམ།  །གདོན་འབྱུང་པོ་ཐམས་ཅད་སྣ་འདྲེན་བྱེད།  །དེའི་རྐྱེན་གྱིས་མི་འདོད་སྣ་དགུས་གཙེས།  །དུས་འདི་འདྲར་ཨོ་རྒྱན་ཁྱེད་ཀྱིས་གཟིགས།  །རྗེ་པད་འབྱུང་ལ་སྙིང་ནས་གསོལ་འདེབས་ན།  །མཐུ་སྟོབས་དང་ཐུགས་རྗེའི་རྩལ་ཤུགས་ཕྱུངས།  །རྐྱེན་ངན་པ་ཐམས་ཅད་བཟློག་ཏུ་གསོལ།  །བོད་གངས་རིས་བསྐོར་བའི་ལྗོངས་ཆེན་གྱི།  །སྐྱབས་གཅིག་ཆོག་པདྨ་འབྱུང་གནས་མཁྱེན།  །རྗེ་ཁྱེད་ལས་རེ་ས་གཞན་མེད་པས།  །དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས།  །མེ་ཁྱི་ནག་ཟླའི་ཚོས་༢༥ལའོ།།  །། ༈ ཤྲཱི་གཱི་རྟི་ཨ་ལ་ལ་ཧོ།  །དཔལ་བདེ་བ་ཆེན་པོ་གྲུབ་པའི་སྐུ།  །ཡེ་ཤེས་ཕྱག་རྒྱའི་གཟི་བརྗིད་ཅན།  །ཀུན་ཏུ་དགའ་བའི་འོད་ཟེར་འབར།  །ས་གསུམ་དག་ན་གཡོ་བར་བྱེད།  །རྡོ་རྗེའི་བརྟུལ་ཞུགས་གྲུབ་པའི་གཟིས།  །མི་འགྱུར་ཕྱག་རྒྱས་བཅིང་བ་ལས།  །ཨ་ཧཾ་བདེ་བའི་གླུ་དབྱངས་སྒྲོགས།  །གཉིས་མེད་བདུད་རྩིའི་རོས་མྱོས་པས།  །མཆོག་ཏུ་མི་འགྱུར་གྲུབ་པ་ཆེ་ཧོཿ།  ངོ་བོ་གཅིག་ལས་འགྱུར་མེད་ཀྱང་།  །རྣམ་པ་ཧེ་རུ་ཀ་ཡི་གཟུགས།  །ས་གསུམ་དག་ན་མཆོད་བྱེད་ཅིང་།  །དཔའ་བོ་ཆེན་པོའི་སྟབས་ཀྱི་ནི།  །འཁོར་འདས་ཐམས་ཅད་གནོན་ཅིང་གཟིར།  །བདུད་ལས་རྒྱལ་བའི་རལ་གྲི་དང་།  །ཐབས་ཤེས་མདའ་གཞུ་ལ་སོགས་པ།  །རྡོ་རྗེའི་གོ་མཚོན་སྣ་ཚོགས་པས།  །བདུད་ཀྱི་ཚོགས་རྣམས་འཇིགས་པར་བྱེད།  །འཇིགས་མཛད་ཆེན་པོ་ཁྲག་འཐུང་དཔལ།  །མི་ཡི་ལུས་ལ་ཞུགས་པ་ཡི།  །རྔམས་པའི་གསུང་དང་བརྗིད་པའི་སྐུ།  །སྙིང་རྗེ་རབ་ཞི་ཐུགས་ཁྲོས་པས།  །དུས་ཀྱི་མུན་པ་མཐའ་དག་བཅོམ།  །ཡེ་ཤེས་སྐུ་ནི་རང་བྱུང་བས།  །བརྟན་གཡོ་ཀུན་ལ་རབ་ཏུ་ཁྱབ།  །ཇི་ལྟར་ལྕགས་ལ་གསེར་འགྱུར་བཞིན།  །ཐམས་ཅད་ཐམས་ཅད་ཕྱག་རྒྱའི་སྐུ།  །ངོ་མཚར་ཆོ་འཕྲུལ་བདེ་ཆེན་རྒྱལ།  །དཀྱིལ་འཁོར་གཙོ་ལ་ཕྱག་འཚལ་ལོ།  །ཨེ་མ་ཨེ་མ་རྡོ་རྗེ་ཆེ།  །རྡོ་རྗེ་རྒྱལ་པོ་དཔལ་དང་ལྡན།  །སངས་རྒྱས་ཀུན་གྱི་ཕྲིན་ལས་པ།  །དུས་སུ་སྒྱུ་མའི་གར་མཛོད་ཅིག།  ཨ་ཧོ།  ཨེ་མ་ཀི་རི་ཀི་རི་མ་ལྱཱ་ཤཔྡ་པ་ཏ་ཡེ་གཱིརྟི་མ་ཨ་ཧཾ།  །ཆུ་འབྲུག་ཟླ་༡༢ཚེས་༢༩ལ།།  །། ༈ ཨེ་མ་ཧོཿཨེ་མ་ཀི་རི་ཨ་ཧོཿརྡོ་རྗེ་ཉི་མ་འབར་བའི་མེ།  །རིན་ཆེན་ཉི་མ་གཟི་བརྗིད་ཆེ།  །ཀུན་ཏུ་རྒྱས་མཛད་བདེ་བ་ཆེ།  །ཡེ་ཤེས་རིན་ཆེན་དྲྭ་བ་ཆེ་ཧོཿརྡོ་རྗེ་མེ་སྟེ་ཀུན་ཏུ་འཕྲོ།  །རྡོ་རྗེ་ཞི་བ་བླ་ན་མེད།  །བདེ་མཆོག་བདུད་རྩིའི་སྤྲིན་འཕྲོ་བ།  །ཡེ་ཤེས་རིན་ཆེན་འབར་བ་ཆེ་ཧོཿ།  པདྨའི་བདག་པོ་ཀུན་ཏུ་འཆང་།  །དཔལ་གྱི་འབྱུང་གནས་ཀུན་གྱི་རྗེ།  །པདྨ་ཐབ་པའི་དཔལ་མངའ་བ།  །དཔལ་ལྡན་པདྨའི་རྒྱལ་པོ་ཆེ་ཧོཿ།  ལས་ཀྱི་བདག་པོ་ཀུན་ཏུ་འཕྲོ།  །ཡེ་ཤེས་ཡོན་ཏན་སྡུད་མཛད་པ།  །རྡོ་རྗེའི་འཐོར་རླུང་ཆེན་པོ་ཡི།  །རྣམ་རྟོག་ཀུན་ཏུ་བརླག་མཛད་ཆེ་ཧོཿ།  དབྱིངས་ཀྱི་རྒྱལ་པོ་ཀུན་ཏུ་བཟང་།  །དེ་བཞིན་ཡུམ་མཆོག་དབྱིངས་ཕྱུག་མ།  །ཞི་ཁྲོ་རབ་འབྱམས་སྤྲོ་བའི་བདག།  ཀུན་གྱི་བྱེད་པོ་ཀུན་བཟང་ཆེ་ཧོཿ།  ཆོས་ཉིད་སྟོང་པའི་རང་སྒྲ་འདི།  །གཏད་མེད་རྣལ་འབྱོར་རྒྱལ་པོས་བླངས།  །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་།  །རིགས་ལྔའི་ངོ་བོར་ལྷུན་རྫོགས་ཆེ་ཧོཿཨ་ཧོ་ཨོཾ་ཨཱཿཧཱུྃ་ཧོཿ།  པདྨ་ཡེ་ཤེས་རྡོ་རྗེས་མཁའ་འགྲོ་འདུ་བའི་ཚེས་༢༥ཉི་ཤར་ལའོ།།  །། ༈ བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་མཁྱེན་ནོ།  །རི་གངས་དཀར་གྱི་རྒྱལ་པོ་ཏི་སེ་ན།  །རྗེ་རྣལ་འབྱོར་དབང་ཕྱུག་མི་ལ་རྗེ།  །མཚན་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ།  །ཕ་དྲན་ཆོག་རྒྱལ་པོ་ཐོས་པ་དགའ།  །མི་ལས་ངན་བདག་ལ་ཐུགས་རྗེས་གཟིགས།  །གནས་འཁོར་བ་ངན་སོང་གཡང་ལས་སྐྱོབས།  །བུ་ཐུགས་རྗེའི་ཕྱག་གིས་འཛིན་པར་མཛོད།  །ལས་ངན་པའི་དབང་དུ་མ་གཏོང་ཞིག།  ཆོས་ཟབ་མོ་མདོ་སྔགས་རྒྱུད་སྡེ་ཐོས།  །ཚུལ་བཞིན་དུ་ཉམས་སུ་མ་བླངས་པས།  །རྒྱུད་ཆུ་ནང་རྡོ་བ་ལྟར་དུ་གྱུར།  །གཞན་མགོ་སྐོར་གྱི་ཚུལ་འཆོས་སྤྱོད་པ་ལས།  །ནང་ཉོན་མོངས་དུག་ལྔ་མེ་ལྟར་འབར།  །རང་ཐར་མེད་དམྱལ་བའི་གཏིང་རྡོ་བྱེད།  །སྡོམ་དམ་ཚིག་མི་སྲུང་འཆལ་བར་ཤོར།  །དཀོར་ནག་པོ་གང་བྱུང་ཧབ་ཐོབ་བྱེད།  །དགེ་སྡིག་གི་ངོ་བོ་ཤེས་བཞིན་དུ།  །རྒྱུད་མི་དགེ་སྡིག་པའི་དབང་དུ་བཏང་།  །བསྐྱེད་རྫོགས་ཀྱི་རིམ་པ་བསྒོམ་ལ་ཡང་།  །ཐ་མལ་གྱི་སྣང་ཤེས་དམ་པོས་བཅིངས།  །རྗེ་བླ་མ་རྣམས་ལ་མོས་གུས་ཆུང་།  །གསོལ་འདེབས་ཀྱི་འུར་དིང་ཁ་ཙམ་ཟད།  །མ་སེམས་ཅན་ཀུན་གྱི་དྲིན་མི་དྲན།  །བྱམས་སྙིང་རྗེ་བྱང་སེམས་སྟོར་ནས་སོང་།  །བདག་གཅེས་འཛིན་གྱི་འགོང་པོ་ཁོང་དུ་གབ།  །རང་བདེ་བར་འདོད་པའི་བློ་ངན་སྐྱེས།  །གཞན་ཆོས་བྱེད་རྣམས་ལ་དག་སྣང་མེད།  །ཟུར་ཟ་དང་ཕྲག་དོག་གདོན་གྱིས་གཙེས།  །དེ་ལྟ་བུའི་སྐལ་ངན་བློ་གྲོས་ལ།  །རྗེ་བཞད་པ་རྡོ་རྗེས་བསྐྱབ་ཏུ་གསོལ།  །བློ་དམ་པའི་ཆོས་ལ་བསྒྱུར་དུ་གསོལ།  །ཞེས་སྐྱོ་གླུ་ཟླ་ཚེས་ལའོ།།  །། ༈ ཚོགས་གླུ་ཌཱ་ཀི་དགྱེས་རོལ་བཞུགས།  ཨ་ཧོ་ཡེ།  རྔ་ཡབ་དཔལ་རི་པད་འོད་སྤྲུལ་སྐུ་ཡི་ཞིང་ཁམས།  །རྡོ་རྗེའི་བླ་མ་པདྨ་འབྱུང་གནས་དེ་མཁྱེན་ནོ།  །མ་གཅིག་ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་དེ་མཁྱེན་ནོ།  །པད་འབྱུང་ཡབ་ཡུམ་ཐུགས་རྗེས་འབྲལ་མེད་དུ་གཟིགས་ཤིག།  ལས་སྨོན་སྐལ་པ་ལྡན་པས་གསོལ་བ་ཞིག་འདེབས་ན།  །བདེ་ཆེན་ཐར་པའི་ཞིང་དུ་ད་ལྟ་རང་དྲངས་མཛོད།  །མ་ལུས་འགྲོ་བ་འདྲེན་པའི་དེད་དཔོན་དུ་གྱུར་ཅིག།  སྙན་འགྱུར་གདུང་བའི་དབྱངས་ཀྱིས་ཉིན་མཚན་དུ་འབོད་ན།  །མ་ཡིས་བུ་ལ་བརྩེ་བཞིན་མངོན་སུམ་དུ་འདིར་བྱོན།  །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡི་བྱིན་ཆེན།  །ད་ལྟ་ཉིད་དུ་སྩོལ་བའི་དངོས་གྲུབ་ཞིག་ཞུ་ན།  །བུ་ཡི་ལུས་ངག་ཡིད་གསུམ་བྱིན་གྱི་རང་རློབས་ཤིག།  ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།།  །། ༈ ཚོགས་གླུ་ཌཱ་ཀིའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།  །ཨ་ཧོ་ཡེ།  ངོ་མཚར་འཇའ་འོད་འཁྲིགས་པའི་སྤྲིན་དཀར་གྱི་དབུས་ན།  །མཚོ་སྐྱེས་རྡོ་རྗེ་དཔའ་བོ་ཌཱ་ཀི་ཡི་ཚོགས་ཀྱིས།  །བྱིན་རླབས་བཀྲ་ཤིས་མེ་ཏོག་དཀར་པོ་ཡི་སིལ་མས།  །དེང་འདིར་འཆི་མེད་གྲུབ་པའི་དངོས་གྲུབ་ཞིག་སྩོལ་ཞུ།  །དཔའ་བོ་མཁའ་འགྲོ་རྡོ་རྗེའི་གླུ་གར་གྱི་རོལ་རྩེད།  །དགའ་བཞི་ཡེ་ཤེས་ཆེན་པོའི་རྩེ་མོ་རུ་སོན་པའི།  །ལྷན་སྐྱེས་ཤིན་ཏུ་རྣམ་དག་ཡེ་ཤེས་འདི་ཨ་ཧོ།  །སྣང་སྲིད་དཀྱིལ་འཁོར་འཁོར་ལོར་འཆར་བ་འདི་ངོ་མཚར།  །ཚིམ་པ་དྲུག་ལྡན་ག་ཎ་ཙ་ཀྲ་ཡི་ལོངས་སྤྱོད།  །ཞེན་མེད་རོལ་པ་ལས་བྱུང་འཆི་མེད་ཀྱི་བདུད་རྩི།  །རྣལ་འབྱོར་གྲུབ་པ་པདྨ་ཀཱ་ར་ཡི་ལང་ཚོ།  །ཚེ་འདིར་མངོན་སུམ་གྲུབ་པའི་དགའ་སྟོན་ཞིག་ཞུའོ།  ཨ་ཧོ་ཡེ།  འོག་མིན་ཨོ་རྒྱན་དྷུ་མ་ཐ་ལ་ཡི་ཞིང་ཁམས།  །རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོམ་བུ་དེ་ཨ་ཧོ།  །གདན་གསུམ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི་ཀློང་ན།  །རབ་འབྱམས་རྩ་གསུམ་རྒྱ་མཚོའི་ཆོ་འཕྲུལ་དེ་ངོ་མཚར།  །ཙིཏྟ་མཆོང་གུར་སྨུག་པོ་དཔལ་རི་ཡི་པད་འོད།  །མ་ཧཱ་གུ་རུའི་དགྱེས་ཞལ་འཛུམ་དཀར་དེ་ངོམ་བྱུང་།  །བདེ་སྟོང་གཉིས་སུ་མེད་པའི་མཆོད་སྤྲིན་ཞིག་ཕུལ་ན།  །གསང་ཆེན་མཆོག་གི་དངོས་གྲུབ་ད་ལྟ་རང་སྩོལ་ཅིག།  རྨད་བྱུང་ཚོགས་ཀྱི་འཁོར་ལོའི་འདུ་བ་ནི་ཉམས་དགའ།  །རྣལ་འབྱོར་ཕོ་མོ་ལྷ་ཡི་དགའ་སྟོན་གྱི་རོལ་པས།  །ཟག་མེད་བདེ་སྟོང་བདུད་རྩིའི་སྤྲིན་ཕུང་ནི་གཡོས་པས།  །སྣང་སྲིད་བདེ་མཆོག་རྡོ་རྗེའི་རོལ་མོ་ཞིག་འཁྲོལ་ལོ།  །ཅེས་པའང་མེ་ཕག་ས་ཟླའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པར་གླིང་དཀར་བདག་བཙུན་ལྷན་རྒྱས་ཀྱིས་རིགས་འདུས་ཚོགས་ཀྱི་དགའ་སྟོན་གྱི་འདུ་བ་ཆེན་པོའི་སྐབས་སུ་རིག་འཛིན་གྱི་བཙུན་པ་པདྨ་ཡེ་ཤེས་རྡོ་རྗེས་གླུར་བླངས་པའོ།།  །། ༈ ཚོགས་ཀྱི་གླུ་ཡེ་ཤེས་བྱིན་འབེབས་ཅེས་བྱ་བ་བཞུགས་སོ།  །ཨ་ཧོ་ཡེ།  སྟེང་རྣམ་དག་འཇའ་འོད་འཁྲིགས་པ་ཡི་ཀློང་ན།  །ཕ་རྩ་གསུམ་ཀུན་འདུས་པདྨ་འབྱུང་གནས་དེ་བཞུགས་ཡོད།  །འཁོར་རིག་འཛིན་དཔའ་བོ་མཁའ་འགྲོ་ཡི་བསྐོར་ནས།  །བུ་བདག་ལ་དགྱེས་པའི་འཛུམ་ཞལ་ནི་ལམ་མེ།  །མཁྱེན་བརྩེ་དང་ནུས་པ་ཚད་མེད་ཀྱི་གཏེར་ཆེན།  །མི་བདག་གི་རེ་ལྟོས་འདུན་པ་ཡི་གཏད་ས།  །ཕ་ཁྱེད་ཀྱི་ཐུགས་རྗེས་བསླུ་བ་ནི་མི་སྲིད།  །དུས་བཟང་པོ་ཚེས་བཅུའི་མཆོད་པ་ཡི་དུས་ཆེན།  །ཡུལ་གནས་དང་ཉེ་གནས་མཁའ་འགྲོ་ཡི་འདུ་བ།  །ཚད་བཟུང་ལས་འདས་པའི་ཚོགས་གྲལ་གྱི་དབུས་ན།  །ང་གཏད་མེད་རིག་པའི་ཁྱེའུ་ཆུང་འདི་སྐྱིད་དོ།  །ཚོགས་འདོད་ཡོན་སྤྲིན་ཕུང་ནམ་མཁའ་ལྟར་ཁྱབ་ཅིང་།  །ལྷ་རྡོ་རྗེའི་དབང་པོས་དགྱེས་རྒུར་ནི་རོལ་པས།  །ཉམས་བདེ་ཆེན་ཟག་བྲལ་དགའ་བཞི་ནི་འབར་རོ།  །སྒྲ་གྲགས་སྟོང་ཨ་དཱི་ཀ་དཱི་ཡི་མཆོད་དོ།  །སྐུ་གར་གྱི་ཉམས་བརྒྱའི་བྲོ་བརྡུང་ནི་ཁྲིགས་སེ།  །ཐུགས་ཨ་ཧཾ་འབར་འཛག་བདེ་སྟོང་གིས་མྱོས་པས།  །རྩ་འཁོར་ལོ་བཞི་ཡི་ལྷ་ཚོགས་ཀྱིས་གར་བསྒྱུར།  །ལུས་ཕུང་ཁམས་སྐྱེ་མཆེད་ལྷར་སྣང་དུ་བྱིན་རློབས།  །ངག་སྲོག་རྩོལ་འགྲོ་འོང་དབུ་མ་རུ་དེངས་ནས།  །ཡིད་རྟོག་ཚོགས་འོད་གསལ་ཆེན་པོ་ཡི་སྦུབས་ཞུགས།  །གཞི་པདྨ་དྲ་བ་ཆེན་པོ་ཡི་ཞིང་དུ།  །འབྲས་རང་རིག་སྐུ་གསུམ་མཚོ་སྐྱེས་རྗེའི་ཞལ་མཇལ།  །མ་འགྲོ་དྲུག་འཁོར་བ་དོང་སྤྲུགས་སུ་ཤོག་ཅིག།  ཅེས་པའང་ལྕགས་འབྲུག་དབོ་ཟླ་བའི་ཚེས་བཅུར་གླིང་རྗེ་ཡབ་སྲས་སོགས་དང་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཚོགས་ཀྱི་འདུ་བར་སྤྱོད་པའི་སྐབས་བྲིས་བའོ།།  །། ༈ ཚོགས་ཀྱི་གླུ་ཌཱ་ཀིའི་དབྱངས་སྙན་ཅེས་བྱ་བ།  ཨ་ཧོ་ཡེ།  བརྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་ཀྱི་སྦྲང་ཆར།  །དད་གསུམ་གདུལ་བྱའི་ཡིད་ཀྱི་ཞིང་ས་རུ་འབེབས་པས།  །སྐལ་བཟང་དཀྱིལ་འཁོར་རྣམ་བཞིར་སྐུ་བཞི་ཡི་མྱུ་གུ།  །ཅི་དགར་རྒྱས་པའི་དངོས་གྲུབ་དམ་པ་འདི་ཨ་ཧོ།  །བསྐལ་མང་གོང་ནས་བསྙེན་ཅིང་བསྒྲུབ་པ་ཡི་ལྷ་མཆོག།  ཡི་དམ་དགོངས་འདུས་བཀའ་འདུས་ཆོས་ཀྱི་ནི་རྒྱ་མཚོ།  །ཚོམ་བུ་ཉེར་གཅིག་དཀྱིལ་འཁོར་ཆེན་པོ་ཡི་དམ་དུ།  །བསྙེན་སྒྲུབ་བཞི་ལྡན་རིག་འཛིན་མཆེད་ལྕམ་གྱི་ཚོགས་ཀྱིས།  །ཕུན་སུམ་ཚོགས་པ་ལྔ་ལྡན་རང་བྱུང་དུ་འཛོམས་པས།  །ལེགས་པར་སྒྲུབ་པའི་དགའ་སྟོན་མྱོང་བ་འདི་ཨ་ཧོ།  །རྨད་བྱུང་ཚོགས་འཁོར་ཚིམ་པ་དྲུག་ལྡན་དུ་རོལ་པས།  །ཟག་མེད་ཚོགས་གཉིས་རྒྱ་མཚོ་སྐད་ཅིག་ལ་ཟླུམ་པའི།  །ངོ་མཚར་ཐབས་མཁས་གསང་ཆེན་རྡོ་རྗེ་ཡི་རོལ་མོ།  །ཀུན་ཏུ་དགའ་བ་ཉམས་བཞིའི་རྣམ་འགྱུར་འདི་ཨ་ཧོ།  །མ་དག་ཕུང་ཁམས་སྐྱེ་མཆེད་རྣམ་ཤེས་ཀྱི་ཚོགས་རྣམས།  །ཡེ་ཤེས་ཉེར་གཅིག་དཔལ་ཆེན་དཀྱིལ་འཁོར་དུ་གྲུབ་ནས།  །སྲིད་གསུམ་རྣམ་དག་དཔལ་ཆེན་ཧེ་རུ་ཀའི་དཀྱིལ་འཁོར།  །གདོད་ནས་རང་ལ་རྫོགས་པ་ངོ་ཤེས་འདི་ཨ་ཧོ།  །སྣང་སྲིད་ཐམས་ཅད་དོན་གྱི་བདུད་རྩི་རུ་རྫོགས་པ།  །ཆོས་ཀྱི་བདུད་རྩི་ལྷ་སྔགས་ཡེ་ཤེས་ཀྱིས་སྦྱངས་པས།  །རྟགས་ཀྱི་བདུད་རྩིའི་འདུ་འཕྲོའི་ཟེར་ཆེན་ནི་འབར་བས།  །ཕྱག་རྒྱ་ཆེན་པོའི་བདུད་རྩི་གྲུབ་པ་འདི་ཨ་ཧོ།  །འདི་ལ་འབྲེལ་བ་ཐོགས་པའི་སེམས་ཅན་གྱི་གཙོར་བྱས།  །ཁམས་གསུམ་མ་འཁྲུལ་རང་བྱུང་རིག་པ་ནི་སྨིན་རྫོགས།  །ཡེ་གྲོལ་ཆེན་པོའི་ས་ལ་འབད་མེད་དུ་ཕྱིན་ནས།  །འཁོར་བ་དོང་སྤྲུགས་བརྙེས་པའི་ཕྲིན་ལས་འདི་ཨ་ཧོ།  །བདག་ཅག་སྐལ་ལྡན་ཁྱད་འཕགས་སྒྲུབ་པོ་ཡི་རྣལ་འབྱོར།  །རྡོ་རྗེའི་ལམ་གྱི་བགྲོད་པའི་ཕ་མཐའ་རུ་ཕྱིན་ནས།  །འོག་མིན་གསང་བ་མཆོག་གི་གཞལ་མེད་ཁང་ཆེན་པོར།  །ཚོམ་བུ་གཅིག་ཏུ་འཚང་རྒྱའི་རྟེན་འབྲེལ་ཞིག་ཞུའོ།།  །། ༈ རྗེ་བླ་མའི་ཞབས་ལ་ཕྱག་འཚལ་ལོ།  །ཕ་དྲིན་ཅན་བློ་གཏེར་དབང་པོ་མཁྱེན།  །བུ་བློ་གྲོས་མིང་ཅན་བློ་ངན་བདག།  ལོ་བཅུ་ཕྲག་ལྔ་ལ་སོན་པ་ཡི།  །ཐ་སྐར་གྱི་ཟླ་བའི་ཚེས་བཅོ་ལྔའི།  །ནམ་ཐོ་རངས་ཅུང་ཟད་མནལ་བ་ན།  །དངོས་མཐོང་དུ་མེད་པའི་རིག་རྒྱུ་ཡི།  །འཁྲུལ་པའི་སྣང་བ་ཤར་བ་ལ།  །རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས།  །འཁོར་ཐུགས་སྲས་བཞི་པོ་དང་བཅས་པ།  །ཐམས་ཅད་ཀྱང་གསེར་མདོག་ཆས་ལྡན་ཤར།  །རྗེ་གཙོ་བོའི་ཞལ་ནས་བརྩེགས་གསུང་ཚོགས།  །གླེགས་བམ་གྱི་རྣམ་པས་སྡོམ་གཏད་མཛད།  །ཆོས་ཁྱད་འཕགས་གསང་འགྲེལ་སྒྲོན་གསལ་གྱི།  །བཀའ་ཁྱོད་ལ་གཏད་དོ་ཞེས་གསུངས་ནས།  །འཁོར་ཐམས་ཅད་མི་སྣང་གྱུར་པ་དང་།  །རྒྱུད་འགྲེལ་གླེགས་བམ་བརྒྱད་སྟོང་ཙམ།  །འོད་སྔོན་པོའི་རྣམ་པར་གནས་པ་དང་།  །རྗེ་གསང་བ་འདུས་པ་ཕྱག་གཉིས་པའི།  །སྐུར་གྱུར་ཏེ་དགོངས་པ་གཏད་པ་དང་།  །གླེགས་བམ་དེ་གསང་འདུས་དཀྱིལ་འཁོར་གྱི།  །ལྷ་སོ་གཉིས་གྱུར་ནས་གནས་གསུམ་ནས།  །འོད་ཟེར་གྱི་བདུད་རྩིའི་དབང་བསྐུར་སྩལ།  །སླར་གླེགས་བམ་གསང་འདུས་སྔགས་སུ་གྱུར།  །རྗེ་བླ་མའང་སྔར་བཞིན་གྱུར་པ་དང་།  །གླེགས་བམ་སྔགས་ཀྱི་རྣམ་པ་དེ།  །བདག་ལུས་ལ་ཐིམ་པས་རང་གསང་འདུས།  །མི་བསྐྱོད་པར་གྱུར་དང་ལུས་ནང་ཀུན།  །སྔགས་མེར་གྱིས་གང་ནས་རང་སྒྲ་སྒྲོགས།  །ལུས་སེམས་ལ་བདེ་བས་ཅུང་ཟད་ཁྱབ།  །ཡིད་མི་རྟོག་ངང་ལ་ཕྱམ་མེར་བརྡལ།  །གཉིད་སྲབ་མོ་དེ་ཡང་སད་པར་གྱུར།  །རྗེ་འདི་ལ་སྔོན་ནས་འབྲེལ་པ་ནི།  །ཆེས་ཟབ་མོ་ཡོད་པའི་ཉེར་ལེན་ལས།  །རྗེ་གང་གི་བྱིན་རླབས་ཡང་ཡང་འཆར།  །ཁ་བྱང་བསྟན་ཕུག་དེར་ཉི་མ་མེད།  །དཔེ་དེ་བཞིན་རྗེ་ཡི་དགོངས་མཛད་ཀྱང་།  །བུ་ལས་ངན་ལ་ཡར་སྐྱེད་ཅང་མ་མཆིས།  །ལས་ངན་ཉོན་མོངས་ཀྱི་རྫབ་ཏུ་ལྷུང་།  །དེ་བསམ་ཞིང་བསམ་ཞིང་སྙིང་རླུང་ལྡང་།  །སྐྱེ་ངན་གྱི་སྐྱེ་བོ་བདག་འདྲ་ལ།  །རྗེ་ཁྱེད་ཀྱི་ཐུགས་རྗེས་དགོངས་མཛད་ནས།  །སྲིད་མེ་འདགས་ཀློང་ནས་བསྒྲལ་དུ་གསོལ།  །འཁྲུལ་རྟོག་གི་རླུང་དམར་ཞི་བ་དང་།  །ངན་སྤྱོད་ཀྱི་རྒྱུན་ཐག་ཆད་དུ་གསོལ།  །བློ་གྲོས་ཀྱི་སྣང་བ་བསྐྱེད་དུ་གསོལ།  །ཆོས་བྱང་ཆུབ་ཀྱི་སེམས་མཆོག་སྐྱེ་བར་མཛོད།  །རྗེ་འཇམ་དབྱངས་བླ་མ་ཁྱེད་ཉིད་ཀྱིས།  །དུས་ད་དུང་བྱང་ཆུབ་མ་ཐོབ་པར།  །མི་བདག་གི་སྐྱབས་གནས་མཛད་པ་དང་།  །ཐེག་མཆོག་གི་ཆོས་ཀྱི་རྒྱས་པར་མཛོད།  །གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རློབས།  །ཉམ་ཐག་གི་ནད་པར་བྱིན་རླབས་ཀྱི།  །ཕན་པ་འབྱུང་བ་དེ་བཞིན་དུ།  །དངོས་གྲུབ་གྱི་སྐལ་བ་ཆེན་པོ་ཞིག།  དུས་ད་ལྟ་སྨིན་པར་མ་གྱུར་ཀྱང་།  །བྱིན་རླབས་ཀྱི་དགོངས་གཏང་ཟབ་མོ་དེས།  །སྒྲིབ་གསུམ་དབྱིངས་སུ་དག་པར་ཤོག།  གཞི་རྒྱུད་དེ་རང་ངོ་འཕྲོད་པ་དང་།  །ལམ་རྒྱུད་ཀྱི་ཡེ་ཤེས་འཆར་བ་དང་།  །འབྲས་རྒྱུད་གསང་བ་འདུས་པ་ཡི།  །དཀྱིལ་འཁོར་དེ་མངོན་པར་བྱང་ཆུབ་ཤོག།  རྗེ་ཁྱོད་ཀྱི་བསྟན་པས་འཛམ་གླིང་ཁྱབ།  །དེ་ལ་འཁུ་ཞིང་སྡང་པ་ཡི།  །ལྷ་མིན་གྱི་བདུད་ལས་རྒྱལ་བར་ཤོག།  བཀྲ་ཤིས་ཀྱི་དགའ་ལྡན་དར་རྒྱས་ཤོག།  །།  ༈རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ།  །གནས་ལུགས་རང་སོ་ཟིན་པར་བྱིན་གྱིས་རློབས།  །གཞི་ཀ་དག་སྤྲོས་པ་བྲལ་བ་དེར།  །བློས་བྱས་ཀྱིས་གསར་དུ་བསྒྲུབ་མི་དགོས།  །གདོད་མ་ནས་སྟོང་ཆེན་དེ་བཞིན་ཉིད།  །དེ་ཆོས་རྣམས་ཀུན་ལ་ཁྱབ་པར་བཞུགས།  །སེམས་ཅན་གྱི་རྒྱུད་ལ་བདེ་གཤེགས་སྙིང་།  །དབྱིངས་དང་ཡེ་ཤེས་གཉིས་མེད་པ།  །བྲི་གང་དང་འཕོ་འགྱུར་བྲལ་བར་གདའ།  །དེ་དཔལ་ལྡན་བླ་མའི་བྱིན་རླབས་ཀྱིས།  །རང་གནས་ཀྱི་ཡེ་ཤེས་རྗེན་པར་རྟོགས།  །དེ་ལ་བློ་ཡི་བསླད་མ་ཞུགས།  །ལྟ་བ་དེ་རང་ངོ་ཤེས་པས་ཆོག།  དེའི་ངང་ལ་མ་ཡེངས་མ་འཛིན་པར།  །རིག་པ་ཅོག་གེར་བཞག་པ་དང་།  །ཡུལ་ཤེས་དབྱེར་མེད་མཉམ་པ་ཉིད།  །ཟང་ཐལ་གྱི་རིག་པ་ས་ལེ་བ།  །སང་དེ་ཡེ་རེ་རྗེེན་ནེ་འཆར།  །སྒོམ་པ་ཟེར་ཀྱང་མི་བསྒོམ་པ།  །བསྒོམ་མེད་ངང་དེར་བབས་ཀྱིས་བཞག།  །ཚོགས་དྲུག་གི་སྣང་བ་གང་ཤར་དང་།  །རྩལ་གྱི་རྟོག་པ་ཅི་ཤར་ཡང་།  །མི་སྤྲོ་མི་དགག་མི་བསྡུ་བར།  །རང་ཤར་རྒྱ་ཡན་ངང་བཞག་པས།  །ཆོས་ཉིད་ངང་དེར་རང་གྲོལ་ཞིང་།  །རེ་དོགས་མེད་པའི་སྤྱོད྄༵་པ་ལགས།  །མཉམ་པར་བཞག་དང་མ་བཞག་ཀུན།  །རིག་པ་འོད་གསལ་ཆེན་པོའི་ངང་།  །དུས་རྟག་ཏུ་མི་གཡོ་མི་འགྱུར་བས།  །འབྲས༷་སྐུ་གསུམ་དགོངས་པའི་རྩལ་རྫོགས་ཤིང་།  །མ་རིགས་དྲུག་འཁོར་བ་དོང་སྤྲུགས་ཤོག།  ཚིག་དེ་སྐད་འཇུ་སྔགས་སྐལ་ཕྲིན་གྱིས།  །ནན་དུ་བསྐུལ་བའི་ངོ་མ་ལྕོགས།  །ཆོས་མེད་ཀྱི་དྲེད་པོ་བློ་གྲོས་པས།  །རང་མྱོང་བ་མེད་བཞིན་རྡོལ་ཐབས་སྨྲས།  དགེའོ།།  །། ༈ ཨ་ཧོ་ཡེ།  གནས་མཆོག་བཀྲ་ཤིས་འཆི་མེད་གྲུབ་པ་ཡི་དགའ་ཚལ།  རྩ་གསུམ་རབ་འབྱམས་མངོན་གསུམ་བཞུགས་པ་ཡི་ཕོ་བྲང་།  །བྱིན་རླབས་གཟི་བརྗིད་འབར་བའི་གཞལ་མེད་ཁང་ཆེན་པོར།  །དཔལ་ལྡན་ས་སྐྱའི་འཁོན་རིགས་འཇམ་དཔལ་ནི་གཞོན་ནུ།  །གོས་དཀར་ལྕང་ལོའི་སྐུར་འཆང་ཀུན་དགའ་ནི་བསོད་ནམས།  །སྲས་ཡུམ་དགྱེས་པའི་ཞལ་རས་ཟླ་རྒྱས་ལྟར་གསལ་བ།  །མངོན་སུམ་མཇལ་བའི་དགའ་སྟོན་དར་ལ་ནི་བབ་ཅིང་།  གསུང་གསང་ཀ་ལ་པིངྐའི་སྒྲ་དབྱངས་ལྟར་སྙན་པ།  །ལྷུག་པས་གྲོལ་བའི་སྐལ་བཟང་མཐོ་རིས་ཀྱི་གྲོང་ཁྱེར།  །ས་འདིར་མངོན་སུམ་འཕོས་པའི་དགེ་མཚན་འདི་ཨ་ཧོ།  །བདག་ཅག་རིག་འཛིན་མཆེད་ལྕམ་རྩེ་འཇོ་ཡི་རོལ་ཞིང་།  །ཅིར་སྣང་ཐམས་ཅད་བདེ་ཆེན་ཡེ་ཤེས་ཀྱི་རོལ་མོར།  །འཆར་བ་འདི་འདྲའི་དགའ་བདེ་མཚོན་དཔེ་ལས་འདས་ཤིང་།  །ཉམས་སུ་མྱོང་བའི་ངོ་མཚར་བཀྲ་ཤིས་འདི་ཨ་ཧོ།  །སླད་ནས་སྒྲིབ་མེད་སྟོན་འཁོར་ལྷན་གཅིག་ཏུ་འཚོགས་ནས།  །ལུགས་བརྒྱའི་དཔལ་ཡོན་ཕུན་ཚོགས་འབད་མེད་དུ་འབྱོར་ཏེ།  །སྲིད་ཞིའི་མཐའ་ལས་འདས་པའི་བྱང་ཆུབ་ཀྱི་གོ་འཕང་།  །ཆོས་ཀྱི་འཁོར་ལོས་བསྒྱུར་བའི་དགེ་ལེགས་ཀྱི་པད་ཚལ།  །ནུབ་མེད་མྱུར་དུ་འཆར་བའི་བཀྲ་ཤིས་ཤིག་ཞུའོ།  །ཅེས་པའང་ཤིང་འབྲུག་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་ལ་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ལ་ཐུགས་དགྱེས་པའི་མཆོད་སྤྲིན་དུ་ཕུལ་བའོ།།  །། ༈ ཨ་ཧོ་ཡེ།  མི་འགྱུར་དྷུ་ཏིའི་དབྱིངས་ན།  །ཆོས་སྐུ་རྡོ་རྗེ་ཕག་མོ།  །ཐབས་མཆོག་བདེ་ཆེན་དཔའ་བོར།  །སྙོམས་འཇུག་ཁ་སྦྱོར་བདེ་བའི།  །རོལ་གར་ལོངས་སྤྱོད་རྫོགས་སྐུ།  །བཅོམ་ལྡན་རྡོ་རྗེ་ཕག་མོ།  །གང་འདུལ་ཡེ་ཤེས་སྒྱུ་མ།  །གངས་ཅན་བོད་ཀྱི་ཡུལ་དུ།  །དབྱིངས་ཕྱུག་བདེ་ཆེན་རྒྱལ་མོ།  །དབྱེར་མེད་དྲིན་ཅན་བླ་མར།  །གསོལ་བ་སྙིང་ནས་འདེབས་སོ།  །མི་བཤིག་རྡོ་རྗེའི་གནས་ལུགས།  །རང་གནས་མངོན་སུམ་སད་ནས།  །ཡེ་ཤེས་གཟི་བྱིན་འབར་བས།  །རྩ་རླུང་ཐིག་ལེའི་མདུད་གྲོལ།  །སྐུ་གསུམ་ཕག་མོའི་གོ་འཕང་།  །ཚེ་འདི་ཉིད་ལ་བརྙེས་པའི།  །རྟེན་འབྲེལ་སྙིང་ནས་ཞུའོ།།  །། ༈ ཁྲོ་རྒྱལ་དགྱེས་པའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ།  །ཤྲཱི་ཨ་ལ་ལ་ཧོ།  བཛྲ་ཀྲོ་དྷ་བདེ་བ་ཆེ།  །ཡཀྴ་དེ་ཝ་ལྷ་ཡི་ལྷ།  །དབང་ཕྱུག་རྣམས་ཀྱི་ཕྱག་བྱ་བ།  །དཔལ་ཆེན་གཙོ་ལ་ཕྱག་འཚལ་ལོ།  །རིག་སྔགས་ཀུན་གྱི་བདག་པོ་མཆོག།  དོན་ཡོད་རྡོ་རྗེ་དེ་བཞིན་གཤེགས།  །བགེགས་འདུལ་ཁྲོ་རྒྱལ་གཙོ་མཆོག་གི  །ཁམས་གསུམ་པོ་རྣམས་བཀྲ་ཤིས་ཤོག།  བར་ཆད་བདུད་དཔུང་ཕྱེ་མར་འཐག།  དངོས་གྲུབ་ཆེན་པོ་ཀུན་གྱི་དབྱིག།  དབང་མཛད་དབང་བསྒྱུར་བཅོམ་ལྡན་འདས།  །ཁྲོ་བོའི་རྒྱལ་པོས་དགེ་ལེགས་སྩོལ།  །ཅེས་པའང་ཤིང་ཁྱི་ཟླ་༡༠ཚེས་༩ལའོ།།  །། ༈ གདུང་དབྱངས་ཐུགས་རྗེས་འཛིན་བཞུགས།  ཨ་ཧོ།  མཁྱེན་བརྩེ་ནུས་པའི་གཏེར་མཛོད།  །ལས་རབ་གླིང་པ་མཁྱེན་ནོ།  །འོད་གསལ་ཀློང་ནས་གཟིགས་ཤིག།  རྟག་ཏུ་ཁྱེད་ཀྱིས་བྱིན་རློབས།  །རྔ་ཡབ་དཔལ་རིའི་ཕོ་བྲང་།  །མ་ཧཱ་གུ་རུའི་བཞུགས་གྲལ།  །དྷ་ཀིའི་ཚོགས་དང་ལྷན་གཅིག།  དགྱེས་དགུར་སྤྱོད་པ་དགའ་འོ།  །པདྨས་བོད་འབངས་སྐྱོབས་པར།  །མངག་པའི་ཕོ་ཉ་མཆོག་ཉིད།  །བོད་འབངས་ཤུལ་དུ་བཞག་ནས།  །པདྨ་འོད་དུ་གཤེགས་སམ།  །བདག་ཅག་ཁྱེད་ཀྱི་ཐུགས་རྗེས།  །ཤུལ་དུ་འདོར་བར་བཟོད་དམ།  །བསྐལ་ངན་དུས་ཀྱི་རྒུད་པ།  །རྒྱུན་མི་ཆད་པས་མནར་ཚེ།  །ཁྱོད་ཉིད་ཞི་བར་གཞོལ་ན།  །དམ་བཅའ་ཉམས་པ་འགྱུར་ཏེ།  །ཟབ་རྒྱས་གཏེར་གྱི་རྒུད་པ།  །འགྲོ་དོན་མཁའ་ཁྱབ་འབྱུང་བར།  །ད་སླད་ཅི་ཚུགས་བྱེད་དམ།  །མ་རིག་མུན་སེལ་སྒྲོན་མེ།  །པདྨས་མཆོག་བསྟན་རྒྱས་མཛད།  །མཚུངས་བྲལ་གཏེར་ཆེན་དྲ་པ།  །ཕ་གཅིག་རིན་ཆེན་གཙུག་ནོར།  །བུ་ཡི་གདུང་དབྱངས་འདི་ལ།  །དགོངས་ནས་མཁས་གྲུབ་གཉིས་ལྡན།  །མཆོག་གི་སྤྲུལ་སྐུར་བཞེངས་ནས།  །ལས་འཕྲོ་གཏེར་གྱི་བསྟན་པ།  །ས་གསུམ་ཁྱབ་པར་མཛོད་ཅིག།  བོད་ཁམས་གདུག་པའི་ཚ་ངར།  །ལྷག་མེད་ཞི་ནས་བདེ་སྐྱིད།  །ཡར་ཟླའི་དཔལ་ལ་འགྲན་ཞིང་།  །རྒྱལ་བསྟན་སྤྱི་དང་ཁྱད་པར།  །སྔ་འགྱུར་བསྟན་པ་རྒྱས་མཛོད།  །ཕྲིན་ལས་རྣམ་བཞི་ཐོགས་མེད།  །གང་འབྲེལ་ཐར་པའི་སར་བཀྲི།  །མཆོག་གི་དངོས་གྲུབ་སྟེར་བས།  །སྤྲུལ་པ་དུས་གསུམ་བཀྲ་ཤིས།  །བཀྲ་ཤིས་ཡུན་དུ་གནས་ཤོག།  ཅེས་པའང་མི་ཕྱེད་དད་བའི་བློས་ཐོལ་བྱུང་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་གསོལ་བ་བཏབ་པའོ།།  །། ༈ ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྗེས་དྲན་གྱི་གླུ་མོས་གུས་ཀྱི་རླབས་ཕྲེང་ཞེས་བྱ་བ་བཞུགས་སོ།  །མཁྱེན་ནོ་མཁྱེན་ནོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་མཁྱེན་ནོ།  །ཆོས་དབྱིངས་དག་པའི་འོད་གསལ་མཁའ་ལ།  །ཐུགས་རྗེའི་ཉི་ཟླའི་འོད་ཟེར་འཕྲོ་བས།  །བདག་རྒྱུད་རྨོངས་པའི་མུན་པ་སེལ་མཛད།  །ཀུན་མཁྱེན་བླ་མས་བྱིན་གྱིས་རློབས་ཤིག།  ལྟ་བ་སྤྲོས་བྲལ་བརྡལ་ཁྱབ་ཆེན་པོར།  །བསྒོམ་པ་འོད་གསལ་ཉིན་མཚན་ཁ་སྦྱོར།  །སྤྱོད་པ་གང་ཤར་ཞེན་མེད་རང་གྲོལ།  །ཀུན་མཁྱེན་བླ་མས་བྱིན་གྱིས་རློབས་ཤིག།  ཇི་ལྟར་སྣང་བ་སྣ་ཚོགས་ཆོས་འདི།  །མེད་བཞིན་གློ་བུར་འཁྲུལ་པའི་སྣང་བ།  །ཐོག་མེད་བག་ཆགས་ངན་པས་བསྐྱེད་པའི།  །བརྫུན་ཕུག་རྡིབ་པར་བྱིན་གྱིས་རློབས་ཤིག།  མ་རིག་འཁྲུལ་པའི་གདོན་ཆེན་འདི་ཡིས།  །སྙིང་ལ་ཟིན་པས་ཀུན་ཏུ་རྨོངས་ཤིང་།  །ཆོས་ཉིད་ཀུན་ཁྱབ་རང་བྱུང་ཡེ་ཤེས།  །མཐོང་དུ་མི་འཇུག་སྒྲིབ་བ་འདི་ཀོ།  །ཀུན་མཁྱེན་ཁྱེད་ཀྱིས་དེ་རིང་བསལ་མཛོད།  །སྣ་ཚོགས་མཐོང་བ་རང་བཞིན་བཞག་ནས།  །རང་སར་གྲོལ་བའི་གདེང་ཆེན་རྙེད་ན།  །སྲིད་པའི་ཉེས་བརྒྱའི་སྒྲོག་ཏུ་མི་འཆིང་།  །ཡེ་ཤེས་ཁྱེའུ་ཆུང་རང་ཞལ་ངོམ་མཛོད།  །རང་བྱུང་རང་ཤར་རིག་བའི་རྒྱལ་པོ།  །གུ་ཡངས་ནམ་མཁར་མདུང་བསྐོར་ཇི་བཞིན།  །ཆོས་དབྱིངས་ཀུན་མཉམ་ཡངས་པ་ཆེན་པོར།  །ང་ཡི་རིག་པ་གཏད་མེད་ཐོངས་ཤིག།  མཁྱེན་ནོ་མཁྱེན་ནོ་ཀུན་མཁྱེན་བླ་མ།  །རྫོགས་པའི་སངས་རྒྱས་དྲི་མེད་འོད་ཟེར།  །ཁྱེད་ཀྱི་ཐུགས་རྗེས་བདག་ལ་གཟིགས་ཤིག།  ལས་ངན་རྒྱ་མཚོ་ཆེན་པོར་ལྟུང་བའི།  །རྨོངས་པ་བདག་འདྲ་སྐུ་སྐྱེའི་མིང་ཐོགས།  །སྡིག་རྒན་དཀོར་ནག་རྐྱལ་པ་ཆེན་པོ།  །སྡོམ་པ་དམ་ཚིག་ཆུ་ལ་བོར་ན།  །ཕྱི་མར་རྡོ་རྗེའི་དམྱལ་བ་བསྒྲུབ་པ།  །སྐྱེ་ངན་བདག་ལ་ཡེ་ཤེས་སྤྱན་གྱིས།  །མི་འབྲལ་གཟིགས་ནས་བྱམས་པའི་ཕྱག་གིས།  །དམ་པོར་ཟུངས་ཤིག་ཀུན་མཁྱེན་བླ་མ།  །བླུན་རྒན་བདག་ཉིད་ཐར་པར་དྲོངས་ཤིག།  བཤེས་གཉེན་དམ་པའི་མགོན་གྱིས་ཟིན་ཅིག།  ཟབ་རྒྱས་དམ་ཆོས་རྩྭ་བཞིན་བཀྲམ་ཀྱང་།  །ཁྱི་རྒན་བདག་གི་གལ་ཆུང་དུ་བསྐྱུར།  །ཆོས་དྲེད་ཆོས་དང་རྒྱབ་འགལ་གྱུར་ལ།  །མཁྱེན་བརྩེའི་ནུས་པའི་མཐུ་ནུས་རྩལ་སྤྲུགས།  །འཁོར་བའི་འདམས་ལས་ད་ལྟ་དྲོངས་ཤིག།  སྲིད་པའི་མེ་ཆེན་ཐུགས་རྗེའི་ཆར་གྱིས།  །ད་ལྟ་ཉིད་དུ་སེལ་བར་མཛོད་ཅིག།  དེང་ནས་བཟུང་སྟེ་ཚེ་རབས་ཀུན་ཏུ།  །དལ་འབྱོར་དོན་ཡོད་བྱེད་པར་ཤོག་ཅིག།  མི་རྟག་འཆི་བ་རྗེས་སུ་དྲན་ནས།  །སྲིད་ལས་ངེས་འབྱུང་དྲག་པོ་སྐྱེ་བར།  །ཀུན་མཁྱེན་བླ་མས་བྱིན་གྱིས་རློབས་ཤིག།  ཐེག་ཆེན་ལམ་གྱི་སྙིང་ནོར་གཅིག་པུ།  །བྱང་ཆུབ་སེམས་མཆོག་ཡང་ཡང་བསྒོམ་ནས།  །འགྲོ་བའི་དོན་ལ་སྐྱོ་དུབ་མེད་པ།  །རིགས་གསུམ་སེམས་པའི་རྣམ་ཐར་ཇི་བཞིན།  །གཞན་ཕན་མཐའ་ཡས་འབྱུང་བར་བྱིན་རློབས།  །བདག་གི་སྒོ་གསུམ་བྱ་བ་ཅི་བྱས།  །ཕ་མ་སེམས་ཅན་དོན་དུ་འགྱུར་ནས།  །རིགས་དྲུག་འགྲོ་ཁམས་དོང་ནས་སྤྲུགས་པར།  །ཀུན་མཁྱེན་བླ་མས་བྱིན་གྱིས་རློབས༴  །རིག་སྟོང་འོད་གསལ་ཐེག་རྩེའི་རྣལ་འབྱོར།  །ཀ་དག་ལྷུན་གྲུབ་དགོངས་པའི་རྩལ་རྫོགས།  །ཀློང་ཆེན་རབ་འབྱམས་མངོན་དུ་འགྱུར་བར།  །ཀུན་མཁྱེན་བླ་མས་བྱིན༴  །ཀུན་མཁྱེན་བླ་མ་དྲི་མེད་འོད་ཟེར།  །བདག་ལ་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་།  །ཁྱེད་རང་མཁྱེན་ནོ་བྱིན་གྱིས༴  །མྱུར་བ་ཉིད་དུ་བྱིན༴  །འདུག་ས་འདི་རུ༴  །བུ་ཡི་བྱ་བ་བྱེད་པ་ཐམས་ཅད།  །ཀུན་མཁྱེན་བླ་མས་དོན་ཡོད་མཛོད་ཅིག།  མདོར་ན་ཆོས་ཀྱི་རྒྱལ་པོ་ཁྱེད་དང་།  །དབྱེར་མེད་ཉིད་དུ་བྱིན་གྱིས་རློབས་ཤིག།  མཁྱེན་ནོ་མཁྱེན་ནོ་ཀུན་མཁྱེན་བླ་མ་མཁྱེན་ནོ།  །ཞེས་པའང་ཆུ་སྤྲེལ་ཁྲུམས་ཟླའི་ཚེས་༢༥ལ་ཀུན་མཁྱེན་བླ་མ་དྲན་པས་ཐོལ་བྱུང་དུ་གསོལ་བ་བཏབ་པའོ།།  །། ༈ ཨ་ཧོཿལྔ་ལྡན་འཇའ་ཟེར་འཁྲིགས་པའི་འོད་ཁྱིམ་གྱི་ཀློང་ན།  །ལྷུན་གྲུབ་རིག་འཛིན་ཨོ་རྒྱན་ཆེན་པོ་དེ་བཞུགས་ཡོད།  །རྩ་གསུམ་རྒྱ་མཚོའི་སྤྱི་གཟུགས་པད་འབྱུང་དེ་མཁྱེན་ནོ།  །བུ་ལ་ཐུགས་རྗེའི་བརྩེ་བས་ད་ལྟར་རང་གཟིགས་ཤིག།  ང་ཡི་སྐྱབས་གཅིག་མཚོ་སྐྱེས་རྡོ་རྗེ་དེ་མཁྱེན་ནོ།  །ཕ་གཅིག་མ་ཧཱ་གུ་རུ་ཌཱ་ཀཱི་ཡི་ཚོགས་རྗེ།  །ཡེ་ཤེས་སྐུ་ཡི་ཕྱག་རྒྱའི་རྣམ་རོལ་ནི་ཚད་མེད།  །རྡོ་རྗེའི་གསུངས་དབྱངས་ཆོས་སྒྲ་དིར་དིར་དུ་སྒྲོགས་བཞིན།  །འོད་གསལ་དགོངས་པ་མཁའ་ཁྱབ་ལྷུན་གྲུབ་ཀྱི་སྦུབས་ནས།  །བདག་གི་སྒོ་གསུམ་རྡོ་རྗེའི་བྱིན་ཆེན་ཞིག་ཕོབས་མཛོད།  །ང་ཡི་འཁྲུལ་སྣང་ཀ་དག་ཆོས་ཟད་དུ་བསྐྱེལ་ཐོངས།  །རང་སྣང་རོལ་པ་དཔལ་རི་པདྨ་ཡི་ཞིང་ཁམས།  །རང་བྱུང་རིག་པ་བདེ་ཆེན་རྒྱལ་པོ་དེ་བཞུགས་ཡོད།  །པདྨ་བཛྲ་བདེ་མཆོག་སྒྱུ་མ་ཡི་གར་གྱི།  །ས་གསུམ་ཀུན་ཁྱབ་ལྔ་ལྡན་ཡེ་ཤེས་སུ་འབར་བ།  །བརྟན་གཡོ་གདོད་ནས་དང་པོའི་སངས་རྒྱས་ནི་མངོན་སྣང་།  །སྐུ་དང་ཞིང་ཁམས་ཆོས་དབྱིངས་རྒྱས་པ་རུ་ཁྱབ་པའི།  །འདུལ་བྱ་འདུལ་བྱེད་རྣམ་འཕྲུལ་ཕྲིན་ལས་ནི་འཛད་མེད།  །ཀུན་ཁྱབ་ཀུན་བཟང་པདྨ་འབྱུང་གནས་དེ༴  །ཨ་ཧོཿངོ་མཚར་ཐུགས་ཀྱི་ཐིག་ལེའི་བསྙེན་སྒྲུབ་ཀྱི་སྦྱོར་བས།  །གསང་གསུམ་བྱིན་བརླབས་ནུས་མཐུ་དབང་མེད་དུ་བཀུག་སྟེ།  །བདག་ལ་བསྟིམ་པས་སྣང་སྲིད་ཟིལ་གནོན་དང་དབྱེར་མེད།  །ཚེ་འདི་ཉིད་ལ་འགྲུབ་པའི་དངོས་གྲུབ་ཞིག་ཞུའོ།  །ཟླ་༣ཚེས་༡༡ལའོ།།  །། ༈ ཀྱེ་ཧོ།  གང་གི་རང་བཞིན་ཐུགས་རྗེའི་ཟླ་སྣང་ནི།  །དྭངས་བའི་ཆུ་ལ་སྒྲིབ་མེད་འཆར་ན་ཡང་།  །མི་བསྲུན་སྐྱེ་བོས་རབ་ཏུ་དཀྲུག་པ་ན།  །རི་བོང་ཅན་ཡང་ནུབ་རིའི་ཕག་ལ་གཞོལ།  །ལྷ་དང་བླ་མའི་ཞལ་བཟང་བལྟ་བའི་ཕྱིར།  །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར།  །རྡོ་རྗེའི་གཡར་དམ་གཉན་པོ་བླངས་བ་ཡང་།  །སོ་སོར་འབྲལ་བ་དུས་ཀྱི་རང་བཞིན་གཤིས།  །ཀྱེ་མ་མ་གྲང་ཁྲོད་གནས་བྱིས་པ་འགས།  །ཡིད་ཀྱི་ཁ་ཆུས་དམར་པོར་འཆིང་བ་ལས།  །བཟང་པོར་སྤྱོད་དང་འགྲོག་པའི་སྐལ་བ་ནི།  །རུས་སྦལ་སྤུ་ཡི་ནམ་མཁར་ཐགས་སུ་བཏགས།  །ཆགས་དང་བྲལ་བ་རྒྱལ་དང་རྒྱལ་བའི་སྲས།  །ཡེ་ཤེས་སྤྱན་གྱིས་སྒྲིབ་མེད་རྟག་གཟིགས་ལ།  །སྲེད་པའི་འཆིང་བ་ཀུན་ལྡན་བདག་འདྲ་ལ།  །ཐུགས་རྗེ་བསིལ་བའི་ཆབ་ཀྱིས་བརླན་པར་མཛོད།  །ཕན་པར་སྨྲས་ཀྱང་ལོག་པར་སེམས་པ་ཡི།  །སྐྱེ་བོ་ངན་པ་སྦྲུལ་གདུག་དང་འདྲ་བའི།  །ཇི་ཙམ་བསྙེན་ཀྱང་ཕྱིར་ཕྱིར་རྒྱང་བསྲིང་བ།  །དེ་འདྲའི་སྡིག་གྲོགས་རིང་དུ་སྤངས་བར་ཤོག།  སུ་དང་འགྲོག་ཀྱང་ཆགས་སྡང་འཕེལ་བའི་གཞི།  །གང་དུ་གནས་ཀྱང་ཆོས་བརྒྱད་བདུད་མོས་བསླུས།  །ད་ནི་དབེན་པའི་གནས་བཟང་བསྟེན་བྱས་ནས།  །བརྩོན་པས་སྒྲུབ་ལ་གཞོལ་བར་བྱིན་གྱིས་རློབས།  །དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ཡི་རང་གཟུགས།  །དྲན་པས་སྲིད་ཞིའི་གདུང་སེལ་བླ་མ་རང་མཁྱེན་ནོ།  །ཡེ་ཤེས་སྤྱན་གྱིས་བདག་ཅག་ལས་ངན་ལ་གཟིགས་ཤིག།  སྲིད་ཞིའི་འཇིགས་པ་ཀུན་ལས་ད་ལྟ་རང་སྐྱོབས་མཛོད།  ཨ་ཧོ་ཡེ།  ཚེ་སྲོག་མི་རྟག་སྒྱུ་མའི་དཔེ་བརྒྱད་དང་མཚུངས་ཏེ།  །ད་ལྟ་ཡོད་ཀྱང་གློག་བཞིན་མྱུར་དུ་ནི་འཇིག་པའི།  །ཕྱི་ལ་བསམ་ན་འཁོར་བ་སྡུག་བསྔལ་གྱི་རང་བཞིན།  །བྱ་དཀའ་དོན་ཆུང་བྱེ་མའི་ཁང་བུ་དང་འདྲ་བ།  །ཟིན་དང་འགྲུབ་དུས་མེད་པའི་ལས་ངན་བདག་སྐྱོབས་ཤིག།  སྟོན་ཀའི་ནམ་མཁའ་དང་མཚུངས་དགྲ་གཉེན་ནི་ངེས་མེད།  །ལུས་འདི་གཅེས་པར་བསྐྱང་ཡང་སྐད་ཅིག་ཙམ་མི་སྡོད།  །འཆི་བདག་གཤིན་རྗེའི་དགྲ་སྟྭས་བཅོམ་པ་ལ་ཉེའོ།  །ནམ་ཟླ་དུས་བཞིའི་འཕོ་འགྱུར་འཕེལ་འགྲིབ་ལ་ལྟོས་དང་།  །གཉེན་དང་ཉེ་དུ་བར་མའི་སེམས་ཅན་དང་འདྲའོ།  །སྐྱེ་ཤི་དར་རྒུད་བདེ་སྡུག་འཕོ་འགྱུར་ལ་བསམ་ན།  །རྟག་ཅིང་བརྟན་པ་རྡུལ་ཕྲན་ཙམ་ཞིག་ནི་མི་འདུག།  རྣམ་ཐོས་བུ་ཡི་དཔལ་འབྱོར་ལོངས་སྤྱོད་ཙམ་ཡོད་ཀྱང་།  །ཕྱི་མའི་ལམ་དུ་ཁབ་ཅིག་ཁྱེར་དབང་ནི་མེད་དོ།  །འདོད་པས་གསོག་སྲུང་སྙིང་པོ་ཅུང་ཟད་ཀྱང་མེད་དོ།  །མི་འཆི་སྡོད་གྲབས་བྱེད་པའི་སྙིང་མེད་ཀྱི་བླུན་པོ།  །རང་མགོ་རང་གིས་གཡོགས་པའི་མདོ་མེད་ཀྱི་དྲེད་པོ།  །བདག་ནི་སྐྱབས་དང་མགོན་མེད་སྡུག་བསྔལ་གྱི་ཉམ་ཐག།  འདི་ལ་དཔལ་ལྡན་བླ་མའི་ཐུགས་རྗེ་ཡིས་གཟིགས་མཛོད།  །འཁོར་བ་དགྲ་རུ་མཐོང་བར་བྱིན་གྱིས་རང་རློབས་ཤིག།  ཡེ་ཤེས་རིག་པའི་དབང་ཆེན་བསྐུར་ཐོབ་དང་བྲལ་བ།  །མངོན་སུམ་ཐོབ་ནས་འཁྲུལ་པ་རུ་ལོགས་སུ་གྱུར་ཏེ།  །གདོད་མའི་གནས་ལུགས་རྟོགས་པ་བྱིན༴  །མཁྱེན་ནོ་མཁྱེན་ནོ་དཔལ་ལྡན་བླ་མ་རང་མཁྱེན་ནོ།  །ཆོས་ཀྱི་བློ་གྲོས་པས་སོ།།  །། ༈ ཕ་བླ་མ་རྡོ་རྗེ་འཆང་བློ་གཏེར་དབང་པོ་ཁྱེད་མཁྱེན་ནོ།  །མི་ལས་ངན་བདག་ལ་ད་ལྟ་རང་ཐུགས་རྗེས་གཟིགས་ཤིག།  བུ་འཁྲུལ་རྟོག་ངན་པས་བསླད་གྱུར་ནས།  །རྗེ་ཁྱེད་ཀྱི་ཡེ་ཤེས་སྐུ་མ་མཇལ།  །དུས་ཐ་ན་རྨི་ལམ་ཙམ་དུའང་།  །མགོན་ཁྱོད་ཀྱི་ཞལ་མཐོང་མེད་པ་འདི།  །བདག་ལས་ངན་སྡིག་པ་ཆེ་བ་འདྲ།  །རྗེ་ཁྱེད་ལ་ཁ་ཞེ་མེད་པ་ཡི།  །སྙིང་དད་པ་མོས་གུས་གཏིང་ནས་ཡོད།  །ཁ་ཙམ་དུ་མིན་སྙམ་དྲན་གྱུར་ཀྱང་།  །རྗེའི་ཞལ་མ་བསྟན་དང་གསུང་མ་ཐོས་པ་འདི།  །མི་ངའི་རྒྱུད་དད་པ་གཏིང་ཚུགས་མེད་པ་འདྲ།  །ང་ལ་མི་ཡི་བླ་མ་མང་ཡོད་ཀྱང་།  །བཀའ་དྲིན་ཆེ་བ་རྣམ་པ་ལྔ།  །དེའི་ནང་གི་གཙུག་གི་རྒྱན་ཅིག་པུ།  །ཕ་བླ་མ་ཁྱེད་ལས་གཞན་ན་མེད།  །རྗེ་ཁྱེད་ཀྱི་རྣམ་ཐར་དྲན་ཙ་ན།  །བཟོད་རླག་མེད་པའི་མཆི་མས་གདུང་།  །མཚན་བརྗོད་ན་དད་པའི་ཡུས་ཀྱི་བསྣངས།  །ཚུལ་དེ་ལ་དགོངས་ནས་ཐུགས་རྗེས་གཟིགས།  །སློབ་བུ་ལས་ངན་གྱི་དབང་དུ་མ་གཏོང་ཤིག།  རྗེ་ཡི་གསང་གསུམ་གྱི་དམ་ཚིག་དང་འགལ་བ་ལ།  །དུས་རྒྱུན་དུ་སྙིང་ནས་འགྱོད་པས་བཤགས།  །དག་ཚང་གི་གནང་བ་སྩལ་དུ་གསོལ།  །དུས་རྟག་པ་རྒྱུན་དུ་སྙིང་དབུས་སུ།  །སྒོམ་ནས་གསོལ་བ་རྩེ་གཅིག་འདེབས།  །བདག་གི་རྒྱུད་བྱིན་གྱིས་རློབས་པར་མཛོད།  །ཉམས་རྟོགས་ཀྱི་རྩལ་ཆེན་སྦར་དུ་གསོལ།  །རྟེན་དཀྱིལ་འཁོར་བཞིའི་འགྲོས་བཞི་ཐིམ།  །དཔལ་སྐུ་བཞིའི་དབང་ཕྱུག་ཐོབ་པར་ཤོག།  ཕ་རྗེ་བཙུན་རྡོ་རྗེ་འཆང་དབང་མཁྱེན།  །རྗེ་ཁྱེད་དང་འབྲལ་མེད་བྱིན་གྱིས་རློབས།  །ཅེས་ས་བྱི་རྒྱལ་ཟླའི་ཚེས་ཉེར་བརྒྱད་སྣང་བ་སྐྱོ་མུན་ནེ་བའི་ངང་གདུང་དབྱངས་སུ་བྲིས་པའོ།།  །། ༈ མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ།  །ཕ་ཅིག་རྫོགས་པའི་སངས་རྒྱས།  །དྲན་པས་སེམས་གྱི་འཇིགས་འཕྲོག།  དཔལ་ཆེན་གསང་བའི་བདག་པོ།  །དགྱེས་མཛད་ཧེ་རུ་ཀ་དཔལ།  །བདག་ཅག་མགོན་དུ་བྱོན་པ།  །འཇམ་དབྱངས་བློ་གཏེར་དབང་པོར།  །སྙིང་ནས་གསོལ་བ་འདེབས་སོ།  །བདག་རྒྱུད་བྱིན་གྱིས་རང་རློབས་ཤིག།  དཀོན་མཆོག་རྒྱ་མཚོའི་ངོ་བོ།  །ཁམས་གསུམ་ཆོས་ཀྱི་རྒྱལ་པོ།  །འགྲོ་དྲུག་ངན་སོང་གཡང་ལས།  །ཐུགས་རྗེའི་ཕྱག་གི་འདྲེན་མཛད།  །བླ་མ་རྡོ་རྗེ་འཆང་ཆེན།  །ཁྱེད་ལ་སྙིང་ནས་གསོལ་འདེབས།  །ལས་ངན་བདག་ནི་འདྲེན་མཛོད།  །ཀྱི་ཧུད་བུ་ཧྲུལ་བདག་ནི།  །ཕྱི་ཚུལ་ཆོས་གོས་ཟང་ཟོངས།  །ནང་དུ་མི་དགེའི་བང་མཛོད།  །ཁ་ནས་ཆོས་བཤད་ཝ་ལེ།  །རང་རྒྱུད་ཆུ་ནང་རྡོ་བ།  །བྱང་ཆུབ་སེམས་དཔའ་ཡིན་ཞེས།  །རང་དོན་འབའ་ཞིག་སྒྲུབ་སྒྲུབ།  །གསང་སྔགས་དབང་བསྐུར་ཐོབ་ཐོབ།  །རྣམ་གྲངས་བསམ་ལས་འདས་ཀྱང་།  །བསྐྱེད་རྫོགས་ཐུན་གཅིག་མི་སྒོམ།  །ཐ་མལ་ཞེན་སྣང་དང་བཅས།  །དམ་སྡོམ་ཆུ་ལ་ཕོ་བ།  །སྐལ་ངན་བདག་འདྲའི་སེམས་ཅན།  །དབུགས་ཀྱི་རྒྱུ་བ་ཆད་ཚེ།  །མནར་མེད་དམྱལ་བར་ཐིབས་པོ།  །འཇུག་པར་གདོན་མི་ཟ་བ།  །བདག་ལ་ཐུགས་རྗེས་གཟིགས་ཤིག།  ཚེ་རབས་སྔོན་ནས་འབྲེལ་ཞིང་།  །དྭངས་བའི་སེམས་ཀྱིས་མཎྜལ།  །ཐོག་མ་ཉིད་ནས་སྒྲིབ་བྲལ།  །སྐུ་མཐོང་ཉམས་དགའ་བག་ཕེབས།  །རིག་པ་དྭངས་སང་བྱེད་དེ།  །གསུང་གསང་གདམས་པའི་གནད་ཀྱི།  །སེམས་ཀྱི་མདུད་གྲོལ་མཁན་པོ།  །སྐུ་གསུམ་རང་ཞལ་བསྟན་པའི།  །ཕ་ཅིག་དྲན་ཆོག་རྒྱལ་པོ།  །ཁྱེད་ལ་གསོལ་བ་འདེབས་ན།  །ལས་ངན་བདག་ལ་སྐྱོབས་ཤིག།  སྒོ་གསུམ་བྱ་བ་ཅི་བྱས།  །རྣམ་ཀུན་དོན་ཡོད་འགྱུར་བར།  །དྲན་ཆོག་ཡིད་བཞིན་ནོར་བུ།  །བླ་མ་རྡོ་རྗེ་འཆང་ཁྱེད་རང་མཁྱེན་ནོ།  །མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ།  །ཅེས་པའང་མེ་གླང་ཟླ་༦ཚེས་༢༩ལ་བླ་མ་དྲན་པས་ཐོལ་བྱུང་དུ་བྲིས་པའོ།།  །། ༈ ཀུན་མཁྱེན་བླ་མར་གསོལ་འདེབས་ཀྱི་གླུ་སྤྲིན་གྱི་ཕོ་ཉ་ཞེས་བྱ་བ་བཞུགས།  ཨ་ཧོ་ཡེ།  དབྱིངས་ཀ་དག་ཡེ་སྟོང་ཆེན་པོ་ཡི་མཁའ་ལ།  །གདང་རང་བཞིན་འོད་གསལ་ལྔ་ལྡན་གྱི་འཇའ་གུར།  །རྩལ་ཐུགས་རྗེ་རིག་པ་སྤྲུལ་པ་ཡི་སྐུ་མཆོག།  ཕ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཁྱེད་མཁྱེན་ནོ།  །སྐུ་ཟག་མེད་རྡུལ་བྲལ་ཡེ་ཤེས་ཀྱི་ཕུང་པོ།  །རྗེ་མཚན་དཔེས་བརྒྱན་པའི་གདན་གསུམ་གྱི་དཀྱིལ་འཁོར།  །དེ་ཕྱི་ན་མི་བཞུགས་རང་ཉིད་ལ་རྫོགས་སྟེ།  །གཞི་མ་བཅོས་རང་བྱུང་ལྷུན་གྲུབ་ཀྱི་རྩལ་སྣང་།  །དུས་ད་ལྟའི་རིག་པ་ཟང་ཀ་མ་འདི་ག།  རྗེ་མཚན་མཚོན་བརྗོད་པ་ཐམས་ཅད་དང་བྲལ་བ།  །རང་ཤར་པའི་སྒྱུ་འཕྲུལ་རྡོ་རྗེ་ཡི་བཀོད་པ།  །རང་རིག་པའི་ངང་ནས་རང་ཞལ་ཞིག་མཇལ་བྱུང་།  །དཔལ་རྫོགས་པའི་སངས་རྒྱས་དྲི་མེད་ཀྱི་འོད་ཟེར།  །མི་བདག་གི་རེ་ལྟོས་ཅིག་ཆོག་ཏུ་ཞུ་ཤིང་།  །སྐྱབས་གཞན་ན་མེད་པ་ཁོ་ཐག་རང་ཆོད་ནས།  །བུ་ང་ཡི་བློ་སེམས་བདེ་བ་ཞིག་བྱུང་སོང་།  །རྗེ་སྐུ་གསུམ་ལྷུན་གྲུབ་སྲིད་ཞི་ཡི་ཁྱབ་བདག།  མཁའ་མཉམ་གྱི་འགྲོ་ཁམས་ཇི་སྙེད་ཀྱི་སྣང་ངོར།  །དག་མ་དག་སྒྱུ་འཕྲུལ་རོལ་རྩེད་ནི་བསམ་ཡས།  །སྤྲོ་བ་དང་བསྡུ་བའི་བྱེད་པོ་ཡི་མགོན་པོ།  །ཕ་ཀུན་མཁྱེན་བླ་མ་ཀློང་ཆེན་གྱི་རབ་འབྱམས།  །མཚན་ཐོས་པས་སྲིད་དང་ཞི་བ་ཡི་འཇིགས་འཕྲོག།  མགོན་ཁྱེད་ནི་བདག་གི་སྙིང་དབུས་སུ་བཞུགས་ནས།  །མི་ང་ཡི་གཟུང་འཛིན་འཁྲུལ་པ་འདི་གཏོར་ཏེ།  །དབྱིངས་རིག་པའི་ཡེ་ཤེས་རྩལ་ཁ་ནི་རྒྱས་ནས།  །རྗེ་ཁྱེད་དང་མཉམ་པར་བྱིན་གྱིས་རང་རློབས་ཤིག།  མི་ང་ལ་འབྲེལ་བའི་སེམས་ཅན་གྱི་གཙོ་བྱས།  །ཁམས་གསུམ་གྱི་འགྲོ་རྣམས་སྡུག་བསྔལ་ལས་གྲོལ་ཞིང་།  །ནུབ་བདེ་ལྡན་ཞིང་སོགས་དག་པ་རུ་དྲོངས་ནས།  །འཁོར་བ་འདི་དོང་ནས་སྤྲུགས་ནུས་ཞིག་ཞུའོ།  །ཅེས་པའང་ས་གླང་རྒྱལ་ཟླའི་དུས་དྲན་མཆོད་པར་པདྨ་ཡེ་ཤེས་རྡོ་རྗེས་གསོལ་བ་བཏབ་པ་དགེའོ།།  །། ༈ ཨ་ཧོ།  རང་རིག་འོད་གསལ་དབུ་མ་ཡི་གྲོང་ཁྱེར།  །རིག་སྟོང་ཕ་རྒོད་པད་འབྱུང་དེ་བཞུགས་ཡོད།  །ཡེ་ཤེས་སྤྱན་གྱིས་རྟག་པ་རུ་གཟིགས་མཛོད།  །བུ་ཧྲུལ་ང་ལ་བྱིན་རླབས་ཞིག་སྩོལ་མཛོད།  །རང་བྱུང་གཉུག་མའི་ཤེས་རིག་ནི་ཟང་མ།  །མ་བཅོས་སོ་མ་ཀ་དག་གི་ངོ་བོ།  །རང་བཞིན་ལྷུན་གྲུབ་འོད་གསལ་གྱི་གཏིང་གདང་།  །ཡེ་ནས་ལྷུན་རྫོགས་བྱ་རྩོལ་དང་བྲལ་བའི།  །གདོད་མའི་མགོན་པོ་རང་ཆས་སུ་བཞུགས་སོ།  །ཨ་ཧོཿརང་རིག་བླ་མ་ཆོས་སྐུ་ཡི་ངོ་བོ།  །རང་གདང་འགགས་མེད་ཞི་ཁྲོ་ཡི་ཚོམ་བུ།  །རིག་རྩལ་མ་འགགས་དཔའ་བོ་དང་མཁའ་འགྲོ།  །རིག་པའི་རང་ཆས་སུ་བཞུགས་པས་སྐྱིད་དོ།  །དངོས་གྲུབ་ཕྲིན་ལས་རང་སྣང་གི་བཀོད་པ།  །རྟོགས་ན་དངོས་གྲུབ་མ་རྟོགས་ན་འདྲེར་སྣང་།  །དོན་ལ་མ་གྲུབ་ཡེ་ཤེས་ཀྱི་སྒྱུ་མ།  །ཅིར་ཡང་འཆར་ཞིང་ཞེན་མེད་ཀྱི་རྣལ་འབྱོར།  །རང་གྲོལ་བུ་ཡང་བློ་བདེ་ང་སྐྱིད་དོ།  །གཏད་མེད་རྒྱལ་པོ་བློ་གྲོས་ཀྱི་རྣལ་འབྱོར།  །གང་ཤར་འཛིན་མེད་ཉམས་དབྱངས་ཀྱི་མཆོད་པ།  །དུས་ཀྱི་རྒྱལ་པོ་མཁའ་འགྲོ་ཡི་དུས་ཆེན།  །གྲགས་སྟོང་རྡོ་རྗེའི་གླུ་དབྱངས་གི་རོལ་མོ།  །འདིས་ཀྱང་འཁོར་བ་དོང་སྤྲུགས་སུ་ཤོག་ཅིག།  ཅེས་པའང་རིག་འཛིན་ཀུན་བཟང་འོད་གསལ་སྙིང་པོ་རྩལ་གྱིས་སོ།།  །། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ།  །སྤྲང་པོ་ཡི་བློ་སྣ་ཆོས་ལ་བསྒྱུར།  །མི་ང་ཡི་རྒྱུད་འདི་ལྕགས་གོང་འདྲ།  །མི་རྟག་དང་ངེས་འབྱུང་ཅུང་མི་དྲན།  །གཞན་ཕན་གྱི་བསམ་པ་བསྐྱེད་འདོད་ཀྱང་།  །རང་འདོད་ཀྱི་འཁྲི་བའི་དྲི་མས་གོས།  །དབང་བསྐུར་ནི་གྲངས་མེད་ཐོབ་གྱུར་ཀྱང་།  །བསྐྱེད་རྫོགས་ཀྱི་ལམ་ལས་གཡེལ་ནས་གདའ།  །ཐ་མལ་གྱི་སྣང་ཞེན་འཆིང་བས་བཅིངས།  །མཚན་འཛིན་གྱི་སྒྲོགས་ཀྱིས་བཅིངས་ནས་གདའ།  །ཕྱག་རྫོགས་ལ་མོས་པ་ལམ་བྱེད་ཀྱང་།  །ཐ་མལ་གྱི་རྟོག་པས་ཉིན་མཚན་གཡེངས།  །དྲན་བསམ་ཀྱི་འཕྲོ་འདུའི་རྒྱ་བསྐྱེད་དེ།  །གཟུང་འཛིན་གྱི་སྦུབས་སུ་འཐུམ་ནས་འདུག།  བཀའ་དྲིན་ཅན་དཔལ་མགོན་བླ་མ་ལ།  །དད་པ་ལ་ལྟེམ་རྐྱང་འོང་བར་འདུག།  ཁོངས་སངས་རྒྱས་དངོས་སུ་གསུང་ནའང་།  །ལས་ངན་གྱི་སྒྲིབ་པས་མི་མཐོང་འདུག།  དེ་རང་གི་མོས་གུས་ཆུང་བས་ལེན།  །ད་སྔ་ཕན་བདེ་བའི་སར་གནས་ཀྱང་།  །ད་རང་སྡུག་རང་གི་ཉོ་བྱས་ཏེ།  །བུད་མེད་དང་གཟའ་ཚོའི་མདུན་སྡེབས་འདིར།  །ཡང་ཡང་དུ་བསམ་གྱིན་ཞེ་རེ་སྡུག།  རང་བྱས་ཀྱི་ལས་འདི་བསྐྱུར་དབང་མེད།  །ཚེ་འདི་ཡང་སྡུག་ལ་ཕྱི་མ་སྡུག།  སྡུག་བསྔལ་གྱི་འབྲས་བུ་མྱོང་རེ་རན།  །དེ་བསམ་གྱིན་སྙིང་རྩ་འདར་ཤིག་ཤིག།  འབྱུང་བར་འདུག་ཀྱང་བྱ་ཐབས་བྲལ།  །ད་བླ་མ་དཀོན་མཆོག་གསུམ་པོ་ལ།  །ཞེ་གཏིང་ནས་གསོལ་འདེབས་མོས་གུས་ཀྱི།  །ཕུར་པ་ཞིག་འཛུགས་ན་ཁྱེད་རྣམས་མཁྱེན།  །བུ་ལས་ངན་དབང་དུ་མི་གཏོང་བར།  །བློ་སྣ་ཆོས་སུ་བསྒྱུར་བ་དང་།  །ཅི་བྱས་ཀུན་གཞན་ལ་ཕན་པ་དང་།  །བདག་སྒོ་གསུམ་འབྲེལ་ཚད་དོན་ལྡན་ཤོག།  ཕ་བླ་མའི་ཐུགས་དགོངས་རྫོགས་པ་དང་།  །རྗེ་མཁྱེན་བརྩེའི་ཕྲིན་ལས་སྤེལ་གྱུར་ཅིག།  །ཅེས་པའང་གླང་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བདུན་ལའོ།།  །། ༈ བླ་མ་རྗེས་དྲན་གྱི་གླུ་འཇིགས་མཛད་ཁྲོས་པའི་བྱིན་རླབས་སྙིང་ལ་བསྐུལ་བའི་དབྱངས་སྙན་ཅེས་བྱ་བ།  ཨ་ཧོ་ཡེ།  དཔལ་ལྡན་སྲིད་ཞིའི་ཁྱབ་བདག་བདེ་ཆེན་གྱི་ཆོས་སྐུ།  །དངོས་གཅིག་དུ་མའི་གར་གྱི་རྣམ་རོལ་ནི་མཐའ་ཡས།  །རྒྱལ་ཀུན་མཁྱེན་པའི་གཏེར་ཆེན་ཡེ་ཤེས་ཀྱི་སྐུ་ཅན།  །བླ་མ་འཇམ་དཔལ་རྡོ་རྗེ་སྙིང་དབུས་ནས་དྲན་བྱུང་།  །ཁ་སྦྱོར་ཡན་ལག་བདུན་ལྡན་མཚན་དཔེ་ཡི་སྣང་བརྙན།  །དམར་སེར་སིནྡྷུ་ཝཱ་རའི་འོད་ཟེར་གྱི་ཕུར་པོ།  །རྡོ་རྗེ་དབྱངས་ཅན་དགྱེས་པའི་རྗེས་ཆགས་ཀྱི་རོལ་རྩེད།  །རབ་འབྱམས་སྤྲོ་བསྡུའི་བྱེད་པོ་སྙིང་དབུས་སུ་བཞུགས་ཤིག།  མཛེས་འཛུམ་ཞི་བས་མི་ཐུལ་གདུལ་དཀའ་ཡི་འགྲོ་ལ།  །མི་བཟད་འཇིགས་རུང་དྲག་པོ་གར་དགུ་ཡི་ཉམས་ལྡན།  །གཤིན་རྗེ་བྱེ་བའི་སྡེ་ཚོགས་འདུལ་མཛད་ཀྱི་ཁྲག་འཐུང་།  །འཇམ་དཔལ་ཡ་མནྟ་ཀར་གསོལ་བ་རང་འདེབས་སོ།  །ཀུན་རྨོངས་གཏི་མུག་དགྲ་ཆེན་མུན་སྟུག་གི་གླང་པོ།  །ང་རྒྱལ་དྲེགས་པས་མྱོས་པའི་གཙུག་བུམ་ནི་འགེམ་མཛད།  །དུས་ཀྱི་དགྲ་ཆེན་བཅོམ་ལྡན་རྡོ་རྗེ་ནི་འཇིགས་བྱེད།  །བདག་གི་སྒོ་གསུམ་རྡོ་རྗེ་གསུམ་དངོས་སུ་བསྒྱུར་མཛོད།  །བསྙེན་ཅིང་སྒྲུབ་པའི་གསང་ཆེན་རྨད་བྱུང་གི་ཉམས་ལེན།  །རྡོ་རྗེ་བེ་ཏ་ལི་ཡི་སྙན་བརྒྱུད་ཀྱི་གདམས་པ།  །གྲུབ་བརྙེས་རིག་འཛིན་བྱེ་བའི་ཐུགས་བཅུད་ཀྱི་བདུད་རྩིས།  །ཚེ་འདིར་འཇམ་དཔལ་འགྲུབ་པར་གསོལ་བ་རང་འདེབས་སོ།  །ཁམས་གསུམ་འོད་གསལ་དབུ་མའི་གྲོང་ཁྱེར་དུ་སྡོམ་པས།  །རྩ་ཡི་མདུད་གྲོལ་ཐིག་ལེ་འོད་གསལ་དུ་དེངས་སྟེ།  །ཅིར་སྣང་སྐུ་དང་ཡེ་ཤེས་འབྱམས་ཀླས་ཀྱི་འཁོར་ལོར།  །གདོད་ནས་ལྷུན་རྫོགས་མངོན་གྱུར་བྱིན་གྱིས་རང་རློབས་ཤིག།  མ་དག་རླུང་སེམས་འཁྲུལ་པའི་གཟུགས་བརྙན་གྱི་སྣང་བ།  །བསྟན་ལ་གནོད་ཅིང་འཚེ་བའི་ལྷ་མིན་གྱི་ཀླ་ཀློ།  །འཇིགས་མཛོད་ཁྲོས་པའི་མཚོན་ཆ་རྣོན་པོ་ཡི་དབལ་གྱིས།  །རྩད་ནས་བརླག་པར་ནུས་པའི་མཐུ་སྟོབས་ཞིག་སྩོལ་ཞུ།  །རྒྱལ་བསྟན་དར་རྒྱས་བསྟན་འཛིན་སྐྱེས་ཆེན་རྣམས་ཞབས་བརྟན།  །ཆོས་ལྡན་རྒྱལ་པོའི་མངའ་ཐང་དར་ཤིང་ནི་རྒྱས་ཏེ།  །འཇིག་རྟེན་བདེ་དགེའི་དཔལ་ཡོན་རྫོགས་ལྡན་བཞིན་འཕེལ་ནས།  །བཀྲ་ཤིས་དགེ་ལེགས་སྣང་བ་འགྲིབ་མེད་དུ་ཤོག་ཅིག།  ངེད་ཅག་རྡོ་རྗེའི་རྣལ་འབྱོར་རིག་འཛིན་གྱི་ཕོ་མོ།  །ཚེ་སྲོག་རྡོ་རྗེའི་ཀ་ཆེན་ཡུན་དུ་ནི་བརྟན་ཏེ།  །འཆི་བདག་བདུད་ལས་རྣམ་རྒྱལ་རྡོ་རྗེ་ཡི་སྐུ་བརྙེས།  །འགྲོ་དོན་མཁའ་ཁྱབ་དོན་གཉིས་ལྷུན་གྲུབ་ཏུ་གྱུར་ཅིག།  །ཅེས་པའང་འཇིགས་མེད་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་འཇིགས་མཛད་ཁྲོས་པའི་བསྙེན་སྒྲུབ་ཀྱི་སྐབས་ལྕགས་སྟག་རྒྱལ་ཟླའི་དཀར་ཕྱོགས་ཀྱི་རྫོགས་པ་དང་པོར་གསོལ་བ་བཏབ་པ་སིདྡྷི་རསྟུ།།  །། ༈ བསླུ་མེད་ཀྱི་སྐྱབས་གནས་དཀོན་མཆོག་གསུམ།  །གཅིག་འདུས་ཀྱི་ངོ་བོ་བླ་མ་རྗེའི།  །ཞབས་པདྨོ་སྤྱི་བོའི་རྒྱན་དུ་མཆོད།  །མི་ང་ཡི་བློ་སྣ་ཆོས་ལ་བསྒྱུར།  །སྟོན་ཟླ་ཡི་ཕུན་སུམ་ཚོགས་པའི་དུས།  །རྒྱལ་བལ་གྱི་ཡུལ་ནས་བྱུང་བ་ཡི།  །མེ་ཏོག་ནི་ཁ་དོག་སྣ་ཚོགས་པ།  །མཚར་སྡུག་གི་བུ་མོ་ལྟར་མཛེས་ཤིང་།  །མཁས་བླུན་གྱི་མིག་དང་ཡིད་ལ་ནི།  །ཕན་བདེ་ཡི་དགའ་བ་བརྒྱ་ཕྲག་བསྐྱེད།  །དེ་འདྲ་ཡི་དཔལ་ཡོན་ཕུན་ཚོགས་དེ།  །སྟོན་ཟླ་ལ་ཉེར་བརྒྱད་མུན་སྨག་ལ།  །སྔོ་སངས་ཀྱི་བུ་མོ་བཀྲག་ཏེ་ཆེ།  །རྒྱུ་སྐར་གྱི་ལྷ་མོས་ཞལ་བཟང་བཀྲ།  །དྲི་བཞོན་གྱི་ངད་པ་རབ་བསྐྱེད་པས།  །ཐོ་རངས་ཀྱི་ཆུ་ལ་མེ་ཏོག་རྣམས།  །མགོ་ལ་ནི་ཞྭ་མོ་དཀར་པོ་གྱོན།  །ཉི་ཤར་གྱི་ཆ་ལ་འཆི་བས་འཇོམས།  །ལོ་འདབ་ཀྱི་ཡན་ལག་ཐུར་དུ་འཕྱང་།  །མགོ་ལྕོགས་ནི་མགྲིན་པས་མ་ཐེགས་ཏེ།  །ཤི་བ་ཡི་རོ་ལྟར་གྱུར་པ་ཡི།  །དཔེ་དེས་ཀྱང་མི་རྟག་སྟོན་ནས་བྱུང་།  །ལང་ཚོ་ཡི་མཛེས་པ་ལོ་ཟླ་ཡི།  །དམག་དཔུང་གིས་བཅོམ་པར་གྱུར་པ་དང་།  །འཆི་བདག་གི་དུས་མུན་ཆེན་པོའི་ཀློང་།  །འཁྲུལ་སྣང་གི་གཤིན་རྗེ་གྲངས་མེད་ཀྱིས།  །ལུས་གཅེས་རྒུའི་མེ་ཏོག་སད་ཀྱིས་ཁྱེར།  །མགོ་འཕང་ནི་དམའ་ཞིང་མ་མཆུ་འཕྱང་།  །ཡན་ལག་རྣམས་ཤིང་བཞིན་རེངས་པ་འོང་།  །དེ་ལྟ་བུའི་འཇིགས་པ་ཆེན་པོ་དེ།  །མྱུར་བ་རུ་འབྱུང་བར་གདོན་མི་ཟ།  །བདག་སྙིང་དེ་བཟོད་སྲན་མ་ཆེ་བར།  །དམ་ཆོས་ལ་འབུངས་གསུམ་བསྐྱེད་ལ་རེམ།  །དེ་འདྲ་དེ་བྱུང་དུས་ཅི་བྱ་མེད།  །དེ་བས་ན་རང་དབང་ཡོད་དུས་འདིར།  །ལེ་ལོ་དང་སྙོམས་ལས་དབང་མ་གཏོང་།  །བརྩོན་འགྲུས་ཀྱི་མེ་ཆེན་སྦར་བྱས་ཏེ།  །ཉོན་མོང་གི་ཚང་ཚིང་བསྲེག་པ་དང་།  །འཁོར་བ་ཡི་མེ་འོབས་བརྒལ་དཀའ་བར།  །མྱུར་བ་རུ་སྒྲོལ་ནུས་བྱིན་གྱིས་རློབས།  །ཕ་བླ་མ་རྗེ་བཙུན་ཁྱེད་རང་མཁྱེན།  །ཅེས་པའང་མེ་ཏོག་གི་ཚོགས་སད་ཀྱིས་ཁྱེར་བ་ན་མི་རྟག་དྲན་པས་སྐྱོ་གླུ་བྲིས་པའོ།།  །། ༈ སྐྱབས་བཀའ་དྲིན་འཁོར་མེད་བླ་མ་རྗེ།  །མི་བདག་གི་བདེ་ཆེན་རྒྱན་དུ་བཞུགས།  །སྐྱིད་མཆོག་གསུམ་ཉི་མ་དགུང་ལ་འཆར།  །དུས་བསྟན་པ་མདོ་སྔགས་དམ་ཆོས་དར།  །དེ་སྟོན་མཛད་བཤེས་གཉེན་མཁས་གྲུབ་ཚོགས།  །ཆེས་མ་ཉམས་རྒྱས་སྐབས་སྐྱེ་བ་ལེན།  །བུ་སྐལ་ངན་མ་ཡིན་སྐལ་བ་བཟང་།  །གཞི་སངས་རྒྱས་བསྟན་ལ་ཞུགས་བྱས་ནས།  །བཀའ་མདོ་རྒྱུད་མན་ངག་རྒྱ་ཆེར་ཐོས།  །བདག་བསོད་ཆུང་མ་ཡིན་བསོད་ནམས་ཆེ།  །ཆོས་སོ་ཐར་འདུལ་བའི་ཁྲིམས་ནོས་པ།  །སེམས་མ་ཞི་བག་མེད་སྤྱོད་པ་ཡི།  །ཡན་ལག་གི་ལྟུང་བ་ཆར་བཞིན་བབ།  །སྡོམ་རྩ་་བ་བཞི་དང་མ་འགལ་ཙམ།  །དུས་དེང་སང་བཀའ་བའི་ཆད་པས་ནོན།  །སྐྲ་ཙམ་པ་ཀ་ལྟར་གྱུར་པ་ན།  །འདོད་བུད་མེད་ཀྱི་སྒྲོག་ཏུ་ཚུད་གྱུར་ཀྱང་།  །བུ་དགེ་བའི་བཤེས་ཀྱི་ཟིན་པ་ལས།  །དོན་ཟབ་མོར་ངེས་ཤེས་སྐྱེས་པ་ན།  །སྡོམ་གསུམ་དེ་ཡར་ལྡན་ཉིད་དུ་རྫོགས།  །གཏོང་ཟོབ་ཀྱི་ས་མཚམས་འཁྲུལ་མེད་སྤྱོད།  །བློ་གཞན་ཕན་བསམ་པ་བཟང་པོ་ཡི།  །རྒྱལ་བསྟན་ལ་སྨན་པའི་འདུན་པ་བསྐྱེད།  །ཆེས་རྣལ་འབྱོར་གྲུབ་པ་མ་ཡིན་ཀྱང་།  །སྔགས་རྡོ་རྗེའི་རིག་པ་འཛིན་པའི་གཟུགས།  །ཤེས་རབ་ཀྱི་དགའ་མར་མ་སྨད་ཅིང་།  །ཐབས་གསང་ཆེན་རྡོ་རྗེའི་སྒྱུ་རྩལ་ངོམ།  །སེམས་གནས་ལུགས་རྡོ་རྗེའི་རང་ཞལ་བལྟས།  །དོན་འཕོ་བྲལ་འགྱུར་མེད་གདེངས་ཞིག་རྙེད།  །ཀུན་རྫོབ་ཀྱི་ཁམས་སྙིགས་ཕྱིར་འཛག་ཀྱང་།  །ཆེས་དྭངས་མའི་དོན་དམ་ཐིག་ལེ་ནི།  །འཕོ་མེད་འོད་གསལ་ཆེན་པོར་བཅིངས།  །དེ་བཅིངས་པས་གཟུང་འཛིན་རླུང་དག་ཅིང་།  །རླུང་ཟད་པས་འཁྲུལ་སྣང་རང་སར་དྭངས།  །དུས་ད་ལྟ་སྣང་བ་སང་མ་སེང་།  །གཏད་མེད་ཀྱི་ངང་དུ་འབྱམས་ནས་གདའ།  །གང་ལའང་མི་རྟོག་ཅིར་མི་འཛིན།  །འགྱུར་འཕྲོ་རྣམས་བྱ་ལམ་རྗེས་མེད་འདྲ།  །དྲན་པ་ནི་དྲན་གཞིའི་དབྱིངས་སུ་ཐིམ།  །དྲན་གཞི་ཡང་སྟོར་ནས་སྒོམ་མ་རྙེད།  །སྒོམ་བྱ་དང་སྒོམ་བྱེད་ཀུན་ལས་འདས།  །ད་ཅི་བྱ་ང་ནི་གར་ན་འདུག།  གཞི་གྲོལ་གྱི་རིག་པ་རྒྱ་ཡན་དུ།  །ཀློང་ཆེན་པོར་འབྱམས་ཀླས་ཕྱོགས་ལྷུང་བྲལ།  །ལྷུན་གྱིས་ནི་མཉམ་ཡངས་ཆེན་པོའི་ངང་།  །དུས་བཞི་ནི་མཉམ་པ་ཆེན་པོར་ཨཿ།  ང་སྐྱེ་འཆིའི་རྟོག་པས་གཙེས་གཙེས་ནས།  །ད་སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ།  །ཚེ་འདི་ལ་འགྲུབ་པའི་སྨོན་ལམ་ཞིག།  དུས་གསུམ་དང་དུས་མེད་རྟག་ཏུ་འདེབས།  །ཕ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ།  །རྗེ་ཁྱེད་བཞིན་འགྲུབ་པར་བྱིན་གྱིས་རློབས།  །ཅེས་པའང་ས་གླང་ཆོ་འཕྲུལ་ཟླ་བའི་ཚེས་ལྔ་ལ་གང་ཤར་གླུར་བླངས་པ།  ས་མ་སྟི།།  །། ༈ ཨ་ཧོ་ཡེ་ཨ་ལ་ལ་ཧོ།  འཆི་མེད་བཀྲ་ཤིས་འཁྱིལ་པའི་སྨན་ལྗོངས་ནི་ཉམས་དགར།  །འཆི་མེད་གྲུབ་བརྒྱའི་གཙུག་རྒྱན་པད་འབྱུང་དེ་བཞུགས་ཡོད།  །འཆི་མེད་འཇའ་ལུས་རྡོ་རྗེའི་དངོས་གྲུབ་ཞིག་ཞུ་ན།  །འཆི་མེད་གྲུབ་པའི་བདུད་རྩི་ད་ལྟ་རང་སྩོལ་ཅིག།  འཆི་མེད་བདེ་ཆེན་ཌཱ་ཀི་ཡེ་ཤེས་ཀྱི་མཚོ་རྒྱལ།  །འཆི་མེད་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་གྱི་གཙོ་མོ།  །འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་གི་བཅུད་འཛིན།  །འཆི་མེད་གདམས་པ་ཟབ་མོའི་ཨ་མྲྀ་ཏ་སྐྱུགས་རན།  །འཆི་མེད་ཚེ་ཡི་མངའ་བདག་ཚངས་པ་ལྷའི་མེ་ཏོག།  འཆི་མེད་འོད་གསལ་སྤྲུལ་པའི་རྡོ་རྗེ་རུ་ཤར་ནས།  །འཆི་མེད་རིག་འཛིན་མང་གའི་མཚན་ཅན་གྱི་སྐུར་བཞེངས།  །འཆི་མེད་གར་དབང་མདོ་སྔགས་གླིང་པ་ཞེས་སྙན་པས།  །འཆི་མེད་ཐུགས་གསང་དཔལ་གྱི་བེའུ་ཡི་སྒོ་ཕྱེས།  །འཆི་མེད་ཟབ་དང་རྒྱ་ཆེའི་གསང་མཛོད་ཀྱི་དངོས་གྲུབ།  །འཆི་མེད་རྟག་པར་རབ་སྨོན་བདག་ཅག་གི་བགོ་སྐལ།  །འཆི་མེད་གྲུབ་པ་རྩ་གསུམ་དགྱེས་པ་ཡི་དགའ་ཚལ།  །འཆི་མེད་བཀྲ་ཤིས་གནས་འདིར་སྨིན་གྲོལ་ཞིག་ཞུ་ན།  །འཆི་མེད་བླ་མ་མཆོག་གི་དགྱེས་ཞལ་ནི་ངོམ་པས།  །འཆི་མེད་དགའ་སྟོན་དབྱར་གྱི་དཔལ་མོ་ལྟར་རྒྱས་ནས།  །འཆི་མེད་ཚེ་ཡི་བདུད་བགེགས་ཨེ་དབྱིངས་སུ་བསྟིམ་མཛོད།  །འཆི་མེད་ཙན་ཌཱ་ལི་ཡི་ཐབས་ཤེས་ཀྱི་ཉེ་རྒྱུས།  །འཆི་མེད་འཕོ་བྲལ་རྟག་པ་དམ་པ་ཡི་ལང་ཚོ།  །འཆི་མེད་བི་མ་མི་ཏྲའི་ངོ་བོ་ཏུ་སྨིན་ནས།  །འཆི་མེད་ཚེ་དང་ཡེ་ཤེས་གྲུབ་པ་ཞིག་ཞུའོ།  །ཚེ་ཡི་གསང་མཛོད་དབྱེ་བའི་ཚིག།  འཆི་མེད་དྲང་སྲོང་དབུ་དཀར་དེས།  །རིན་ཆེན་རྡོ་ཡི་སྙིང་པོ་ཡི།  །ཕྲེང་བ་ལྷ་རྫས་འབེབས་གཞི་བཅས།  །རྒྱལ་གྱི་ཟླ་བའི་དཀར་པོའི་ཕྱོགས།  །བཀྲ་ཤིས་དགེ་བའི་ཚེས་ལ་ཕུལ།།  །། ༈ རྗེ་སངས་རྒྱས་ཀུན་འདུས་རྡོ་རྗེ་འཆང་།  །དཔལ་ཨོ་རྒྱན་ཆོས་ཀྱི་རྒྱ་མཚོ་ནི།  །སྤྲང་བདག་གི་སྤྱི་བོའི་རྒྱན་དུ་བཞུགས།  །རྐྱེན་ཅི་བྱུང་བླ་མ་ཁྱེད་རང་ལ།  །བུས་རྟག་ཏུ་གསོལ་བ་འདེབས་པ་ལགས།  །རྟེན་དལ་འབྱོར་མི་ལུས་ཐོབ་པ་འདི།  །རྗེ་ཐུབ་པའི་བསྟན་ལ་ཞུགས་པ་ཡང་།  །ཕ་རྗེ་བཙུན་བླ་མ་ཁྱོད་ཀྱི་དྲིན།  །དཔེ་ཀ་ཁ་སྦྱངས་པ་ཡན་ཆོད་ནས།  །རྒྱུད་གསང་བ་སྙིང་པོ་ཐུག་གི་བར།  །བསོད་རྣ་བའི་དཔྱིད་དུ་ཐོས་པའང་།  །སྐྱབས་ཕ་ཅིག་བླ་མ་ཁྱེད་ཀྱི་དྲིན།  །གཞི་ངེས་འབྱུང་སོ་ཐར་གྱི་ས་གཞི་ལ།  །སྨན་བུ་མོས་འདམས་གྱིས་མ་གོས་ཤིང་།  །བུ་ད་ལྟ་བྱི་ཕྲུག་གི་མ་བསྐོར་བ།  །མགོན་བླ་མ་ཐུབ་དབང་ཁྱེད་ཀྱིས་དྲིན།  །ཆོས་སྙིང་པོ་བྱང་ཆུབ་སེམས་བསྐྱེད་ལ།  །སེམས་ཅན་བློས་བཏང་གི་དགྲ་སྟྭས་མ་རྨས་པ།  །གཞན་ཕན་གྱི་བསམ་པ་བག་ཙམ་འདི།  །རྗེ་འགྲོ་བའི་མགོན་པོ་ཁྱེད་ཀྱི་དྲིན།  །ཆོས་བཀའ་གཏེར་གྱི་གདམས་ཟབ་རྒྱ་མཚོ་ལ།  །རང་ཅི་འདོད་སྤྱོད་དུ་ཡོད་པ་དང་།  །སྒྲུབ་ནུས་ན་ཚེ་འདིར་གྲོལ་བར་ནུས།  །འདི་ཀུན་ཡང་རྡོ་རྗེ་འཆང་ཁྱེད་དྲིན།  །ལས་བཟང་པོ་རྟེན་བཞེངས་མཆོད་པ་སོགས།  །རྣམ་དཀར་གྱི་ལས་ལ་དཀར་བ་དང་།  །རིས་མེད་ལ་དད་པ་དག་སྣང་ནི།  །ཕྱོགས་འདུ་མེད་རྒྱས་པ་ཁྱེད་ཀྱི་དྲིན།  །མདོར་བསྡུ་ན་ད་སྔ་ཡན་ཆོད་ལ།  །ཡོན་ཏན་གྱི་རྣམ་པ་ཅི་མཆིས་པ།  །ཕ་ནོར་བུ་ཁྱེད་ཀྱི་དྲིན་ལས་རྙེད།  །བུས་བྱང་ཆུབ་བར་དུ་ཁྱེད་ཀྱི་དྲིན།  །སྒོ་གསུམ་གྱི་མཆོད་པས་མཉེས་བྱེད་ན།  །རྗེ་དྲིན་ཆོག་རྒྱལ་པོས་བྱིན་གྱིས་རློབས།  །ཤིང་ཁྱི་ཟླ་༨ཚེས་༢༣ལའོ།།  །། ༈ ཨ་ཧོ་ཡེ།  དགུང་སྔོན་མཐོན་པོའི་དཀྱིལ་ན།  །སྤྲིན་དཀར་ལང་ལོང་འཁྲིག་པ།  །ཕ་ཅིག་དྲིན་ཅན་བླ་མ།  །དྲན་པའི་གསོས་འདེབས་བྱས་བྱུང་།  །འཇའ་ཚོན་སྣ་ལྔ་འཁྲིགས་པའི།  །གུར་ཁྱིམ་མཛེས་པའི་དབུས་ན།  །ཨོ་རྒྱན་མ་ཧཱ་གུ་རུ།  །བཞུགས་པར་མོས་ན་བཞུགས་ཡོད།  །བྱིན་རླབས་ཆར་རྒྱུན་འབེབས་རན།  །གནམ་སྔོན་དྭངས་པའི་ངོས་ལ།  །རྟ་བདུན་རྒྱལ་པོས་འོད་འབར།  །རང་བཞིན་གདོད་མའི་བཞུགས་ཚུལ།  །ངེས་གསང་བརྡ་འདིས་མཚོན་བྱུང་།  །སྐད་ཅིག་འགྱུར་བའི་ཚུལ་འདིས།  །མི་རྟག་སྒྱུ་མའི་དོན་སྟོན།  །ཡིད་ལ་སྐྱོ་གདུང་འདྲེས་པ།  །རང་གི་སེམས་ཀྱི་སྣང་བ།  །ཉམས་མཚར་སྒྱུ་མའི་ལྟད་མོ།  །བཀྲག་གསལ་མཚར་སྡུག་ལྡན་འདིས།  །ཡིད་ག་ཤར་གྱི་རི་རྩེར།  །མོས་སོ་བཞུགས་ལ་གཏོད་དོ།  །ཡུན་རིང་སྲིད་པར་དུབ་ཤིང་།  །ཀུན་རྟོག་ནད་བརྒྱས་གཙེས་པའི།  །རྒྱ་མཚོས་རྦ་རླབས་དྲག་པོ།  །རང་མལ་འཇམ་གྱི་ཞི་ནས།  །བདེ་ཆེན་ཡངས་པའི་ཐང་ལ།  །རྟ་མཆོག་ཅང་ཤེས་མཛེས་པ།  །ཧི་ཧིའི་སྒྲ་སྙན་འཚེར་བཞིན།  །ཀུན་ཏུ་དགའ་བའི་སྐྱེས་བུ།  །དལ་གྱིས་བསྒྲོད་པས་མི་ངལ།  །སྣ་ཚོགས་རིན་ཆེན་རྒྱན་གྱིས།  །རྣམ་པར་བརྒྱན་པའི་གླང་བར་བརྟགས།  ཆེན།  །གཉིས་འཐུང་གངས་རིའི་མདངས་ལྡན།  །གངས་ཅན་རི་བོའི་ཁོངས་སུ།  །འཇིགས་པ་མེད་པར་རྒྱུ་ན།  །ས་སྟེང་སྐྱེ་རྒུ་ཐམས་ཅད།  །དགའ་བའི་གར་བརྒྱ་བསྒྱུར་ཏེ།  །ཨ་ལ་ལ་ཡི་སྒྲ་སྒྲོགས།  །དགྲ་ལྷའི་བ་དན་དཀར་པོ།  །ཕྱོགས་བཅུར་སྒྲེངས་པས་བཀྲ་ཤིས།  །ཅེས་མེ་ཁྱི་ཟླ་༣ཚེས་༧སྔ་ཆར་ལའོ།།  །། ༈ སྟེང་ཡ་གི་དགའ་ལྡན་ལྷ་ཡུལ་ན།  །དཔལ་མི་ཕམ་བྱམས་པ་མགོན་པོ་བཞུགས།  །ཆོས་ཐེག་ཆེན་ཆོས་ཀྱི་རྒྱལ་རྔ་སྒྲོགས།  །གནས་དེ་ལས་སྐྱིད་པ་ག་ལ་ཡོད།  །རི་ལྷུན་པོ་གསེར་གྱི་རི་བོའི་སྟེང་།  །ལྷ་སུམ་ཅུ་རྩ་གསུམ་རོལ་པ་དེར།  །ལྷ་བརྒྱ་སྦྱིན་ལྷ་བུའི་འཁོར་གྱིས་བསྐོར།  །དཔའ་ཞལ་དཀར་འབུམ་པ་ཡིན་པར་འདུག།  ལྷ་དེ་ཡི་མགོན་སྐྱབས་ཁ་འཛིན་མཛོད།  །ལྷོ་འཛམ་གླིང་ས་ཡི་ལྟེ་བ་ན།  །རྗེ་དུས་གསུམ་རྒྱལ་བ་འཚང་རྒྱའི་གནས།  །དཔལ་རྡོ་རྗེ་གདན་ཞེས་གྲགས་པ་དེར།  །རྟེན་བྱང་ཆུབ་ཆེན་པོ་ཞེས་བྱ་བཞུགས།  །དེ་མཇལ་ན་དགའ་ཡོ་སྐྱིད་དོ་ཡོ།  །བྱང་ཁ་པ་ཅན་གྱི་རྒྱལ་ཁམས་འདིར།  །ཞིང་གྲུ་འཛིན་རི་བོའི་ཉེ་འདབས་ན།  །ལྷ་ཇོ་བོ་ཤཱཀྱ་མུ་ནེ་བཞུགས།  །དེ་ཡང་ཡང་མཇལ་བའི་སྨོན་འདུན་ཡོད།  །བུ་སང་ཉིན་སླེབས་ན་དགའ་བ་ལ།  །རྐང་བྲོ་འཁྲབ་ཁ་ནས་སྐྱིད་གླུ་ལེན།  །གྲོགས་ལྷ་ཚོགས་རྣམས་དང་འགྲོགས་ནས་འགྲོ།  །མགོན་ཆོས་སྐྱོང་ནོར་ལྷས་བསུ་སྐྱེལ་བྱེད།  །སེམས་དེ་ལས་སྐྱིད་པ་མེད་དོ་ཨང་།  །ཉམས་དགའ་ཡོ་སྐྱིད་དོ་ཨ་ལ་ལ།  །ཟླ་༡ཚེས་༢༧ལའོ།།  །། ༈ རང་ལ་ཁྲེལ་བདས།  ཨུ་ཧུ་ཧུ།  བུ་ལས་ངན་གྱི་བློ་ངན་ཅན་ཁྱོད།  །ལུས་མཚམས་ཁང་དུ་ཁེར་བུ་འདུག་ནས།  །སེམས་ཀྱི་རྟ་རྒོད་སྲབ་མེད་སྒྲོགས་མེད་འདི་རྒྱ་ཡན།  །རྣམ་རྟོག་གི་རླུང་གིས་རྒྱལ་ཁམས་ལ་ཁྲིད་དེ།  །འདི་མི་དྲན་བྱ་བ་སྣེ་གཅིག་མེད་པ་དེ་ཨེ་ཧོ་ཧོཿབསམ་པ་བཟང་པོའི་རྟོག་པ་ནི་སྣེ་རེ་རེ་གཅིག་གཉིས་ལས་མེད་དོ།  །དེ་ཡང་ཐར་པའི་རྒྱུར་འགྲོ་བའི་བསམ་བཟང་ཞིག་ནི་ཉིན་སྐར་ཙམ་དཀོན་ངེས།  །བུ་རེ་སྡུག་རེ་སྡུག་བསམ་མནོ་ཞིག་ཐོངས་དང་།  །ད་མི་ཚེ་ཉི་མ་ཕལ་ཆེར་ཞིག་སོང་ནས།  །འཆི་བ་ཁོ་ངམ་གནག་ཙེ་རེ་སླེབ་འདུག་གོ  །རང་གི་མགོ་ལུས་པགས་བརྒྱད་རྒས་ལུགས་ལ་སོམས་དང་།  །ད་ཡུན་རིང་སྡོད་པའི་ངེས་པ་ཞིག་མི་འདུག།  འཆི་དུས་ཀྱི་ཕྱི་མའི་བརྒྱག་དགེ་ཅི་འདུག་ཞིག་ལྟོས་དང་།  །དོན་ཉེན་པའི་དགེ་སྦྱོར་སྣ་གཅིག་ཀྱང་བྱས་མི་འདུག།  ད་བསམ་གྱིན་བསམ་གྱིན་ང་རེ་སྡུག་ཨུ་ཧུ་ཧུ།  །ཆོས་མི་ལ་བཤད་པའི་བན་རྒན་ཁྱོད་ད་རན།  །རང་གཅིག་པུ་ག་ཤེད་ཆ་མེད་དུ་ཁྱོགས་ཉེ།  །ཕོ་བྱས་བྱས་སྣེ་གཅིག་བགྲང་རྒྱུ་ཁུར་རྒྱུ་ནི་མི་འདུག།  ལས་ངན་པ་བསགས་བའི་སྡིག་པའི་ཕུང་པོ་དེ་བཏེགས་ན།  །ད་ཁྱོད་བསམ་མནོ་ལན་དགུ་ཞིག་བཏང་རྒྱུ་མ་འཆུག།  འཇིག་རྟེན་ཚེ་འདིའི་སྣང་བ་ལ་སྲེད་པ་མ་ཆེ་སྐུ་ཚེ་རིང་།  །དམ་ཆོས་སྦྱོར་དངོས་རྗེས་གསུམ་ཚང་བའི་རྣམ་དག་ཞིག་ཨི་འགྲུབ་ལྟོས།  །ད་དྲན་རྒྱུ་མ་མང་བློ་སྣ་བསྟུངས་རོགས་བློ་གྲོས་མཁྱེན།  །སེམས་གྱི་རྟ་རྒོད་འདི་རྒྱ་ཡན་མ་བཏང་འདུལ་སྦྱངས་གི་ཐབས་ནི།  །བླ་མའི་བཀའ་དྲིན་གྱིས་ཅུང་ཟད་ཤེས་ཚོད་ནི་རེད་པས།  །དེ་ཡལ་བར་མ་དོར་རང་ཉམས་ལོང་དང་རང་ལ་སྐུ་དྲིན་ཆེ།  །དེ་ལྟར་མ་བརྩོན་ཕྱིན་གཏན་གྱི་ཆགས་སྒོ་ཆེན་པོ་ཞིག་འོང་ངེས་ལྷ་དཔང་རེད།  །དེ་བློ་གྲོས་ཁྱོད་ཀྱི་ཐུགས་ལ་བསྟིམ་ལ།  །རྒྱུ་འབྲས་ལ་བླངས་དོར་ཞིག་མཛད་རོགས་ཁྱེད་མཁྱེན།  །ནེ་ཚོའི་ཆོས་བཤད་ལྟ་བུས་ཁ་དོན་མི་མཚུངས་པ་དེ་བསྐྱུར་ཐོངས།  །བླ་མ་རྒྱལ་བ་སྲས་བཅས་ཀྱི་ཐུགས་ཁྲེལ་གནང་འོང་།  །རང་ལ་མེད་པའི་ཁ་བཤད་དེ་ངོ་ཚ་མོ་རེད།  །གཞན་ལ་མི་ཕན་པའི་ཁར་ཕྱིན་ཅི་ལོག་ཏུ་ཁྲིད་འགྲོ།  །སློབ་མའི་རྒྱུད་ཆུད་གཟན།  །རང་གཞན་གཉིས་ཀ་མགོ་བསྐོར་གྱི་ཕུང་བསྐྱེད་དེ་ཞོགས་ལ་ཐོངས།  །བློ་གྲོས་བློ་གྲོས་སྐུ་ཚེ་རིང་བའི་རྟེན་འབྱུང་བྱེད་དང་སྟེ།  །ད་ཨི་བྱེད་མ་ཤེས་དེ་སྔ་ཕན་ཅི་ཐོན་འདི་ཐོན་མ་ཐོན་བྱ་བ་ཐམས་ཅད་སྟོང་ལྡིར་ཤ་སྟག་རེད།  །ད་ཞག་དང་ཟླ་བ་ལོ་དུ་འདུག་ནང་།  །ཆོས་རྣམ་དག་ཞིག་སྒྲུབ་ནས་ཉམས་ལེན་ལ་བརྩོན་ཨི་གོ  །ཚེ་འདིར་སྣང་གི་ཞེན་པ་ཆོད།  །ཁྱད་པར་ན་ནིང་ད་ལོའི་བྱ་བ་སྨྱོན་བ་ལྟ་བུ་དེ།  །སྨྱོ་ལེ་ངེས་པར་རེད་ཨི་གོ  །ད་རང་སྡུག་ཉོ་སྤྱད་ལས་ཕན་པ་ཅི་འདུག།  ལག་པ་བྲང་ཐོག་ཞོག་ལ་སྣང་བ་ནང་དུ་བཀུག།  བསམ་མནོ་ལན་མ་དགུ་ལ་ཐོངས་དང་།  །བྱ་བ་ཐམས་ཅད་ལ་ཟན་གང་གཅིག་རི་བ་མེད་ངེས།  །ངན་སོང་དུ་ནི་འགྲོ་རན།  །དམྱལ་ཆུས་ནི་ཚིག་རན།  ཨུ་ཧུ་ཧུ།  །སྡུག་པོ་ཟེར་ན་དེ་ལ་ཟེར།  །མདོ་མེད་ཁྱོད་འདྲ་འཇིག་རྟེན་ན་ཡོད་ཨི་དར་ན།  །ཨི་ཤི་རེ།  །དམ་འཆུག་མ་འཆུག་གཟོབ།  །བླ་མ་དཀོན་མཆོག་མཁྱེན།  །རང་རྒྱུད་འདུལ་ནུས་པར་བྱིན་གྱིས་རློབས།  །བློ་ངན་དེས་སྡུག་སྐད་ཆལ་ཆོལ་དུ་བྲིས་པའོ།།  །། ༈ ཨ་ཧོ།  ཡེ་ཤེས་ཆེན་པོ་གྲུབ་པའི་རིག་འཛིན་གྱི་ཁྱུ་མཆོག།  མ་ཧཱ་གུ་རུའི་རྒྱལ་ཚབ་བླ་མ་དེ་མཁྱེན་ནོ།  །བདེ་ཆེན་ཡེ་ཤེས་རྡོ་རྗེའི་དབང་མཆོག་ཞིག་བསྐུར་དང་།  །ང་ཅག་རང་གྲོལ་ཆེན་པོའི་ས་མཆོག་ལ་གཤེགས་འགྲོ།  །སྙིང་དབུས་འོད་ལྔའི་གུར་ཁྱིམ་པད་དཀར་གྱི་ཟེའུ་འབྲུར།  །རིགས་འདུས་སེམས་དཔའ་པདྨའི་མྱུ་གུ་དེ་བཞུགས་པས།  །སྐུ་གསུམ་རིགས་འདུས་བླ་མ་རང་ཆས་སུ་ལྷུན་རྫོགས།  །འབྲས་བུ་ཕྱི་དུས་ཡིད་སྨོན་མ་དགོས་པས་དགའོ།  །རང་སྣང་རྔ་ཡབ་དཔལ་རི་པདྨ་ཡི་ཕོ་བྲང་།  །དཀྱིལ་འཁོར་གཙོ་མཆོག་རྡོ་རྗེ་ཐོད་ཕྲེང་དང་དབྱེར་མེད།  །མཁའ་འགྲོ་རྒྱ་མཚོའི་མིང་པོ་བླ་མ་དེ་མཁྱེན་ནོ།  །ད་ལྟ་ཉིད་དུ་བདག་ལ་བྱིན་གྱིས་རང་རློབས་ཤིག།  ཇི་བཞིན་མ་བཅོས་ཡེ་བབས་ཕྱོགས་ལྷུང་དང་བྲལ་ཞིང་།  །སྤྲོས་པའི་རྙོག་པ་བྲལ་བའི་ཆོས་དབྱིངས་ཀྱི་ཀློང་དུ།  །ཞལ་ཕྱག་མཚན་མ་ལས་འདས་མཆོག་གྱུར་གྱི་གླིང་པ།  །རང་ངོ་ཤེས་པའི་ངང་ནས་གསོལ་བ་རང་འདེབས་སོ།  །ཡིད་དཔྱོད་བློ་ཡི་སྒྲུབ་པའི་འཆིང་བ་ཀུན་དོར་ནས།  །བྱར་མེད་གཉུག་མའི་ངང་དེར་ཉེ་ལམ་ཞིག་བསྒྲོད་པས།  །དངོས་སྣང་འགྱུར་མེད་བདེ་ཆེན་བླ་མ་རུ་ཤར་བར།  །གཉིས་འཛིན་བྲལ་བའི་ངང་ནས་གསོལ་བ་རང་འདེབས་སོ།  །འཁོར་འདས་ཆོས་རྣམས་རིག་པའི་གཤིས་ལུགས་ལ་རྫོགས་པས།  །སྤངས་ཐོབ་འཕེལ་འགྲིབ་ལས་འདས་འོད་གསལ་གྱི་ཐིག་ལེར།  །ཞེན་མེད་ངང་ནས་འཁྲུལ་པའི་ཆོས་རྣམས་ཀུན་རང་ཞིག།  རང་གྲོལ་རྒྱལ་པོ་འོད་གསལ་གླིང་པ་དེ་མཁྱེན་ནོ།  །རང་སྣང་དབྱེར་མེད་ངང་ནས་གསོལ་བ་ཞིག་འདེབས་ན།  །ང་ཡི་སྒོ་གསུམ་མ་རིག་སྦུབས་རྒྱ་ལས་གྲོལ་ནས།  །འཇའ་ལུས་རྡོ་རྗེའི་སྐུ་རུ་ད་ལྟ་རང་སྨིན་ནས།  །ཆོས་ཟད་ཆེན་པོའི་གླིང་དུ་རྣལ་འབྱོར་རང་སྐྱིད་དོ།  །ཡེ་ཤེས་ལྷུན་གྲུབ་ཆེན་པོ་ཕྱིར་གསལ་དུ་ཤར་བས།  །རང་སྣང་སྐུ་དང་ཞིང་ཁམས་བཀོད་པ་ནི་བསམ་ཡས།  །དོན་གཉིས་ལྷུན་གྲུབ་འདོད་འབྱུང་བསམ་འཕེལ་གྱི་ནོར་བུ།  །འགྲོ་ཀུན་བྱང་ཆུབ་མཆོག་ལ་འགོད་པ་རུ་གྱུར་ཅིག།  །མདོར་ན་དེང་བཟུང་བྱང་ཆུབ་སྙིང་པོ་ཡི་བར་དུ།  །དཔལ་ལྡན་བླ་མ་མཚོ་སྐྱེས་རྡོ་རྗེ་ཡི་རང་ཞལ།  །དུས་གསུམ་འབྲལ་མེད་མཇལ་བའི་བྱིན་བརླབ་ཀྱི་མཐུ་ལས།  །རྩ་རླུང་ཐིག་ལེའི་མདུད་པ་རང་གྲོལ་དུ་སོང་ནས།  །ཡེ་ཤེས་རིག་པའི་རྩལ་ཁ་ཕྱོགས་མེད་དུ་རྒྱས་མཛོད།  །སྐུ་གསུམ་ལམ་གྱི་སྣང་བ་ཚེ་འདི་ལ་རྫོགས་ནས།  །རྣམ་ཤེས་ལས་འདས་ཡེ་ཤེས་ཆོས་སྐུ་ཡི་རྒྱལ་ཁམས།  །ཚེ་འདི་ཉིད་ལ་སྙོགས་པའི་དངོས་གྲུབ་ཞིག་ཞུའོ།  །མཁྱེན་ནོ་མཁྱེན་ནོ་གཏེར་ཆེན་བླ་མ་རང་མཁྱེན་ནོ།  །ཀྱེ་མ་ཀྱེ་ཧུད་ལས་ངན་བདག་འདྲ་ལ་གཟིགས་ཤིག།  གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རང་རློབས་ཤིག།  མཆོག་ཐུན་དངོས་གྲུབ་སྟན་ཐོག་འདི་ཉིད་དུ་སྩོལ་ཅིག།  །འཆི་མེད་ཡེ་ཤེས་སྐུ་ཅན་བླ་མ་དེ་མཁྱེན་ནོ།  །གསོལ་འདེབས་བུ་ལ་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ།  །མི་འགྱུར་མི་བཤིག་རྡོ་རྗེ་སེམས་དཔའ་ཡི་ལང་ཚོ།  །དཀའ་བ་མེད་པ་འགྲུབ་པའི་སྨོན་ལམ་ཞིག་ཞུའོ།  །ཅེས་པའང་པདྨ་ཡེ་ཤེས་རྡོ་རྗེས་གསོལ་བ་བཏབ་པ་ཡེ་ཤེས་གཟིགས་པའི་བྱིན་རླབས་སྙིང་དབུས་སུ་ཐིམ་པར་གྱུར་ཅིག།  སརྦ་སིདྡྷི་རསྟུ།  མངྒ་ལཾ།།  །། ༈ རྗེ་སྐྱབས་གནས་རྒྱ་མཚོ་རིགས་ཀུན་གྱི་བདག་ཉིད།  །དཔལ་གདོད་མའི་མགོན་པོ་བླ་མ་དེ་མཁྱེན་ནོ།  །ཚུར་འདི་ལ་སེམས་དང་ལས་ལྡན་གྱི་ནཱི་གུ།  །མི་མདོ་མེད་འཆལ་པོའི་བྱུང་རྒྱལ་གྱིས་ངག་འཁྱལ།  །རྟེན་དལ་འབྱོར་མི་ལུས་གྲུ་ཆེན་ལ་བརྟེན་ནས།  །གནས་ཁམས་གསུམ་འཁོར་བའི་རྒྱ་མཚོ་ལས་བསྒྲལ་ཏེ།  །དབྱིངས་གདོད་མའི་རྒྱལ་ཁམས་རིན་ཆེན་གྱི་གླིང་དུ།  །ཚིག་ངལ་མེད་བགྲོད་ཐབས་ཟབ་ལམ་གྱི་གདམས་པ།  །དོན་ལྟ་སྒོམ་སྤྱོད་པའི་གནད་ཀ་ཡི་མདོ་ཆིངས།  །དྲིན་ཆེ་བའི་བླ་མ་སངས་རྒྱས་སུ་མཐོང་བའི།  །ཡིད་མོས་གུས་གསོལ་འདེབས་གཅིག་པུ་ལ་འདུ་སྐད།  །སེམས་རྟོག་པ་བྲལ་བ་ཟང་ཐལ་གྱི་རིག་པ།  །འདི་གཏང་མེད་རང་བབ་བསྒོམ་མེད་དུ་བཞག་ཚེ།  །རྩལ་གང་ཤར་ཆུ་ཡི་རི་མོ་ལྟར་དག་ཅིང་།  །བློ་ངེས་ཤེས་བྲལ་བའི་གནས་ལུགས་ཀྱི་དགོངས་པ།  །དོན་འདི་ལས་མི་དགོས་གཅིག་ཤེས་དེ་ཀུན་གྲོལ།  །གདངས་རོལ་པ་སྣོད་བཅུད་ཕྱི་ནང་གི་ཆོས་ཀུན།  །ཡེ་དག་པ་རབ་འབྱམས་ལྷ་སྔགས་དང་ཡེ་ཤེས།  །སྲིད་འཁོར་འདས་གཉིས་མེད་མཉམ་ཉིད་དུ་ལྷུན་གྲུབ།  །བློ་ཨ་འཐས་གཉིས་འཛིན་སྣང་བ་ནི་མ་དགོས།  །ཚིག་འདི་ལ་སྙན་པའི་སྡེབ་ལེགས་ཡང་མེད་ཀྱང་།  །དོན་ལམ་གནད་བཅུད་ཀྱི་ཉིང་ཁུ་དེ་བསྟན་ཡོད།  །ཡིད་སྤྲོ་བས་སྙིང་གི་ཐིག་ལེ་རུ་བསྐྱིལ་དང་།  །གནས་རྔ་ཡབ་དཔལ་རི་པདྨ་ཡི་འོད་གླིང་།  །མགོན་མཚོ་སྐྱེས་རྒྱལ་བའི་ཞལ་བཟང་དེ་མཇལ་བཞིན།  །མ་དཔའ་བོ་མཁའ་འགྲོའི་བརྟུལ་ཞུགས་ཀྱི་ཚོགས་གྲལ།  །ཆོས་ཐེག་ཆེན་དོན་ལ་གནས་པར་ཞུ་ཅི་དགོས།  །ཅེས་རྡོ་རྗེ་དམ་ཚིག་གཅིག་གིས་བསྡུས་པའི་མཆེད་གྲོགས་ལས་ཀྱི་མཚན་ཅན་མ་ལ་སྤྲིང་བ་དགེ།  །།  ༈ བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་སྲིད་ཞིའི་གདུང་སེལ་ཞེས་བྱ་བ་བཞུགས་སོ།  །འེ་འེ།  །བླ་མ་མཁྱེན་ནོ།  །མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ།  །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ།  །དམ་ཆོས་རིན་ཆེན་གྱི་འབྱུང་གནས།  །འཕགས་ཚོགས་དགེ་འདུན་གྱི་མངའ་བདག།  རྩ་བའི་བླ་མ་རང་མཁྱེན་ནོ།  །རྩ་བརྒྱུད་བླ་མ་ཡི་སྤྲོ་གཞི།  །ཡི་དམ་ཞི་ཁྲོ་ཀུན་འདུས་པ།  །མཁའ་འགྲོ་ཆོས་སྐྱོང་གི་གཏེར་མཛོད།  །བླ་མ་བཀའ་དྲིན་ཅན་མཁྱེན་ནོ།  །ཞེས་པའི་རྒྱང་འབོད་ལན་གསུམ་སོགས་ཀྱིས་བོས་ནས།  ལས་ངན་བདག་ལ་ཐུགས་རྗེས་གཟིགས་ཤིག།  སྐལ་དམན་སྐྱེ་ངན་སྡུག་བསྔལ་མཚོ་ལས།  །བྱམས་པའི་ཕྱག་གིས་དྲོངས་པར་མཛོད་ཅིག།  ཐར་པའི་སྐམ་སར་དབུགས་དབྱུང་སྩོལ་ཅིག།  ཀྱེ་མ་བདག་འདྲའི་སེམས་ཅན་ལས་ངན་རྣམས།  །དལ་འབྱོར་ཐོབ་ཀྱང་དོན་མེད་ཆུད་ཟོས་བཏང་།  །འཆི་བ་མི་དྲན་འདིར་སྣང་དབང་དུ་སོང་།  །ཉིན་རེ་བཞིན་དུ་སྒོ་གསུམ་སྡིག་པར་སྤྱོད།  །དགེ་བའི་ལས་ནི་སྐྲ་རྩེའི་ཆུ་ཐིག་ཙམ།  །དྲན་དང་ཤེས་བཞིན་མེད་དེ་སྨྱོན་པ་འདྲ།  །བག་ཡོད་སྟོར་ནས་བག་མེད་རྣམ་གཡེང་ངང་།  །མི་ཚེ་ཉི་མ་ནུབ་རིའི་ཕག་ཏུ་བསྐྱལ།  །ཕ་མ་འབྱོར་ལྡན་ཁྱིམ་དུ་སྐྱེས་པའམ།  །འབྱོར་མེད་དབུལ་པོའི་ཁྱིམ་དུ་སྐྱེས་ཀྱང་རུང་།  །གཅེས་ཕྲུག་རྒྱ་ཡན་གང་བྱུང་གང་ཤར་གྱིས།  །རང་བློ་ནང་དུ་མ་ཁུག་ངན་གོམས་ཀྱི།  །ཆུ་ངན་ལམ་རྒྱུག་དབང་དུ་ཤོར་བ་དང་།  །དམ་ཆོས་བྱེད་བློ་མ་ཤར་སེམས་འདི་ནི།  །རྡོ་བ་དང་མཚུངས་འཆི་བ་འོང་སྙམ་མེད།  །ཉིན་མཚན་ཐམས་ཅད་སྐྱིད་ཀྱི་ངང་དུ་ཟད།  །ཡང་ན་སྡུག་གི་ངང་དུ་དུས་འདའ་ཞིང་།  །སྐྱིད་འདོད་སྡུག་བསྔལ་ཉོ་བ་ཀྱེ་མ་ཧུད།  །ལང་ཚོ་མཛེས་པའི་བཀྲག་མདངས་མྱུར་དུ་ཡལ།  །གཤིན་རྗེའི་མཆེ་བའི་བར་དུ་བཟུང་ནས་འདུག།  སོ་ཡི་མ་བཏབ་ཙམ་ན་ཁ་རྗེ་ཆེ།  །འཆི་བ་ཞེས་བྱའི་བདུད་པོ་ངམ་ནག་དེས།  །ཞགས་པ་བཟུང་ནས་གམ་ན་སླེབས་པའི་དུས།  །ཁ་བཤད་མཁས་པས་མགོ་བསྐོར་བྱ་ས་མེད།  །རྒྱུ་ནོར་ཆེ་བས་བསླུ་རུ་མི་བཏུབ་ཅིང་།  །མཐུ་དང་ནུས་པའི་སྟོབས་ཀྱིས་བཟློག་ཏུ་མེད།  །ལག་པ་བྲང་འཐབ་མིག་སྒོར་མཆི་མ་ལུག།  གྲོགས་དང་མཛའ་བཤེས་ཁང་ཁྱིམ་ནོར་རྫས་སོགས།  །ཤུལ་དུ་བཞག་ནས་འགྲོ་བའི་དུས་ཤིག་འོང་།  །དེ་ཚེ་སྡིག་བསགས་ལས་ཀྱི་ཁུར་པོ་ནི།  །ལྷུན་པོའི་གཏོས་ཙམ་ཁྱེར་ནས་བར་དོར་འཁྱམས།  །དགེ་བའི་བསགས་པ་རྡུལ་ཕྲན་ཙམ་མཆིས་ཀྱང་།  །དེ་ཚེ་བསོད་ནམས་སྐྱབས་ཤིག་ཡོད་ན་ཡང་།  །ད་ལྟ་མ་བསགས་དེ་དུས་ཁྱེར་རྒྱུ་མེད།  །བར་དོར་འཇིགས་སྐྲག་སྡུག་བསྔལ་དཔག་མེད་མྱོང་།  །ངན་སོང་གནས་ལྟུང་སྡུག་བསྔལ་བཟོད་བླག་མེད།  །ད་ལྟ་མེ་སྟག་ཕོག་དང་ཉིན་གཅིག་གི  །འཆག་ལྟོག་མི་བཟོད་དེ་དུས་ག་ལ་བཟོད།  །ཤུགས་དྲག་རྒྱུན་རིང་བཟོད་དཀའི་སྡུག་བསྔལ་དེ།  །ལེགས་པར་བསམ་ནས་དམ་ཆོས་སྙིང་ནས་སྒྲུབ།  །སྒོ་གསུམ་དགེ་ལ་འབད་ནུས་བྱིན་གྱིས་རློབས།  །ཀྱེ་མ་ཀྱི་ཧུད་རིག་འཛིན་པདྨ་འབྱུང་།  །བློ་སྣ་ཆོས་ལ་སྒྱུར་ཅིག་བླ་མ་མཁྱེན།  །དལ་འབྱོར་ཐོབ་པ་ད་རེས་ཙམ་ཞིག་ཡིན།  །ཕྱིས་ནས་འདི་འདྲ་ཐོབ་པ་སྲིད་མཐའ་ཙམ།  །གལ་ཏེ་མཐའ་འཁོབ་ཀླ་ཀློ་ཆོས་མེད་སར།  །མི་ལུས་ཐོབ་ཀྱང་སྙིང་པོ་ཅུང་ཟད་མེད།  །དེ་རུ་མི་སྐྱེ་བ་ཡི་སྨོན་ལམ་ཐོབ།  །ལྷ་ཡི་གནས་སུ་སྐྱེས་ཀྱང་དགོས་པ་ཆུང་།  །ཟག་བཅས་བདེ་འབྲས་ཟད་ནས་ངན་འགྲོར་ལྟུང་།  །དེས་ན་རྙེད་དཀའི་མི་ལུས་རིན་ཆེན་འདི།  །ནོར་བུ་བརྒྱ་སྟོང་ཐོབ་པའི་དཔེས་མི་མཚོན།  །འདི་ཐོབ་སྡིག་ལ་སྤྱོད་པ་ཤིན་ཏུ་བླུན།  །དཔེར་ན་ནོར་བུ་འདམ་རྫབ་འཕང་བཞིན་གྱུར།  །ཀྱེ་མ་ཀྱི་ཧུད་རིག་འཛིན་པདྨ་འབྱུང་།  །བློ་སྣ་ཆོས་ལ་སྒྱུར་ཅིག་བླ་མ་མཁྱེན།  །ལེགས་ན་ཐར་པའི་གྲུ་གཟིངས་ལུས་འདི་ཡིན།  །ཉེས་ན་འཁོར་བའི་གཏིང་རྡོ་འདིས་བྱེད་པས།  །ཡར་འགྲོ་མར་འགྲོའི་ས་མཚམས་ད་རེས་ཡིན།  །རྟ་ཁ་སྲབ་ཀྱིས་བསྒྱུར་བ་ཇི་བཞིན་དུ།  །ཉེས་སྤྱོད་ལམ་ལས་ལྡོག་ཅིག་བླ་མ་མཁྱེན།  །འདོད་པ་ལ་ཆགས་ཕུང་ཁྲོལ་བསྐྱེད་པའི་རྒྱུ།  །གསོག་དཀའ་སྤེལ་དཀའ་སེར་སྣའི་མདུད་པ་དམ།  །སྦྱིན་འབྲས་མེད་ན་སྦྲང་མའི་སྦྲང་རྩི་བཞིན།  །སྔོན་བསགས་བསོད་ནམས་ཡོད་ན་འབད་མེད་འབྱོར།  །དེ་བས་མཆོད་སྦྱིན་ནུས་པར་བླ་མ་མཁྱེན།  །ཁྱིམ་ན་གནས་པ་ཉེས་པ་ཀུན་གྱི་གཞི།  །ཆགས་སྡང་གཉིས་ཀྱིས་ཉིན་མཚན་ཐམས་ཅད་འདའ།  །དགྲ་འདུལ་གཉེན་སྐྱོང་སོ་ནམ་ཅི་བྱས་ཀྱང་།  །ཟིན་པའི་དུས་མེད་ཕྱི་ཕྱིར་ཇེ་ཆེར་འཕེལ།  །འདོད་པའི་དོན་མ་གྲུབ་པའི་སྡུག་གིས་གཙེར།  །རང་སྡུག་རང་ཉོ་མ་དགོས་བླ་མ་མཁྱེན།  །འཁོར་བའི་གནས་ནི་མེ་ཡི་འོབ་དང་མཚུངས།  །སྲིན་མོའི་གླིང་དང་རལ་གྲི་རྣོན་པོའི་སོ།  །དུག་དང་འདྲ་བའི་ཉེས་དམིགས་དྲན་བྱས་ནས།  །སྲིད་ལས་ངེས་འབྱུང་སྐྱེ་བར་བླ་མ་མཁྱེན།  །འཁོར་བ་ངན་སོང་སྡུག་བསྔལ་མཐའ་དག་ལས།  །སྐྱོབས་པར་ནུས་པ་བླ་མ་དཀོན་མཆོག་ཡིན།  །དེ་ལས་གཞན་པའི་སྐྱོབས་པ་སུ་ཡང་མེད།  །དང་འདོད་ཡིད་ཆེས་དད་མོས་དྲག་པོ་ཡིས།  །སྐྱབས་གསུམ་རང་ངོ་ཤེས་པར་བླ་མ་མཁྱེན།  །སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་མེད།  །ད་ལྟ་འཁྲུལ་ཏེ་བདག་གཞན་ཕྱོགས་རིས་འབྱེད།  །ཆགས་དང་སྡང་བའི་སྒྲོག་གིས་བཅིང་བ་འདིའི།  །རྩ་བ་བདག་ཏུ་འཛིན་པ་ངོས་ཟིན་ནས།  །བདག་མེད་གནས་ལུགས་རྟོགས་པར་བླ་མ་མཁྱེན།  །འགྲོ་ཀུན་ཕ་མར་གྱུར་པ་ཤེས་བྱས་ཏེ།  །དྲིན་གཟོ་ཕན་འདོད་ལྷག་བསམ་བཟང་པོ་ཡི།  །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་མཆོག་ལ།  །ཡང་ཡང་བློ་སྦྱོང་ནུས་པར་བླ་མ་མཁྱེན།  །ཚོགས་གཉིས་མ་བསགས་སྒྲིབ་པ་མ་བྱང་ན།  །སྐུ་བཞིའི་གོ་འཕང་ནམ་ཡང་མི་ཐོབ་པས།  །འདྲེ་བཀྲེན་ཡི་དྭགས་སྐྱེ་བའི་རྒྱུ་སྤངས་ནས།  །བསོད་ནམས་ཚོགས་ཆེན་བསགས་ལ་འབད་པ་དང་།  །དེ་ཡང་དངོས་ཞེན་བདེན་འཛིན་གྱིས་མ་བསླད།  །ཆོས་ཀུན་སྒྱུ་མ་སྒྱུ་མའི་རང་བཞིན་སྟོང་།  །འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ལ།  །བློ་བཞག་ཡེ་ཤེས་ཚོགས་ཆེན་བསགས་པ་དང་།  །འདིས་མཚོན་དགེ་བ་ནམ་མཁའི་མཐའ་ཁྱབ་ཀྱི།  །འགྲོ་ལ་ཡོངས་བསྔོ་འཇམ་དཔལ་དཔའ་བོ་ཡི།  །རྗེས་སུ་ཞུགས་ནས་བསྔོས་བཞིན་འགྲུབ་པ་དང་།  །ལན་དང་རྣམ་པར་སྨིན་ལ་མི་ལྟོས་པར།  །འཁོར་གསུམ་ཡོངས་དག་ནུས་པར་བླ་མ་མཁྱེན།  །ཐོག་མེད་དུས་ནས་བསགས་པའི་སྡིག་སྒྲིབ་ཀྱིས།  །བདེ་གཤེགས་སྙིང་པོའི་རང་ཞལ་བསྒྲིབས་པས་ན།  །མ་རིག་གིས་བསྐྱེད་དུག་གསུམ་གྱིས་བསླང་བའི།  །མི་དགེའི་ལས་རྣམས་སྟོབས་བཞི་ཚང་བས་བཤགས།  །འགྱོད་དང་བསྡམ་སེམས་མེད་ན་མི་འདག་པས།  །སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས།  །མ་བཤགས་ཉེས་པ་ཕྲ་མོ་ཞིག་གིས་ཀྱང་།  །རྩ་ཡི་ཕུང་པོར་མེ་ནི་འཛིན་པ་བཞིན།  །རང་རྒྱུད་བསྲེགས་ཤིང་འཁོར་བར་འཕེན་པས་ན།  །བཤགས་པས་སྡིག་སྒྲིབ་དག་པར་བླ་མ་མཁྱེན།  །རང་གི་སེམས་ཀྱི་གནས་ལུགས་མ་རྟོགས་ན།  །ཁ་བཤད་མཁས་དང་རྣམ་རྟོག་བསྒོམས་པ་ཡིས།  །བྱང་ཆུབ་ཆེན་པོ་ནམ་ཡང་མི་ཐོབ་པས།  །རང་གི་སེམས་ཀྱི་རྩ་བ་ཆོད་པ་དང་།  །ཇི་ལྟར་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཡིན།  །འཁོར་འདས་རེ་དོགས་སེམས་ཀྱི་འཛིན་སྟངས་ཏེ།  །སེམས་ཉིད་རྩ་བ་བཅད་ན་གཞི་རྩ་བྲལ།  །མེད་སྣང་སྟོང་པའི་རང་གཟུགས་ཁོ་ན་ལ།  །བྱིས་པ་རྣམས་ཀྱི་བདེན་པར་བཟུང་བ་སྟེ།  །ཇི་ལྟར་མཁའ་ལ་སྐྲ་ཤད་སྣང་བ་བཞིན།  །སྣང་བ་ཉིད་ནས་རང་གི་ངོ་བོས་སྟོང་།  །དེས་ན་སེམས་ཉིད་ཡེ་སྟོང་ཀ་ནས་དག།  ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས།  །མེད་པ་མ་ཡིན་འཁོར་འདས་གཞིར་གྱུར་ཀྱང་།  །དངོས་པོ་མཚན་མ་ཅན་དུ་གྲུབ་པ་མེད།  །རྒྱ་ཆད་ཕྱོགས་བྲལ་ནམ་མཁའི་དཔེ་ཡིས་མཚོན།  །ངོ་བོ་སྟོང་ལ་རང་བཞིན་འོད་གསལ་བ།  །ཐུགས་རྗེ་རིག་པ་འཁོར་འདས་ཀུན་ལ་ཁྱབ།  །རིག་རྩལ་དག་དང་མ་དག་ཅིར་ཡང་ཤར།  །གསུམ་དུ་ཕྱེ་ཡང་དོན་ལ་རིག་པར་གཅིག།  གཞི་ཡི་གནས་ལུགས་རྟོགས་པར་བླ་མ་མཁྱེན།  །དེ་ཉིད་བླ་མའི་དྲིན་གྱིས་ངོ་འཕྲོད་ནས།  །སྤྲོས་པའི་སྒྲོ་འདོགས་ཆོད་པའི་ལྟ་བ་དང་།  །མ་བཅོས་ཡེངས་མེད་འཛིན་བྲལ་སྒོམ་པའི་གནད།  །གང་ཤར་རང་གྲོལ་འགྲོ་བ་སྤྱོད་པ་སྟེ།  །དེ་གསུམ་དབྱེར་མེད་ཤེས་པ་བླ་མ་མཁྱེན།  །གདོད་ནས་ལྷུན་གྲུབ་སྐུ་གསུམ་ཆེན་པོར་བཞུགས།  །གཉིས་ཆོས་ཀ་ནས་དག་པ་དབུ་མ་ཆེ།  །ཐབས་ཤེས་དབྱེར་མེད་ཕྱག་རྒྱ་ཆེན་པོ་དང་།  །རིག་སྟོང་འོད་གསལ་རྫོགས་པ་ཆེན་པོ་ཡི།  །རང་བཞིན་མངོན་སུམ་རྟོགས་པ་མཐར་ཕྱིན་ནས།  །འབྲས་བུ་ཆོས་སྐུ་རིག་པའི་བཙན་ས་ཟིན།  །འཁོར་བ་དོང་ནས་སྤྲུགས་ནུས་བླ་མ་མཁྱེན།  །ཀྱེ་མ་ཀྱི་ཧུད་རིག་འཛིན་པདྨ་འབྱུང་།  །བློ་སྣ་ཆོས་ལ་སྒྱུར་ཅིག་བླ་མ་མཁྱེན།  །ངན་སོང་སྒོ་ཆེན་ཆོད་ཅིག་བླ་མ་མཁྱེན།  །ལས་ངན་སྡིག་སྒྲིབ་དག་པར༴  །རྐྱེན་ངན་བྱང་ཆུབ་ལམ་ཁྱེར༴  །སྐྱིད་སྡུག་རོ་སྙོམས་ནུས་པར༴  །འཁོར་འདས་དབྱེར་མེད་རྟོགས་པར༴  །སྣང་སེམས་གཞི་གྲོལ་འགྱུར་བ༴  །སྐུ་གསུམ་རང་ཞལ་མཇལ་བར༴  །འཇའ་ལུས་ཆོས་སྐུ་འགྲུབ་པར༴  །མཁྱེན་ནོ་མཁྱེན་ནོ་རྗེ་བཙུན་བླ་མ་མཁྱེན།  །རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུངས།  །ཅེས་དད་གདུང་དྲག་པོས་འབོད་པར་བྱའོ།  །ཞེས་པའང་ཌཱ་ཀིའི་དབང་མོ་ཚེ་རིང་ཆོས་སྒྲོན་ནས་གསུང་བསྐུལ་ངོར།  ཆོས་མེད་དྲེད་པོ་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།།  །། ༈ གསུང་ངག་ལམ་འབྲས་ཀྱི་བླ་མ་བརྒྱུད་པར་གསོལ་འདེབས་རྒྱང་འབོད་ཡེ་ཤེས་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།  །བླ་མ་མཁྱེན་ནོ།  །མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ།  །སངས་རྒྱས་ཀུན་གྱི་བདག་ཉིད།  །དྲུག་པ་རྡོ་རྗེ་འཆང་ཆེན།  །འོག་མིན་དབྱིངས་ནས་དགོངས་མཛོད།  །སྐུ་གསུམ་ཞིང་དུ་དྲོངས་ཤིག།  མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ།  །སྟོང་ཉིད་ཤེས་རབ་ཕར་ཕྱིན།  །བདག་མེད་རྣལ་འབྱོར་མ་དཔལ།  །མཁའ་སྤྱོད་ཞིང་ནས་གཟིགས་ཤིག།  མཆོག་ཐུན་དངོས་གྲུབ་སྩོལ་ཅིག།  མཁྱེན་ནོ༴  །གཟུང་འཛིན་དྷུ་ཏིར་གསོད་པའི།  །རྣལ་འབྱོར་དབང་ཕྱུག་བིཪྺས།  །གྲུབ་བརྒྱའི་དབུས་ནས་གཟིགས་ཤིག།  བདེ་སྟོང་རྟོགས་པ་བསྐྱེད་ཅིག།  མཁྱེན་ནོ༴  །ཕྱོགས་ལས་རྣམ་རྒྱལ་མཐར་ཕྱིན།  །སློབ་དཔོན་ནག་པོ་སྤྱོད་པས།  །རོ་སྙོམས་ངང་ནས་མཁྱེན་ཏེ།  །གཉིས་འཛིན་རྡུལ་དུ་རློགས་ཤིག།  མཁྱེན་ནོ༴  །ཡེ་ཤེས་སྒྱུ་མའི་གར་མཁན།  །རྒྱལ་རིགས་ཌཱ་མ་རུ་པས།  །རྡོ་རྗེའི་ལྟ་བས་བལྟས་ཏེ།  །འཁྲུལ་པ་རུ་ལོག་ཐོངས་ཤིག།  མཁྱེན་ནོ༴  །རྣལ་འབྱོར་སྤྱོད་པའི་དབུས་ནས།  །གཉིས་སྤངས་ཨ་ཝ་དྷུ་ཏིས།  །འཛིན་བྲལ་ཀློང་ནས་དགོངས་ཏེ།  །བརྟུལ་ཞུགས་ལམ་དུ་སློངས་མཛོད།  །མཁྱེན་ནོ༴  །མཁས་གྲུབ་རྒྱ་མཚོའི་དབུས་ནས།  །པཎ་ཆེན་ག་ཡ་དྷ་རས།  །ཡེ་ཤེས་སྤྱན་གྱིས་གཟིགས་ཏེ།  །འགྲོ་དོན་མཁའ་ཁྱབ་བྱིན་རློབས།  །མཁྱེན་ནོ༴  །གངས་ཅན་རི་བོའི་སུལ་ནས།  །སྒྲ་བསྒྱུར་རྒྱལ་པོ་འབྲོག་མིས།  །མཁྱེན་གཉིས་ཀློང་ནས་གཟིགས་མཛོད།  །མ་རིག་གཉིད་ལས་དཀྲོགས་ཤིག།  མཁྱེན་ནོ༴  །སྙན་བརྒྱུད་རྒྱ་མཚོའི་མཛོད་ནས།  །སེ་སྟོན་ཀུན་རིག་ཆེན་པོས།  །བྱམས་ཐུགས་བརྩེ་བས་དགོངས་ནས།  །སྙིང་རྗེའི་ཆར་གྱིས་བསིལ་མཛོད།  །མཁྱེན་ནོ༴  །གྲུབ་ཐོབ་བྱེ་བའི་དབུས་ནས།  །ཞང་གི་སྟོན་པ་ཆོས་འབར།  །འོད་གསལ་ཀློང་ནས་གཟིགས་ཤིག།  རྡོ་རྗེའི་སྐུ་མཆོག་སྒྲུབས་མཛོད།  །མཁྱེན་ནོ༴  །དམར་སེར་དྷཱིཿཡིག་འོད་ཀློང་།  །ས་ཆེན་ཀུན་དགའ་སྙིང་པོས།  །རྟག་པར་འབྲལ་མེད་རྗེས་ཟུངས།  །དོན་གཉིས་ལྷུན་གྲུབ་འབྱུང་མཛོད།  །མཁྱེན་ནོ༴  །མཁྱེན་རབ་ཕ་མཐའ་ཡས་པ།  །སློབ་དཔོན་བསོད་ནམས་རྩེ་མོས།  །རྣམ་ཐར་སྒོ་གསུམ་དབྱིངས་ནས།  །ཤེས་རབ་སྣང་བ་རྒྱས་མཛོད།  །མཁྱེན་ནོ༴  །རྡོར་འཛིན་བྱེ་བའི་གཙུག་རྒྱན།  །རྗེ་བཙུན་གྲགས་པ་རྒྱལ་མཚན།  །མི་མངོན་དབྱིངས་ནས་གཟིགས་ཏེ།  །ལས་རླུང་དབུ་མར་འཆིང་མཛོད།  །མཁྱེན་ནོ༴  །འཇམ་དཔལ་ཟུར་ཕུད་ལྔ་པ།  །འཇམ་མགོན་ཀུན་དགའ་རྒྱལ་མཚན།  །མངོན་དགའི་ཞིང་ནས་བཞེངས་ཏེ།  །བདག་གི་སྙིང་དབུས་བཞུགས་མཛོད།  །མཁྱེན་ནོ༴  །ཆེ་དགུས་བཏེགས་པའི་ཁྲི་ལ།  །བླ་ཆེན་ཆོས་ཀྱི་རྒྱལ་པོ།  །འགྲོ་མགོན་འཕགས་པས་གཟིགས་ཤིག།  ཆོས་ཀྱི་རྒྱལ་པོར་མཛོད་ཅིག།  མཁྱེན་ནོ༴  །རྟག་ཏུ་བླ་མ་མཉེས་པ།  །ཞང་སྟོན་དཀོན་མཆོག་དཔལ་བས།  །བདག་མེད་རྟོགས་པའི་སྤྱན་གྱིས།  །སྐད་ཅིག་མི་འབྲལ་གཟིགས་ཤིག།  མཁྱེན་ནོ༴  །བྱ་བཏང་ཡོངས་ཀྱི་རྒྱལ་པོ།  །བྲག་ཕུག་བསོད་ནམས་དཔལ་བས།  །འཁྲུལ་བྲལ་ཡེ་ཤེས་ཆེན་པོས།  །བདག་ལ་དགོངས་པར་མཛོད་ཅིག།  མཁྱེན་ནོ༴  །གསུང་རབ་རྒྱ་མཚོའི་དབུས་ནས།  །ཆོས་རྗེ་བླ་མ་དམ་པས།  །མདོ་རྒྱུད་ཟབ་དོན་སྦྱིན་ཏེ།  །བློ་གྲོས་གཏེར་ཆེན་རྒྱས་མཛོད།  །མཁྱེན་ནོ༴  །ཉམས་རྟོགས་སྤྲིན་དཀར་འཛུམ་པར།  །བླ་མ་དཔལ་ལྡན་ཚུལ་ཁྲིམས།  །ངེས་ལེགས་ཐར་པའི་ལམ་་རྟེན།  །བྱང་ཆུབ་སེམས་གཉིས་རྒྱས་མཛོད།  །མཁྱེན་ནོ༴  །བསྐྱེད་རྫོགས་རྡོ་རྗེའི་གུར་ཁང་།  །གྲུབ་ཆེན་བུདྡྷ་ཤྲཱི།  །ངེས་དོན་རྟོགས་པའི་བདུད་རྩིས།  །བདག་གི་སྒོ་གསུམ་སྨིན་མཛོད།  །མཁྱེན་ནོ༴  །བསླབ་གསུམ་ཁང་བཟང་ཉམས་དགར།  །ངོར་ཆེན་རྡོ་རྗེ་འཆང་ཆེན།  །མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན།  །ཁྱེད་ཀྱི་ཐུགས་རྗེས་གཟིགས་ཤིག།  མཁྱེན་ནོ༴  །ཨེ་ཝྃ་ཆོས་ལྡན་དགའ་ཚལ།  །མུས་ཆེན་དཀོན་མཆོག་རྒྱལ་མཚན།  །སྙན་བརྒྱུད་གདམས་པའི་འབྱུང་གནས།  །ཁྱེད་དང་དབྱེར་མེད་མཛོད་ཅིག།  མཁྱེན་ནོ༴  །དཔལ་ལྡན་ས་སྐྱའི་གཞི་ཐོག།  བདག་ཆེན་རྡོ་རྗེ་འཆང་དབང་།  །བློ་གྲོས་རྒྱལ་མཚན་མཆོག་དེས།  །སྒོ་གསུམ་རྡོ་རྗེར་སྒྲུབས་མཛོད།  །མཁྱེན་ནོ༴  །ཁའུ་བྲག་རྫོང་གནས་མཆོག།  དཔལ་ལྡན་སྟོབས་ཀྱི་མགོན་པོ།  །ཀུན་བཟང་ཆོས་ཀྱི་ཉི་མས།  །རྡོ་རྗེའི་ཡེ་ཤེས་འབེབས་མཛོད།  །མཁྱེན་ནོ༴  །གྲོང་ཆེན་ཆོས་འཁོར་ཡང་རྩེར།  །ཕ་རྒོད་ཚར་པ་ཆོས་རྗེ།  །སྙན་བརྒྱུད་བསྟན་པའི་སྲོག་ཤིང་།  །ཁྱེད་ཀྱིས་བྱིན་གྱིས་རློབས་ཤིག།  མཁྱེན་ནོ༴  །ཕྱོགས་བྲལ་རྒྱལ་ཁམས་ཡངས་པར།  །འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག།  ཕྲིན་ལས་ནམ་མཁའི་མཐར་ཁྱབ།  །ཉིད་དང་དབྱེར་མེད་མཛོད་ཅིག།  མཁྱེན་ནོ༴  །མཁས་གྲུབ་འདུ་བའི་ཚལ་དུ།  །མཁན་ཆེན་བསླབ་གསུམ་རྒྱལ་མཚན།  །གསུང་ངག་ཆོས་སྒྲ་སྒྲོགས་བཞིན།  །བདག་རྟོག་མུན་པ་སེལ་མཛོད།  །མཁྱེན་ནོ༴  །འཆི་མེད་རྡོ་རྗེའི་གུར་དུ།  །ཁྱབ་བདག་དབང་ཕྱུག་རབ་བརྟན།  །གཞོམ་མེད་རྡོ་རྗེའི་སྐུ་གྲུབ།  །འཆི་མེད་ཚེ་དབང་སྩོལ་ཅིག།  མཁྱེན་ནོ༴  །ཐུབ་གསུང་ནོར་བུའི་སྒྲོམ་ཆེན།  །རང་དབང་བསྒྱུར་བའི་བདག་པོ།  །མགོན་པོ་བསོད་ནམས་མཆོག་ལྡན།  །ལུང་རྟོགས་ཡོན་ཏན་རྒྱས་མཛོད།  །མཁྱེན་ནོ༴  །ཞྭ་ལུ་གསེར་ཁང་ཁྲ་མོར།  །རྒྱུད་སྡེ་རྒྱ་མཚོའི་མངའ་བདག།  རིན་ཆེན་བསོད་ནམས་མཆོག་གྲུབ།  །དབང་བསྐུར་བྱིན་གྱིས་རློབས་ཤིག།  མཁྱེན་ནོ༴  །རྒྱུན་གྱི་དབང་པོའི་ཆོས་གྲྭར།  །སྙན་བརྒྱུད་གདམས་པ་སྤེལ་མཁས།  །བྱམས་པ་ངག་དབང་ལྷུན་གྲུབ།  །ཕྲིན་ལས་འབད་མེད་འགྲུབ་མཛོད།  །མཁྱེན་ནོ༴  །དག་པའི་སྣང་བ་འབྱམས་ཀླས།  །བརྩེ་ཆེན་བསྟན་པའི་གསལ་བྱེད།  །ངག་དབང་ཀུན་དགའ་ལྷུན་གྲུབ།  །བདག་ལ་དབང་བཞི་བསྐུར་ཞིག།  མཁྱེན་ནོ༴  །བཀྲ་ཤིས་ཆོས་ཀྱི་གཞལ་མེད།  །ཀུན་དགའ་ལེགས་པའི་འབྱུང་གནས།  །གསང་ཆེན་ཆོས་རྔ་སྒྲོགས་པས།  །མ་རིག་འཐིབ་པོ་བསལ་མཛོད།  །མཁྱེན་ནོ༴  །ཁམས་གསུམ་ཟིལ་གནོན་ཁྲི་ལ།  །ངག་དབང་ཀུན་དགའ་བློ་གྲོས།  །མཁྱེན་རྟོགས་ཡོན་ཏན་བསམ་ཡས།  །དགོངས་པའི་བྱིན་རླབས་སྩོལ་མཛོད།  །མཁྱེན་ནོ༴  །གང་འདུལ་སྤྲུལ་པའི་ཞིང་ཁམས།  །གསང་ཆེན་བསྟན་པའི་ཉིན་བྱེད།  །ཐར་རྩེ་ནམ་མཁའ་འཆི་མེད།  །བདག་ལ་བྱིན་གྱིས་རློབས་ཤིག།  མཁྱེན་ནོ༴  །ཁམས་དབུས་གྲུབ་པའི་སྨན་ལྗོངས།  །བྱམས་པ་ཀུན་དགའ་བསྟན་འཛིན།  །རིས་བྲལ་མཁས་གྲུབ་དབུས་ནས།  །རྡོ་རྗེའི་བྱིན་ཆེན་ཕོབས་ཤིག།  མཁྱེན་ནོ༴  །ཨེ་ཝྃ་ཐར་པའི་ཡང་རྩེར།  །གྲུབ་པའི་དཔལ་ལ་དབང་འབྱོར།  །རྣལ་འབྱོར་འཇམ་དཔལ་བཟང་པོས།  །སྐུ་བཞིའི་ས་བོན་ཐོབས་མཛོད།  །མཁྱེན་ནོ༴  །རྣམ་གྲོལ་འཆི་མེད་དགའ་ཚལ།  །སྡེ་སྣོད་གསུམ་གྱི་བང་མཛོད།  །ཀུན་དགའ་བསྟན་པའི་རྒྱལ་མཚན།  །མཁྱེན་རབ་དངོས་གྲུབ་སྩོལ་ཅིག།  མཁྱེན་ནོ༴  །སྙིང་རྗེའི་སྤྲིན་དཀར་དབུས་ན།  །བྱང་ཆུབ་སེམས་དཔའི་ཁྱུ་མཆོག།  འཇམ་དབྱངས་རིན་ཆེན་རྡོ་རྗེས།  །གཞན་ཕན་མཐའ་ཡས་མཛོད་ཅིག།  མཁྱེན་ནོ༴  །རྒྱ་ནག་རི་བོ་རྩེ་ལྔར།  །བཀའ་བབས་བདུན་གྱི་མངའ་བདག།  འཇམ་དབྱངས་མཁྱེན་བརྩེའི་དབང་པོས།  །ཡེ་ཤེས་རིག་རྩལ་སྦར་མཛོད།  །མཁྱེན་ནོ༴  །ལྕང་ལོ་ཅན་གྱི་ཞིང་ན།  །དཔལ་ཆེན་གསང་བའི་བདག་པོ།  །འཇམ་དབྱངས་བློ་གཏེར་དབང་པོས།  །སྒོ་གསུམ་བྱིན་གྱིས་བརླབ་མཛོད།  །མཁྱེན་ནོ༴  །ནུབ་ཕྱོགས་བདེ་ཆེན་ཞིང་ནས།  །མཁས་གྲུབ་རྒྱ་མཚོའི་སྤྱི་རྗེ།  །འཇམ་མགོན་ངག་དབང་ལེགས་པས།  །དལ་བཞིའི་སྨིན་གྲོལ་མཛོད་ཅིག།  མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ།  །སྤྱི་གཙུག་ཉི་ཟླའི་སྟེང་ན།  །དྲིན་ཆེན་རྩ་བའི་བླ་མ།  །རིགས་བརྒྱའི་བདག་པོས་གཟིགས་ཤིག།  སྐད་ཅིག་མི་འབྲལ་བྱིན་རློབས།  །མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ།  །བདག་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས།  །དམ་ཆོས་ལམ་དུ་ལོངས་པར་བྱིན་གྱིས་རློབས།  །ལམ་གྱི་འཁྲུལ་པ་ཞི་བར་བྱིན་གྱིས་རློབས།  །འཁྲུལ་སྣང་དབྱིངས་སུ་གྲོལ་བར་བྱིན་གྱིས་རློབས།  །རྐྱེན་ངན་བར་ཆད་ཞི་བར་བྱིན་གྱིས་རློབས།  །སྡོམ་དང་དམ་ཚིག་གཙང་བར་བྱིན་གྱིས་རློབས།  །རིམ་གཉིས་རྟོགས་པ་སྐྱེ་བར་བྱིན་གྱིས་རློབས།  །སྐུ་བཞིའི་གོ་འཕང་ཐོབ་པར་བྱིན་གྱིས་རློབས།  །མཁྱེན་ནོ་མཁྱེན་ནོ་དྲིན་ཅན་རྩ་བའི་བླ་མ་ཁྱེད་རང་མཁྱེན་ནོ།།  །།ཞེས་གསོལ་བ་བཏབ་པར་བྱའོ།  །ཞེས་པའང་ཨ་མདོ་བླ་མ་ངག་དབང་དཔལ་འབྱོར་ནས་གསུང་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག།  སརྦ་མངྒ་ལཾ།།  །། ༈ ཕ་བླ་མ་རྗེ་ལ་གུས་པས་འདུད།  །བུ་ཉོན་དང་རིགས་ལྡན་ཡེ་ཤེས་སྒྲོན།  །ངག་ཏུ་འཚོགས་གྲལ་ལྟ་བུར་འདོན་ཚེ་འདི་ནས་མགོ་བཟུང་ན་ལེགས།  འཁོར་འདས་སྟོང་ཆེན་གྱི་ཀོང་བུ་རུ།  །ཀ་དག་ཡེ་ཤེས་ཀྱི་མར་མེ་སྦར།  །ཆོས་ཉིད་རང་གསལ་གྱི་མཆོད་པ་འབུལ།  །ཡེ་ཤེས་སྐུ་ལྔ་ཡི་དངོས་གྲུབ་སྩོལ།  །རིག་པ་ཀ་དག་གི་ཀོང་བུ་རུ།  །ལྷུན་གྲུབ་འོད་གསལ་གྱི་མར་མེ་སྦར།  །བྱ་རྩོལ་བློ་བྲལ་གྱི་མཆོད་པ་འབུལ།  །སྣང་བཞི་མཐར་ཕྱིན་གྱི་དངོས་གྲུབ་སྩོལ།  །སྣང་བ་འོད་གསལ་གྱི་ཀོང་བུ་རུ།  །སྐུ་དང་ཡེ་ཤེས་ཀྱི་མར་མེ་སྦར།  །ཀ་དག་གཏིང་གསལ་གྱི་མཆོད་པ་འབུལ།  །ཆོས་ཟད་ཆེན་པོ་ཡི་དངོས་གྲུབ་སྩོལ།  །ཆོས་ཟད་བློ་འདས་ཀྱི་ཀོང་བུ་རུ།  །སྐུ་གསུམ་དབྱེར་མེད་ཀྱི་མར་མེ་སྦར།  །འཁོར་བ་དོང་སྤྲུགས་ཀྱི་མཆོད་པ་འབུལ།  །གཞན་དོན་མཐར་ཕྱིན་གྱི་དངོས་གྲུབ་སྩོལ།  །གྲགས་སྟོང་རྡོ་རྗེའི་ཐོལ་གླུ།  །གང་ཤར་ཤུགས་འབྱུང་བརྗོད་འདིས།  །གཉིས་སྣང་འཁྲུལ་པའི་སེམས་ཅན།  །གཉིས་མེད་ཀློང་དུ་གྱུར་ཅིག།  བདེ་ཆེན་པདྨ་ཤེལ་ཕུག།  འོད་གསལ་ཆེན་པོའི་ཁང་པར།  །ཡེ་ཤེས་རིག་པའི་ཁྱེའུ་ཆུང་།  །ཉམས་ཀྱི་སྣང་བ་འབར་བས།  །རྡོ་རྗེའི་གླུ་འདི་སྒྲོགས་སོ།  །དགེའོ།།  །། ༈ ན་མོ་གུ་རུ།  སེམས་ཉིད་ཀ་དག་ཀུན་བཟང་ཆོས་སྐུའི་ཀློང་།  །གདོད་ནས་འདུ་འབྲལ་མེད་པར་གསོལ་བ་འདེབས།  །གཞི་རྫོགས་འཕོ་འགྱུར་བྲལ་བའི་དོན་རྟོགས་ཏེ།  །ཡེ་གྲོལ་མངོན་དུ་འགྱུར་བར་བྱིན་གྱིས་རློབས།  །རང་བཞིན་གསལ་གདངས་འགགས་མེད་ལོངས་སྐུའི་གཤིས།  །ཡེ་རྫོགས་ལྷུན་གྲུབ་ཆེན་པོར་གསོལ་བ་འདེབས།  །དུས་གསུམ་རྒྱུན་ཆད་མེད་པའི་འོད་གསལ་གྱི།  །དགོངས་པ་ཚད་ལ་ཕེབས་པར་བྱིན་གྱིས་རློབས།  །རིག་གདངས་ཐུགས་རྗེའི་རིག་རྩལ་སྤྲུལ་པའི་སྐུ།  །ཅིར་སྣང་ཤར་གྲོལ་ཆེན་པོར་གསོལ་བ་འདེབས།  །འཁོར་འདས་རང་སར་གྲོལ་བའི་གདིང་ཐོབ་སྟེ།  །སྤྲུལ་སྐུའི་དགོངས་པ་ཇི་བཞིན་མངོན་འགྱུར་ཤོག།  །ཅེས་པའང་བཙུན་ཞབས་སྦྱིན་པ་ནས་བཀྲ་ཤིས་པའི་ལྷ་རྫས་རིན་གཉིས་ཀྱི་རྟེན་བཅས་གསུང་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སོ།།  །། ༈ རྗེ་བླ་མ་རྣམས་ལ་གསོལ་བ་འདེབས།  །སྒོས་རྩ་བའི་བླ་མས་བྱིན་གྱིས་རློབས།  །ཕས་མི་མངོན་དབྱིངས་ནས་ཐུགས་རྗེས་གཟིགས།  །བུ་འཁོར་བའི་མཚོ་ལས་དྲངས་ཏུ་གསོལ།  །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས།  །འཁོར་བའི་ཉེས་དམིགས་མཐོང་བར༴  །རྒྱུ་འབྲས་བླངས་དོར་བྱེད་པ༴  །དལ་འབྱོར་དོན་ཡོད་བྱེད་པར༴  །ཡིད་ཆེས་དད་པ་སྐྱེ་བར༴  །སྐྱབས་གསུམ་རང་ངོ་ཤེས་པ༴  །བྱང་ཆུབ་སེམས་གཉིས་འབྱོངས་པར༴  །མོས་གུས་རྩ་བ་ཚུགས་པར༴  །དམ་ཚིག་རྣམ་པར་དག་པར༴  །བླ་མ་སངས་རྒྱས་མཐོང་བར༴  །ཅིར་སྣང་བླ་མར་འཆར་བར༴  །སྣང་བ་སེམས་སུ་རྟོགས་པར༴  །སེམས་ཉིད་སྒྱུ་མར་རྟོགས་པར༴  །རང་བཞིན་མེད་པར་རྟོགས་པར༴  །སྟོང་ཉིད་བརྗོད་བྲལ་རྟོགས་པར༴  །རང་སེམས་ལྷ་སྐུར་འཆར་བར༴  །སྒྲ་གྲགས་སྔགས་སུ་ཤེས་པར༴  །རིག་སྟོང་ཆོས་སྐུར་ཤེས་པར༴  །གཟུང་འཛིན་རྟོག་པ་ཟད་པར༴  །མཚན་མ་རང་སར་གྲོལ་བར༴  །རླུང་སེམས་དབུ་མར་ཐིམ་པར༴  །སྐུ་བཞི་མངོན་དུ་འགྱུར་བར་བྱིན་གྱིས་རློབས།  །ཅེས་གསོལ་བ་འདེབས་པར་བྱའོ།  །ཅེས་པའང་འཇམ་དབྱངས་ཆོས་འཕེལ་ནས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་སོ།།  །། ༈ འོད་གསལ་རྫོགས་པ་ཆེན་པོའི་བསྟན་པའི་སྲོལ་འབྱེད་ཆེན་པོ་རྣམས་རྗེས་སུ་དྲན་པའི་གླུ་གཉུག་མའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།  ཨེ་མ་ཧོ།  ཡེ་གྲོལ་དང་པོའི་སང༵ས་རྒྱས༵་ཀུན༵་ཏུ་བཟ༵ང་།  །མཁའ་ལྟར་ཁྱབ་ཅིང་ཐིག་ལེ་ཉག་གཅིག་སྐུ།  །མཚན་མ་ཀུན་བྲལ་བྱང་ཆུབ་སེམས་རྒྱལ་པོ།  །དེ་ལ་རང་རིག་ལྟ་བའི་ཕྱག་གིས་འདུད།  །སྲིད་ཞི་ཀུན་བདག་བདེ་སྟོང་རྡོ་རྗེའི་སྐུ།  །ཡེ་ཤེས་ལྷུན་རྫོགས་དཀྱིལ་འཁོར་ཀུན་གྱི་གཙོ།  །བརྟན་གཡོའི་སྤྲོ་བསྡུ་ཀུན་སྣང་སྒྱུ་མའི་གར།  །དཔལ་ལྡན་རྡོ༵་རྗེ༵་སེམ༵ས་དཔ༵འ་སྙིང་ནས་དྲན།  །གང་གི་ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ལས།  །ཐེག་མཆོག་སྟོན་པ་གསང་བདག་དག༵འ་ར༵བ་ཞབས།  །དགྱེས་པ་རྡོ༵་རྗེ༵་རིག་འཛིན་ཡོངས་ཀྱི་རྗེ།  །སྙིང་དབུས་མི་ཤིག་ཐིག་ལེར་འབྲལ་མེད་བཞུགས།  །རྒྱལ་ཀུན་མཁྱེན་རབ་ཕུང་པོ་མཐའ་ཀླས་པ།  །གཅིག་ཏུ་བསྡུས་པ་མགོན་པོ་འཇ༵མ་པའི་དཔ༵ལ།  །འོད་གསལ་སྙིང་པོའི་བསྟན་པའི་བཤེས༵་གཉེན༵་དེ།  །རིག་སྟོང་ཟུང་འཇུག་ཀློང་དུ་དགྱེས་པར་བཞུགས།  །རང་བཞིན་འོད་གསལ་ཀ་དག་སྟོང་ཆེན་དབྱིངས།  །གདོད་ནས་ལྷུན་གྲུབ་ཡོན་ཏན་མངོན་གྱུར་པ།  །མཁས་པའི་ཚོགས་རྗེ་རིག་འཛིན་གྲུབ་པའི་གཙོ།  །དཔ༵ལ་གྱི༵་སེ༵ངྒེ་ཡ༵ང་ཡང་རྗེས་སུ་དྲན།  །བདེ་བའི་བདག་ཉིད་བདེ་མཆོག་སྒྱུ་མའི་གར།  །ཆགས་མེད་སོར་རྟོགས་རྒྱལ་ཀུན་གསུང་རྡོ་རྗེ།  །རྩ་གསུམ་འདུས་ཞལ་མཚོ༵་སྐྱེས༵་རྡོ༵་རྗེ༵་འཆ༵ང་།  །འོད་གསལ་དབུ་མའི་ཁང་བཟང་ཉམས་དགར་བཞུགས།  །ཐེག་པའི་རྩེ་རྒྱལ་གསང་མཆོག་རྡོ་རྗེའི་མཛོད།  །འཁོར་འདས་ཆོས་ཀུན་མ་བཙལ་ཡེ་ནས་རྫོགས།  །རང་བྱུང་ཡེ་ཤེས་དྭངས་མ་ཕྱག་རྒྱའི་གཟུགས།  །བི༵་མ༵་མི༵་ཏྲ༵་རང་གི་རིག་སྐུར་སྨིན།  །རང་གནས་སྐུ་གསུམ་དགོངས་པའི་རྩལ་ཆེན་རྫོགས།  །རླུང་སེམས་བག་ཆགས་ཆོས་ཉིད་དབྱིངས་སུ་ཟད།  །ཟག་བཅས་འབྱུང་བ་རང་དེངས་འཕོ་ཆེན་སྐུ།  །སེང༵་ཧ༵་ཤྭ༵་ར༵་འབྲལ་མེད་སྙིང་དབུས་རོལ།  །ཤེས་བྱ་རབ་འབྱམས་རྒྱ་མཚོའི་དྭངས་པའི་ངོགས།  །ཡེ་ཤེས་ཐུགས་རྗེའི་ཉི་མ་རྟག་འཆར་བས།  །འགྲོ་བློའི་མུན་སེལ་ཡོངས་རྫོགས་བསྟན་པའི་མགོན།  །ཀུན༵་མཁྱེན༵་བླ༵་མ༵་སྤྱི་བོའི་གཙུག་ན་མཆོད།  །བརྒྱུད་གསུམ་རིག་འཛིན་ཡོངས་ཀྱི་བཀའ་བགྲོས་ཤིང་།  །གསང་གསུམ་བྱིན་རླབས་གཅིག་ཏུ་བསྡུས་པ་ལས།  །འཇི༵གས་བྲལ་གླིང༵་པ་ར༵ང་བྱུང༵་རྡོ༵་རྗེ༵འི་སྐུ།  །པདྨ་དབང་ཆེན་དགྱེས་ཞལ་ཡིད་མཁར་བཀོད།  །རབ་འབྱམས་ལྷག་པའི་ལྷ་ཡི་གསང་མཛོད་བྱིན།  །རྒྱལ་བ་ཀུན་དང་དགོངས་པ་དབྱེར་མི་ཕྱེད།  །སྐུ་དང་ཞིང་ཁམས་རྡུལ་སྙེད་ལོངས་སྤྱོད་བདག།  འོ༵ད་གས༵ལ་སྤྲུལ༵་པའི༵་རྡོ༵་རྗེ༵འི་ཞབས་པད་བསྙེན།  །ཀུན་ཏུ་བཟང་པོ་རང་ལ་བཞུགས་པ་དེ།  །བྱིན་རླབས་དགོངས་པའི་རྩལ་ཆེན་ངོ་སྤྲོད་པ།  །སྙིང་དབུས་དད་པའི་པད་དཀར་བཞད་པའི་རྩེར།  །རྟག་ཏུ་འབྲལ་མེད་སྐུ་གསུམ་རང་ཞལ་མཇལ།  །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས།  །རིག་འཛིན་བརྒྱུད་པའི་ཚོགས་ཀྱི་བྱིན་གྱིས་རློབས།  །དེ་བཞིན་གཤེགས་པ་ཀུན་གྱི་གསང་བའི་མཛོད།  །འོད་གསལ་སེམས་ཀྱི་རྡོ་རྗེའི་གནས་ལུགས་དེ།  །སྤྲིན་མེད་མཁའ་ལ་ཉི་ཟླ་འཆར་བ་བཞིན།  །མ་ནོར་མངོན་སུམ་བདེན་པའི་དོན་རྟོགས་ཤིང་།  །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།  །དོན་གཉིས་ལྷུན་གྲུབ་གོ་འཕང་མཆོག་ཐོབ་ཤོག།  །ཅེས་པའང་བླ་མའི་རྣལ་འབྱོར་ལ་བརྩོན་སྐབས་དད་མོས་ཀྱི་མཚམས་སྦྱར་ཏེ་ལག་མ་བཟུང་བར་སྣག་ཤོག་དྲོན་པའི་ངལ་བ་ལྷུར་བླངས་པའི་རྨོངས་བརྩམ་ཚིགས་སུ་བཅད་པའི་ཕྲེང་བ་འདིས་ཀྱང་རིག་འཛིན་བརྒྱུད་པའི་བྱིན་བརླབས་སྙིང་ལ་འཇུག་པར་གྱུར་ཅིག།  །  ༈  ཨ་ཧོ་ཡེ།  རང་བྱུང་འོད་ལྔ་འཁྲིགས་པའི་གུར་ཁྱིམ་གྱི་ཀློང་ན།  །ཐེག་མཆོག་སྟོན་པ་དགའ་རབ་དཔའ་བོ་དེ་དྲན་བྱུང་།  །རྡོ་རྗེ་སེམས་དཔའ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར།  །མངོན་སུམ་འོད་སྐུར་གཤེགས་པའི་རྫོགས་ཆེན་གྱི་ཤིང་རྟར།  །གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རང་རློབས་ཤིག།  ཇི་ལྟ་ཇི་སྙེད་ཆོས་ཀུན་ས་ལེར་ནི་གཟིགས་པའི།  །གླེགས་བམ་དབང་ཐོབ་འཇམ་དཔལ་གཤེས་གཉེན་དེ་དྲན་བྱུང་།  །ཆོས་ཀུན་རང་གྲོལ་སྣང་བཞིའི་ཕ་མཐའ་རུ་ཕྱིན་ནས།  །འབྱུང་བའི་ལུས་ཟད་འཇའ་ལུས་སྐུ་མཆོག་ནི་བརྙེས་པར།  །གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རང་རློབས་ཤིག།  གནས་ཡུལ་དུར་ཁྲོད་ཀུན་ཏུ་བརྟུལ་ཞུགས་ཀྱིས་རྒྱུ་ཞིང་།  །རིག་རྩལ་དབང་ཐོབ་ཤྲཱི་སིང་ཧ་དེ་དྲན་བྱུང་།  །འཁོར་འདས་གཉིས་ཆོས་ཐམས་ཅད་གཞི་གྲོལ་དུ་བསྐྱལ་བར།  །གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རང་རློབས༴  །བྷ་སེང་ཞེས་བྱའི་དུར་ཁྲོད་ཆེན་པོ་ཡི་ཚལ་ནས།  །མཁས་པ་ཆེན་པོ་ཛྙཱ་ན་སུ་ཏྲ་དེ༴  །ཡང་གསང་བླ་ན་མེད་པའི་མན་ངག་གི་གནད་རྫོང་།  །ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་དགོངས་པ་ལས་མི་གཡོ།  །གསོལ་བ་སྙིང་ནས་འདེབས་སོ༴  །ཤར་ཕྱོགས་དྭངས་བསིལ་རི་བོ་ལྔ་ལྡན་གྱི་རྩེ་ནས།  །ཕྱག་རྒྱའི་དབང་ཐོབ་དྲི་མེད་བཤེས་གཉེན་དེ༴  །འོད་གསལ་ལྷུན་གྲུབ་ཆེན་པོའི་གསང་ལམ་དེ་མཐར་ཕྱིན།  །འཇའ་ལུས་འཕོ་ཆེན་རྡོ་རྗེའི་སྐུ་རུ་ནི་བཞུགས་པར།  །གསོལ་བ་སྙིང་ནས་འདེབས་སོ༴  །སྐུ་གསུམ་དག་པའི་ཞིང་མཆོག་དཔལ་རི་ཡི་གཞལ་ཡས།  །རྩ་གསུམ་འདུས་ཞལ་པདྨ་འབྱུང་གནས་དེ་དྲན་བྱུང་།  །དཔའ་བོ་མཁའ་འགྲོ་སྤྲོ་བསྡུའི་ཆོ་འཕྲུལ་ནི་ཚད་མེད།  །ད་ལྟ་ཉིད་དུ་རྡོ་རྗེའི་བྱིན་ཆེན་ནི་ཕོབ་ཅིག།  །གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རང་རློབས་ཤིག།  བསམ་ཡས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཀྱི་དབུ་རྩེར།  །མངའ་བདག་ཚངས་པ་ལྷ་ཡི་མེ་ཏོག་དེ༴  །བོད་ཁམས་འདུལ་བའི་ཐུགས་བསྐྱེད་ཕྲིན་ལས་ནི་མཐའ་ཡས།  །བཀའ་དྲིན་མཉམ་མེད་འཇམ་དབྱངས་སྤྲུལ་པ་ཡི་རྒྱལ་པོར།  །གསོལ་བ་སྙིང་ནས་འདེབས་སོ༴  །འོ་ཡུག་ཕྱི་གོང་རྫ་ཡི་ར་བ་ཡི་གནས་སུ།  །འོད་གསལ་སྐུ་བརྙེས་སེངྒེའི་དབང་ཕྱུག༴  །ཚེ་འདིར་འོད་གསལ་འཇའ་ལུས་རྡོ་རྗེ་ཡི་སྐུ་བརྙེས།  །མངོན་སུམ་མན་ངག་གནད་སྟོན་ཞལ་ཆེམ་དུ་འཇོག་པར།  །གསོལ་བ་སྙིང་ནས་འདེབས་སོ༴  །ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་དུ་སོན་པའི།  །ཀུན་མཁྱེན་བླ་མ་དྲི་མེད་འོད་ཟེར་དེ༴  །སྡེ་གསུམ་བསྟན་པའི་ཤིང་རྟ་རང་དབང་དུ་འདྲེན་ཞིང་།  །འོད་གསལ་ལྷུན་གྲུབ་ཆེན་པོའི་དགོངས་པ་ལས་མི་གཡོ།  །གསོལ་བ་སྙིང་ནས་འདེབས་སོ༴  །རྩོད་ལྡན་སྙིགས་མའི་སྐྱེ་འགྲོ་སྐྱོབས་པ་ཡི་དཔལ་མགོན།  །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ༴  །མཁྱེན་བརྩེའི་འོད་ཟེར་སྣང་བ་འབུམ་ཕྲག་ཏུ་བརྡལ་བས།  །ཐེག་མཆོག་བསྟན་པའི་པད་ཚལ་རྒྱས་མཛད་ཀྱི་མགོན་པོར།  །གསོལ་བ་སྙིང་ནས་འདེབས་སོ༴  །ཕྱོགས་བྲལ་འགྲོ་བ་འདུལ་བའི་སྨན་ལྗོངས་ནི་ཉམས་དགར།  །གྲུབ་པའི་གཙུག་རྒྱན་ཕྲིན་ལས་འོད་ཟེར༴  །བྱང་ཆུབ་སེམས་གཉིས་དགོངས་པའི་རྩལ་ཆེན་ནི་རྫོགས་ཤིང་།  །འཁོར་བ་དོང་ནས་སྤྲུག་པའི་དཔལ་མགོན་གྱི་བླ་མར།  །གསོལ་བ་སྙིང་ནས་འདེབས་སོ༴  །དག་པའི་ཞིང་མཆོག་རྔ་ཡབ་དཔལ་རི་ཡི་གནས་སུ།  །ཐུགས་བསྐྱེད་རྨད་བྱུང་རྒྱལ་བའི་མྱུ་གུ༴  །སྲིད་ལས་ངེས་འབྱུང་ཐེག་མཆོག་དམ་ཆོས་ཀྱི་གྲུ་ཆར།  །སྐལ་བཟང་ཡོངས་ལ་འབེབས་ཤིང་རྣམ་གྲོལ་དུ་འགོད་མཛད།  །གསོལ་བ་སྙིང་ནས་འདེབས་སོ༴  །ཨོ་རྒྱན་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་གྱི་སྟོན་པ།  །ཧེ་རུ་ཀ་དཔལ་ཡེ་ཤེས་རྡོ་རྗེ༴  །སྣང་སེམས་དབང་འདུས་གཞན་སྣང་ཟིལ་གནོན་གྱི་སྤྱོད་པས།  །མ་རུངས་གདུག་པ་འདུལ་ཞིང་ཟབ་གཏེར་ལ་དབང་བསྒྱུར།  །གསོལ་བ་སྙིང་ནས་འདེབས་སོ༴  །དྲི་མེད་བཤེས་གཉེན་སླར་ཡང་མངོན་སུམ་དུ་བྱོན་པ།  །གྲུབ་དབང་མི་འགྱུར་ནམ་མཁའི་རྡོ་རྗེ༴  །ཆོས་ཅན་གཟུང་འཛིན་འཁྲུལ་པའི་བྱ་བཞག་ནི་ཟད་ཅིང་།  །ནམ་མཁའི་རྣལ་འབྱོར་བྱར་མེད་རང་གྲོལ་གྱི་བླ་མར།  །གསོལ་བ་སྙིང་ནས་འདེབས་སོ༴  །དཔལ་གྱི་སེངྒེ་དགྱེས་པའི་ནགས་ཁྲོད་ནི་དམ་པར།  །གངས་ཅན་རྒྱན་གཅིག་གཞན་ཕན་མཐའ་ཡས༴  །འཆད་རྩོད་རྩོམ་ལ་དབང་འབྱོར་སྨྲ་བ་ཡི་དབང་ཕྱུག།  བསླབ་པ་གསུམ་གྱི་མངའ་བདག་དགྲ་བཅོམ་ནི་ཆེན་པོར།  །གསོལ་བ་སྙིང་ནས་འདེབས་སོ༴  །འཕགས་པ་དགྱེས་པའི་མང་ཐོས་གཞལ་མེད་ཀྱི་ཁང་ནས།  །མཁན་ཆེན་བླ་མ་པདྨ་བཛྲ༴  །མདོ་སྔགས་བཤད་དང་སྒྲུབ་པའི་བསྟན་པ་ནི་སྤེལ་ཏེ།  །པདྨ་ཀ་རའི་མཆོག་བསྟན་རྒྱས་མཛད་ཀྱི་ཆོས་རྗེར།  །གསོལ་བ་སྙིང་ནས་འདེབས་སོ༴  །གར་བཞུགས་དག་པ་རབ་འབྱམས་ཡེ་ཤེས་ཀྱི་ཀློང་ནས།  །པདྨ་འོད་གསལ་མདོ་སྔགས་གླིང་པ༴  །ངོ་མཚར་བཀའ་བབས་བདུན་གྱི་གསང་མཛོད་ལ་དབང་བསྒྱུར།  །འགྲན་ཟླ་ཀུན་བྲལ་ངོ་མཚར་མཛད་པ་ནི་འབྱམས་ཀླས།  །གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རང་རློབས་ཤིག།  །དཔལ་རི་པདྨ་འོད་ཀྱི་རིག་འཛིན་གྱི་ཚོགས་གྲལ།  །སྤྲུལ་པའི་གཏེར་ཆེན་མཆོག་གྱུར་གླིང་པ༴  །སྔར་མེད་ཟབ་གཏེར་གསང་བའི་སྒོ་འཕར་ནི་ཕྱེ་སྟེ།  །བསྟན་འགྲོའི་དོན་ཆེན་བྱིས་པའི་སྤྱོད་ཡུལ་ལས་འདས་པར།  །གསོལ་བ་སྙིང་ནས་འདེབས་སོ༴དཔའ་བོ་ཆེན་པོ་ཐོད་པའི་དུམ་བུ་ཡི་གྲོང་ནས།  །འཇམ་མགོན་བླ་མ་བློ་གྲོས་མཐའ་ཡས༴  །མཛོད་ཆེན་རྣམ་ལྔའི་སྔགས་ཀྱི་སྒོ་འཕར་ནི་ཕྱེས་སྟེ།  །དུས་ཀྱི་མཐར་ཡང་བསྟན་སྲོལ་ནུབ་མེད་ནི་འཛིན་པར།  །གསོལ་བ་སྙིང་ནས་འདེབས་སོ༴  །གཞན་ཕན་བྱང་ཆུབ་སྤྱོད་པའི་ཁང་བཟང་ནི་ཉམས་དགར།  །རྒྱལ་སྲས་འཇིགས་མེད་ཆོས་ཀྱི་དབང་པོ༴  །རྨད་བྱུང་བྱང་ཆུབ་སེམས་ལ་རང་དབང་ནི་འབྱོར་ནས།  །རྒྱུ་འབྲས་ཐེག་པ་རྒྱ་མཚོའི་བཤད་སྲོལ་ནི་རྒྱས་མཛད།  །གསོལ་བ་སྙིང་ནས་འདེབས་སོ༴  །མང་ཐོས་མཁས་པའི་ཆུ་གཏེར་ཆེན་པོ་ཡི་དབུས་ནས།  །སྨྲ་བའི་སེང་གེ་མི་ཕམ་རྒྱ་མཚོ༴  །གསུར་རབ་དམ་ཆོས་རྒྱ་མཚོར་ཆགས་ཐོགས་ནི་ཀུན་བྲལ།  །ཡང་དག་ལྟ་བ་རྒྱས་མཛད་སྨྲ་ངན་གྱི་ཀླད་འགེམས།  །གསོལ་བ་སྙིང་ནས་འདེབས་སོ༴  །ཤེས་བྱ་རབ་འབྱམས་གཟིགས་པའི་གུར་ཁང་གི་དབུས་ནས།  །དྲན་པས་གདུང་སེལ་བསྟན་པའི་ཉི་མ༴  །མཁས་དང་གྲུབ་པའི་རྣམ་ཐར་བཟང་དགུས་ནི་བརྒྱན་བཞིན།  །འཇམ་དབྱངས་མི་ཡི་གཟུགས་འཛིན་ཀུན་མཁྱེན་གྱི་ཆོས་རྗེར།  །གསོལ་བ་སྙིང་ནས་འདེབས་སོ༴  །སྙིང་དབུས་པད་དཀར་བཞད་པའི་ཟེའུ་འབྲུ་ཡི་དབུས་ནས།  །འོད་གསལ་སྒྱུ་མ་སྣ་ཚོགས་རང་གྲོལ༴  །ཆོས་ཀུན་ཟད་སར་འཁྱོལ་བའི་བཙན་ས་ནི་བཟུང་ནས།  །འགྲོ་བ་འདུལ་ལ་རིག་འཛིན་དཔའ་བོ་ནི་རྡོ་རྗེར།  །གསོལ་བ་སྙིང་ནས་འདེབས་སོ༴  །སྤྱི་གཙུག་འདབ་སྟོང་རྒྱས་པའི་བསིལ་ཟེར་གྱི་སྟེང་ནས།  །འཁོར་ལོའི་མགོན་པོ་པདྨ་བི་ཛ༴  །གདོད་ནས་མངོན་བྱང་ཆུབ་ཀྱང་ཐ་མལ་གྱི་གཟུགས་ཀྱིས།  །དབང་བསྐུར་གདམས་ངག་སྟོན་མཁས་དྲིན་ཆེན་གྱི་བླ་མར།  །གསོལ་བ་སྙིང་ནས་འདེབས་སོ༴  །ཙིཏྟའི་དྭངས་མ་མི་ཤིགས་ཐིག་ལེ་ཡི་ཀློང་ནས།  །བཀའ་དྲིན་འཁོར་མེད་ཆོས་ཀྱི་རྒྱ་མཚོ་དེ་དྲན་བྱུང་།  །བསྟན་འགྲོར་སྨན་པའི་མཛད་འཕྲིན་ཆོ་འཕྲུལ་ནི་བསམ་ཡས།  །ཉེས་ལས་ལྡོག་ཅིང་ལེགས་པའི་ལམ་སྟོན་གྱི་འདྲེན་པར།  །གསོལ་བ་སྙིང་ནས་འདེབས་སོ༴  །འོག་མིན་བླ་མ་བཞུགས་པའི་སྒྲུབ་ཁང་གི་ཡང་རྩེར།  །འཕྲིན་ལས་འགྲོ་འདུལ་སྤྲུལ་པའི་སྐུ་མཆོག་དེ་དྲན་བྱུང་།  །དད་དང་དམ་ཚིག་འགྱུར་བ་མེད་པ་ཡི་ངང་ནས།  །སྐྱབས་གནས་གཅིག་ཆོག་རིགས་ཀུན་འདུས་པ་ཡི་བདག་ཉིད།  །གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རང་རློབས་ཤིག།  དེ་ལྟར་བརྒྱུད་གསུམ་བླ་མ་རིག་འཛིན་གྱི་ཚོགས་ལ།  །བུ་ཡིས་གསོལ་བ་སྙིང་གི་དཀྱིལ་ནས་རང་འདེབས་ན།  །མ་ཡིས་བུ་ལ་བརྩེ་ལྟར་ཐུགས་རྗེ་ཡིས་གཟིགས་ཤིག།  འདི་ཕྱི་བར་དོ་ཀུན་ཏུ་ཁྱེད་ལ་ནི་རེའོ།  །དད་མོས་གདུང་ཤུགས་དྲག་པོས་སྒོ་གསུམ་ནི་འབུལ་ལོ།  །བྱམས་དང་བརྩེ་བའི་ཐག་པས་འཁོར་བ་ཡི་འོབས་ལས།  །ད་ལྟ་ཉིད་དུ་དྲོངས་ཤིག་བླ་མ་ཁྱེད་མཁྱེན་ནོ།  །གསང་གསུམ་བྱིན་རླབས་རྩོལ་ཅིག་བླ་མ་རྗེ་མཁྱེན་ནོ།  །ཐུགས་རྒྱུད་དགོངས་པ་འཕོས་ཤིག་བླ་མ་ཁྱེད་མཁྱེན་ནོ།  །བླ་མ་ཁྱེད་དང་མཉམ་པར་བྱིན་གྱིས་རང་རློབས་ཤིག།  འབྲེལ་ཚད་ཐར་ལམ་འདྲེན་པར་བྱིན་གྱིས་ནི་རློབས་ཤིག།  འཁོར་བ་དོང་ནས་སྤྲུག་པའི་སྨོན་ལམ་ཞིག་ཞུའོ།  །ཅེས་པའང་རང་སློབ་བློ་གྲོས་དབང་ཕྱུག་ནས་བསྐུལ་བ་དང་།  རང་གིས་ཀྱང་དད་པའི་གསོས་སུ་མེ་བྱི་ས་ཟླའི་ཚེས་༡༥ལ་བླ་མའི་གདན་ས་བཀྲ་ཤིས་ལྷ་རྩེའི་གཟིམ་བསྐྱིལ་དུ་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་བྱིན་རླབས་འཇུག་པའི་རྒྱུར་གྱུར་ཅིག།  །  ༈ བླ་མ་ས་སྐྱ་པར་གདུང་དབྱངས་མོས་གུས་ཀྱི་གཟེར་འདེབས་ཅེས་བྱ་བ།  ཨོཾ་སྭསྟི།  སྲིད་དང་ཞི་བའི་འདྲེན་པ།  །མཁས་གྲུབ་ཀུན་གྱི་གཙུག་རྒྱན།  །ཁྱབ་བདག་རྡོ་རྗེ་འཆང་དབང་།  །ས་ཆེན་ཀུན་དགའི་སྙིང་པོ།  །བྱང་སེམས་སྦྱིན་པ་དཔལ་ཞེས།  །འཕགས་མཆོག་སྤྱན་རས་གཟིགས་དངོས།  །བརྩེ་ཆེན་ལག་ན་པདྨོ།  །མཁྱེན་རབ་རྒྱ་མཚོ་ཆེ་བཞིན།  །འཇམ་པའི་དཔལ་དང་དབྱེར་མེད།  །ངེས་དོན་སྨྲ་བའི་སེངྒེ།  །ཆགས་ཐོགས་སྒྲིབ་པ་ཀུན་གྲོལ།  །རླུང་སེམས་དྷུ་ཏིར་ཚུད་ཅིང་།  །འཕོ་མེད་དབྱིངས་སུ་དག་པ།  །རྣལ་འབྱོར་དབང་ཕྱུག་ཆེན་པོ།  །བིཪྺ་པ་དང་གཉིས་མེད།  །རྡོ་རྗེ་ཐེག་པའི་གསང་མཛོད།  །ཟབ་རྒྱས་ནོར་བུའི་གཏེར་འཆང་།  །སྐལ་ལྡན་གྲུབ་མཆོག་སར་འགོད།  །གསང་འཛིན་ལག་ན་རྡོ་རྗེ།  །སྐུ་གཅིག་དུ་མར་བསྒྱུར་ནས།  །དུས་གཅིག་ཉིད་ལ་འགྲོ་དོན།  །བསམ་མི་ཁྱབ་པར་མཛད་པའི།  །ངོ་མཚར་ཆོ་འཕྲུལ་འབྱམས་ཀླས།  །རིགས་གསུམ་སེམས་དཔའི་སྤྲུལ་པ།  །འཁོན་གདུང་དྲི་མ་མེད་པ།  །ཟླ་བྲལ་ཀུན་གྱི་སྤྱི་མེས།  །འཇམ་མགོན་ཐུགས་རྗེའི་གཏེར་ཆེན།  །བླ་མ་ས་སྐྱ་པ་ལ།  །གསོལ་བ་སྙིང་ནས་འདེབས་སོ།  །རྟག་ཏུ་ཐུགས་རྗེས་གཟིགས་ནས།  །གསང་གསུམ་བྱིན་བརླབས་སྩོལ་ཅིག།  བདག་དང་བདག་ལ་འབྲེལ་ཐོབ།  །བདེ་ཆེན་ཞིང་དུ་དྲོངས་ཤིག།  རིགས་དྲུག་འཁོར་བའི་སེམས་ཅན།  །སྡུག་བསྔལ་མཚོ་ལས་སྒྲོལ་ཅིག།  བསྟན་དང་བསྟན་འཛིན་དར་རྒྱས།  །བསྟན་ལ་གནོད་རྣམས་མིང་མེད།  །ཁྱོད་ཀྱིས་མཐུ་ཡིས་བཅོམ་ནས།  །འཇིག་རྟེན་བདེ་སྐྱིད་ཕུན་ཚོགས།  །ཉི་ཟླ་བཞིན་དུ་རྒྱས་པར།  །མགོན་པོས་བྱིན་གྱིས་བརླབ་མཛོད།  །ཅེས་པ་འང་ཆོས་ཀྱི་བློ་གྲོས་པས་ཟླ་༩ཚེས་༡༥ལའོ།།  །། ༈ ཀུན་མཁྱེན་ཆེན་པོར་གསོལ་འདེབས་རྒྱང་འབོད་བཞུགས་སོ།  །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་ཁྱེད་མཁྱེན་ནོ།  །རྒྱལ་ཀུན་ཡེ་ཤེས་སྒྱུ་མའི་རང་གཟུགས།  །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག།  ཀུན་མཁྱེན་དྲི་མེད་འོད་ཟེར་མཁྱེན་ནོ།  །ད་ལྟ་ཉིད་དུ་ཐུགས་རྗེས་གཟིགས་ཤིག།  །གདན་གསུམ་ཚང་བའི་སྐུ་ཡི་དཀྱིལ་འཁོར།  །གྲགས་སྟོང་ཚངས་དབྱངས་དྲུག་ཅུའི་གསུང་ལྡན།  །ཟབ་ཞི་སྤྲོས་བྲལ་འོད་གསལ་སྙིང་པོ།  །སྐུ་གསུམ་དབྱེར་མེད་ཀློང་ཆེན་རབ་འབྱམས།  །མི་མངོན་དབྱིངས་ནས་འབྲལ་མེད་གཟིགས་ཤིག།  སྤྱི་གཙུག་བདེ་ཆེན་འཁོར་ལོའི་རྒྱན་དང་།  །སྙིང་དབུས་འོད་ཀྱི་གུར་ཁང་ནང་དུ།  །འབྲལ་བ་མེད་པར་རྟག་པར་བཞུགས་ནས།  །བྱིན་རླབས་དབང་དང་དངོས་གྲུབ་སྩོལ་ཅིག།  བདག་གི་སྙིང་ལ་གནས་པའི་མུན་པ།  །ཁྱེད་ཀྱི་མཁྱེན་བརྩེའི་འོད་ཀྱི་སྣང་བས།  །རྩ་བ་དྲུང་ནས་འབྱིན་པར་མཛོད་ཅིག།  ཕྱི་ནང་རིག་པའི་གཞུང་ལུགས་ཀུན་དང་།  །ཁྱད་པར་ཟབ་དོན་དེ་ཉིད་གནས་ལུགས།  །མ་ནོར་མངོན་སུམ་བཞིན་དུ་རྟོགས་ནས།  །རིག་པའི་ཡེ་ཤེས་རྩལ་ཁ་ཕྱེས་ཏེ།  །སྤོབས་པའི་གཏེར་ཆེན་གྲོལ་བར་མཛོད་ཅིག།  འོད་གསལ་སྣང་བ་བཞི་ཡི་ལམ་ལ།  །ཉིན་མཚན་ཆུ་བོའི་རྒྱུན་བཞིན་བརྩོན་པས།  །ཆོས་ཅན་སྣང་བ་ཆོས་ཉིད་ཀློང་དུ།  །ཟད་ནས་སྲིད་པ་ཇི་སྲིད་བར་དུ།  །འཇའ་ལུས་རྡོ་རྗེའི་སྐུ་མཆོག་བརྙེས་ཏེ།  །གཞན་དོན་དཔག་མེད་འབྱུང་བར་ཤོག་ཅིག།  འོད་གསལ་གཞོན་ནུ་བུམ་སྐུའི་སྦུབས་སུ།  །ཡེ་ཤེས་ནང་གསལ་ཐིམ་ལ་མ་རྨུག།  ཕྱིར་སྣང་སྐུ་དང་ཡེ་ཤེས་ཞིང་ཁམས།  །རབ་འབྱམས་མུ་མཐའ་མེད་པར་བཀོད་དེ།  །འགྲོ་བ་སྒྲོལ་བའི་ཕྲིན་ལས་ཚད་མེད།  །རྟག་ཁྱབ་ལྷུན་གྲུབ་འབྱུང་བར་ཤོག་ཅིག།  སྐྱེ་བ་འདི་དང་ཚེ་རབས་ཀུན་ཏུ།  །ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཁྱེད་ཉིད།  །རིགས་བདག་ཐོབ་ནས་འབྲལ་བ་མེད་པར།  །རྡོ་རྗེའི་ཡེ་ཤེས་སྩོལ་བར་མཛོད་ཅིག།  མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ།།  །། ༈ ཀུན་མཁྱེན་ཇོ་ནང་པ་ཆེན་པོར་རྒྱང་འབོད་ངེས་དོན་བྱིན་རླབས་མྱུར་དུ་འགུགས་པའི་ཕོ་ཉ་ཞེས་བྱ་བ་བཞུགས་སོ།  །བླ་མ་དམ་པ་དང་པོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོ་དང་དབྱེར་མེད་པ་མཆོག་ཏུ་མི་འགྱུར་བ་བདེ་བ་ཆེན་པོ་ཡེ་ཤེས་ཕྱག་རྒྱའི་སྐུ་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་ཐུགས་དང་ལྡན་པ་བདེན་དོན་རྣམ་པ་བཅུ་གཉིས་ཀྱི་གསུང་ངེས་དོན་ཟབ་མོའི་སྒྲ་དབྱངས་ཨ་དཱི་ཀ་དཱིའི་བདག་ཉིད་ཕྱོགས་བཅུའི་ཞིང་ཐམས་ཅད་དུ་སྒྲོགས་པས་སྐུ་མི་འགྱུར་བ་ཡང་དག་པའི་མཚན་དང་དཔེ་བྱད་དམ་པས་བརྒྱན་པའི་སྐུ་རྣམ་བཅས་ཕྱག་རྒྱ་ཆེན་པོ་རྡོ་རྗེ་ཉི་མ་སྟོང་གི་གཟི་འོད་ཀྱིས་ས་གསུམ་ཀུན་ཏུ་ཡང་དག་པར་ཁྱབ་པ་ནམ་མཁའ་ལྟར་མཐའ་དང་མུ་མེད་པ་བརྟན་གཡོ་ཐམས་ཅད་ཀྱི་སྲོག་ཏུ་ཞུགས་པ་ཤིན་ཏུ་ཕྲ་ཞིང་ཟབ་ལ་བརྟགས་པར་དཀའ་བ་རྡུལ་མེད་རྡུལ་བྲལ་གྱི་བདག་ཉིད་མཆོག་ཏུ་བདེ་བ་དམ་པའི་བདག་ཉིད་ཆེན་པོར་རྣམ་མེད་ཤེས་རབ་སྟོང་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་དང་མཉམ་པར་སྦྱོར་ཞིང་ནམ་མཁའ་གང་བའི་དེ་བཞིན་གཤེགས་པ་ཐམས་ཅད་གང་གི་སྐུ་ལ་ཡང་དག་པར་ཞུགས་པ་ཉིད་དུ་རྗེས་སུ་ཆགས་པ་ཆེན་པོས་མྱོས་ཤིང་ཟག་མེད་དགའ་བཞིའི་རོལ་རྩེད་ཧཾ་ཡིག་གི་སྒྲ་ཆེན་སྒྲོགས་ཤིང་བཞུས་པ་ལས་བདེ་གཤེགས་ཞི་བ་དང་ཁྲོ་བོ་ཆགས་བྲལ་དང་ཆགས་ཅན་གྱི་སངས་རྒྱས་དང་བྱང་སེམས་རིག་འཛིན་དཔའ་བོ་མཁའ་འགྲོ་སྟོང་གསུམ་གྱི་སྟོང་ཆེན་པོ་རབ་འབྱམས་རྒྱ་མཚོའི་རྡུལ་གྱི་གྲངས་དང་མཉམ་པ་མངོན་པར་སྤྲོ་ཞིང་སྡུད་པའི་སྤྱི་དཔལ་སྲིད་ཞིའི་དབང་ཕྱུག་ཆེན་པོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་ཀུན་མཁྱེན་ཆོས་ཀྱི་རྗེ་དོལ་པོ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ལ་དུས་རྟག་ཏུ་ཕྱག་འཚལ་ལོ།  །མཆོད་དོ།  །སྐྱབས་སུ་མཆིའོ།  །སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཐུགས་རྗེས་བཟུང་དུ་གསོལ།  བདག་སོགས་སེམས་ཅན་ཐམས་ཅད་ལས་ངན་པའི་དབང་དུ་མི་གཏོང་ཞིང་འཁོར་བའི་འདམ་རྫབ་ལས་དྲང་དུ་གསོལ།  ཞི་བ་མྱང་འདས་ཀྱི་མཐའ་དག་ཏུ་གསོལ།  ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ།  ངེས་འབྱུང་དང་བྱང་སེམས་ཡང་དག་པའི་ལྟ་བ་རྒྱུད་ལ་སྐྱེ་བ་དང་།  དཔལ་རྡོ་རྗེའི་རྣལ་འབྱོར་ཟབ་ལམ་མཐར་ཐུག་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་ཚེ་འདི་ཉིད་ལ་འགྲུབ་བར་བྱིན་གྱིས་རློབས་ཤིག།  འཁྲུལ་པ་གཞན་སྟོང་དུ་རྟོགས་པར་བྱིན་གྱིས་རློབས་ཤིག།  ཀུན་མཁྱེན་རྫོགས་པའི་སངས་རྒྱས་ཁྱེད་བདག་གི་སྙིང་དབུས་སུ་རྟག་པར་བཞུགས་ནས་རྡོ་རྗེ་ཡེ་ཤེས་ཀྱི་སྣང་བ་འབར་བ་དང་།  །གཟུངས་སྤོབས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་འབྱེད་པར་བྱིན་གྱིས་རློབས་ཤིག།  མཁྱེན་ནོ་མཁྱེན་ནོ་བླ་མ་ཁྱེད་རང་མཁྱེན་ནོ།  །ཅེས་པའང་མགོ་ཟླའི་ཚེས་བཅོ་བརྒྱད་ལ་གསོལ་བ་བཏབ་པ་སིདྡྷི་རསྟུ།།  །། ༈ བླ་མ་རྒྱང་འབོད་བཞུགས་སོ།  །དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ།  །གུ་རུ་པདྨ་འབྱུང་གནས་དང་དབྱེར་མེད།  །ཁྲི་སྲོང་ལྡེའུ་བཙན་བསམ་བཞིན་དུ་བྱོན་པ།  །ཀུན་མཁྱེན་རིག་འཛིན་ཆོས་ཀྱི་རྒྱལ་པོ།  །རང་བྱུང་རྡོ་རྗེ་འཇིགས་མེད་གླིང་པ་ཁྱེད་མཁྱེན་ནོ།  །བཀའ་གཏེར་མན་ངག་གི་གཏེར་མཛོད།  །སྔ་འགྱུར་རིག་འཛིན་གྱི་གཙུག་རྒྱན།  །མཁའ་འགྲོ་འབུམ་ཕྲག་གི་མིང་པོ།  །མཁྱེན་བརྩེའི་འོད་ཟེར་ཁྱེད་མཁྱེན་ནོ།  །ཐེག་མཆོག་རྡོ་རྗེ་རྩེ་མོ་ཡི་ཤིང་རྟ།  །གསང་བདག་དཔའ་བོའི་ཐུགས་སྲས་ཀྱི་རྒྱལ་པོ།  །འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ཁྱེད་མཁྱེན་ནོ།  །གཏེར་སྟོན་གྲུབ་ཐོབ་ཐམས་ཅད་ཀྱི་རྒྱལ་པོ།  །སྙིགས་དུས་བསྟན་འགྲོ་མཐའ་དག་གི་སྐྱབས་གཅིག།  །གསང་བ་སྙིང་ཐིག་ཟབ་མོ་ཡི་མཛོད་འཛིན།  །པདྨ་དབང་ཆེན་རོལ་པ་རྩལ་མཁྱེན་ནོ།  །མཁས་གྲུབ་ཀློང་ཆེན་རབ་འབྱམས་ཀྱིས་རྗེས་བཟུང་།  །ཐུགས་རྒྱུད་བྱང་ཆུབ་སེམས་གཉིས་ཀྱི་རྩལ་འབྱོངས།  །སྣང་སྲིད་འོད་གསལ་ཆོས་སྐུ་རུ་རྟོགས་པ།  །རྒྱལ་བའི་མྱུ་གུ་མཁྱེན་བརྩེའི་ལྷ་མཁྱེན་ནོ།  །ཁྱེད་ཀྱི་ཐུགས་རྗེ་ཡིས་བདག་ལ།  །ཉིན་མཚན་དུས་དྲུག་ཏུ་གཟིགས་ཤིག།  ཕྱི་ནང་གསང་བ་ཡི་བར་ཆད།  །རང་ཞི་རང་གྲོལ་དུ་གྱུར་ནས།  །ཚེ་ལྷག་ཇི་གནས་ཀྱི་བར་དུ།  །རིས་མེད་རྒྱལ་བསྟན་ནི་སྤེལ་བའི།  །ལྷག་བསམ་གོང་འཕེལ་དུ་ཤོག་ཅིག།  བཀའ་གཏེར་སྨིན་གྲོལ་གྱི་གདམས་པ།  །བྱེ་བྲག་སྙིང་ཐིག་གི་བསྟན་པ།  །རི་མོའི་མར་མེ་ལྟར་གྱུར་པ།  །ཆེས་ཆེར་གསལ་བ་རུ་བྱེད་པའི།  །མཐུ་དང་དངོས་གྲུབ་དེ་སྩོལ་ཅིག།  འཁོར་བ་དོང་ནས་སྤྲུགས་ནུས་བྱིན་གྱིས་རང་རློབས་ཤིག།  ཅེས་པའང་སྣྲོན་ཟླའི་ཚེས་ལྔ་ལ་རྡོ་རྗེ་གླིང་དུ་གང་ཤར་བྲིས་པ་དགེའོ།།  །། ༈ བླ་མ་མཁྱེན་ནོ།  །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ།  །རྗེ་བཙུན་མཁྱེན་པའི་གཏེར་ཆེན།  །འཇམ་དབྱངས་མཁྱེན༵་རྩེའི༵་དབ༵ང་པོ༵ས།  །མི་མངོན་དབྱིངས་ནས་གཟིགས་ཤིག།  །དེ་ཡི་ཡེ་ཤེས་རང་གཟུགས།  །གསུང་རབ་ཆོས་ཀྱི་གཏེར་ཆེན།  །འཇམ་མགོན་ཆོས༵་ཀྱི༵་བློ༵་གྲོས༵།  །ཁྱེད་ལ་གསོལ་བ་འདེབས་སོ།  །ཐུགས་རྗེའི་བརྩེ་བས་དགོངས་མཛོད།  །བདག་རྒྱུད་ཆོས་དང་འདྲེས་ཤིང་།  །ཉམས་ལེན་མཐའ་རུ་ཕྱིན་པར།  །རྗེ་བཙུན་ཁྱེད་ཀྱིས་བྱིན་རློབས།  །སྐྱིད་སྡུག་ལེགས་ཉེས་ཅི་བྱུང་།  །བླ་མ་ཁྱེད་རང་མཁྱེན་ནོ།  །ཆོས་ཀྱི་བློ་གྲོས་པས་སོ།  །ཤུ་བྷཾ།།  །། ༈ ཨོཾ་སྭསྟི།  སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་།  །བཀའ་དྲིན་མཉམ་མེད་ཆོས྄༵་ཀྱ྄ི༵་བླ྄ོ༵་གྲོས྄༵་མཁྱེན།  །བདག་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་བརློབས།  །གསལ་སྟོང་ཟུང་འཇུག་སྤྲོས་བྲལ་ལྟ་བ་རྟོགས།  །ཡེངས་མེད་འཛིན་མེད་བསྒོམ་པ་ལམ་དུ་ཁྱེར།  སྡོམ་པ་གསུམ་གྱི་ཀུན་སྤྱོད་རྣམ་པར་དག།  དབང་བཞིའི་འབྲས་བུ་ཚེ་འདིར་སྨིན་པར་ཤོག།  མདོར་ན་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་།  །རེ་ས་གཞན་ན་མེད་དོ་བླ་མ་མཁྱེན།  །བྱང་ཆུབ་བར་དུ་འབྲལ་མེད་ཐུགས་རྗེས་ཟུངས།  །ཞེས་པའང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཡོན་ཏན་རྒྱ་མཚོས་བསྐུལ་ངོར་མཁྱེན་སྤྲུལ་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།  །དགེ་ལེགས་འཕེལ།།  །། ༈ བླ་མ་ལ་གསོལ་བ་འདེབས་པའི་གླུ་ཡེ་ཤེས་བྱིན་འབེབས་ཞེས་བྱ་བ་བཞུགས་སོ།  །ཨ་ཧོ།  །རང་བྱུང་ལྔ་ལྡན་འཇའ་ཟེར་འཁྲུགས་པ་ཡི་ཀློང་ན།  །ཕ་གཅིག་དྲིན་ཆེན་བླ་མ་ཆོས༵་ཀྱི༵་བློ༵་གྲོས༵་ཁྱེད་མཁྱེན་ནོ།  །བདག་ཅག་ལས་ངན་འཁྲུལ་པ་ཡི་དབང་དུ་མ་གཏོང་།  །སྲིད་ལས་ངེས་འབྱུང་སྐྱེ་བར་བྱིན་གྱིས་རང་རློབས་ཤིག༔  གཞན་ཕན་ཐུགས་རྗེའི་གཏེར་ཆེན་རྒྱལ་སྲས་ཁྱེད་མཁྱེན་ནོ།  །བདག་འཛིན་འགོང་པོ་འདི་ཉིད་ཚར་གཅོད་ཞིག་བྱས་ཏེ།  །བདག་བས་གཞན་གཅེས་བྱང་ཆུབ་སེམས་མཆོག་ནི་འབྱོངས་ནས།  །འགྲོ་དོན་མཁའ་ཁྱབ་འབྱུང་བར་བྱིན་གྱིས་རང་རློབས་ཤིག༔  །  རྡོ་རྗེའི་རིག་འཛིན་པ༵དྨཱ་ཀ༵་ར༵་ཡི༵་རྒྱལ་ཚབ།  །ཡེ༵་ཤེས༵་རྡོ༵་རྗེ༵་འོད༵་གས༵ལ་སྙིང༵་པོ༵་རྩལ༵་མཁྱེན་ནོ།  །དབང་བཞིའི་ཆུ་རྒྱུན་བདག་གི་སྒོ་གསུམ་ལ་བསྐུར་ནས།  །རྡོ་རྗེ་བཞི་རུ་སྨིན་པར་བྱིན་གྱིས་རང་རློབས་ཤིག།  །འཇིག༵ས་མེད༵་ནམ༵་མཁ༵འི་རྡོ༵་རྗེ༵་ཡེ་ཤེས་ཀྱི་སྐུ་ཅན།  །བི་མའི་སྤྲུལ་པ་ཚེ༵་དབ༵ང་གྲུབ༵་པ༵་རྩལ༵་མཁྱེན་ནོ།  །གཟུང་འཛིན་རྟོག་ཚོགས་ཆོས་ཉིད་ནམ་མཁའ་ལ་དེངས་ནས།  །འོད་གསལ་སྣང་བཞི་མཐར་ཕྱིན་བྱིན་གྱིས་རང་རློབས་ཤིག།  །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ཡི་བར་དུ།  །དཔལ་མགོན་ཆོས་རྗེ་བླ་མ་ཁྱེད་ཞབས་སུ་སྐྱེས་ནས།  །ཐུགས་ཀྱི་བཅུད་ཐོབ་ཉམས་ལེན་མཐའ་རུ་ནི་ཕྱིན་ཏེ།  །ཁམས་གསུམ་དོང་ནས་སྤྲུགས་པར་བྱིན་གྱིས་རང་རློབས་ཤིག།  ཅེས་པའང་རང་སློབ་དད་པ་དང་དག་སྣང་གི་བློ་ཅན་སྤར་བརྐོས་ཆོས་འཕེལ་ནས་རིན་ཆེན་སྣ་ཚོགས་ཀྱི་རྟེན་དང་བྲིས་གཞི་བཅས་མཆིམ་ཕུའི་གུར་དཀར་ཕུག་ཏུ་བསྐུལ་བར་བྲག་དམར་ཀེའུ་ཚང་དུ་ཆོས་ཀྱི་བློ་གྲོས་པས་བྲིས་པ་སིདྡྷི་རསྟུ།  སརྦ་མངྒ་ལཾ།།  །། ༈ བླ་མ་རྒྱང་འབོད་ཐུགས་རྗེའི་ལྕགས་ཀྱུ།  བླ་མ་མཁྱེན་ནོ།  །ལན་གསུམ།  སངས་རྒྱས་ཀུན་འདུས་ཀྱི་ངོ་བོ།  །ལུང་རྟོགས་དམ་ཆོས་ཀྱི་མཛོད་ཆེན།  །འཕགས་པའི་དགེ་འདུན་གྱི་མངའ་བདག།  རྩ་བའི་བླ་མ་དེ་མཁྱེན་ནོ།  །བདག་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རང་རློབས་ཤིག།  མ་རིག་མུན་པ་སེལ་བའི་ཉི་མ།  །དགོས་འདོད་ཅི་དགར་འབྱུང་བའི་ནོར་བུ།  །འཁོར་བའི་རྒྱ་མཚོར་སྒྲོལ་བའི་དེད་དཔོན།  །རྩ་བའི་བླ་མ་དེ་མཁྱེན་ནོ།  །བདག་རྒྱུད༴  །སྐྱབས་ཀུན་འདུས་པ་རྩ་གསུམ་གྱི་རྒྱལ་པོ།  །དྲན་པ་ཙམ་གྱི་སྲིད་ཞི་ཡི་གདུང་སེལ།  །བཀའ་བབས་བདུན་གྱི་གསང་མཛོད་ལ་དབང་བསྒྱུར།  །འོད་གསལ་སྤྲུལ་པའི་བཤེས་གཉེན་དེ་མཁྱེན་ནོ།  །བདག་རྒྱུད༴  །རྒྱལ་ཀུན་མཁྱེན་རབ་མ་ལུས་པ་གཅིག་བསྡུས།  །སྤྲུལ་པའི་ལོ་ཙཱ་རྣམ་པར་སྣང་མཛད་ཀྱི་ངོ་བོ།  །མཛོད་ལྔའི་ཤིང་རྟ་གངས་ཅན་འགྲོ་བ་ཡི་མགོན་པོ།  །པདྨ་གར་དབང་བློ་གྲོས་མཐའ་ཡས་དེ་མཁྱེན་ནོ།  །བདག་རྒྱུད༴  །གཞན་ཕན་ཐུགས་བསྐྱེད་ཀྱི་གོ་ཆ།  །རྒྱལ་སྲས་བྱང་སེམས་ཀྱི་ཚུལ་བཟུང་།  །མདོ་སྔགས་ཆོས་ཚུལ་གྱི་བང་མཛོད།  །འཇམ་དབྱངས་ཆོས་ཀྱི་བློ་གྲོས་དེ་མཁྱེན་ནོ།  །བདག་རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རང་རློབས་ཤིག།  གནས་འཁོར་ལོ་བཞི་པའི་ཕོ་བྲང་ན།  །བླ་མ་སྐུ་བཞིའི་ལྷ་ཚོགས་དེ་མཁྱེན་ནོ།  །བུམ་གསང་ཤེར་ཡེའི་དབང་མཆོག་དེ་བསྐུར་ནས།  །སྐུ་བཞིའི་གོ་འཕང་ཐོབ་པ་བྱིན་གྱིས་རང་རློབས་ཤིག།  མདོར་ན་བྱང་ཆུབ་སྙིང་པོའི་བར་དུ།  །རྩ་བའི་བླ་མ་རིན་པོ་ཆེ་ལ།  །རྟག་ཏུ་རྩེ་གཅིག་གསོལ་བ་འདེབས་ན།  །འབད་མེད་ཆོས་མཐུན་དངོས་གྲུབ་སྩོལ་ཅིག།  ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་བྲིས་བ་དགེ།  །།  ༈ བླ་མ་ལ་གསོལ་འདེབས་ཞལ་གདམས་སྨོན་ལམ་དང་འབྲེལ་བ་བདུད་རྩིའི་ཐིག་ཕྲེང་ཞེས་བྱ་བ་བཞུགས་སོ།  །ན་མོ་གུ་ར་ཝེ།  གཟོད་ནས་རྣམ་གྲོལ་བྱང་ཆུབ་མངོན་བརྙེས་ཀྱང་།  །བདག་སོགས་གདུལ་བྱའི་མགོན་དུ་བྱོན་པའི་སྐུ།  །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།  །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས།  །བི་མ་ཆོས་རྒྱལ་ཉང་རལ་ཀུན་མཁྱེན་སོགས།  །འཕགས་བོད་མཁས་གྲུབ་རྒྱ་མཚོའི་སྤྲུལ་པའི་སྐུ།  །འཇམ་དབྱངས་མཁྱེན་བརྩེའི་དབང་པོར་གསོལ་བ་འདེབས།  །དགོངས་བརྒྱུད་འཕོ་བ་ཐོབ་པར་བྱིན་གྱིས་རློབས།  །དེ་ཡི་གསང་གསུམ་མི་ཟད་རྒྱན་འཁོར་ལོའི།  །ཕྲིན་ལས་སྒྱུ་འཁྲུལ་རོལ་མོའི་མངའ་བདག་མཆོག།  ཆོས་ཀྱི་བློ་གྲོས་ཞབས་ལ་གསོལ་བ་འདེབས།  །བསྟན་འགྲོར་ཕན་བདེ་འབྱུང་བར་བྱིན་གྱིས་རློབས།  །ཀྱེ་མ་ཀྱི་ཧུད་མགོན་པོ་ཐུགས་རྗེ་ཅན།  །བདག་ལ་ཐུགས་རྗེས་མྱུར་དུ་གཟིགས་སུ་གསོལ།  །བློ་སྣ་དམ་པའི་ཆོས་ལ་དྲོངས་པ་དང་།  །ཐར་པའི་ལམ་སྣ་ཟིན་པར་བྱིན་གྱིས་རློབས།  །སྲིད་པའི་ཕུན་ཚོགས་ཇི་ལྟར་འབྱོར་གྱུར་ཀྱང་།  །སྡིག་དང་སྡུག་བསྔལ་རྒྱུ་འབྲས་འབའ་ཞིག་ལས།  །གཏན་བདེ་ཕྲ་མོ་ཙམ་ཡང་མ་མཆིས་པས།  །འཁོར་བར་ཞེན་པ་ལོག་པར་བྱིན་གྱིས་རློབས།  །འདུས་བྱས་ཐམས་ཅད་མི་རྟག་མི་བརྟན་ཅིང་།  །རྩ་རྩེའི་ཟིལ་པ་ཆུ་བུར་སྤྲིན་བཞིན་དུ།  །ད་ལྟ་ཡོད་ཀྱང་ད་ལྟ་འཇིག་པའི་དཔེས།  །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས།  །དལ་དང་འབྱོར་པའི་རྟེན་བཟང་རིན་ཆེན་འདི།  །ལན་ཅིག་ཐོབ་པ་ད་རེས་ཙམ་ཡིན་ཞིང་།  །དེ་རྒྱུ་ཚུལ་ཁྲིམས་བསྲུང་བ་དཀོན་པས་ན།  །དལ་རྟེན་དོན་ཡོད་བྱེད་པར་བྱིན་གྱིས་རློབས།  །དགེ་སྡིག་ལས་བསག་འབྲས་བུ་ཆུད་མི་ཟ།  །རང་གི་སྟེང་དུ་སྨིན་པར་ངེས་པ་དང་།  །རྒྱུ་འབྲས་བསླུ་བ་མེད་པ་ཡིན་པའི་ཕྱིར།  །དཀར་ནག་བླངས་དོར་བྱེད་པར་བྱིན༴  །སྲིད་དང་ཞི་བའི་འཇིགས་པ་ཇི་སྙེད་པ།  །སྐྱོབ་པ་བླ་མེད་དཀོན་མཆོག་རིན་ཆེན་གསུམ།  །གང་ལ་བསྙེན་པས་ཉེས་པ་ཀུན་ལས་སྐྱོབ།  །ཡིད་ཆེས་དད་པ་བརྟན་པར༴  །བདེ་དང་སྡུག་བསྔལ་ཅི་བྱུང་སྔོན་ལས་ཀྱི།  །སྨིན་པར་ཤེས་ནས་དགའ་སྡུག་མི་བྱེད་པར།  །བློ་གཏད་ལིང་བསྐྱུར་མོས་འདུན་རྩེ་གཅིག་པས།  །སྐྱབས་འགྲོའི་རྩ་བ་བརྟན་པར༴  །མཁའ་ཁྱབ་འགྲོ་བ་བསྒྲངས་ལས་འདས་པ་རྣམས།  །རང་གི་ཕ་མར་ཡིན་པར་ཤེས་པ་དང་།  །བཀའ་དྲིན་དྲན་ཞིང་དྲིན་ལན་བཟོ་འདོད་པས།  །ཚད་མེད་རྣམ་བཞི་འབྱོངས་བར༴  །རང་དོན་ཡིད་བྱེད་ཞི་བདེའི་སེམས་སྤངས་ནས།  །གཞན་ཕན་ལྷག་པའི་བསམ་པ་བཟང་པོ་བསྐྱེད།  །ལུས་དང་ལོངས་སྤྱོད་དགེ་ཚོགས་འགྲོ་ལ་སྦྱིན།  །བྱང་ཆུབ་སེམས་མཆོག་འབྱོངས་བར༴  །ཉོན་མོངས་ཉེས་པ་བརྒྱ་ཕྲག་ཚོགས་རྣམས་ཀུན།  །བདག་ཏུ་འཛིན་པའི་འདྲེ་ཆེན་འདི་ལས་བྱུང་།  །འདི་ཡིས་བདག་ནི་རྟག་ཏུ་སྡུག་བསྔལ་བསྐྱེད།  །བདག་འཛིན་འགོང་པོ་ཆོམ་པར༴  །རང་སེམས་གདོད་ནས་དག་པའི་ཆོས་ཉིད་ལ།  །མ་རིག་གསུམ་གྱི་སྤྲིན་ནག་སྟུག་པོས་སྒྲིབ།  །ཐར་པ་ཐམས་ཅད་མཁྱེན་པར་བར་དུ་གཅོད།  །སྒྲིབ་ཚོགས་སྟོབས་བཞིས་སྦྱངས་བ༴  །དགེ་ཚོགས་རིན་ཆེན་རྡུལ་མང་སྐད་ཅིག་གི  །ཡོངས་སུ་སྡུད་པའི་ཐབས་མཁས་ཁྱད་པར་ཅན།  །དཀོན་མཆོག་མཆོད་དང་འགྲོ་ལ་སྦྱིན་གཏོང་སོགས།  །ཚོགས་གཉིས་རྒྱ་ཆེན་སྡུད་པར༴  །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་ལས།  །རྣམ་དག་དབང་བཞིའི་དལ་བཞི་སྨིན་བྱས་ནས།  །བསྐྱེད་དང་རྫོགས་པའི་རིམ་པ་ལེགས་བསྒོམ་པས།  །རིག་འཛིན་རྣམ་བཞི་བསྒྲོད་པར༴  །ཁྱད་པར་སངས་རྒྱས་ཀུན་གྱི་གསང་བའི་ལམ།  །ཟབ་མོ་བླ་མའི་རྣལ་འབྱོར་སྒོམ་པ་ཡི།  །རྩ་བའི་བླ་མ་སངས་རྒྱས་དངོས་སུ་མཐོང་།  །བཅོས་མིན་མོས་གུས་བརྟན་པར༴  །ཐ་མལ་འཁྲུལ་པའི་རྟོག་པས་མ་གོས་པར།  །སྣང་གྲགས་རིག་གསུམ་བླ་མའི་རོལ་པར་ཤར།  །གདོད་ནས་གནས་པའི་རིག་སྟོང་རྡོ་རྗེ་འདི།  །བླ་མའི་ངོ་བོར་མཐོང་བར༴  །གསོལ་འདེབས་གདུང་བའི་དབྱངས་ཀྱིས་བསྐུལ་བ་དང་།  །དབང་གི་སྙིང་པོ་འོད་ཟེར་ཆེན་པོ་ཡི།  །དབང་བླངས་རང་ལ་ཐིམ་པ་དེ་ཡི་མོད།  །གསང་བ་གསུམ་དང་དབྱེ་མེད་བྱིན༴  །རྡོ་རྗེའི་ཡེ་ཤེས་སྙིང་ལ་འབེབས་པ་དང་།  །རང་གནས་རིག་པ་སྐུ་གསུམ་མངོན་གྱུར་ཏེ།  །ཀ་དག་ལྷུན་གྲུབ་དགོངས་པའི་རྩལ་ཆེན་རྫོགས།  །གཞི༵་ཡི་གནས་ལུགས་རྟོགས་པར༴  །འཁོར་འདས་ཕྱི་ནང་རུ་ཤན་ལེགས་ཕྱེད་ཅིང་།  །རང་སེམས་འཁྲུལ་པའི་གཞི་རྩ་བཅད་པ་ཡི།  །སྐྱེ་འགག་གནས་པའི་གཞི་མེད་རྩ་བ་བྲལ།  །རིག་པ་ཆོས་སྐུ་རྟོགས་པར༴  །བྱུང་ཚོར་སྤྲོས་པ་ཐམས་ཅད་ཉེར་ཞི་ཞིང་།  །དབྱིངས་ལས་བྱུང་ཡང་དབྱིངས་ལས་མ་གཡོས་པར།  །ནམ་མཁའི་རྣལ་འབྱོར་བྱར་མེད་ཡངས་པ་ཆེ།  །ཁྱབ་བརྡལ་དགོངས་པ་མངོན་གྱུར་བྱིན༴  །སྐུ་གསུམ་ལྷུན་གྱིས་གྲུབ་པའི་རང་གདང་ནི།  །དབྱིངས་སྣང་ཆེན་པོར་ཐིག་སྐུའི་ཚོམ་བུ་བཀོད།  །སྒྲོན་དྲུག་གསེང་ལམ༵་ཐོད་རྒལ་སྒོམ་པ་ཡི།  །སྣང་བཞིའི་ཕ་མཐར་སོན་པར༴  །ཆོས་ཅན་སྣང་བ་ཆོས་ཉིད་དབྱིངས་སུ་ཟད།  །རིག་པ་འབྲས༵་སྨིན་འཇའ་ལུས་རྡོ་རྗེའི་སྐུར།  །བཞུགས་ནས་འགྲོ་བ་དཔག་མེད་སྒྲོལ་བ་དང་།  །འཁོར་བ་དོང་ནས་སྤྲུགས་པར༴  །མདོར་ན་དེང་བཟུང་ཚེ་རབ་ཐམས་ཅད་དུ།  །རྗེ་བཙུན་བླ་མ་གཙུག་གི་ནོར་བུར་བསྟེན།  །མཉེས་པ་གསུམ་གྱིས་སྒྲུབ་པ་མཐར་ཕྱིན་ནས།  །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས།  །བསྟན་འཛིན་སྐྱེས་རྣམས་ཞབས་བརྟན་བསྟན་པ་དར།  །བསྟན་པའི་སྦྱིན་བདག་དབུ་འཕང་མཐོ་བ་དང་།  །བསྟན་ལ་གནོད་བྱེད་མིང་ཙམ་འགྱུར་བ་དང་།  །བསྟན་གཉིས་དར་ཤིང་རྒྱས་པའི་བཀྲ་ཤིས་ཤོག།  །ཅེས་པའང་ཨ་མདོ་རེ་སྐོང་གི་སྔགས་ཆེན་རྡོ་རྗེ་འཛིན་པ་ཆེན་པོ་གཞན་ཕན་བྱང་ཆུབ་སེམས་ཀྱིས་ཐུགས་མངའ་བཀྲ་ཤིས་དཔལ་ལྡན་ནས་བླ་མ་ལ་གསོལ་བ་འདེབས་པ་ཞལ་གདམས་སྨོན་ལམ་དང་འབྲེལ་བར་བྲིས་ཤིག་ཅེས་རྟེན་དང་བཅས་གསུང་བསྐུལ་ངོར་སྙིགས་མའི་དུས་ཀྱི་དམ་ཆོས་འཛིན་པའི་གྲལ་མཐར་སྐྱེས་ཤིང་དགེ་སྦྱོང་གི་གཟུགས་བརྙན་འཛིན་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ས་བྱི་གནམ་ལོ་གསར་འཆར་གྱི་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཅིག་ལ་སྡེ་དགེ་རྫོང་གསར་བཀྲ་ཤིས་ལྷ་རྩེའི་ཆོས་གྲྭ་ཆེན་པོར་བྲིས་པ་འདིས་ཀྱང་དཔལ་ལྡན་བླ་མའི་བྱིན་བརླབ་སྙིང་དབུས་སིམ་པའི་རྒྱུར་གྱུར་ཅིག།  སརྦ་དཱ་མངྒ་ལཾ།།  །། ༈ བླ་མ་དྲན་པའི་གདུང་དབྱངས་སྙིང་གི་གཟེར་ཆེན་ཅེས་བྱ་བ་བཞུགས་སོ།  །ན་མོ་གུ་རུ།  ཨོ་རྒྱན་རྡོ་རྗེ་འཆང་གི་རྒྱལ་ཚབ་ཆེ།  །བཀའ་གཏེར་ཆོས་ཀྱི་རྒྱ་མཚོ་བླ་མ་རྗེ།  །མི་མངོན་དབྱིངས་ནས་བདག་ལ་བརྩེ་བས་དགོངས།  །ལས་ངན་བདག་ཅག་ཐུགས་རྗེས་འདོར་ཕོད་དམ།  ༡།  དེང་དུས་རྒྱལ་བསྟན་རིན་ཆེན་ཉམས་དུས་འདིར།  །མགོན་ཁྱོད་ཞི་བའི་དབྱིངས་སུ་མནལ་བ་ལ།  །སྔོན་གྱི་ཐུགས་བསྐྱེད་ཉམས་པར་མ་གྱུར་ཏམ།  །རྒྱལ་དང་དེ་སྲས་གཞན་དོན་སྒྲུབ་ལས་ཅི།  ༢།  དེས་ན་མཁྱེན་བརྩེ་ནུས་པའི་ཤུགས་བསྐྱེད་ནས།  །ཆོས་དབྱིངས་དགའ་མའི་ཀློང་ནས་བཞེངས་སུ་གསོལ།  །ཀྱེ་མ་ཀྱི་ཧུད་བུ་ཡི་གདུང་དབྱངས་ལ།  །ཡེ་ཤེས་དབང་པོ་རྣམ་པ་ཐམས་ཅད་པས།  ༣།  དགོངས་པར་མཛོད་ལ་འོད་གསལ་ཆེན་པོའི་སྐུ།  །ད་ལྟ་ཉིད་དུ་སྣང་བར་མཛད་དུ་གསོལ།  །བདག་ནི་སྔོན་ཚེ་བྱིས་བློའི་ཉེས་པས་ནོངས།  །དྲན་ཤེས་ལྡན་ཚེ་བླ་མ་དབྱིངས་སུ་གཤེགས།  ༤།  ཀྱི་ཧུད་བདག་གི་ཆོས་ཀྱི་ཕོངས་པར་གྱུར།  །འོན་ཀྱང་ཡེ་ཤེས་སྐུ་ལ་སྐྱེ་འཆི་བྲལ།  །ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོ་བར་མཛོད།  །ཡེ་ཤེས་རིག་པའི་རྩལ་ཆེན་སྦར་དུ་གསོལ།  ༥།  ཉམས་དང་རྟོགས་པའི་རྩལ་ཆེན་རབ་རྫོགས་ནས།  །བསྟན་དང་འགྲོ་བའི་དོན་ཆེན་སྒྲུབ་པ་ལ།  །བླ་མའི་གསང་གསུམ་ཡོན་ཏན་མཐའ་ཀླས་པ།  །མ་ལུས་བདག་ལ་དབང་འབྱོར་བྱིན་གྱིས་རློབས།  །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར།  །དཔལ་ལྡན་བླ་མ་དངོས་ཉམས་རྨི་ལམ་དུ།  །ཡང་ཡང་རྗེས་སུ་བཟུང་ཞིང་རིག་དབྱིངས་སུ།  །དབྱེར་མེད་བཞུགས་ནས་རྟག་ཏུ་དགོངས་པར་མཛོད།  ཁྱོད་ཀྱི་ཟབ་དགོངས་ཡོངས་སུ་རྫོགས་པ་དང་།  །མཛད་པ་ཕྲིན་ལས་བདག་གིར་བྱེད་པར་ཤོག།  དེ་ཚེ་གཞན་དབང་རྐྱེན་གྱིས་མི་བརྫི་ཞིང་།  །བསམ་པ་ཙམ་གྱིས་ཡིད་བཞིན་འགྲུབ་པར་ཤོག།  གསང་གསུམ་མཆོག་གི་སྤྲུལ་སྐུ་མྱུར་སྣང་ནས།  །གསན་བསམ་སྒོམ་པའི་ཡོན་ཏན་ལྷུན་གྱིས་གྲུབ།  །མུན་པའི་སྨག་ལ་ཉི་ཟླའི་འོད་སྣང་བཞིན།  །འགྲན་མེད་ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག།  དཀོན་མཆོག་རྩ་གསུམ་རྒྱ་མཚོའི་བདེན་སྟོབས་ཀྱིས།  །མི་མཐུན་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཞིང་།  །མཁྱེན་ནུས་བརྩེ་བའི་བློ་གྲོས་ཟབ་ཅིང་རྒྱས།  །བསྟན་འགྲོའི་དགེ་མཚན་རྒྱས་པའི་བཀྲ་ཤིས་ཤོག།  ཅེས་པའང་འཁོར་ལོའི་མགོན་པོ་ཉིད་ཤིང་གླང་ཐ་སྐར་ཟླ་བའི་ཚེས་ལ་གཟུགས་སྐུའི་བཀོད་པ་ཉེ་བར་བསྡུས་པའི་གཏམ་སྨིན་ཟླའི་ཚེས་བཅུ་གཉིས་ལ་སྒྲ་འཛིན་གྱི་བུ་གར་སོན་པ་ན་མོས་གུས་ཚད་མེད་པའི་གདུང་ཤུགས་མཆི་མ་འཁྲུགས་པ་རྩམ་དུ་གྱུར་པའི་ངང་ནས་གུས་སློབ་ཀྱི་ཐ་ཤལ་འཇམ་དབྱངས་བློ་གྲོས་རྒྱ་མཚོས་ཡེ་རྒྱལ་ནམ་མཁའ་མཛོད་ཆོས་ཀྱི་སྒོམ་ཆེན་པོའི་ལྷོ་ཕྱོགས་གནས་བརྟན་ཀླུའི་སྡེའི་ཕོ་བྲང་གསེར་གྱི་དེའུའི་མདུན་རོལ་གསང་སྔགས་ཕོ་བྲང་གི་ཡང་རྩེར་གསོལ་བ་འདེབས་པ་འདིས་ཀྱང་ཚེ་རབས་ཀུན་ཏུ་རྗེ་བཙུན་དམ་པ་དེ་ཉིད་ཀྱིས་རྗེས་སུ་འཛིན་པའི་རྒྱུར་འགྱུར་བ་བླ་མ་རྩ་བ་གསུམ་གྱི་བྱིན་གྱིས་བརླབ་ཏུ་གསོལ།  ཤུ་བྷི་རསྟུ་སརྦ་ཛ་ག་ཏཾ།།  །། ༈ ལུང་བསྟན་རྫུན་རིས།  མ་ཡེ་ཤེས་མཁའ་འགྲོ་རྟེན་འགྲེལ་བརྡའ།  །དབྱིངས་དཔལ་གྱི་རྒྱལ་མོའི་ངང་ཚུལ་འབར།  །གང་འདུལ་གྱི་སྒྱུ་འཕྲུལ་གཉིས་པ་ནི།  །ལ་དཀར་པོའི་ཁྱིམ་དུ་ས་ཁམས་ཀྱི།  །ལྟོ་འགྲོས་དེས་མིག་དཀྱུས་མཛེས་པ་ནི།  །དཔལ་རྔ་ཡབ་ཡུལ་ནས་འོང་བ་ཡིན།  །ལྷ་སྦྲུལ་དཀར་པོས་སྨན་ལྕེ་དེས།  །ཞིམ་མངར་གྱི་རོ་བཅུད་སྟེར་ནུས་ན།  །དཔལ་བདེ་བའི་རྡོ་རྗེ་ལང་ཚོ་རྒྱས།  །དབྱིངས་ཡེ་ཤེས་མཁའ་འགྲོའི་གསང་མཛོད་འཛིན།  །བསྟན་འགྲོ་ལ་ཕན་པ་མཐའ་ཡས་སྦྱིན།  །བསྐལ་ངན་གྱི་ཞུག་ལྕེ་བཟློག་པར་ངེས།  །དེ་འབྱངས་ན་ཡེ་ཤེས་ཌཱ་ཀི་ཡི།  །དར་ལམ་གྱི་དོ་ལིས་བཏེགས་ནས་འགྲོ།  །ཡུན་མི་རིང་རྔ་ཡབ་དཔལ་རིར་འཁོད།  །རྒྱ་འདྲེ་ཡི་འཚུབ་མ་ལྡང་བ་དང་།  །རྒྱ་འགོང་དམ་སྲིའི་གནོད་པ་ཡིས།  །བོད་ཁམས་མཐའ་དབུས་སིལ་བུར་འགྲོ།  །ཆོས་འཁོར་གྱི་གཙུག་ལག་གཉེན་པོར་འཇིག།  མདོ་སྨད་དུ་ནང་འཁྲུགས་དྲག་པོ་ཡི།  །བསྟན་དགོན་འགའ་ཞིག་ཁྲལ་ཁྲོལ་བཏང་།  །ཆོས་ཕུང་ལ་བྱིན་ཟའི་གནོད་པས་འཚེ།  །མི་ཕྱུགས་ལ་ནད་ཡམས་སྤྲིན་ལྟར་གཏིབས།  །སྐྱེས་གཞོན་ཕལ་ཆེར་གྲི་རུ་འཆི།  །དེ་འདྲ་ཡི་སྐལ་ངན་བཟློག་པ་ལ།  །ལྷ་ཨོ་རྒྱན་གུ་རུ་པདྨ་དང་།  །རྗེ་འཕགས་མ་སྒྲོལ་མའི་ཐུགས་རྗེ་དང་།  །གུར་དྲག་དང་མ་གཤིན་ཕུར་གསུམ་གྱི།  །བཟློག་པ་དང་སྦྱིན་བསྲེགས་མནན་པ་སྒྲུབ།  །མདོ་བཞི་ཡི་མཆོད་རྟེན་སྐྱར་སྒྲུབ་བྱ།  །རྒྱལ་བཀའ་ཡི་གསུང་སྒྲུབ་མདོ་བཟློག་དང་།  །རབ་གནས་དང་སྦྱིན་བསྲེགས་ལས་ལ་བརྩོན།  །མ་ཎི་དང་རིགས་གསུམ་སིདྡྷི་དང་།  །ཏཱ་རེ་ཡི་བསྙེན་པ་རྡོ་ལ་བརྐོ།  །ཇོ་དར་དང་རི་ཁྲུས་བུམ་གཏེར་སྦ།  །རྟེན་གསུམ་ལ་མངའ་གསོལ་མཆོད་འབུལ་བྱ།  །དེ་གྲུབ་ན་བར་ཁུགས་རྐྱེན་ངན་བཟློག།  དུས་རྒུད་ཀྱི་མུན་པ་ཉེར་ཞི་ནས།  །སྣོད་བཅུད་ཀྱི་དགེ་མཚན་རྒྱས་པར་ངེས།  །མཆོག་མི་འགྱུར་ཐབས་ཤེས་རྡོ་རྗེའི་རྒྱ།  །དེའི་རྟེན་འབྲེལ་མདུད་པ་རྩ་བར་ངེས།  །དེ་སྙིང་ལ་འཆངས་ཤིག་ས་མཱ་ཡ།  །ཁོ་བོ་པདྨ་ཡེ་ཤེས་རྡོ་རྗེ་ལ་མེ་ཕག་ཟླ་༡༡པའི་ཚེས་༡༥ཉིན་གུང་ལ་འབྲི་གཏེར་འོད་གསལ་རྡོ་རྗེ་སོགས་ཀྱིས་སྡེ་དགེའི་ཞབས་རིམ་ཇི་འགྱུར་ཀྱི་རྟོགས་འཆར་སྐབས་རིག་ངོར་མ་བཅོས་ཐོལ་སྐྱེས་སུ་ཤར་བ་ཡི་གེར་བཀོད་པ་དགེ་ལེགས་སུ་གྱུར་ཅིག།  ཤྲཱི་མཱཾ་བྷ་དྲ།  མངྒ།།  །། ༈ རང་བྱུང་རྡོ་རྗེའི་བྲོ་གླུ་བཀྲ་ཤིས་འཁྱིལ་བ།  །ཐོས་གྲོལ་འབྲེལ་ཚད་དོན་ལྡན་བཞུགས་སོ།  ཨ་ལ་ལ་ལ་ཧོཿཨ་ཧོ་གི་རྟི་ཨ་ཧོ་ཡེ༔  རྩ་གསུམ་དགྱེས་པའི་དགའ་ཚལ༔  བཀྲ་ཤིས་ལེགས་ཀྱི་འབྱུང་གནས།  །ཉམས་དགའི་འདོད་ཡོན་ཕུན་ཚོགས༔  །  ནགས་ཚལ་ལྗོན་པའི་ར་བ།  །གཡུ་ཡི་ནེའུ་སེང་སྔོ་ལྗང་།  །གསེར་གྱི་མེ་ཏོག་བཀྲ་བ།  །བུང་བ་ལིང་ལིང་ལྡིང་ཞིང་།  །ཕུ་གསུམ་གངས་རི་དཀར་པོ།  །རྩལ་གསུམ་ལྡན་པའི་སེང་གེའི།  །ཐེག་མཆོག་ཆོས་ཀྱི་ང་རོས།  །ལོག་ལྟའི་ཝ་ཚོགས་བཅོམ་སོང་།  །གཡུ་ཡི་རལ་པ་སྔོ་སང་།  །ནམ་མཁའི་དབྱིངས་ལ་སྤྱོད་དོ།  །ཡན་ལག་བརྒྱད་ལྡན་ཆུ་ཀླུང་།  །དལ་གྱིས་འབེབས་པའི་ཀློང་དུ།  །བྱ་རིགས་སྣ་ཚོགས་སྐད་སྙན།  །ཅ་ཅོ་སྒྲོགས་པས་དགའ་འོ།  །ཉོན་མོངས་གདུང་སེལ་སྨན་ཆར།  །ལྷ་ཡི་བུམ་བཟང་ནས་བབས།  །དག་བྱེད་བདུད་རྩིའི་ཁྲུས་ཀྱིས།  །ལུས་སེམས་དགའ་བདེས་ཁྱབ་བྱུང་།  །གཟུགས་བཟང་ལྟ་ན་སྡུག་པའི།  །ལྷ་ཡི་བུ་དང་བུ་མོར།  །འགྲན་པའི་ལང་ཚོའི་མཚར་སྡུག།  མང་དུ་འཛོམ་པའི་བདེ་སྐྱིད།  །འཆི་མེད་དཔལ་དུ་ཆས་བྱུང་།  །སྲིད་དང་ཞི་བའི་ཕུན་ཚོགས།  །ས་འདིར་མངོན་སུམ་བཀུག་སྟེ།  །དགའ་བ་བརྒྱ་ལྡན་གྲོང་ཁྱེར།  །མི་ཕམ་འཇམ་དབྱངས་ཞལ་རས།  །ལྟ་བའི་ཆོག་མི་ཤེས་པ།  །བསྟན་འགྲོའི་མགོན་དུ་འཆར་བྱུང་།  །ནག་ཕྱོགས་དམ་སྲིའི་དཔུང་ཚོགས།  །ཁྲོ་རྒྱལ་རྟ་མགྲིན་སྤྲུལ་པ།  །ཅང་ཤེས་རྨིག་གི་ཐལ་སྒྲས།  །སྲོག་སྙིང་ཚལ་པར་གཏོར་སོང་།  །འཇམ་དཔལ་ཁྲོས་པའི་འཁོར་ལོ།  །ཕྱོགས་ཀུན་གཡས་སུ་འཁོར་བས།  །ལྷ་མིན་འབྱུང་པོའི་མགོ་གཅོད།  །དཔའ་བོའི་རྒྱན་དུ་བྱས་སོ།  །ཕྲིན་ལས་ཕུར་པའི་མེ་སྒྱོག།  རྡོ་རྗེའི་མདེའུ་རྩེ་བརྒྱས།  །འབྲུག་གི་སྒྲ་ལྟར་སྒྲོགས་པས།  །ཕ་རོལ་བདུད་སྡེའི་དམག་ཚོགས།  །མིང་ཙམ་མེད་པར་བྱས་སོང་།  །གཡུལ་རྒྱལ་རུ་དར་དཀར་པོ།  །ཕྱོགས་ལས་རྣམ་པར་རྒྱལ་ལོ།  །བདེ་ཞིང་སྐྱིད་པའི་ཉི་མ།  །བཀྲ་ཤིས་ལྷ་ཡི་ཟླ་བ།  །རྒྱུ་སྐར་ལྷ་མོ་གསུམ་པོ།  །དུས་གཅིག་འཛོམ་པའི་དགའ་སྟོན།  །དེ་རིང་ཆོས་ཀྱི་ཉི་མར།  །འཆར་བའི་བཀྲ་ཤིས་ལེགས་བྱས།  །འདི་འདྲ་འཛོམ་པའི་དགའ་མོ།  །རྐང་གཡས་ཐབས་ཀྱི་བྲོ་ཆེན།  །རྐང་གཡོན་ཤེས་རབ་བྲོ་མོ།  །ཐབས་ཤེས་ཟུང་འཇུག་ཞབས་བྲོ།  །ཁྲིགས་སེ་ཁྲིགས་སེ་ཆེམ་ཆེམ།  །རྐང་པའི་སྟངས་ཀྱིས་བསྒྱུར་ཞིང་།  །ས་གཞི་ཡོངས་པའི་ཁྱོན་ལ།  །ཚངས་པའི་ཡུལ་ས་རྩེ་གནོན།  །ལག་མཐིལ་དར་གྱི་གཤོག་རླབས།  །སྟེང་འོག་ཕྱོགས་བཅུར་གཡོ་བས།  །སྣོད་བཅུད་དཔལ་ཡོན་ཀུན་སྡུས།  །ཕྱ་དང་གཡང་གི་དགེ་ལེགས།  །བྲོ་ར་འདི་རུ་ཁུག་ཅིག།  ཁུ་ཡེ་ཁུ་ཡེ་གཡང་ཁུག།  རྒྱལ་ལོ་རྒྱལ་ལོ་ལྷ་རྒྱལ།  །བཀྲ་ཤིས་འཁྱིལ་པའི་བྲོ་འདིས།  །སྡེ་བཞི་དགེ་བཅུར་བཀྲ་ཤིས།  །དགེ་ལེགས་རྣམ་རྒྱལ་གྱུར་ཅིག།  ཅེས་པའང་ལྕགས་སྟག་སྣྲོན་གྱི་ཟླ་བའི་ཚེས་ལྔ་ལ།  པདྨ་ཡེ་ཤེས་རྡོ་རྗེས་རང་བཞིན་དབྱིངས་སུ་ཇི་ལྟར་ཤར་བ།  ཐུགས་རྗེ་དཔལ་མགོན་མཚུངས་མེད་དགེ་རྟག་མཆོག་སྤྲུལ་རིན་པོ་ཆེས་ཕྱག་བྲིས་སུ་མཛད་པ་འདིས་ཀྱང་བསྟན་པའི་རྒྱལ་མཚན་ཕྱོགས་བཅུར་བསྒྲེངས་ཤིང་།  མི་མཐུན་དུས་ཀྱི་རྒུད་པ་འཇོམས་པའི་རྒྱུར་བླ་མ་རྒྱལ་བ་སྲས་བཅས་ཀྱིས་བྱིན་གྱིས་རླབས་ཏུ་གསོལ།  ཤུ་བྷཾ།  མངྒ་ལཾ།།  །།}}
</onlyinclude>
{{TsagliCall}}
{{TsagliCall}}
<headertabs/>
<headertabs/>

Latest revision as of 16:12, 3 February 2022

གསུང་མགུར་སྐོར་ཕྱོགས་བསྒྲིགས།
Wylie title gsung mgur skor phyogs bsgrigs JKCL-KABUM-08-NYA-012.pdf
Location chos kyi blo gros bka' 'bum
Volume 8, Text 12, Pages 415-548 (Folios 1a1 to 67b3)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. gsung mgur skor phyogs bsgrigs. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: 415-548. Bir, H.P.: Khyentse Labrang, 2012.
Genre Vajra Songs - rdo rje'i glu

79 Texts in this Section (sde tshan or chos tshan)

1
416-417
དགྲ་འདུལ་གཉེན་སྐྱོངས་དང་སོགས།
dgra 'dul gnyen skyongs dang sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
2
417-418
ཨོཾ་སྭཱསྟི། སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་ཡོན་ཏན་རྒྱ་མཚོས་བསྐུལ་ངོར་་གནང་བ།
oM swAsti/ skyabs gnas kun 'dus bla ma rdo rje 'chang 'jam dbyangs yon tan rgya mtshos bskul ngor gnang ba
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
3
418-420
སྐྱོ་གླུ་སྙིང་གི་གཟེར་ཆེན།
skyo glu snying gi gzer chen
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
4
420-421
དུས་ད་ནང་སྤྲིན་དཀར་འཁྲིགས་པ་ནས།
dus da nang sprin dkar 'khrigs pa nas
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
5
421-422
རང་ལ་གྲོས་གདབ་ཀྱི་མཚངས་འདོན།
rang la gros gdab kyi mtshangs 'don
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
6
422-426
རང་གཞན་ལ་གྲོས་སུ་གདབ་པ་ཕན་བདེའི་འཁྲི་ཤིང་།
rang gzhan la gros su gdab pa phan bde'i 'khri shing
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
7
426-429
རྡོ་རྗེའི་གླུ་སྤྲིན་དཀར་འཛུམ་པོའི་ལྷ་ཡི་དབྱངས་སྙན།
rdo rje'i glu sprin dkar 'dzum po'i lha yi dbyangs snyan
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
8
429-431
གླུ་ཟབ་དོན་གླིང་བུ།
glu zab don gling bu
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
9
431-433
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྗེས་དྲན་གྱི་གླུ་ཀ་ལ་པིངྐའི་དབྱངས་སྙན།
kun mkhyen chos kyi rgyal po rjes dran gyi glu ka la ping+ka'i dbyangs snyan
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
10
433-435
ཉམས་མཚར་དུ་བརྗོད་པ་ཁུ་བྱུག་མགྲིན་གླུ།
nyams mtshar du brjod pa khu byug mgrin glu
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
11
435-436
ངེས་དོན་སྙིང་པོའི་གླུ་བྱང་ཆུབ་བདེ་ལམ།
nges don snying po'i glu byang chub bde lam
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
12
436-438
གླུ་ཡེ་ཤེས་བྱིན་འབེབས།
glu ye shes byin 'bebs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
13
438-440
ཨེ་མ་ཧོ། འཁོར་འདས་བདག་མེད་སོགས།
e ma ho/ 'khor 'das bdag med sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
14
440-441
རང་ཉམས་ངེས་པའི་དོ་ཧ་ནི།
rang nyams nges pa'i do ha ni
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
15
441-442
འ་འེ། ཀུན་མཁྱེན་རྫོགས་པའི་སངས་རྒྱས།
'a 'e/ kun mkhyen rdzogs pa'i sangs rgyas
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
16
442
ཨ་ཧོ་ཡེ། གཞི་སྐྱེ་མེད་ཀྱི་ཀློང་ནས།
a ho ye/ gzhi skye med kyi klong nas
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
17
442-443
ཨ་ཧོ། སེམས་ཅན་ཀུན་ལ་ཡོད་པའི་སོགས།
a ho/ sems can kun la yod pa'i sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
18
443
ཨ་ཧོ་ཡེ། འཆི་བདུད་ཀྱི་རྟོག་པའི་ཚོགས།
a ho ye/ 'chi bdud kyi rtog pa'i tshogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
19
443-445
འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་མགུར་གླུ་ཀུན་བཟང་མཆོད་སྤྲིན།
'khor 'das dbyer med kyi lta ba'i mgur glu kun bzang mchod sprin
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
20
445-446
ལྟ་བའི་ཡང་སྙིང་བཅུད་ཕྱུང༌།
lta ba'i yang snying bcud phyung
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
21
446
ཨ་ཧོ། གདོད་ནས་རྣམ་དག་སྐྱེ་མེད་ཆོས་སྐུ་ཡི་ཀློང་ན། སོགས་གྲོ་སྐྱབས་ལི་ཤུ་ཐུབ་བསྟན་སངས་རྒྱས་འོད་ཟེར་ལ་གནང་བ།
a ho/ gdod nas rnam dag skye med chos sku yi klong na/ sogs gro skyabs li shu thub bstan sangs rgyas 'od zer la gnang ba
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
22
446-447
ཨ་ཧོ་ཡེ། ངོ་མཚར་གླུ་ཡི་རྒྱལ་པོ་དགྱེས་པ་ཡི་དགའ་སྟོན་སོགས།
a ho ye/ ngo mtshar glu yi rgyal po dgyes pa yi dga' ston sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
23
447-448
གླུ་ཡེ་ཤེས་བྱིན་འབེབས།
glu ye shes byin 'bebs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
24
448-450
ཨ་ཧོ་ཡེ། འབྲས་ལྗོངས་བཀྲ་ཤིས་དགའ་བ་འཁྱིལ་བ་ཡི་ཕོ་བྲང་སོགས།
a ho ye/ 'bras ljongs bkra shis dga' ba 'khyil ba yi pho brang sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
25
450-451
གླུ་ཐ་ལ་ཐ་ལ་རེད་ཡ་སོགས།
glu tha la tha la red ya sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
26
451-452
བལ་ཡུལ་གནས་བསྐོར་འཁོར་བའི་གླུ་ཚེ་རིང་ཞབས་བྲོ་བཀྲ་ཤིས་སོ།
bal yul gnas bskor 'khor ba'i glu tshe ring zhabs bro bkra shis so
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
27
452-455
ངོ་མཚར་སྤྲོ་བ་བསྐྱེད་པ་ལྷ་ཡི་གླུ་དབྱངས།
ngo mtshar spro ba bskyed pa lha yi glu dbyangs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
28
455-458
དུས་ལ་མངོན་པར་སྐྱོ་བའི་གཏམ་མུ་ཀུའི་མགྲིན་གླུ།
dus la mngon par skyo ba'i gtam mu ku'i mgrin glu
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
29
458-459
ཐུགས་དམ་རྒྱུད་བསྐུལ་གྱི་གླུ་དད་པའི་གློག་ཞགས།
thugs dam rgyud bskul gyi glu dad pa'i glog zhags
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
30
459-460
ཤྲཱི་གཱི་རྟི་ཨ་ལ་ལ་ཧོ།
shrI gI rti a la la ho
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
31
460-461
ཨེ་མ་ཧོཿ ཨེ་མ་ཀི་རི་ཨ་ཧོཿ
e ma hoH e ma ki ri a hoH
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
32
461-462
བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོ་མཁྱེན་ནོ།
bka' brgyud grub thob rgya mtsho mkhyen no
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
33
462-463
ཚོགས་གླུ་ཌཱ་ཀི་དགྱེས་རོལ།
tshogs glu DA ki dgyes rol
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
34
463-464
ཚོགས་གླུ་ཌཱ་ཀིའི་དབྱངས་སྙན།
tshogs glu DA ki'i dbyangs snyan
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
35
464-465
ཚོགས་ཀྱི་གླུ་ཡེ་ཤེས་བྱིན་འབེབས།
tshogs kyi glu ye shes byin 'bebs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
36
465-467
ཚོགས་ཀྱི་གླུ་ཌཱ་ཀིའི་དབྱངས་སྙན།
tshogs kyi glu DA ki'i dbyangs snyan
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
37
467-469
རྗེ་བླ་མའི་ཞབས་ལ་ཕྱག་འཚལ་ལོ་སོགས།
rje bla ma'i zhabs la phyag 'tshal lo sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
38
469-470
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ་སོགས་བློ་བཟང་གྲགས་པའི་ཞལ་མཇལ་སྐབས་གསུངས་པ།
rje bla ma rnams la phyag 'tshal lo sogs blo bzang grags pa'i zhal mjal skabs gsungs pa
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
39
470-472
ཨ་ཧོ་ཡེ། གནས་མཆོག་བཀྲ་ཤིས་འཆི་མེད་གྲུབ་པ་ཡི་དགའ་ཚལ།
a ho ye/ gnas mchog bkra shis 'chi med grub pa yi dga' tshal
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
40
472
ཨ་ཧོ་ཡེ། མི་འགྱུར་དྷུ་ཏིའི་དབྱིངས་ན།
a ho ye/ mi 'gyur d+hu ti'i dbyings na
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
41
472-473
ཁྲོ་རྒྱལ་དགྱེས་པའི་གད་རྒྱངས།
khro rgyal dgyes pa'i gad rgyangs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
42
473-474
གདུང་དབྱངས་ཐུགས་རྗེས་འཛིན།
gdung dbyangs thugs rjes 'dzin
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
43
474-477
ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་རྗེས་དྲན་གྱི་གླུ་མོས་གུས་ཀྱི་རླབས་ཕྲེང་།
kun mkhyen chos kyi rgyal po rjes dran gyi glu mos gus kyi rlabs phreng
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
44
477-478
ཨ་ཧོཿ ལྔ་ལྡན་འཇའ་ཟེར་འཁྲིགས་པའི་འོད་ཁྱིམ་གྱི་ཀློང་ན་སོགས།
a hoH lnga ldan 'ja' zer 'khrigs pa'i 'od khyim gyi klong na sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
45
478-480
ཀྱེ་ཧོ། གང་གི་རང་བཞིན་ཐུགས་རྗེའི་ཟླ་སྣང་ན་སོགས།
kye ho/ gang gi rang bzhin thugs rje'i zla snang na sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
46
480-481
ཕ་བླ་མ་རྡོ་རྗེ་འཆང་བློ་གཏེར་དབང་པོ་ཁྱེད་མཁྱེན་སོགས།
pha bla ma rdo rje 'chang blo gter dbang po khyed mkhyen sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
47
481-483
མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ།
mkhyen no mkhyen no bla ma mkhyen no
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
48
483-484
ཀུན་མཁྱེན་བླ་མར་གསོལ་འདེབས་ཀྱི་གླུ་སྤྲིན་གྱི་ཕོ་ཉ།
kun mkhyen bla mar gsol 'debs kyi glu sprin gyi pho nya
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
49
484-485
ཨ་ཧོ། རང་རིག་འོད་གསལ་དབུ་མ་ཡི་གྲོང་ཁྱེར་སོགས།
a ho/ rang rig 'od gsal dbu ma yi grong khyer sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
50
485-486
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ།
rje bla ma rnams la phyag 'tshal lo
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
51
486-488
བླ་མ་རྗེས་དྲན་གྱི་གླུ་འཇིགས་མཛད་ཁྲོས་པའི་བྱིན་རླབས་སྙིང་ལ་བསྐུལ་བའི་དབྱངས་སྙན།
bla ma rjes dran gyi glu 'jigs mdzad khros pa'i byin rlabs snying la bskul ba'i dbyangs snyan
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
52
488-490
བསླུ་མེད་ཀྱི་སྐྱབས་གནས་དཀོན་མཆོག་གསུམ་སོགས།
bslu med kyi skyabs gnas dkon mchog gsum sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
53
490-492
སྐྱབས་བཀའ་དྲིན་འཁོར་མེད་བླ་མ་རྗེ་སོགས།
skyabs bka' drin 'khor med bla ma rje sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
54
492-493
ཨ་ཧོ་ཡེ་ཨ་ལ་ལ་ཧོ་སོགས།
a ho ye a la la ho sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
55
493-494
རྗེ་སངས་རྒྱས་ཀུན་འདུས་རྡོ་རྗེ་འཆང་སོགས།
rje sangs rgyas kun 'dus rdo rje 'chang sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
56
494-495
ཨ་ཧོ་ཡེ། དགུང་སྔོན་མཐོན་པོའི་དཀྱིལ་ན་སོགས།
a ho ye/ dgung sngon mthon po'i dkyil na sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
57
495-496
སྟེང་ཡ་གི་དགའ་ལྡན་ལྷ་ཡུལ་ན་སོགས།
steng ya gi dga' ldan lha yul na sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
58
496-499
རང་ལ་ཁྲེལ་བདས། ཨུ་ཧུ་ཧུ། སོགས།
rang la khrel bdas/ u hu hu/ sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
59
499-501
ཨ་ཧོ། ཡེ་ཤེས་ཆེན་པོ་གྲུབ་པའི་རིག་འཛིན་གྱི་ཁྱུ་མཆོག་སོགས།
a ho/ ye shes chen po grub pa'i rig 'dzin gyi khyu mchog sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
60
501-502
རྗེ་སྐྱབས་གནས་རྒྱ་མཚོ་རིགས་ཀུན་གྱི་བདག་ཉིད་སོགས།
rje skyabs gnas rgya mtsho rigs kun gyi bdag nyid sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
61
502-509
བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་སྲིད་ཞིའི་གདུང་སེལ།
bla ma rgyang 'bod kyi gsol 'debs srid zhi'i gdung sel
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
62
509-516
གསུང་ངག་ལམ་འབྲས་ཀྱི་བླ་མ་བརྒྱུད་པར་གསོལ་འདེབས་རྒྱང་འབོད་ཡེ་ཤེས་འགུགས་པའི་ལྕགས་ཀྱུ།
gsung ngag lam 'bras kyi bla ma brgyud par gsol 'debs rgyang 'bod ye shes 'gugs pa'i lcags kyu
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
63
516-517
ཕ་བླ་མ་རྗེ་ལ་གུས་པས་འདུད། །བུ་ཉོན་དང་རིགས་ལྡན་ཡེ་ཤེས་སྒྲོན། སོགས།
pha bla ma rje la gus pas 'dud/ /bu nyon dang rigs ldan ye shes sgron/ sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
64
517
ན་མོ་གུ་རུ། སེམས་ཉིད་ཀ་དག་ཀུན་བཟང་ཆོས་སྐུའི་ཀློང་ཞེས་བཙུན་ཞབས་སྦྱིན་པ་ལ་གནང་བ།
na mo gu ru/ sems nyid ka dag kun bzang chos sku'i klong zhes btsun zhabs sbyin pa la gnang ba
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
65
517-518
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས་ཞེས་འཇམ་དབྱངས་ཆོས་འཕེལ་ལ་གནང་བ།
rje bla ma rnams la gsol ba 'debs zhes 'jam dbyangs chos 'phel la gnang ba
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
66
518-521
འོད་གསལ་རྫོགས་པ་ཆེན་པོའི་བསྟན་པའི་སྲོལ་འབྱེད་ཆེན་པོ་རྣམས་རྗེས་སུ་དྲན་པའི་གླུ་གཉུག་མའི་སྒྲ་དབྱངས།
'od gsal rdzogs pa chen po'i bstan pa'i srol 'byed chen po rnams rjes su dran pa'i glu gnyug ma'i sgra dbyangs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
67
521-527
ཨ་ཧོ་ཡེ། རང་བྱུང་འོད་ལྔ་འཁྲིགས་པའི་གུར་ཁྱིམ་གྱི་ཀློང་ན་སོགས།
a ho ye/ rang byung 'od lnga 'khrigs pa'i gur khyim gyi klong na sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
68
527-529
བླ་མ་ས་སྐྱ་པར་གདུང་དབྱངས་མོས་གུས་ཀྱི་གཟེར་འདེབས།
bla ma sa skya par gdung dbyangs mos gus kyi gzer 'debs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
69
529-530
ཀུན་མཁྱེན་ཆེན་པོར་གསོལ་འདེབས་རྒྱང་འབོད།
kun mkhyen chen por gsol 'debs rgyang 'bod
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
70
530-532
ཀུན་མཁྱེན་ཇོ་ནང་པ་ཆེན་པོར་རྒྱང་འབོད་ངེས་དོན་བྱིན་རླབས་མྱུར་དུ་འགུགས་པའི་ཕོ་ཉ།
kun mkhyen jo nang pa chen por rgyang 'bod nges don byin rlabs myur du 'gugs pa'i pho nya
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
71
532-534
བླ་མ་རྒྱང་འབོད།
bla ma rgyang 'bod
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
72
534
བླ་མ་མཁྱེན་ནོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་སོགས།
bla ma mkhyen no/ /sangs rgyas kun 'dus kyi ngo bo sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
73
534-535
ཨོཾ་སྭསྟི། སྐྱབས་གནས་ཀུན་འདུས་བླ་མ་ཞེས་སོགས་འཇམ་དབྱངས་ཡོན་ཏན་རྒྱ་མཚོ་ལ་གསུངས་པ།
oM swasti/ skyabs gnas kun 'dus bla ma zhes sogs 'jam dbyangs yon tan rgya mtsho la gsungs pa
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
74
535-536
བླ་མ་ལ་གསོལ་བ་འདེབས་པའི་གླུ་ཡེ་ཤེས་བྱིན་འབེབས།
bla ma la gsol ba 'debs pa'i glu ye shes byin 'bebs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
75
536-537
བླ་མ་རྒྱང་འབོད་ཐུགས་རྗེའི་ལྕགས་ཀྱུ།
bla ma rgyang 'bod thugs rje'i lcags kyu
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
76
537-542
བླ་མ་ལ་གསོལ་འདེབས་ཞལ་གདམས་སྨོན་ལམ་དང་འབྲེལ་བ་བདུད་རྩིའི་ཐིག་ཕྲེང་།
bla ma la gsol 'debs zhal gdams smon lam dang 'brel ba bdud rtsi'i thig phreng
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
77
542-544
བླ་མ་དྲན་པའི་གདུང་དབྱངས་སྙིང་གི་གཟེར་ཆེན།
bla ma dran pa'i gdung dbyangs snying gi gzer chen
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
78
544-546
ལུང་བསྟན་རྫུན་རིས། མ་ཡེ་ཤེས་མཁའ་སོགས།
lung bstan rdzun ris/ ma ye shes mkha' sogs
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
79
546-548
རང་བྱུང་རྡོ་རྗེའི་བྲོ་གླུ་བཀྲ་ཤིས་འཁྱིལ་བ་ཐོས་གྲོལ་འབྲེལ་ཚད་དོན་ལྡན།
rang byung rdo rje'i bro glu bkra shis 'khyil ba thos grol 'brel tshad don ldan
Text page
View PDF
འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)

":Property:textsubnumber|textsubnumber" can not be assigned to a declared number type with value 1.


Footnotes

Other Information