JKCL-KABUM-08-NYA-011: Difference between revisions

From Khyentse Lineage - A Tsadra Foundation Project
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
 
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 8: . Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|totalvolumes=12
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=Notes - zin bris
|terma=No
|jkcloutline=Eight
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=008
|volumenumber=NYA
|volnumtib=
|volyigtib=ཉ་
|totalvolumes=12
|beginfolioline=1a1
|textnuminvol=011
|textnuminvol=011
|pdflink=File:JKCL-KABUM-08-NYA-011.pdf
|pdflink=File:JKCL-KABUM-08-NYA-011.pdf

Revision as of 16:20, 15 December 2021

Wylie title JKCL-KABUM-08-NYA-011.pdf
Location chos kyi blo gros bka' 'bum
Volume 8, Text 11, Pages (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: . Bir, H.P.: Khyentse Labrang, 2012.
Genre Notes - zin bris

51 Texts in this Section (sde tshan or chos tshan)

17
338-339
ཀ་ཡེ་རིགས་ཀྱི་བུ་མཆོག།
ka ye rigs kyi bu mchog
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
18
339-340
ཀ་ཡེ་རྣལ་འབྱོར་ཕོ་མོ།
ka ye rnal 'byor pho mo
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
13
334-335
ཀྭ་ཡེ་གསོན་དང་བླ་མ་རིན་པོ་ཆེ།
kwa ye gson dang bla ma rin po che
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
45
403-404
ཀྱེ་མ། །མ་དུལ་གཡོ་སྒྱུའི་སེམས་ལྡན་འགའ་སོགས།
kye ma/ /ma dul g.yo sgyu'i sems ldan 'ga' sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
46
404
ཀྱེ་ཧོ། བུ་རྟག་པར་བླ་མ་དྲན་སོགས་རང་སློབ་འཇམ་དབྱངས་བློ་གསལ་བཟང་པོའི་ཆེད་གནང་བ།
kye ho/ bu rtag par bla ma dran sogs rang slob 'jam dbyangs blo gsal bzang po'i ched gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
12
333-334
གདམས་པ་རིན་ཆེན་ཕྲེང་མཛེས།
gdams pa rin chen phreng mdzes
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
42
393-396
གདམས་པའི་རིམ་པ་གཞན་གསོས་མགྲིན་གླུ།
gdams pa'i rim pa gzhan gsos mgrin glu
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
9
320-322
གནས་དགོན་མཆོག་སྤྲུལ་ལ་གདམས་པ།
gnas dgon mchog sprul la gdams pa
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
23
346-347
ཆོས་ཀྱི་བློ་གྲོས་ཀྱིས་ཧོ་ཆོ་ཞབས་དྲུང་ལ།
chos kyi blo gros kyis ho cho zhabs drung la
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
16
337-338
ཌཱ་ཀི་ན་མོ། བརྒྱུད་པ་རིན་ཆེན་སོགས་རང་སློབ་རི་སྐེགས་བྱ་བྲལ་རིན་པོ་ཆེར་གདམས་པ།
DA ki na mo/ brgyud pa rin chen sogs rang slob ri skegs bya bral rin po cher gdams pa
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
34
370-377
ཐེག་པ་ཆེན་པོའི་ལམ་རིམ་སྙིང་པོ་ཐེག་མཆོག་བདུད་རྩིའི་ཟིལ་མངར།
theg pa chen po'i lam rim snying po theg mchog bdud rtsi'i zil mngar
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
33
370
ད་ལྟའི་ཤེས་པ་བསྒྱུར་བཀོད་མ་བྱས་པའི་སོགས་དཔལ་སྤུངས་སི་ཏུ་རིན་པོ་ཆེ་ལ་གནང་བ།
da lta'i shes pa bsgyur bkod ma byas pa'i sogs dpal spungs si tu rin po che la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
20
340-341
དགེ་བློས་རྒྱུད་ཕྱུག་ཚེས་བཅུའི་དམ་ཆོས་རྒྱལ་མཚན་ལ།
dge blos rgyud phyug tshes bcu'i dam chos rgyal mtshan la
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
15
336-337
དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ།
dus gsum sangs rgyas 'dus pa'i ngo bo
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
19
340
ནད་སེལ་གྱི་སྨན་དཀར་པོ་གཅིག་ཐུབ།
nad sel gyi sman dkar po gcig thub
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
25
351-356
ཕན་པའི་གཏམ་དྲན་པའི་གསོལ་འདེབས།
phan pa'i gtam dran pa'i gsol 'debs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
48
405-406
བརྩེ་བའི་གྲོགས་ཁྱེད་སྔོན་གྱིས་ལས་དབང་གིས་སོགས།
brtse ba'i grogs khyed sngon gyis las dbang gis sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
22
345-346
བླ་མ་ལ་ཕྱག་འཚལ་ལོ། །དལ་འབྱོར་མི་ལུས་སོགས་དགེ་མ་ཀུན་བཟང་ལ་གནང་བ།
bla ma la phyag 'tshal lo/ /dal 'byor mi lus sogs dge ma kun bzang la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
31
366-367
བླ་མའི་ཞབས་ལ་ཕྱག་བཙལ་ནས་སོགས།
bla ma'i zhabs la phyag btsal nas sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
40
388-389
བླ་མའི་ཞབས་ལ་ཕྱག་འཚལ་ནས་སོགས།
bla ma'i zhabs la phyag 'tshal nas sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
39
387-388
བླ་མའི་ཞབས་ལ་ཕྱག་འཚལ་ལོ་སོགས་ཀརྨ་ཆོས་མཆོག་ལ་གནང་བ།
bla ma'i zhabs la phyag 'tshal lo sogs karma chos mchog la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
8
317-320
ཞལ་གདམས་ཀུན་ཕན་བདུད་རྩི།
zhal gdams kun phan bdud rtsi
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
3
302-304
ཞལ་གདམས་གནད་ཀྱི་ཕྲེང་བ།
zhal gdams gnad kyi phreng ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
11
325-333
ཞལ་གདམས་གནད་ཕྲེང་།
zhal gdams gnad phreng
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
24
347-351
ཞལ་གདམས་ཉུང་ངུ་ཕན་བདེའི་ས་བོན།
zhal gdams nyung ngu phan bde'i sa bon
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
30
365-366
ཞལ་གདམས་ཉུང་བསྡུས།
zhal gdams nyung bsdus
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
7
314-317
ཞལ་གདམས་ཐར་པའི་འཁྲི་ཤིང་།
zhal gdams thar pa'i 'khri shing
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
10
322-325
ཞལ་གདམས་ཐར་ལམ་སྒྲོན་མེ།
zhal gdams thar lam sgron me
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
27
358-359
ཞལ་གདམས་དོན་བཞི་མ།
zhal gdams don bzhi ma
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
50
410-414
ཞལ་གདམས་བདུད་རྩིའི་ཐིག་ཕྲེང་།
zhal gdams bdud rtsi'i thig phreng
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
32
367-370
ཞལ་གདམས་བདུད་རྩིའི་བསིལ་ཟེར།
zhal gdams bdud rtsi'i bsil zer
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
14
335-336
ཞལ་གདམས་བདུད་རྩིའི་བུམ་བཟང་།
zhal gdams bdud rtsi'i bum bzang
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
21
341-345
ཞལ་གདམས་བསླབ་བྱ་གནད་ཀྱི་ཕྲེང་བ།
zhal gdams bslab bya gnad kyi phreng ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
4
304-309
ཞལ་གདམས་བྱང་ཆུབ་བདེ་ལམ།
zhal gdams byang chub bde lam
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
5
309-313
ཞལ་གདམས་མགུར་གླུ་རིན་ཆེན་མགུལ་རྒྱན།
zhal gdams mgur glu rin chen mgul rgyan
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
28
359-364
ཞལ་གདམས་མདོར་བསྡུས།
zhal gdams mdor bsdus
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
26
356-358
ཞལ་གདམས་མདོར་བསྡུས།
zhal gdams mdor bsdus
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
35
377-383
ཞལ་གདམས་ལམ་རིམ་ཕན་བདེའི་སྙིང་པོ།
zhal gdams lam rim phan bde'i snying po
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
29
364-365
ཞལ་གདམས།
zhal gdams
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
6
313-314
འཁོར་ལོ་བར་བའི་དགོངས་པ་རང་སྟོང་དེ་སོགས་ཁྲལ་ཚོ་རིན་ཆེན་འབྲས་ལྗོངས་ནས་བོད་ལ་རྒྱུ་བའི་ཚེ་མགུར་མ་དགོས་ཞེས་བསྐུལ་ངོར་གནང་བ།
'khor lo bar ba'i dgongs pa rang stong de sogs khral tsho rin chen 'bras ljongs nas bod la rgyu ba'i tshe mgur ma dgos zhes bskul ngor gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
49
406-410
འཇིག་རྟེན་པའི་ལྷ་དམར་མཆོད་བྱེད་པ་རྣམས་ལ་སྤྲིངས་པ།
'jig rten pa'i lha dmar mchod byed pa rnams la springs pa
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
285-414
རང་གཞན་ལ་གདམས་པ་གཏམ་དུ་བྱ་བ་རིན་ཆེན་ཕྲེང་མཛེས་སོགས།
rang gzhan la gdams pa gtam du bya ba rin chen phreng mdzes sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
1
285-300
རང་གཞན་ལ་གདམས་པ་གཏམ་དུ་བྱ་བ་རིན་ཆེན་ཕྲེང་མཛེས།
rang gzhan la gdams pa gtam du bya ba rin chen phreng mdzes
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
44
401-404
རང་ཅག་དཔོན་སློབ་དབང་ཆོས་ཀྱི་འབྲེལ་བ་རྒྱ་ཆེ་བས་ལོག་ལྟ་དང་སོགས།
rang cag dpon slob dbang chos kyi 'brel ba rgya che bas log lta dang sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
2
300-302
རང་ལ་གྲོས་སུ་འདེབས་པ།
rang la gros su 'debs pa
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
43
396-401
རང་ལྟོས་ཀྱི་སློབ་བུའི་ཚོགས་ལ་འཕྲིན་དུ་གསོལ་བ་རབ་རིབ་མུན་སེལ།
rang ltos kyi slob bu'i tshogs la 'phrin du gsol ba rab rib mun sel
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
41
389-393
ལོག་ལྟའི་སྨག་འབྱིན་མུན་སེལ་ཉི་མ།
log lta'i smag 'byin mun sel nyi ma
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
36
383-385
ལྟ་བ་སྐྱོང་ཐབས།
lta ba skyong thabs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
38
386-387
ཨ་ཧོ་ཡེ། རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི་རྙེད་དུས་སོགས་དད་སློབ་ཀརྨ་ཆོས་མཆོག་ལ་གནང་བ།
a ho ye/ rnyed dka'i dal 'byor mi lus rin chen 'di rnyed dus sogs dad slob karma chos mchog la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
47
404-405
ཨ་ཧོ། བུ་ཆོས་ཀུན་སེམས་ཀྱི་སྣང་བ་ཡིན། སོགས་ཐུགས་སྲས་འཇམ་དབྱངས་བློ་གསལ་གནང་བ།
a ho/ bu chos kun sems kyi snang ba yin/ sogs thugs sras 'jam dbyangs blo gsal gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
37
385-386
ཨོཾ་སྭསྟི། སྐྱབས་བླ་མ་རྣམས་ཀྱིས་ཐུགས་རྗེས་ཟུངས་སོགས་རང་སློབ་ཡེ་ན་དགོན་གྱི་བླ་མ་ཤེས་རབ་ཕུན་ཚོགས་ལ་གནང་བ།
oM swasti/ skyabs bla ma rnams kyis thugs rjes zungs sogs rang slob ye na dgon gyi bla ma shes rab phun tshogs la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
[edit]
༄༅། །རང་གཞན་ལ་གདམས་པ་གཏམ་དུ་བྱ་བ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭསྟི། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་ཀྱི། །ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་མཆོག། དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་པ། །ཁྱབ་བདག་དཔལ་ལྡན་བླ་མར་ཕྱག་བགྱིའོ། །དམ་པའི་དཔལ་དང་ལྡན་པའི་གྲོགས་ཁྱོད་ཀྱི། །གསུང་གི་གླིང་བུས་ཉེ་བར་བསྐུལ་བ་ན། །དྲང་སྲོང་རྒན་བུ་བདག་ཀྱང་ཡིད་སྤྲོ་བས། །སྔོན་བྱོན་དམ་པའི་ལུང་བཞིན་མདོར་བསྡུས་བཤད། །སྐྱེ་སྔོན་བསོད་ནམས་བྱེ་བའི་ལེགས་བྱས་ཀྱི། །མཐུ་དང་སངས་རྒྱས་བྱང་སེམས་བྱིན་རླབས་ཀྱིས། །ད་རེས་འཛམ་གླིང་ལས་ཀྱི་ས་པ་རུ། །ཆོས་ཀྱི་ཞིང་ས་བཟང་པོར་སྐྱེས་པ་འདི། །ཤིན་ཏུ་རྙེད་དཀའི་ནོར་བུ་ཐོབ་དང་མཚུངས། །ཐོབ་པའི་རྟེན་འདི་ཆུད་ཟོས་མ་ཤོར་བ། །སྙིང་པོ་ལེན་པའི་ཐབས་ལ་འབད་པ་གཅེས། །དེ་ཡང་སྲིད་པའི་ཕུན་ཚོགས་ཇི་ཙམ་ཞིག། འབྱོར་ཡང་སྙིང་པོ་མེད་ཅིང་དགོས་པ་ཆུང་། །ཕྱི་མ་གཏན་དུ་ཕན་པ་དམ་པའི་ཆོས། །ཡུན་གྱི་རྒྱགས་ཕྱེ་ད་ལྟ་ཉིད་དུ་ནི། །སྒོ་གསུམ་དགེ་བའི་ལས་ལ་དད་བརྩོན་གྱི། །ནན་ཏུར་ཆེན་པོས་སྒྲུབ་པ་ཅིས་ཀྱང་རིགས། །ཕྱི་ནང་སྣོད་བཅུད་དུས་ཀྱི་འགྱུར་ལྡོག་དང་། །དགྲ་གཉེན་བར་མ་སྐྱེ་འཆི་ངེས་པ་མེད། །ནམ་འཆི་ཆ་མེད་འཆི་རྐྱེན་ཤིན་ཏུ་མང་། །སྐྱེ་འགྲོ་མཆོག་ཕལ་འཆི་བར་མ་གྱུར་པ། །གཅིག་ཀྱང་མེད་པའི་དཔེ་དོན་དུ་མར་བསམ། །བློ་སྣ་མི་རིང་ཐུང་བར་གྱུར་གྱི་བར། །ཕྲ་རགས་མི་རྟག་ཚུལ་ལ་ལེགས་པར་བསམ། །ཤི་ནས་ཅི་མེད་ཅང་མེད་མི་འགྲོ་ཞིང་། །དཀར་ནག་ལས་ཀྱི་བདེ་སྡུག་སོ་སོར་སྨིན། །ཁམས་གསུམ་འཁོར་བའི་གནས་འདིར་ཡང་ཡང་འཁོར། །དཔེར་ན་བྱིས་པས་མགལ་མེ་བསྐོར་བ་བཞིན། །གང་དུ་སྐྱེས་ཀྱང་སྡུག་བསྔལ་སྡུག་བསྔལ་དང་། །འགྱུར་དང་ཁྱབ་པ་འདུ་བྱེད་སྡུག་བསྔལ་གྱིས། །མནར་བར་མ་གྱུར་སེམས་ཅན་གཅིག་ཀྱང་མེད། །བྱེ་བྲག་རིགས་དྲུག་སོ་སོའི་སྡུག་བསྔལ་ཡང་། །རྣམ་མང་བཟོད་དཀའ་འདི་ན་ཉིན་གཅིག་གི །ཚ་གྲང་འཁྱག་ལྟོག་བཟོད་པར་དཀའ་བས་ན། །ངན་སོང་སྡུག་བསྔལ་མྱོང་བ་ཅི་སྟེ་བཟོད། །དེས་ན་སྡུག་བསྔལ་ཚུལ་དེ་སེམས་ཐོག་ལོངས། །མཐོ་རིས་གནས་ནའང་འགྱུར་བའི་སྡུག་བསྔལ་ལས། །མ་འདས་བདེ་བ་ལྟ་བུར་སྣང་བ་ཡང་། །དོན་ལ་འདུ་བྱེད་སྡུག་བསྔལ་རང་བཞིན་གྱིས། །ཁྱབ་པས་ཁམས་གསུམ་དག་ན་བདེ་བ་མེད། །འབར་བའི་འོབ་ན་གནས་པ་ཇི་བཞིན་དུ། །ཉེས་པ་བརྒྱ་ཕྲག་དུ་མ་སྐྱེད་པར་བྱེད། །ཐར་པའི་དུས་མེད་ཚུལ་ལ་ཡང་ཡང་བསམ། །རྒྱུ་འབྲས་སྤང་བླང་ལག་ལེན་ཐེབ་པར་བྱ། །རྒྱུ་ནི་གནག་ལ་འབྲས་བུ་གནག་པ་དང་། །གཉིས་ཀ་དཀར་དང་འདྲེས་མའི་ལས་རྣམས་ཀྱིས། །འགྲོ་བ་འདི་དག་རྣམ་པ་སྣ་ཚོགས་བྱས། །སྣ་ཚོགས་སྲིད་པའི་དྲྭ་བ་འདི་ཆེའོ། །བསགས་པའི་ལས་འདི་གཉེན་པོས་མ་བཅོམ་པར། །ནམ་ཡང་ཆུད་མི་ཟ་བའི་རང་བཞིན་དང་། །གཞན་ལ་མི་སྨིན་ལས་འབྲས་རང་ལ་འཁོར། །རང་ཉིད་གཅིག་པུས་མྱོང་བ་མ་གཏོགས་པར། །བསྒོ་བཤའ་བྱ་རྒྱུ་ཕྲ་མོ་ཙམ་ཡང་མེད། །དེ་ཕྱིར་ལས་འབྲས་ཕྲ་བ་ནས་བསྲུངས་ཏེ། །རྒྱུ་འབྲས་བླང་དོར་ཞིབ་མོས་གཏན་ལ་དབབ། །འདི་ནི་རང་རེ་ནང་པ་སངས་རྒྱས་པའི། །ཆོས་ཚུལ་ཡོངས་ཀྱི་སྙིང་པོ་འདི་ཡིན་པས། །དེ་ཕྱིར་བསམ་སྦྱོར་གཉིས་ཀ་དག་པ་དང་། །དེ་ཡང་རྩ་བ་རང་སེམས་འདུལ་བར་མཛོད། །རང་སེམས་བསྲུངས་ན་རྒྱུ་འབྲས་འཆོལ་མི་སྲིད། །སེམས་འདི་རྟ་རྒོད་དང་འདྲ་འདུལ་བར་དཀའ། །རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་ཀྱི། །ཆོས་ལ་བརྟེན་ནས་སེམས་སྦྱང་བྱ་བ་དང་། །འཆི་བ་མི་རྟག་འཁོར་བའི་ཉེས་དམིགས་སོགས། །ཡང་ཡང་བསམ་ན་སེམས་འདི་ཐུལ་བར་འོང་། །སེམས་འདི་མ་ཐུལ་གླང་ཆེན་སྨྱོན་པ་འདྲ། །འཁོར་བའི་གནས་འདིར་ཡང་དང་ཡང་དུ་འཕེན། །དེས་ན་བསླབ་པ་བསྲུང་བར་འདོད་པ་རྣམས། །དྲན་དང་ཤེས་བཞིན་ཉིད་ཀྱིས་སེམས་སྲུངས་ཤིག། བག་ཡོད་བསྟེན་ན་དཀར་པོའི་ཆོས་རྣམས་འཕེལ། །དྲང་སྲོང་ཐུབ་པ་ཆེན་པོའི་བརྟུལ་ཞུགས་ཀྱང་། །ངང་གིས་འཛིན་ཅིང་རྩ་བ་བརྟན་པར་འགྱུར། །རྒྱལ་བ་ཉི་མ་རྣམས་ཀྱི་ཆོས་ཀྱི་མཛོད། །འཕགས་པའི་བདེན་པ་བཞི་དང་རྟེན་འབྲེལ་རྣམས། །ལེགས་པར་བསྒོམས་པས་ཉན་ཐོས་དགྲ་བཅོམ་དང་། །རང་རྒྱལ་རྣམས་དང་རྟོགས་རིགས་མཉམ་པར་འགྱུར། །ཆོས་ཀུན་སྔོན་འགྲོ་དད་དང་མོས་གུས་ཀྱིས། །ཆོས་ཀྱི་སྒོ་འབྱེད་ཡོན་ཏན་ཀུན་ཐོབ་པས། །དང་འདོད་ཡིད་ཆེས་མི་འཕྲོག་དད་པ་བརྟན། །མཚན་ཉིད་ལྡན་པའི་དགེ་བའི་བཤེས་ལ་བསྟེན། །སྒོ་གསུམ་རབ་དུལ་ཉོན་མོངས་དགྲ་ཚོགས་ཞི། །ཕྱི་ནང་ཟབ་རྒྱས་ཆོས་ཀྱིས་མངོན་པར་ཕྱུག། བྱང་ཆུབ་སེམས་དང་དེ་ཁོ་ན་ཉིད་རྟོགས། །ཐུགས་རྗེ་ཆེ་ལྡན་ཞབས་པད་གུས་པས་བསྙེན། །རང་ཉིད་ང་རྒྱལ་སྤངས་ཤིང་བཟོད་བསྲན་ཆེ། །ཅི་གསུང་བཀའ་སྒྲུབ་བརྩོན་འགྲུས་དྲག་པོ་བསྐྱེད། །དམ་ཚིག་སྲོག་ལྟར་བསྲུངས་ལ་མཉེས་པ་སྒྲུབས། །དེ་ལ་ཡོན་ཏན་ཐམས་ཅད་ངང་གིས་འགོ །སེམས་ཞུམ་ལེ་ལོ་སྙོམས་ལས་སྤངས་བྱས་ཏེ། །ཕྱི་ནང་གཡེང་བའི་དབང་དུ་མ་ཤོར་བ། །ཐང་ལྷོད་མེད་པ་གཞུ་བརྒྱུད་བདུངས་པ་ལྟར། །སྒོ་གསུམ་བརྩོན་འགྲུས་དྲག་པོས་དམ་ཆོས་སྒྲུབས། །རྙེད་ལ་མ་བརྐམས་འདོད་སྲེད་ཆུང་བ་དང་། །བཟང་དང་ངན་པའི་མཐའ་གཉིས་རྣམ་སྤངས་པའི། །ཟས་གོས་གནས་མལ་ཙམ་གྱིས་ཆོག་ཤེས་དང་། །གང་ལའང་ཆགས་འཛིན་ཞེན་པ་ཆུང་བར་མཛོད། །ཞེ་སྡང་དྲག་པོའི་མེ་ཆེན་སྦར་བ་ཡིས། །རང་གཞན་ཀུན་གྱི་རྒྱུད་བསྲེགས་དམྱལ་བར་འཕེན། །བྱང་ཆུབ་སེམས་ཀྱི་འགལ་ཟླ་ཤིན་ཏུ་ལྕི། །དེས་ན་བཟོད་པ་བསྒོམ་ལ་ནན་ཏན་བྱ། །ཚུལ་ཁྲིམས་ལྡན་པ་ལྷར་བཅས་འགྲོ་བའི་རྒྱན། །སྐྱེ་འགྲོ་ཀུན་གྱི་ཕྱག་བྱའི་འོས་སུ་འགྱུར། །རང་རང་སྡོམ་པའི་ཆོ་གས་ལེགས་ཐོབ་པའི། །ཚུལ་ཁྲིམས་གཙང་མ་རློམ་སེམས་མེད་པར་བསྲུང་། །ང་འདྲའི་དགེ་སློང་གཞན་དུ་ཡོད་པར་དཀའ། །སྙམ་པའི་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ནི། །སྒོམ་སྤངས་སྒྲིབ་པའི་རྩ་བ་ཡིན་པས་ན། །ཤེར་ཕྱིན་ལས་ནི་ཉམས་པ་ཅན་ཞེས་གསུངས། །འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་ཀྱིས། །ཟིན་པའི་ཚུལ་ཁྲིམས་ཕ་རོལ་ཕྱིན་ལྡན་ན། །རྟགས་དང་ཆ་ལུགས་ཡོད་མེད་གང་ལྟར་ཡང་། །དེས་ནི་རྣམ་པར་གྲོལ་བའི་རྟེན་གཞིར་འགྱུར། །འདུ་འཛིའི་གྲོང་ན་གནས་པས་ཉོན་མོངས་འཕེལ། །དཀར་པོའི་ཆོས་འགྲིབ་མི་དགེ་རྒྱས་བྱེད་པས། །རྒྱལ་བས་བསྔགས་པའི་དབེན་པའི་གནས་རྣམས་སུ། །རྩེ་གཅིག་མི་གཡོ་བསམ་གཏན་བསྒོམ་པར་བྱ། །གངས་རི་དཀར་པོ་བསིལ་བའི་ངད་དང་ལྡན། །རྫ་བྲག་དཀར་པོས་ཉམས་དགའ་རིག་པ་དྭངས། །སྤང་ལྗོངས་ནགས་ཚལ་ལུས་སེམས་བདེ་ཞིང་སྐྱིད། །བྲག་རིའི་བ་གམ་བཀོད་ལེགས་ཉམས་དགའ་དེར། །མཐོང་བ་ཙམ་གྱིས་སེམས་དྭངས་ཉོན་མོངས་ཞི། །ཏིང་འཛིན་ངང་གིས་འཕེལ་བའི་གནས་དེ་འདྲར། །གྲོགས་མེད་གཅིག་པུ་རི་དྭགས་རྨས་མ་བཞིན། །བླ་མ་དྲན་བཞིན་བླ་མའི་གདམས་ངག་སོམས། །འཇིག་རྟེན་ཆོས་ལ་སྲེད་པས་བདེ་བ་མེད། །ཕྱི་ཡི་རིག་ཤེས་སློབ་ཀྱང་ང་རྒྱལ་རྒྱུ། །ཚེ་འདིར་རང་ཉིད་ངལ་བ་བསྐྱེད་པར་ཟད། །དེ་ལ་འདི་ཕྱིའི་དོན་འབྲས་ཅུང་ཟད་མེད། །ལྟོ་གོས་ཙམ་ཞིག་དབུལ་པོ་རྣམས་ཀྱང་འབྱོར། །རང་རེ་ཤཱཀྱ་སེང་གེའི་རྗེས་འཇུག་རྣམས། །ལྟོ་གོས་མི་ཕྱིད་ནམ་ཡང་མི་སྲིད་པས། །གང་བྱུང་དེས་ཆོག་ལྷ་ལ་གསོལ་བ་ཐོབ། །ཆགས་ཞེན་མེད་ན་འབྱོར་པ་ཤུགས་ཀྱིས་འོང་། །རང་ཚུག་མ་ཤོར་ཀུན་དང་མཐུན་པ་བསྟེན། །བྱམས་པ་བསྒོམ་ན་ཀུན་གྱིས་བྱམས་པར་བྱེད། །གཤིས་གྱོང་རྭ་ཅོ་འདྲ་བའི་མི་རྣམས་ནི། །སུ་དང་མི་མཐུན་ལྷུང་བཟེད་སར་བཞག་འདྲ། །དེ་འདྲས་མི་རྣམས་མགུ་བར་མི་བྱེད་ཅིང་། །སྡང་ཤས་ཆེ་བས་རྒྱུད་འཇམ་གཤིས་ལེགས་བྱ། །དེ་ལྟར་ངེས་འབྱུང་གཞི་འདིངས་ཡ་རབས་ཀྱི། །སྤྱོད་པའི་ཚུལ་ལ་ལེགས་པར་གནས་བཅས་ཏེ། །ཆོས་ཀྱི་སྙིང་པོ་སྐྱབས་འགྲོ་སེམས་བསྐྱེད་ལ། །རྣམ་ཀུན་འབད་པ་དྲག་པོས་བསྒོམ་པར་བྱ། །སྐྱབས་འགྲོའི་རྒྱུ་ནི་འཇིགས་དང་སྙིང་རྗེ་དང་། །བླ་མ་དཀོན་མཆོག་ཡོན་ཏན་སྙིང་ནས་དྲན། །བཟོད་མེད་མོས་གུས་དྲག་པོ་རབ་བསྐྱེད་དེ། །ཁ་ཙམ་མ་ཡིན་སྙིང་ནས་སྐྱབས་འགྲོ་བྱ། །སྐྱབས་གནས་གཞན་ནས་མི་ཚོལ་ངེས་པ་བརྟན། །སྐྱིད་སྡུག་ལེགས་ཉེས་གང་བྱུང་ཐམས་ཅད་ཀྱང་། །བཟོད་པར་བྱས་ལ་རང་སེམས་དཀོན་མཆོག་གསུམ། །མངོན་དུ་མ་གྱུར་དེ་སྲིད་སྐྱབས་སུ་འགྲོ། །སྲོག་དང་བྱ་དགའི་ཕྱིར་དུ་མི་སྤང་པའི། །དམ་བཅའི་རི་མོ་སྙིང་ལ་འབྲི་བར་བྱ། །འགྲོ་ཀུན་ཕ་མར་ཤེས་དང་རང་ཉིད་ཀྱི། །སྐྱེ་བ་འདི་ལ་ཐོག་མ་མི་རྙེད་པས། །ཕ་མ་བྱས་པ་གྲངས་ཀྱིས་མི་ཆོད་པ། །དེ་དག་ཀུན་གྱིས་བརྩེ་བ་ཆེན་པོ་ཡིས། །ད་ལྟའི་ཕ་མས་བརྩེ་བས་སྐྱོང་བ་ལྟར། །ཤིན་ཏུ་བྱམས་པས་བསྐྱེད་བསྲིངས་ཡང་ཡང་དྲན། །དེ་དག་བླང་དོར་རྨོངས་པས་བདེ་སྡུག་གི །རྒྱུ་འབྲས་ཕྱིན་ཅི་ལོག་ཏུ་སྤྱོད་པ་ལ། །ད་ལྟ་ངེད་རང་རྣམ་རིག་གཟོ་བས་ན། །ངེས་པར་དེ་རྣམས་སངས་རྒྱས་སར་འགོད་ཕྱིར། །དམ་པའི་ལྷ་ཆོས་སྒྲུབ་སྙམ་བདེ་འདོད་དང་། །སྡུག་བསྔལ་བྲལ་ཕྱིར་སྙིང་རྗེ་རྟག་ཏུ་བསྒོམ། །དེ་ལས་ཀུན་རྫོབ་བྱང་ཆུབ་སེམས་སྐྱེ་ཞིང་། །དེ་གོམས་པ་ལས་དོན་དམ་སེམས་བསྐྱེད་ནི། །ལྷག་མཐོང་ཤེས་རབ་ཟབ་མོར་མོས་སྤྱོད་དང་། །རིམ་གྱིས་ཟབ་ཞི་སྤྲོས་བྲལ་རྟོགས་པ་ན། །བྱང་ཆུབ་སེམས་མཆོག་ཡང་དག་རྒྱུད་ལ་སྐྱེ། །དེ་ཉིད་བློ་འབྱོངས་རང་ཤ་གཏོང་བ་ལའང་། །ཞུམ་པ་མེད་པའི་སེམས་མཆོག་སྐྱེ་བ་དང་། །སེམས་ཅན་སྡུག་བསྔལ་ཅན་རྣམས་དངོས་སུ་སྒྲོལ། །དེ་ལྟ་མངོན་དུ་མ་གྱུར་དེ་སྲིད་དུ། །སྙིང་རྗེ་ཆེན་པོས་ཡིད་རབ་དྲངས་ནས་ཀྱང་། །བློ་སྦྱོང་སྨོན་ལམ་བཟང་པོ་ཡང་ཡང་གདབ། །བསམ་ངན་ཅན་ལ་ཡོན་ཏན་ཕྲ་མོས་དབེན། །རང་ཉིད་འདི་ཕྱི་གཉིས་ཀ་ཕུང་བར་འགྱུར། །དེ་བས་བསམ་པ་བཟང་པོ་ནན་ཏན་དུ། །ཡང་ནས་ཡང་དུ་བསྐྱེད་པ་གལ་ཆེ་ཞིང་། །ཕུན་སུམ་ཚོགས་པ་ལག་མཐིལ་གཏེར་ཐོབ་བཞིན། །རང་སེམས་གདོད་ནས་རྣམ་པར་དག་ན་ཡང་། །སྒྲིབ་པ་གཉིས་ཀྱི་དྲི་མ་གློ་བུར་བས། །རང་བཞིན་དག་པའི་མེ་ལོང་རྡུལ་གོས་ལྟར། །བསལ་བའི་ཐབས་ལ་ནན་ཏུར་བརྩོན་པ་གཅེས། །ཚོགས་བསགས་ཀུན་གྱི་རྒྱལ་པོ་ཡན་ལག་བདུན། །ཀུན་ཏུ་བཟང་པོའི་མཎྜལ་མཆོད་པ་རྣམས། །རང་འདོད་གྲགས་ཕྱིར་རྙེད་འདོད་མ་ཡིན་པར། །བསོད་ནམས་ཚོགས་ནི་རྒྱ་ཆེན་བསགས་པ་དང་། །དེ་རྣམས་འཁོར་གསུམ་ཡོངས་སུ་དག་པ་ཡི། །ཤེས་རབ་ཟབ་མོས་རྒྱས་ཐེབས་ཡེ་ཤེས་ཚོགས། །དེ་གཉིས་ཟུང་འཇུག་སྐུ་གཉིས་འབྲས་བཟང་ཐོབ། །དེ་ཕྱིར་ཞིང་དང་བསམ་པ་དངོས་པོ་གསུམ། །ཡོངས་སུ་དག་པས་མཆོད་དང་སྦྱིན་པར་བརྩོན། །ཁྱེད་ཀྱིས་ད་སྔ་ཐོས་པ་མང་དུ་མཛད། །ད་དུང་ཟབ་མོ་ནང་གི་དོན་སྟོན་པའི། །དཔལ་ལྡན་ས་སྐྱའི་མདོ་སྔགས་དྲི་མེད་རྣམས། །ཉན་དང་དེར་སེམས་སྒྲུབ་ལ་ནན་ཏན་བྱ། །ཁྱད་པར་བསྟན་པ་ཡོངས་རྫོགས་གསུང་ངག་གི །གདམས་ཟབ་རྒྱབ་བརྟེན་རྒྱུད་ཀྱི་བཤད་པ་ལ། །ཡང་ཡང་ལྟ་བའི་ཤེས་རབ་མིག་སྒྲུབ་ནས། །ཟབ་མོའི་དོན་ལ་སྤོབས་པ་བརྟན་པར་བྱ། །ལྷག་པའི་ལྷ་ཡི་བསྙེན་སྒྲུབ་ལ་བརྩོན་ཞིང་། །དེ་ཡང་སྐལ་བ་གང་ལྡན་མི་ཤེས་པས། །རང་གི་མོས་པའི་ཡི་དམ་ཁ་ཤས་ལ། །བྱས་ལོ་ཙམ་མིན་བསྙེན་སྒྲུབ་གནད་ཁེལ་བྱ། །ད་ནི་ཆེར་སྙིགས་དུས་ཀྱི་རྒུད་པས་གཙེས། །ལྷ་བྲི་རྟེན་བཞེངས་གསར་སྤྲོས་དགོས་པ་ཆུང་། །སྔར་ཡོད་ཉམས་པ་གསོ་དང་མཆོད་རྒྱུན་སྤེལ། །སྒྲིབ་སྦྱོང་ཚོགས་བསགས་སྒོ་ལ་རེམ་ན་ལེགས། །བསྟན་པའི་སྙིང་པོ་ལུང་དང་རྟོགས་པའི་ཆོས། །འཆད་ཉན་སྒོམ་སྒྲུབ་སྤེལ་བར་མཛད་གྱུར་ན། །སངས་རྒྱས་བསྟན་ལ་ཕན་ཅིང་རང་གཞན་ལ། །འབད་མེད་བདེ་བླག་ཉིད་དུ་འགྲུབ་པར་འགྱུར། །རྟོག་གེ་ངན་པའི་བསྟན་བཅོས་བལྟ་བ་དང་། །གཏེར་མིན་གཏེར་རློམ་ཅན་གྱི་ཆོས་སྣ་རྣམས། །དགོས་གནད་ཆུང་བས་བཏང་སྙོམས་བསྐྱུར་ལ་ཐོང་། །རང་ལུགས་འཁྲུལ་ཟད་གོང་མའི་གསུང་རབས་གཟིགས། །དེ་དག་རྣམས་ལས་ལམ་གྱི་སྙིང་པོ་ནི། །གསང་སྔགས་བླ་མེད་རྒྱུད་རྣམས་ཁྱད་པར་འཕགས། །དབང་བསྐུར་ནོས་པའི་རྡོ་རྗེ་སློབ་དཔོན་ནི། །ཁོག་པའི་སྙིང་དང་དཔྲལ་བའི་མིག་བཞིན་བཙལ། །དེ་མཉེས་པས་ནི་ཀུན་མཁྱེན་དངོས་གྲུབ་ཐོབ། །ཡེ་ཤེས་གསང་བ་དམ་པའི་མཛོད་ཐོབ་འགྱུར། །དེ་ཕྱིར་མ་དད་ལོག་ལྟ་རྩད་ནས་དོར། །ཡང་ཡང་གསོལ་བཏབ་དབང་བླང་ཐུགས་ཡིད་བསྲེ། །དོན་དམ་བླ་མ་ཆོས་སྐུའི་རང་ཞལ་བལྟ། །ཅིར་སྣང་རྗེས་སྤྱོད་བླ་མའི་ལམ་ཁྱེར་བྱ། །འདིར་ནི་ཉུང་ངུའི་ངག་གིས་བསྙད་པ་སྟེ། །རྡོ་རྗེ་ཐེག་པའི་དབང་བཞིའི་ལམ་གྱི་རིམ། །རྒྱས་པར་གསུང་ངག་ལམ་འབྲས་ཁྲིད་ཡིག་དང་། །རྒྱུད་ཀྱི་བཤད་པ་རྣམས་ལས་ཤེས་པར་བྱ། །བུམ་པའི་དབང་གིས་ལུས་རྩ་སྨིན་བྱས་ཏེ། །བུམ་དབང་ལྟ་བ་འཁོར་བའི་ཆོས་རྣམས་དང་། །མྱང་འདས་དབྱེར་མེད་འཁོར་བ་གདོད་ནས་དག། མྱ་ངན་འདས་པ་ཐོབ་ཅེས་བྱ་བ་མེད། །འཁོར་བའི་རང་བཞིན་སེམས་སྣང་སྒྱུ་མ་དང་། །སྒྱུ་མ་སྟོང་ཉིད་བརྗོད་བྲལ་སེམས་ཀྱི་གཤིས། །དེ་ལ་སྒྲོ་འདོགས་ལེགས་པར་བཅད་བྱས་ཏེ། །ཅིར་སྣང་གདན་གསུམ་ལྷ་ཡི་ངོ་བོར་བསྒོམ། །དབང་གི་ཡེ་ཤེས་ཉམས་སུ་མྱོང་བ་ལས། །ངོ་བོ་ཉིད་གསུམ་ཏིང་འཛིན་ཁོང་ནས་འཆར། །ལུས་སེམས་ཐམས་ཅད་ལྷ་ཡི་རོལ་པ་དང་། །ལྷར་སྣང་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ། །རང་རིག་དག་པ་ཆེན་པོར་ཨེ་མ་ཧོ། །གསང་དབང་རླུང་དང་གཏུམ་མོའི་རྣལ་འབྱོར་གྱིས། །ཞུ་བདེ་མི་རྟོག་ཡེ་ཤེས་འདྲེན་པ་ལས། །ཉོན་མོངས་རྣམ་དག་རང་བྱུང་ཡེ་ཤེས་ཤར། །རྩ་གནས་ཡི་གེའི་འཁོར་ལོར་དག་པ་ལས། །ལོངས་སྤྱོད་རྫོགས་སྐུའི་ཡོན་ཏན་ཅིར་ཡང་འཆར། །ཤེས་རབ་ཡེ་ཤེས་ཐིག་ལེའི་འགྲོས་ཐིམ་པས། །བདེ་སྟོང་མཆོག་གི་ཕོ་ཉ་གར་མཁན་མ། །དངོས་རིག་ལས་དང་ཆོས་ཀྱི་ཕྱག་རྒྱ་དང་། །སྙོམས་འཇུག་དབབ་ལྡོག་དགའ་བཞིའི་རོལ་རྩེད་ཀྱིས། །འཁོར་འདས་ཆོས་རྣམས་དབུ་མའི་དབྱིངས་སུ་རྫོགས། །རྩ་ཡི་མདུད་གྲོལ་ས་ལམ་ཡོན་ཏན་རྫོགས། །སྡུག་བསྔལ་ཐམས་ཅད་བདེ་བ་ཆེན་པོར་ཤར། །བཞི་པའི་ལམ་གྱིས་གཟུང་འཛིན་རྦ་རླབས་རེངས། །ཤིན་ཏུ་ཕྲ་བའི་ཀུན་གཞིའི་རླུང་དང་བཅས། །གཙུག་ཏོར་རྩེར་བཟློག་སྦས་པའི་རྩ་ལྔ་འབྱེད། །སྐུ་དང་ཞིང་ཁམས་རྒྱ་མཚོར་མངའ་དབང་འབྱོར། །པདྨ་ཅན་གྱི་ཉེ་རྒྱུས་མཚམས་སྦྱར་ནས། །བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མཆོག་ལ། །ཚོམ་བུ་དང་བཅས་མངོན་པར་སངས་རྒྱས་འགྱུར། །དེ་རྣམས་ཀུན་གྱི་ཉམས་ལེན་སྟན་ཐོག་གཅིག། ཐུན་བཞིའི་རྣལ་འབྱོར་ཉམས་སུ་བླང་བྱ་ནི། །ཕྱི་དཀྱིལ་རྒྱས་བསྡུས་གང་རུང་ལ་བརྟེན་ནས། །ལམ་གྱི་ཐུན་བཞིར་དབང་བཞི་བླང་བ་དང་། །ཁྱད་པར་ལྟ་བ་སྐྱོང་བ་གལ་ཆེ་ཞིང་། །ལྟ་བ་དང་བྲལ་བསྐྱེད་བཟླས་རྣལ་འབྱོར་རྣམས། །འཇིག་རྟེན་པ་ཡི་དངོས་གྲུབ་ཐོབ་ན་ལས། །མཆོག་གི་དངོས་གྲུབ་སྐལ་བ་ཤིན་ཏུ་ཕྲ། །དེས་ན་གསལ་རིག་སྟོང་གསུམ་དབྱེར་མི་ཕྱེད། །ཉམས་ལེན་དེ་ཡི་ཁོག་དབུབ་བསྐྱེད་རྫོགས་རྣམས། །རང་གདངས་འགགས་པ་མེད་པའི་རྩལ་ཤར་བ། །དེ་ལྟར་ཤེས་ནས་ཉམས་སུ་ལེན་པར་མཛོད། །ཁྱད་པར་ལམ་ཟབ་བསྡུས་པ་བླ་མའི་ལམ། །སངས་རྒྱས་ཀུན་གྱི་བགྲོད་པ་གཅིག་པ་ཡི། །ཉེ་ལམ་མཐར་ཐུག་བླ་མའི་རྣལ་འབྱོར་ཡིན། །རྒྱུ་ལམ་འབྲས་བུའི་དབང་རྣམས་བླ་མས་བསྐུར། །ཡི་དམ་ལྷ་ཡང་བླ་མ་རང་ཡིན་པས། །དེས་ན་བླ་རྣམ་ལ་ནི་ཉམས་ལེན་གྱི། །མཐིལ་དུ་བཅོལ་བ་ཤིན་ཏུ་གལ་ཆེ་ཞིང་། །འདི་ཕྱི་བར་དོ་ཀུན་ཏུ་བླ་མ་ལས། །སྐྱབས་གནས་གཞན་ན་མེད་པར་ཐག་བཅད་དེ། །སྐྱིད་སྡུག་ལེགས་ཉེས་གང་བྱུང་བླ་མར་གཏད། །དོན་ཡོད་རྣམ་བཞིས་བླ་མ་མཉེས་པར་བྱ། །ནད་པས་སྨན་པ་མཁས་པ་བསྟེན་པ་བཞིན། །བླ་མའི་གསུང་བཞིན་བསྒྲུབས་ན་བསམ་དོན་འགྲུབ། །བླ་མ་གཅིག་ལ་དམ་ཚིག་ཉམས་གྱུར་ན། །འོ་རུལ་གཅིག་གིས་ཐམས་ཅད་སྐྱོན་བྱེད་ལྟར། །བླ་མ་ཀུན་དང་དམ་ཚིག་མི་གཙང་ཞིང་། །གསང་སྔགས་འབྲས་བུ་གཡེལ་བར་འགྱུར་བ་དང་། །འདི་ཕྱི་ཀུན་ཏུ་མི་དགེ་འབྱུང་བས་ན། །རང་སེམས་དངུལ་དཀར་མེ་ལོང་གཙང་བར་བྱ། །ནམ་ཞིག་འཆི་བར་གྱུར་པའི་ཚེ་ན་ཡང་། །བླ་མར་གསོལ་བཏབ་རིག་པ་ཨ་ཡིག་གི །རྣམ་པས་ཐུགས་ཀར་སྤར་ལ་ཐུགས་ཡིད་བསྲེ། །དེ་ལྟའི་ངང་ནས་ཕྱི་ནང་དབུགས་ཆད་ན། །དཔའ་བོ་མཁའ་འགྲོས་རོལ་མོ་གླུ་གར་བཅས། །སྒྲུབ་པོ་མཁའ་སྤྱོད་གནས་སུ་ཁྱེར་བྱས་ཏེ། །ས་ལམ་ལྷག་མ་མྱུར་དུ་བགྲོད་པར་འགྱུར། །གལ་ཏེ་སྲིད་པ་བར་དོར་འཁྱར་ན་ཡང་། །བླ་མ་ལྷ་དང་གདམས་ངག་ལྟ་བ་དྲན། །དེ་མ་ཐག་ཏུ་དག་པའི་ཞིང་དུ་སྐྱེ། །དེ་ཡང་ད་ལྟ་ཉིད་ནས་ཞིང་སྦྱོངས་དང་། །བླ་མར་མོས་གུས་གནད་དུ་བསྣུན་པ་དང་། །ད་ལྟའི་སྣང་བ་བར་དོ་ཡིན་བསམ་ནས། །དྲན་པ་གསུམ་ལ་རྟག་ཏུ་གོམས་འདྲིས་བྱ། །བཟང་པོ་སྤྱོད་སོགས་སྨོན་ལམ་ཡང་ཡང་གདབ། །རང་འདོད་འཁྲི་བ་མེད་པར་སྒོ་གསུམ་གྱི། །བྱ་བ་ཅི་བྱེད་སེམས་ཅན་དོན་དུ་བསྔོ། །མདོར་ན་མང་དུ་སྨོས་པས་ཅི་ཞིག་བྱ། །རྟག་པར་དམ་པའི་ཆོས་ལ་སྤྱོད་པ་དང་། །ཆོས་དང་མཐུན་པའི་གྲོགས་དང་འགྲོགས་བྱས་ཏེ། །རྒྱལ་བས་བསྔགས་པའི་དབེན་གནས་ཉམས་དགའ་བར། །རྒྱལ་བ་དགྱེས་པའི་ལམ་ལ་རབ་བརྩོན་ན། །སྐུ་ཚེ་ཇི་ཐུབ་དོན་ཡོད་ཡིན་པར་ངེས། །དེ་ལས་གཞན་དུ་གྲགས་སྙན་སྟོང་ལྡིར་ཆེ། །ཆོས་བརྒྱད་ལ་སྲེད་ཆོས་ལྟར་བཅོས་པ་ཡི། །རང་མགོ་རང་གཡོག་དོན་མེད་མི་ཚེ་ཟད། །ཅི་བྱས་དེ་ཐོན་མེད་ངང་འཆི་བས་གཙེས། །ཕྱི་མར་ངན་སོང་སྡུག་བསྔལ་མྱོང་བར་འགྱུར། །དེ་བས་རང་དབང་རང་ལ་ཡོད་དུས་འདིར། །སྙོམས་ལས་ངང་དུ་དལ་འབྱོར་ཆུད་མ་གསན། །དགོས་མེད་བྱ་བ་མང་པོ་སྐྱུར་ལ་ཐོང་། །ཚེ་འདིའི་ཞེན་པ་ལྡོག་ན་ཐར་པ་ཡི། །ལམ་སྣ་ཟིན་ཅིང་རང་གཞན་དོན་རྣམས་འགྲུབ། །དེ་སྐད་གདམས་པའི་ཚིག་ཕྲེང་མདོ་ཙམ་འདི། །དཀོར་རྒན་ཆོས་ཀྱི་བློ་གྲོས་ཞེས་བྱ་བར། །དམ་པ་གང་གིས་རྟེན་བཅས་བསྐུལ་བ་ན། །རང་གིས་མི་ཤེས་མི་བྱེད་བཞིན་དུ་ནི། །བྲིས་པའི་དགེ་བས་འགྲོ་རྣམས་བྱང་ཆུབ་ལ། །མྱུར་དུ་འགོད་པར་རྒྱལ་བ་སྲས་བཅས་ཀྱིས། །བྱིན་རླབས་བདེན་པའི་དབུགས་དབྱུང་སྩལ་དུ་གསོལ། །སརྦ་མངྒ་ལཾ། །ཅེས་ཏྲེ་ཧོར་གདོང་ཐོག་མཆོག་སྤྲུལ་ལ་གནང་བའོ།། །། ༈ རང་ལ་གྲོས་སུ་འདེབས་པ་བཞུགས། ཀྱེ་ཧོ། མཚན་ཙམ་ཐོས་པས་སྲིད་པ་ཧྲུལ་པོར་བྱེད། །དྲན་པ་ཙམ་གྱིས་དགེ་ལེགས་མཆོག་སྟེར་བ། །གཏན་གྱི་སྐྱབས་གཅིག་དཔལ་ལྡན་བླ་མ་མཆོག། མི་འབྲལ་སྙིང་གི་ཟེ་འབྲུར་དགྱེས་པར་རོལ། །ཀ་ཡེ་གསོན་དང་བློ་གྲོས་ཅན། །ཁྱོད་ད་ལྟ་ན་ཚོད་གཞོན་སྙམ་ཡང་། །རང་ལེགས་པར་འདོད་པའི་བློ་ངན་དེས། །ཚེ་ཉི་མ་དགོང་ཁའི་གྲིབ་མས་ནོན། །མཚན་ལྡན་གྱི་བླ་མ་མང་མཇལ་ཞིང་། །བཀའ་མདོ་རྒྱུད་ཅུང་ཟད་ཐོས་གྱུར་ཀྱང་། །རང་རྒྱུད་འདི་སྲ་མཁྲེག་རྡོ་བ་བཞིན། །སེམས་རྒྱུད་ལ་མ་ཕན་མདོ་མེད་པོ། །སྡོམ་གསུམ་གྱི་བཅས་མཚམས་ངོ་ཤེས་ཀྱང་། །རང་ཕུང་རང་བརླག་གི་བསམ་སྦྱོར་གྱིས། །དམྱལ་བའི་སྡུག་བསྔལ་འབད་པས་བསྒྲུབ། །བསམ་མེད་ཁྱོད་ལག་པ་བྲང་ཐོག་ཞོག། ང་མི་འཆི་སྙམ་པའི་སྡོད་གྲབ་འདིས། །ཚེ་འདི་ཕྱིའི་དོན་རྣམས་ཐམས་ཅད་སྟོར། །དགྲ་འཆི་བདག་གི་ཞགས་པས་ཐེབས་རེ་རན། །འདིར་སྣང་གི་བསྐྱས་ཤིག་འདེགས་པ་ན། །སྡུག་བསྔལ་ལ་བཟོད་ཐབས་མ་མཆིས་ཀྱང་། །མིག་མཆི་མ་ཙ་རེ་ཉམས་སུ་མྱོང་། །དེ་དྲན་ན་སྙིང་རྩ་དབང་མེད་འདར། །རྟེན་དལ་འབྱོར་ཐོབ་པ་ད་རེས་ཙམ། །འགངས་ཆེན་འདི་ཆུད་ཟོས་མི་གཏོང་བར། །གཏན་བདེའི་འདུན་མ་བསྒྲུབ་རེ་རན། །ལུས་མཛེས་པའི་མེ་ཏོག་རྒ་བས་བཅོམ། །མི་འདོད་བཞིན་ནད་ཀྱི་ཚོར་བ་མྱོང་། །དབུགས་ཧག་གིས་ཆད་པའི་འཆི་བ་དེ། །དུས་ད་ལྟ་ཉེ་དྲུང་འདི་ན་མཆིས། །བུ་བློ་གྲོས་བསམ་བློ་ལེགས་པར་ཐོང་། །དཀོར་ནག་པོ་ལྕགས་སྲེག་ཐོ་ལུམ་འདིས། །ཐར་པའི་སྲོག་རྩ་གཅོད་རེ་རན། །ཁྲོ་ཆུ་ཡི་ཁོལ་མ་ཁར་བླུགས་དུས། །ཞིམ་པོ་ཞིག་ཨེ་ཡོད་བསམ་གཞིག་གྱིས། །རང་མ་སྨིན་གཞན་དོན་བྱེད་རློམ་དེ། །ལོང་བས་ལོང་བ་འཁྲིད་པ་འདྲ། །བདག་གཞན་གཉིས་མགོ་བསྐོར་མ་བྱེད་ཨང་། །ཕ་དྲན་ཆོག་རྒྱལ་པོ་བླ་མ་རྗེ། །བདག་མོས་གུས་གདུང་བས་གསོལ་འདེབས་ན། །བུའི་འདུན་མ་དམ་པའི་ཆོས་ལ་བསྒྱུར། །ལམ་སྣ་དེ་ཕ་གཅིག་བླ་མས་དྲོངས། །རྗེ་ཡེ་ཤེས་སྐུ་ཅན་བླ་མ་དེ། །དུས་ད་ལྟ་མཇལ་ན་དགའ་བ་ལ། །ང་རང་སྣང་མ་དག་ལས་ངན་པས། །ཕ་བླ་མ་མཇལ་བའི་སྐབས་མ་རྙེད། །བུ་ང་རང་ལས་སྣང་དག་གྱུར་ན། །ཤེས་རིག་མ་བཅོས་འདི་བླ་མ་ཡིན། །འདི་དང་རྣམ་ཀུན་འབྲལ་བ་མེད། །དེ་བསམ་ན་ང་ལ་དགའ་བདེ་རྙེད། །བུ་སྐྱོ་བསང་གི་བླ་མ་དེ་ན་བཞུགས། །ད་ང་ཡི་ཚེ་ལྷག་ཇི་གནས་ཀྱང་། །བློ་ཕུག་འདི་དམ་པའི་ཆོས་ལ་གཏོད། །སྒོ་གསུམ་བྱ་བ་ཅི་བྱས་ཀྱང་། །སེམས་ཅན་གྱི་དོན་དུ་སྤྱོད་པ་ལས། །རང་འདོད་ཀྱི་འཁྲི་བ་མེད་པར་ཤོག། ཐར་པའི་ལམ་སྣ་ཟིན་པར་ཤོག། བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས། །སེམས་ཅན་བདེ་ལ་འགོད་པར་ཤོག། ཅེས་པའང་ལྷོ་རྒྱུད་བུར་ལྡོམ་ཐང་སེ་ཡི་གཡང་འབེས་ཀྱི་མདུན་ཆོས་ཁྲི་ཐང་དུ་ཆོས་ཀྱི་བློ་གྲོས་པས་སྨོན་པའོ།། །། ༈ ཞལ་གདམས་གནད་ཀྱི་ཕྲེང་བ་ཞེས་བྱ་བ། མཁྱེན་གཉིས་སྣང་བའི་འོད་པོ་ཆེས། །མ་རིག་མུན་པ་དྲུང་འབྱིན་པ། །བླ་མ་བློ་ལྡན་མཆོག་སྲེད་ཀྱི། །ཞབས་ཀྱི་པདྨོར་གུས་བཏུད་ནས། །ཐེག་ཆེན་ལམ་ལ་འཇུག་པའི་སྒོ། །རྒྱ་ཆེ་ཟབ་པ་གྲངས་མང་ཡང་། །དེ་ཡི་ལམ་གྱི་རིམ་པ་ནི། །གནད་ཀྱི་ཕྲེང་བ་འདིར་བརྗོད་དོ། །རྙེད་དཀའ་དལ་བའི་རྟེན་བཟང་འདི། །ཡུན་དུ་མི་རྟག་ཤེས་པ་དང་། །འཁོར་བའི་ཉེས་པ་དྲན་བྱས་ཏེ། །ལས་འབྲས་བླང་དོར་རབ་ཏུ་བརྩོན། །ཁས་བླངས་ཚུལ་ཁྲིམས་གཙང་མའི་གཞིར། །སྐྱབས་འགྲོའི་ཆོས་ཀྱི་གཞི་རྟེན་བཅའ། །ལྷག་བསམ་བཟང་པོའི་བྱང་ཆུབ་སེམས། །བསྐྱེད་ཅིང་མ་ཉམས་བརྟན་པོར་བཟུང་། །ཕྱོགས་རིས་མེད་པའི་བློ་སྦྱོང་ཞིང་། །རྐྱེན་ངན་བྱང་ཆུབ་ལམ་དུ་ཁྱེར། །བདེ་སྡུག་ཐམས་ཅད་མགོ་སྙོམས་ཤིང་། །ཆོས་བརྒྱད་མཉམ་པ་ཉིད་དུ་ཁྱེར། །སྣང་སྲིད་སྒྱུ་མའི་རང་བཞིན་བལྟ། །སྒྱུ་མ་སྟོང་ཉིད་བརྗོད་བྲལ་དུ། །བདེན་གཉིས་ཟུང་དུ་འཇུག་པར་བསྒོམ་། །རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །དབང་གིས་རྒྱུད་སྨིན་དམ་ཚིག་དག། རིམ་གཉིས་ལམ་ལ་རྟག་གནས་ཤིང་། །རྡོ་རྗེ་གསུམ་དང་འབྲལ་མི་བྱ། །ཁྱད་པར་མཆོག་གསང་རྫོགས་པ་ཆེའི། །མན་ངག་སེམས་ཀྱི་གདར་ཤ་བཅད། །ཆོས་ཀུན་གཞི་མེད་རྩ་བ་བྲལ། །གདོད་ནས་སྐྱེ་མེད་གནས་མེད་ཅིང་། །འགྲོ་འོང་འགགས་མེད་བྱང་ཆུབ་སེམས། །ཤེས་རིག་རྒྱལ་པོ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་རང་ལ་བཞུགས་། །ཡེ་ནས་འཁྲུལ་མ་མྱོང་པ་ཡི། །ཆོས་སྐུའི་གྲོལ་གཞི་ངོས་བཟུང་སྟེ། །སྤངས་ཐོབ་བྲལ་བའི་རིག་པ་ལ། །ཆོས་ཀུན་ཐིག་ལེ་ཆེན་པོར་རྫོགས། །ཡུལ་དང་ཡུལ་ཅན་དབྱེར་མེད་ཅིང་། །ཤེས་དང་ཤེས་བྱ་རོ་གཅིག་པ། །ཀ་དག་སྟོང་པའི་དབྱིངས་ཆེན་པོར། །རང་བཞིན་འོད་གསལ་ལྷུན་གྱིས་གྲུབ། །རྩལ་གདངས་མ་འགགས་ཅིར་ཡང་ཤར། །ཤར་བ་རིག་པའི་ཀློང་དུ་ཐིམ། །བཅིང་གྲོལ་མེད་པའི་ངང་དུ་བཞག། བཞག་ཅེས་བྱ་བའང་མིང་དུ་ཟད། །རང་བཞིན་འོད་གསལ་གསེང་ལམ་ཆེར། །སྒྲོན་དྲུག་གནད་དུ་བསྣུན་པ་ལས། །འཁོར་འདས་འོད་སྐུ་ཆེན་པོར་གྲོལ། །སྐུ་གསུམ་ལྷུན་གྲུབ་རྩལ་རྫོགས་ནས། །མི་གནས་ཆོས་སྐུའི་བཙན་ས་ཟིན། །ཕྱིར་གསལ་སྐུ་དང་ཡེ་ཤེས་ཀྱི། །སྤྲིན་བཀོད་འགྲོ་བའི་དོན་བྱེད་འགྱུར། །དེ་སྐད་ཨ་བསེ་བྱ་བྲལ་བས། །བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས། །བྲིས་པའི་དགེ་བས་སེམས་ཅན་ཀུན། །མི་གནས་མྱང་འདས་ཐོབ་པར་ཤོག། །། ༈ཞལ་གདམས་བྱང་ཆུབ་བདེ་ལམ་ཞེས་བྱ་བ། །དཔལ་ལྡན་བླ་མ་འཇམ་པའི་རྡོ་རྗེ་ཡི། །ཞབས་ཀྱི་པདྨོ་གུས་པས་མཆོད་བྱས་ཏེ། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་གྱུར་པའི། །བྱང་ཆུབ་བདེ་ལམ་ཉུང་ངུའི་ཚིག་གིས་དབྱེ། །གང་ཞིག་ཐར་ལམ་བགྲོད་པའི་རྟེན་བཟང་པོ། །དལ་འབྱོར་ལུས་ནི་ཨུ་དུམ་ཝཱ་ར་ལྟར། །ཤིན་ཏུ་དཀོན་ལ་རྙེད་དཀའ་ཐོབ་པ་འདི། །ད་རེས་ཙམ་ཡིན་ཕྱིས་ནས་རྙེད་མི་འགྱུར། །དེ་ཡང་མི་རྟག་རྩ་རྩེའི་ཟིལ་པ་འདྲ། །སང་དང་དེ་རིང་སུ་སྔ་མི་ཤེས་ཤིང་། །འཆི་བའི་རྐྱེན་མང་ནམ་འཆི་ཆ་མེད་ཅིང་། །འདུས་བྱས་ཐམས་ཅད་འཇིག་པའི་ཚུལ་ལ་སོམས། །ནམ་ཞིག་ཚེ་ཟད་དབུགས་ཀྱི་ངར་སྒྲ་བརྩེགས། །གཤིན་རྗེའི་སྐྱེས་བུའི་སུན་མ་ལྷགས་པ་ན། །མི་དགེ་སྡིག་པའི་ཁུར་པོ་བཏེགས་བཞིན་དུ། །རང་བྱས་ལས་ཀྱི་འབྲས་བུ་རང་ལ་སྨིན། །སྡུག་བསྔལ་བརྒྱ་ཕྲག་དུ་མས་རྣམ་པར་གཙེས། །ཤིན་ཏུ་བཟོད་དཀའི་མེ་ཡི་དབལ་དང་ནི། །གྲང་བའི་རེག་བྱ་སྦྲེབས་པས་མནར་ལ་སོགས། །དྲན་པ་ཙམ་གྱིས་འཇིགས་པ་བསྐྱེད་ནུས་ན། །དངོས་སུ་ཉམས་མྱོང་བཟོད་དུ་ཅི་ཞིག་ཡོད། །དེ་བཞིན་ཡི་དྭགས་དུད་འགྲོའི་སྐྱེ་གནས་དང་། །ཉི་ཚེ་ཉེ་འཁོར་ལ་སོགས་ངན་འགྲོའི་རིགས། །ཟག་བཅས་དགེ་བས་མཐོ་རིས་འཕེན་ན་ཡང་། །ལས་ཟད་འོག་མའི་གནས་སུ་ལྟུང་བར་འགྱུར། །དེས་ན་ཁམས་གསུམ་རིགས་དྲུག་གར་སྐྱེས་ཀྱང་། །བདེ་བའི་གོ་སྐབས་ཕྲ་མོ་ཙམ་ཡང་མེད། །ངེས་པར་འབྱུང་བས་ཞེན་ལོག་བསྒོམ་པར་མཛོད། །དད་དང་མོས་གུས་བརྟན་པོས་གཞི་བཟུང་སྟེ། །འདི་དང་ཕྱི་མ་ཐར་པའི་ལམ་གེགས་ལས། །སྐྱོབ་ཕྱིར་ཐར་འདོད་ཡིད་ཆེས་རབ་བསྐྱེད་དེ། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །རང་ཉིད་གཅེས་པར་འཛིན་པའི་བློ་དོར་ལ། །གཞན་ཕན་ལྷག་བསམ་བཟང་པོ་གཡོ་སྒྱུ་བྲལ། །བྱམས་དང་སྙིང་རྗེའི་རྩ་བ་རབ་བརྟན་ཅིང་། །བྱང་ཆུབ་སེམས་བསྒོམ་ཆོས་ཀྱི་སྙིང་པོ་ཡིན། །བདག་བདེ་འདོད་ལས་ཉེས་པ་ཐམས་ཅད་འབྱུང་། །གཞན་དོན་སྒྲུབ་ན་རང་དོན་ཤུགས་ཀྱིས་འགྲུབ། །རང་ལྟ་མཆོག་འཛིན་དམན་པར་ལྟུང་བའི་རྒྱུ། །བྱང་ཆུབ་མཆོག་ལས་རིང་དུ་འགྱང་བར་བྱེད། །རྟག་པར་ལུས་ངག་ཡིད་གསུམ་དོན་ཡོད་པར། །སེམས་ཅན་དོན་དུ་རབ་ཏུ་བསྲུང་བ་དང་། །རྣམ་དག་སྨོན་ལམ་བཟང་པོ་ཡོངས་སུ་གདབ། །འདོད་པ་ཆུང་ཞིང་ཆོག་ཤེས་བསྟེན་པ་གཅེས། །དུས་རྣམས་ཀུན་ཏུ་རང་གི་སེམས་ལ་བརྟགས། །བསམ་པ་ངན་པ་སྦྲུལ་གདུག་བཞིན་དུ་སྤངས། །སེམས་ཅན་ཀུན་ལ་གནོད་པར་འགྱུར་བའི་ལས། །རྨི་ལམ་ན་ཡང་དངོས་བརྒྱུད་མི་བྱའོ། །བདེ་གཤེགས་སྙིང་པོ་རང་བཞིན་ཡེ་དག་གིས། །སྐྱེ་འགྲོ་སེམས་ཅན་ཀུན་ལ་ཁྱབ་ན་ཡང་། །གློ་བུར་དྲི་མ་སྦྱང་བར་མ་བྱས་ན། །དོན་གཉིས་ལྡན་པའི་བྱང་ཆུབ་མི་ཐོབ་པས། །དེ་ཕྱིར་ཚོགས་གཉིས་བསགས་དང་སྒྲིབ་སྦྱོང་གི །ལམ་གྱི་རིམ་པར་ནན་ཏན་བྱ་བ་དང་། །བཤེས་གཉེན་མཚན་ཉིད་ལྡན་པ་གུས་བསྟེན་ནས། །དམ་པའི་ཆོས་ཀྱི་བདུད་རྩི་བླང་བར་བྱོས། །ཐོས་པ་ཙམ་གྱིས་གྲོལ་བར་མི་འགྱུར་ཏེ། །དོན་ལ་བསམ་དང་སྒོམ་པ་ནན་ཏན་བྱ། །ཆོས་པའི་རྟགས་ལ་ཉོན་མོངས་ཆུང་བ་དང་། །འདིར་སྣང་ཞེན་པ་ཆོད་ན་ལམ་འགྲོའི་རྟགས། །དེ་ལྡོག་ཚེ་འདིར་སྲེད་པ་ཆེ་བ་དང་། །ཉོན་མོངས་འཕེལ་ཞིང་གཡོ་སྒྱུས་དུས་འདས་ན། །ཁ་ནས་ཆོས་བཤད་ཇི་ལྟར་མཁས་གྱུར་ཀྱང་། །ཐར་པའི་ཕྱོགས་སུ་ཉེ་བར་མི་འགྱུར་རོ། །འོ་སྐོལ་ཐུབ་པའི་དབང་པོའི་བསྟན་ཞབས་སྐྱེས། །རང་གི་ཁས་བླངས་ཚུལ་ཁྲིམས་མ་ཉམས་དང་། །བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལ་སོགས་པ། །སེམས་ལ་ཕན་པའི་གཞུང་བཟང་འགའ་རེ་སློབ། །ཁྱད་པར་གུ་རུ་པདྨ་འབྱུང་གནས་ཉིད། །རིགས་ཀྱི་བདག་པོར་ཐོབ་པས་གསང་སྔགས་ཀྱི། །བཀའ་གཏེར་དབང་རྒྱུད་མན་ངག་གང་ཐོབ་བྱ། །ཐོབ་པས་མི་ཕན་རང་ཉིད་གང་མོས་པའི། །རྩ་བ་གསུམ་གྱི་བསྙེན་སྒྲུབ་ཟབ་མོ་ལ། །འབད་པ་བརྒྱ་ཕྲག་དག་གིས་བརྩོན་པར་གཅེས། །དེང་སང་དུས་ཀྱི་མཐའ་མར་སྐྱེས་པ་ན། །དངོས་སུ་གཞན་ཕན་འབྱུང་བ་ཤིན་ཏུ་དཀའ། །སྟོན་པའི་བསྟན་པར་སྒོམ་སྒྲུབ་ཁེ་ཆེ་ཞིང་། །རྡོ་རྗེ་ཐེག་པའི་རིམ་པ་ནོས་པ་ཡི། །བླ་མའི་དམ་ཚིག་མཆོག་ཏུ་བསྲུང་བ་དང་། །མི་འཕྲོག་པ་ཡི་དད་པ་བརྟན་པོ་བྱ། །བསྐྱེད་པའི་རིམ་པར་ཨ་འཐས་མ་བགོས་ཤིང་། །སྣང་སྟོང་ཆུ་ཟླ་ལྟ་བུར་གསལ་དག་བརྟན། །རྫོགས་པའི་རིམ་པར་འདོད་སྲེད་དབང་མ་ཤོར། །མཚན་མར་འཛིན་པའི་རྟོག་པ་ཀུན་སྤངས་ལ། །གཉིས་སྣང་ཞན་པ་རང་སར་གྲོལ་བ་དགོས། །ཁྱད་པར་གཞི་ཡི་ཡེ་ཤེས་དེ་ཁོ་ན། །སྒྲ་ཚིག་བསམ་བརྗོད་ཀུན་ལས་རབ་འདས་པ། །བྱིན་རླབས་སྟོབས་ཀྱིས་གོ་མྱོང་རྟོགས་པ་ཡིན། །དེས་ན་བཀའ་དྲིན་ཆེ་བའི་བླ་མ་ལ། །སངས་རྒྱས་དངོས་སུ་བལྟ་ཞིང་མོས་གུས་བསྒོམ། །གསོལ་བཏབ་དབང་བླང་ཐུགས་ཡིད་བསྲེས་ལ་བཞག། དུས་གསུམ་རྟོག་པས་མ་བསླད་རིག་པའི་གཤིས། །གཉུག་མའི་ངང་དེར་བཅོས་བསླད་མེད་པར་ཞོག། རང་བྱུང་ཡེ་ཤེས་ཀ་དག་སྤྲོས་པ་བྲལ། །གདོད་ནས་འགྱུར་མེད་ངོ་ཤེས་ལྟ་བ་ཡིན། །དེ་ཡི་ངང་དུ་ཡེངས་མེད་འཛིན་མེད་པ། །རང་སར་བབས་ཀྱིས་བཞག་པ་སྒོམ་པའི་གནད། །ལྟ་སྒོམ་ཟུང་དུ་འཇུག་པ་རིག་པ་ཉིད། །ལམ་དུ་ཁྱེར་བའི་ངང་ནས་གང་ཤར་སྤྱོད། །རེ་དོགས་སྤང་བླང་རང་གྲོལ་ཉིད་དུ་ཐོངས། །དེ་ལྟར་བརྩོན་པས་རིག་པ་སྐུ་གསུམ་གྱི། །རང་བཞིན་མངོན་གྱུར་གཞན་ནས་བཙལ་མི་དགོས། །གཞིར་རྫོགས་འབྲས་བུ་རྒྱལ་པོའི་བཙན་ས་ཟིན། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་འགྱུར། །དེ་ལྟར་བྱང་ཆུབ་བདེ་བར་བགྲོད་པའི་ལམ། །ཉུང་ངུར་བྲིས་ཏེ་གདམས་པའི་དགེ་བས་ནི། །འགྲོ་ཀུན་མ་རིག་གཉིད་ལས་སངས་པ་དང་། །ཡེ་ཤེས་སྣང་བ་རྒྱས་པའི་མཆོག་ཐོབ་ཤོག། ཅེས་པའང་བདེ་རྒྱལ་རིན་པོ་ཆེའི་སྤྲུལ་སྐུ་མཆོག་ནས་རྟེན་བཅས་གསུང་བསྐུལ་ངོར། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སྒང་ཐོག་ནས་བྲིས་ཏེ་ཕུལ་བ་དགེ། །། ༈ཞལ་གདམས་མགུར་གླུ་རིན་ཆེན་མགུལ་རྒྱན་ཞེས་བྱ་བ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་བཀའ་དྲིན་ཅན་གྱི་བྱིན་གྱིས་རློབས། །གྲོགས་ཁྱོད་ནས་མགུར་མ་དགོས་ཞེས་ཟེར། །མི་ང་ལ་མགུར་མ་སྙན་པོ་མེད། །མགུར་རྡོ་རྗེའི་ཐོལ་གླུ་ཞེས་པ་དེ། །རྗེ་གྲུབ་ཐོབ་རྣམས་ཀྱི་དོ་ཧ་ཟེར། །ད་སྤྲང་པོ་ང་ཡི་བླུན་གཏམ་གྱིས། །བུ་ཁྱོད་ལ་གདམས་ངག་གསལ་འདེབས་ཞུ། །རྗེ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །ཕ་དྲིན་ཅན་རྩ་བའི་བླ་མ་ལ། །ཡིད་ཁྱེད་ཤེས་དད་མོས་དྲག་པོ་ཡིས། །ཁ་ཙམ་མིན་སྙིང་ནས་གསོལ་བ་ཐོབ། །གསོལ་བ་དེ་ཅི་ཙམ་བཏབ་པ་དང་། །མོས་གུས་ཀྱི་གཟེར་ཆེན་སྙིང་ལ་ཐེབས། །དམ་ཚིག་གི་ས་གཞི་གཙང་གྱུར་ན། །ཉམས་རྟོགས་ཀྱི་དཔག་བསམ་སྡོང་པོ་འཁྲུངས། །མཆོག་ཐུན་མོང་དངོས་གྲུབ་འབྱུང་བར་ངེས། །སྔོན་བསགས་ཀྱི་དགེ་བའི་འབྲས་བུ་ལས། །དུས་ད་རེས་དལ་འབྱོར་མི་ལུས་ཐོབ། །འདི་ནོར་བུ་རྙེད་པས་དོ་ཟླ་མེད། །ཚེ་ཕྱི་མའི་དོན་ཆེན་བསྒྲུབ་འདོད་ན། །དུས་ད་རེས་སྙོམ་ལས་མ་གཏོང་ཞིག། ད་ཕན་ཆོད་དགོས་མེད་བྱ་བས་གཡེང་། །མདོ་སྔགས་ཀྱི་གཞུང་ཆེན་འགའ་སྦྱངས་ཀྱང་། །ཁ་ཤོག་ལྕེ་རླུང་གིས་བསྐྱོད་པ་ལས། །དོན་ཡང་དག་རྒྱུད་ལ་འབྱོར་པ་དཀོན། །དེ་བསམ་གྱིན་བསམ་གྱིན་སྙིང་རླུང་ལྡང་། །མི་ཚེ་ཉི་མ་སྟོང་ཟད་ཐལ། །དགྲ་འཆི་བདག་གཤིན་རྗེས་མདུན་ནས་བསྒུག། ཁོས་ཞགས་པ་ནམ་བཏབ་མི་ཤེས་པས། །དུས་མྱུར་བ་ཉིད་དུ་འཆི་རན་གདའ། །ལོ་ཟླ་བ་ཞག་དང་ཉིན་མཚན་ཟད། །ཚེ་སྲོག་ནི་མར་མེ་རླུང་བདས་མཚུངས། །རྐྱེན་ཅི་འབྱུང་ངེས་པ་ཆ་མེད་པས། །ཆོས་སང་བྱེད་གནང་བྱེད་དབང་མ་གཏོང་། །འཕྲལ་འཕྲལ་དུ་ལག་ལེན་ཐེབས་པར་མཛོད། །འཆི་བ་ནི་ནམ་འོང་ཆ་མེད་ཅིང་། །འཆི་རྐྱེན་ལ་ངེས་པ་མེད་པས་ན། །དུས་ད་རེས་ཐོབ་པའི་ལུས་རྟེན་འདི། །ཡག་ཉེས་གཉིས་ཀྱི་ས་མཚམས་ཡིན། །གྱོང་བལྡབས་ན་དེ་ལས་ཕོངས་པ་མེད། །ཁེ་ཐོབ་ན་ཚེ་འདིར་སངས་རྒྱས་འགྲུབ། །ཚེ་འདི་ཕྱིའི་ལེགས་ཚོགས་ཅི་མཆིས་པ། །ལུས་འདི་ཡི་སྟེང་ནས་འགྲུབ་པ་ཡིན། །དེ་ཡང་ཡང་ཐུགས་ལ་ངེས་པར་གྱིས། །ལས་འབྲས་ལ་ཡིད་ཆེས་བསྐྱེད་བྱས་ནས། །དགེ་སྡིག་སྤང་བླང་ནན་ཏན་གྱིས། །ལས་མི་དགེས་ངན་སོང་གནས་སུ་འཕེན། །ཟག་བཅས་ཀྱི་དགེ་བས་མཐོ་རིས་སྐྱེ། །དེ་འང་གཏན་དུ་ཐར་པ་མིན། །དམན་ཉན་རང་གཏན་དུ་ཐར་གྱུར་ཀྱང་། །ལམ་གྱི་བགྲོད་པ་བུལ་བ་དང་། །རང་ཞི་བདེའི་མཐའ་ལ་ལྷུང་བས་ན། །གཞན་ཕན་གྱི་བསམ་པ་རྒྱ་ཆེན་པོས། །ཆོས་ཐེག་པ་ཆེན་པོ་ཉམས་སུ་ལེན། །དུས་དེང་སང་རང་གི་དོན་དུ་ནི། །མཚམས་བསྙེན་སྒྲུབ་ཐོས་བསམ་བྱས་ལོ་རྣམས། །མིང་ཐེག་པ་ཆེན་པོར་ཁས་འཆེ་ཡང་། །དོན་དམན་ལམ་ཙམ་ལས་ཡར་མ་ཕྱིན། །བདག་གཅེས་འཛིན་གྱི་འགོང་པོ་འདིས་ཕུང་བས། །བདག་མེད་ཀྱི་དོན་ལ་བསམ་པར་གྱིས། །དེ་རིག་པས་དཔྱད་ན་ཀླུ་སྒྲུབ་ཀྱི། །དབུ་མའི་གཞུང་ལྟར་གཏན་ལ་ཕབ། །དེས་བདག་འཛིན་མགོ་བོ་ནོན་པར་འགྱུར། །ཆོས་ཟབ་མོ་གསང་སྔགས་རྡོ་རྗེའི་ཐེག། དེའི་ཡང་རྩེ་དགྱེས་པ་རྡོ་རྗེ་ཡི། །དཔལ་ས་སྐྱའི་རྗེ་བཙུན་གོང་མ་ལ། །བཀའ་བབས་པའི་གསུང་ངག་རིན་པོ་ཆེ། །ཉམས་ལེན་གྱི་ཞུན་མཐར་བཅད་པར་འཚལ། །ཆོས་ཟབ་མོ་རྫོགས་པ་ཆེན་པོ་ཡི། །གནད་ཟབ་མོ་བླ་མའི་དྲིན་རྙེད་དང་། །དཔལ་བིཪྺ་པ་ཡི་སྙན་བརྒྱུད་ཀྱི། །གསུང་ངག་ཡིད་བཞིན་ནོར་བུ་གཉིས། །ཁྲིད་ཚུལ་ལ་རིམ་དང་ཅིག་ཅར་གྱི། །ཁྱད་ཙམ་ལས་དོན་གནད་གཅིག་ཏུ་འབབས། །ལར་གྲུབ་མཐའ་ཀུན་ལ་ཕྱོགས་རིས་སྤོངས། །ངེས་དོན་གྱི་གནས་ལུགས་ཟབ་མོ་ལ། །ཡིད་ཆེས་དང་དད་མོས་བརྟན་པོ་གྱིས། །བསམ་རྒྱུ་དང་དྲན་རྒྱུ་མ་མང་བར། །འདོད་ཆུང་དང་ཆོག་ཤེས་རྒྱུན་དུ་བསྟེན། །ལུས་པོ་དེ་ཇི་མི་སྙམ་མ་བྱེད། །ཟས་གོས་ནི་གང་འཛོམ་ལེགས་པོ་བརྟེན། །དུས་ད་ལྟ་ལུས་ལ་དཀའ་སྤྱད་ན། །རྩ་ཐིག་རླུང་གསུམ་མྱུར་དུ་རྒུད། །དེ་རྒུད་ན་ཉམས་ལེན་བྱེད་མི་ནུས། །དེ་བས་ན་ལུས་ལ་གཅེས་སྤྲས་འཚལ། །དཔལ་ཀྱེ་ཡི་རྡོ་རྗེའི་ལམ་དབང་དེ། །མ་ཆགས་པ་རྒྱུན་དུ་གསུང་བར་ཞུ། །ཆོས་བཤད་སྒྲུབ་གཉིས་ལས་སྒྲུབ་པ་གཙོ། །སྒྲུབ་མ་ནུས་ཡེ་ཤེས་རྟོགས་པ་ཅི། །ནུས་ཕྲ་མོ་ཙམ་ཡང་ཐོབ་པར་དཀའ། །བུ་དེ་ཕྱིར་གསང་སྔགས་སྒྲུབ་ལ་བརྩོན། །ཨ་ཧོ་ཡེ། ཆོས་ཐམས་ཅད་གདོད་ནས་ཀ་དག་ལ། །སེམས་གློ་བུར་འཁྲུལ་པའི་དྲི་མས་སྒྲིབ། །དྲི་མ་དེ་གཤིས་ལ་ཞུགས་པ་མེད། །དེ་ཆོས་ཀྱི་དབྱིངས་སུ་རང་དེངས་ཐོང་། །འོད་གསལ་བའི་ཡེ་ཤེས་སྣང་བ་ཡི། །ཁམས་གསུམ་གྱི་འཁྲུལ་པ་ཟད་དེ་ཐལ། །འཁྲུལ་མ་མྱོང་སྐུ་གསུམ་རང་བཞིན་ལ། །ད་བླ་མའི་དྲིན་གྱིས་གཤིས་དེར་འབྱམས། །གཟུགས་སྣང་བ་ཐམས་ཅད་འལ་མ་འོལ། །སྒྲ་གྲགས་ཀུན་བྲག་ཅ་ལྟ་བུར་ཟད། །སེམས་འགྱུར་བ་ཝལ་པོ་རྗེས་མེད་སོང་། །ང་རྣལ་འབྱོར་རྟོགས་པའི་ཁྱད་ཆོས་ཡིན། །ལུས་ན་བ་སྙམ་ཡང་ན་བ་མེད། །ཅིར་སྣང་ཀུན་དེ་ལ་དེར་འཛིན་མེད། །སྤྱོད་པ་ལ་རྩིས་གདབ་དང་བྲལ་བ། །ང་རྣལ་འབྱོར་སྨྱོན་པའི་སྤྱོད་ཚུལ་ཡིན། །ཡར་སངས་རྒྱས་ཞེས་པའི་སྒྲ་བོ་ཆེ། །མར་འཁོར་བ་ཞེས་པའི་སྡུག་སྐད་དེ། །ང་གཉིས་མེད་རྟོགས་པའི་རྟོགས་ལྡན་ལ། །རེ་བ་དོགས་པ་ཅང་མ་མཆིས། །འབྲས་སྐུ་གསུམ་གཞན་ནས་བཙལ་མི་དགོས། །བུ་ཨ་ཕོ་རང་ལ་ཚང་ནས་གདའ། །ཚིག་དེ་སྐད་ཁ་ཕོ་ཆེ་སོང་ཡང་། །ང་གྲུབ་ཐོབ་བརྒྱུད་པའི་བུ་ཡིན་པས། །གཤིས་མ་བཅོས་ངང་ནས་ཐོལ་གྱིས་བྱུང་། །སློབ་བུ་མདོ་མེད་ཧྲལ་པོ་ལ་གདམས་པའོ།། །། ༈ འཁོར་ལོ་བར་བའི་དགོངས་པ་རང་སྟོང་དེ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་བཞེད་གཞུང་ཡིན། །འཁོར་ལོ་ཐ་མ་ངེས་དོན་སྙིང་པོའི་གཏམ། །འཕགས་པ་ཐོགས་མེད་ཞབས་ཀྱིས་གཙོ་བོར་བཏོན། །ཀླུ་ཐོགས་རྣམ་གཉིས་དགོངས་པ་གཅིག་ཏུ་འབབ། །ས་བཀའ་རྙིང་གསུམ་དགོངས་པ་གཅིག་ཏུ་མཐུན། །བདེ་གཤེགས་སྙིང་པོ་སྟོང་རྐྱང་ཙམ་མ་ཡིན། །སྐུ་དང་ཡེ་ཤེས་ཡོན་ཏན་ཕྲིན་ལས་རྣམས། །མ་བཙལ་ལྷུན་གྲུབ་རིག་ཁམས་དབྱིངས་ཀྱི་ཆ། །དག་ཐོབ་བྲལ་བའི་སེམས་ནི་སངས་རྒྱས་ཡིན། །འདི་ཡི་གནད་ལ་ངེས་ཤེས་བརྟན་པོ་མཛོད། །སྟོབས་སོགས་ཡོད་པས་ཉོན་ཤེས་སྒྲིབ་པ་བཅོམ། །འཁོར་བ་མཐའ་ཅན་ཉིད་དུ་འགྱུར་བ་ལགས། །ཤེས་རབ་ཕར་ཕྱིན་ཉམས་ལེན་སྟན་ཐོག་གཅིག། དྲིལ་བར་འདོད་ན་སེམས་བསྐྱེད་རྐྱང་པའི་སྟེང་། །རྣམ་རྫོགས་སྦྱོར་བའི་ཀུན་རྫོབ་རྣམ་པའི་ཆ། །ཀུན་རྫོབ་སེམས་བསྐྱེད་རྣམ་མེད་ཕྱོགས་ཐམས་ཅད། །དོན་དམ་སེམས་བསྐྱེད་སྟོང་ཉིད་སྙིང་རྗེ་གཉིས། །དབྱེར་མེད་ཉམས་སུ་བླང་བའི་ནང་དུ་འདུས། །འདི་ཡང་ཟབ་དོན་ཁྱེད་ལ་གདམས་པའོ། །ཅེས་པའང་རང་སློབ་ཁྲ་ལ་ཚོ་རིན་ཆེན་འབྲས་ལྗོངས་ནས་བོད་ལ་རྒྱུ་བའི་ཚེ་མགུར་མ་དགོས་ཞེས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།། །། ༈ ཞལ་གདམས་ཐར་པའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །སྒོས་བཀའ་དྲིན་ཅན་གྱི་བྱིན་གྱིས་རློབས། །མི་ང་དང་ང་འདྲའི་སེམས་ཅན་རྣམས། །ལམ་ཐར་པ་དམ་པར་འདྲེན་དུ་གསོལ། །བློ་སྣང་བ་དམ་པའི་ཆོས་ལ་བསྒྱུར། །རྐྱེན་ངན་པའི་དབང་དུ་མ་གཏོང་ཞིག། དུས་ད་རེས་དལ་འབྱོར་ལུས་རྟེན་འདི། །ཕོ་རྩལ་ཤུགས་ཆེ་བས་ཐོབ་པ་མིན། །སྔོན་བསོད་ནམས་བསགས་པའི་འབྲས་བུ་ཡིན། །དེ་ཆུད་ཟོས་མ་གཏོང་ཨ་རོཊ་ཚོ། །འདི་ཆུད་ཟོས་གྱུར་ན་གྱོང་ཆེན་བསྡབ། །ད་ཕྱི་ནས་འདི་འདྲ་རྙེད་པ་མེད། །འདི་འདྲའི་ལུས་རྟེན་ཐོབ་དགོས་ན། །གཞི་ཚུལ་ཁྲིམས་རྣམ་པར་དག་པ་བསྲུང་། །དེ་བསྲུངས་པས་ལུས་རྟེན་ཁྱད་འཕགས་ཐོབ། །དུས་ད་ལྟ་ཐོབ་པའི་ལུས་རྟེན་འདི། །ཡུན་མི་རྟག་རླུང་གསེབ་མར་མེ་འདྲ། །དགྲ་འཆི་བདག་ནམ་འོང་ཆ་མེད་པས། །སོས་དལ་དུ་སྡོད་པའི་ལོང་ཁོམ་མེད། །དོན་མེད་ཀྱི་རྣམ་གཡེང་ངག་འཆལ་དང་། །འཇིག་རྟེན་གྱི་ལྟད་མོ་སྣ་ཚོགས་ཀྱིས། །སེམས་གྱ་གྱུ་འདི་ཉིད་བསླུས་བསླུས་པས། །མི་ཚེ་ཉི་མ་སྟོང་ཟད་ཐལ། །ད་ལག་པ་བྲང་ཐོག་བཞག་བྱས་ཏེ། །སེམས་ནང་དུ་ཁུག་ལ་བསམ་བློ་ཐོངས། །སྔར་ཕན་ཆོད་དགེ་བ་ཉུང་ཟད་ཙམ། །སྒོ་གསུམ་གྱི་སྡིག་བསགས་གྲངས་མི་ཆོད། །ད་འགྲོ་ས་དམྱལ་བ་ལས་མི་གདའ། །དེ་བསམ་ན་སྙིང་རླུང་ལྡང་རེ་རན། །ད་མ་རན་དགུ་རན་དམ་ཆོས་སྒྲུབས། །སྙིང་ཐག་པ་ནས་དམ་པ་རྣམ་གསུམ་གྱི། །ཐབས་མཁས་པས་ཟིན་པའི་ལྷ་ཆོས་འབད། །ལས་རྒྱུ་འབྲས་ནམ་ཡང་བསླུ་བ་མེད། །ལས་བསགས་པ་རང་གི་སྟེང་དུ་སྨིན། །དེ་གཞན་ལ་འཕོ་བའི་གོ་སྐབས་མེད། །རང་བྱས་དེ་རང་གི་སྟེང་དུ་མྱོང་། །དེ་བས་ནས་དགེ་སྡིག་བླང་དོར་བརྩོན། །རྒྱུ་དགེ་སྡིག་སྤང་བླང་མ་བྱས་ན། །ནམ་འཆི་དུས་འགྱོད་པ་ཆེན་པོ་འོང་། །དུས་དེ་ཚེ་འགྱོད་པས་ཅི་བྱར་ཡོད། །ཚེ་ཕྱི་མའི་ལམ་ནི་ཤུལ་ཐག་རིང་། །གནས་གར་འགྲོའི་ངེས་པ་ཆ་མེད་ཅིང་། །གྲོགས་ལོངས་སྤྱོད་མཛའ་བཤེས་རྗེས་མི་འབྲང་། །རང་གཅིག་པུ་ཕྱི་མའི་ལམ་ལ་ཐེག། དུས་དེ་ཚེ་སྐྱབས་གནས་བླ་མ་ཡིན། །དེ་མིན་པ་སུས་ཀྱང་སྐྱོབ་མི་ནུས། །གནས་འཁོར་བའི་གཅོང་རོང་ཉམས་རེ་ང་། །ཚ་གྲང་གི་སྡུག་བསྔལ་བཟོད་པར་དཀའ། །དེ་དྲན་པ་ཙམ་གྱིས་སྙིང་རླུང་ལྡང་། །དུས་ད་ལྟ་རང་དབང་ཡོད་དུས་འདིར། །དེར་མི་སྐྱེའི་ཐབས་ལ་འབད་པར་བྱ། །རང་གཅིག་པུ་ཐར་བས་ཕན་པ་མེད། །མ་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཕན་འདོད་ཀྱི་ལྷག་བསམ་བཟང་པོ་བསྐྱེད། །སྒོ་གསུམ་གྱི་དགེ་བ་ཅི་བྱས་རྣམས། །རང་ལེགས་འདོད་ཀྱི་འཁྲི་བ་ངན་པ་ཐོངས། །གཞན་གཅེས་འཛིན་དེ་རྣམས་དོན་དུ་སྤྱོད། །དུས་རྟག་ཏུ་སྨོན་ལམ་བཟང་པོ་ཐོབ། །གཞན་གནོད་ཀྱི་བསམ་སྦྱོར་ངན་པ་ཐོངས། །གཞན་ཕན་གྱི་ལྷག་བསམ་བཟང་པོ་བསྐྱེད། །བློ་བསམ་ངན་རྒྱུད་ལ་འཆང་བ་དེར། །ལས་ངན་གྱི་མཚོན་ཆ་རང་ལ་འཁོར། །རང་གཞན་ཀུན་འདི་ཕྱི་གཉིས་ཀ་ཕུང་། །དེ་བས་ན་ལྷག་བསམ་བཟང་པོར་བྱ། །ཁམས་བདེ་གཤེགས་སྙིང་པོ་བྱང་ཆུབ་ཀྱི། །ཟག་མེད་ཡོན་ཏན་ནི་ལྷུན་གྲུབ་ཀྱང་། །དཔེ་མེ་ལོང་རྡུལ་ཅན་དང་མཚུངས་བས། །དེ་བསལ་ཐབས་བསགས་སྦྱངས་གཉིས་ལ་འབད། །སྒོ་གསུམ་ལ་ཡེ་ཤེས་འབེབས་པ་དེ། །རྗེ་བླ་མའི་བྱིན་རླབས་ལ་རག་པས། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ། །རྒྱུད་དད་དང་དག་སྣང་རྣམ་དག་གིས། །ཁ་ཙམ་མིན་མོས་གུས་དྲག་པོ་ཡིས། །གསོལ་འདེབས་དང་དབང་བླང་ཐུགས་ཡིད་བསྲེ། །ཉམས་ལེན་གྱི་སྙིང་པོ་དེ་རུ་དྲིལ། །གསང་སྔགས་ཀྱི་དབང་བསྐུར་གྲངས་མང་ནོད། །དེའི་དབང་བཞིའི་དམ་ཚིག་བསྲུང་བའི་ཆེད། །ཡི་དམ་གྱི་བསྙེན་སྒྲུབ་བརྩོན་པར་བྱ། །ལམ་དུས་ཀྱི་དབང་བླང་མ་ཆགས་ན། །དམ་ཚིག་ཉམས་པ་གསོ་བྱེད་ཀྱི། །ཐབས་མཆོག་ཏུ་གྱུར་པ་ཡིན་པར་འདུག། དུས་རྟག་ཏུ་ལུས་ནི་ལྷ་རུ་བསྒོམ། །ངག་སྔགས་ཀྱི་བཟླས་བརྗོད་བརྩོན་པ་དང་། །སེམས་འཁྲུལ་པ་རྒྱ་འབྱམས་མི་གཏོང་བར། །རིག་སྟོང་ཆོས་ཉིད་འོད་གསལ་ངང་། །མ་ཡེངས་རྟག་ཏུ་སྐྱོང་བ་གཅེས། །དེ་ལྟར་ཉམས་ལེན་གདམས་པ་འདི། །རང་གི་རྒྱུད་ལ་མི་གནས་ཀྱང་། །ཁྱོད་ཀྱི་བསྐུལ་ངོ་མ་ལྡོག་ཙམ། །དམ་པ་གོང་མའི་གསུངས་བཞིན་དུ། །བྲིས་པའི་དགེ་བས་ཤེས་རྒྱུད་ལ། །ཕན་བ་ཅུང་ཟད་འབྱུང་བ་དང་། །བསྟན་དང་འགྲོ་བའི་ལེགས་བྱས་ཀུན། །དར་ཞིང་རྒྱས་པའི་ཆེད་དུ་བསྔོ། །ཀུན་ཀྱང་བྱང་ཆུབ་མཆོག་ཐོབ་ཤོག། ཅེས་པའང་ཧོར་གདོང་ཐོག་གྲྭ་བསམ་འགྲུབ་ཀྱིས་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་བསམ་ཡས་བྲག་དམར་ཀེ་ཚང་དུ་བྲིས་པ་དགེ། །། ༈ཞལ་གདམས་ཀུན་ཕན་བདུད་རྩི་ཞེས་བྱ་བ། དཔལ་ལྡན་བླ་མར་ཕྱག་བཙལ་ནས། །རང་གཞན་ཐར་པ་དོན་གཉེར་ལ། །ཕན་པའི་གཏམ་དུ་བྱ་བ་ནི། །ཉུང་ངུའི་ངག་གིས་སྐབས་དབྱེ་བྱ། །ད་རེས་དལ་བའི་རྟེན་བཟང་འདི། །ཕོ་ཚོད་མཐོ་བས་ཐོབ་པ་མིན། །སྔོན་དགེ་བསགས་འབྲས་བཟང་པོ་ལས། །ཐོབ་པ་ཡིན་པས་དགའ་བ་བསྒོམ། །དལ་འབྱོར་ཐོབ་པ་ད་རེས་ཙམ། །ལེགས་ན་མཐོ་རིས་ཐར་པར་འདྲེན། །ཉེས་ན་འཁོར་བའི་གཏིང་རྡོ་བྱེད། །ཡར་འགྲོ་མར་འགྲོའི་ས་མཚམས་ཡིན། །དེས་ན་དྲན་དང་ཤེས་བཞིན་གྱིས། །དགེ་སྡིག་གང་བྱས་མནོ་བསམ་ཐོངས། །ཚུལ་ཁྲིམས་མིག་འབྲས་བཞིན་དུ་བསྲུང་། །དགེ་བ་རྣམ་པར་དག་པ་ལ། །དམ་པ་གསུམ་གྱི་རྩིས་ཟིན་དགོས། །བྱས་བྱས་བཏོན་བཏོན་གྲངས་མང་རུང་། །ཕན་པ་རྒྱ་ཆེ་འབྱུང་པ་དཀའ། །ཆོས་ཀྱི་རྩ་བ་ངེས་འབྱུང་ཡིན། །འཁོར་བར་ཞེན་པ་ལོག་པ་དགོས། །ཚེ་འདིའི་སྣང་བར་ཆགས་སྡང་གིས། །འདས་ན་ཞེན་པ་མ་ལོག་རྟགས། །ལག་པ་བྲང་ཐོག་བཞག་ནས་སུ། །རང་བློ་ལྐོག་ཏུ་མ་གྱུར་པས། །སྡིག་པའི་ལས་ལ་བཤགས་སྡོམ་དང་། །དགེ་བ་སེམས་ཅན་ཀུན་ལ་བསྔོ། །ཆོས་ཀྱི་ཉིང་ཁུ་བྱང་ཆུབ་སེམས། །བྱམས་དང་སྙིང་རྗེའི་རྩ་བ་ཅན། །ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །ཕ་མ་ཡིན་པར་ཤེས་གྱིས་ལ། །བདག་གཞན་བརྗེ་བའི་བློ་སྦྱོང་བསྒོམ། །རང་འདོད་མེད་པའི་སྨོན་ལམ་ཐོབ། །ཕྱོགས་རིས་བྲལ་བའི་བསམ་བཟང་གྱིས། །བདག་ཏུ་ལྟ་བ་མ་རིག་པའི། །གཉེན་པོར་ཟབ་མོ་སྟོང་ཉིད་བསྒོམ། །དེ་ཡང་ཆོས་དང་གང་ཟག་བདག། རང་བཞིན་བདེན་མེད་ཉིད་དུ་ནི། །དང་པོ་རིག་པས་རྣམ་པར་དཔྱོད། །མཐའ་མར་སྟོང་ཉིད་སྤྲོས་བྲལ་དུ། །ཆོས་ཀུན་མཉམ་པ་ཉིད་དུ་བསྒོམ། །དེ་ཡང་གསང་སྔགས་དང་འབྲེལ་བའི། །ལམ་འདི་ཤིན་ཏུ་ཟབ་པས་ན། །དཀྱིལ་འཁོར་ཀུན་བདག་བླ་མ་ལས། །དབང་བླང་དམ་ཚིག་སྲོག་བཞིན་བསྲུང་། །མོས་གུས་ལྟེམ་བརྐྱང་མེད་པ་གཅེས། །གསོལ་བཏབ་དབང་བླང་ཐུགས་ཡིད་བསྲེ། །གཟུང་འཛིན་རྟོག་པས་མ་བསླད་པའི། །མ་བཅོས་རང་བབས་མཉམ་པར་བཞག། ཐུན་མཚམས་བླ་མའི་ལམ་ཁྱེར་དང་། །འབྲལ་བ་མེད་པར་དྲན་པར་མཛོད། །རྣམ་པ་ཀུན་ཏུ་མི་རྟག་པ། །ཡང་ཡང་དྲན་དང་འཁོར་བ་ཡི། །ཉེས་དམིགས་ལེགས་པར་བསམ་གྱིས་ལ། །རྒྱུ་འབྲས་སྤང་བླང་ཞིབ་པར་མཛོད། །མཁྱེན་གཏེར་འཇམ་པའི་དབྱངས་དང་ནི། །བདུད་དཔུང་ཀུན་བཅོམ་གསང་བདག་དང་། །སྒྲོལ་མའི་མཚན་བསྟོད་ལ་སོགས་པ། །མཚན་བཅས་དགེ་སྦྱོར་རེམ་པ་དང་། །ཚེ་འདིར་ས་སྐྱའི་བསྟན་ཞབས་སྐྱེས། །དགྱེས་པ་རྡོ་རྗེའི་སྙིང་བཅུད་ནི། །ལམ་དུས་ངེས་པར་ཆགས་མེད་མཛོད། །ཀུན་ལ་དག་པའི་སྣང་བ་བསྐྱེད། །རང་མཐོང་ང་རྒྱལ་ཕྲག་དོག་སྤོངས། །སྒོ་གསུམ་དགེ་བ་ཅི་བྱས་པ། །བསྟན་པ་སེམས་ཅན་དོན་དུ་བསྔོ། །དེ་ལྟར་ཁྱེད་ཀྱི་ཐུགས་ལ་ཞོག། དགེ་བས་སེམས་ཅན་གྲོལ་གྱུར་ཅིག། །ཅེས་པའང་ཧོར་ཉ་བྲག་དགོན་གྱི་གྲྭ་སྒྲུབ་བརྩོན་བླ་མ་ཀུན་དགའ་ཆོས་ཀྱི་འོད་ཟེར་གྱི་བཞེད་སྐོང་དུ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཧོར་ཟླ་གཉིས་པ་༧རྗེ་བཙུན་གྲགས་པ་རྒྱལ་མཚན་གྱི་དུས་དྲན་ཉིན་འབྲས་ལྗོངས་མཁའ་སྤྱོད་ཌཱ་ཀིའི་ཕོ་བྲང་དུ་བྲིས་ཏེ་ཕུལ་བ་དགེ། །། ༈གནས་དགོན་མཆོག་སྤྲུལ་ལ་གདམས་པ་བཞུགས། བློ་གསལ་ཆོས་ཀྱི་སྤྱན་ལྡན་ཞིང་། །ལུགས་གཉིས་གཟིགས་པ་རབ་ཡངས་པ། །ཁྱེད་ནི་ཤེས་བྱ་མཐའ་དག་ལ། །བརྒལ་བར་འདོད་པའི་སྙིང་སྟོབས་ཅན། །ད་ལྟ་ལང་ཚོ་གཞོན་ནུ་དེ། །སྐད་ཅིག་གཅིག་གིས་རྙིང་པར་འགྱུར། །རྒ་བའི་ཆད་པས་མནར་བ་དེ། །རྒྱང་རིང་ཞིག་ཏུ་མ་སེམས་ཤིག། སེམས་ཀྱི་རྟ་ཕོ་རྒོད་འདྲོགས་ཅན། །སྲབ་དང་སྒྲོག་གིས་འདུལ་འདྲ་བའི། །ངེས་འབྱུང་ཆོས་ཀྱིས་འདུལ་བར་མཛོད། །མ་བརྟགས་མ་དཔྱད་བྱ་བ་རྣམས། །རེ་ཞིག་གྲུབ་ཀྱང་མཐར་ནི་བརླག། དེ་བས་ལེགས་པར་བརྟགས་དཔྱད་ནས། །བྱ་བ་གང་བརྩམས་མཐར་ཕྱིན་གཅེས། །ད་ལྟ་ན་ཚོད་གཞོན་པའི་ཚེ། །ཐོས་བསམ་བསྙེན་སྒྲུབ་ཐམས་ཅད་ལ། །གཡག་ལྟོག་གིས་ནི་རྩྭ་ཟོས་བཞིན། །སྒོ་གསུམ་འབད་པ་དྲག་པོ་ཞིག། བྱ་བ་གལ་ཆེ་རྒས་པའི་དུས། །རྩ་ཐིག་རླུང་གསུམ་སྟོབས་བྲི་ནས། །དབང་པོ་རྒུད་པར་གྱུར་པའི་ཚེ། །ཡིད་ལ་དྲན་ཀྱང་ལུས་མི་འཁྱོལ། །མཆོག་བསྟན་ཉག་ཕྲའི་གནས་སྐབས་འདིར། །ཁྱེད་ཅག་སྤྲུལ་པ་ཡིན་པའི་ཕྱིར། །དེ་ཡི་ཟབ་གཏེར་བསྟན་པ་ལ། །བཤད་དང་སྒྲུབ་པ་སྤེལ་བར་འཚལ། །སྡིག་པའི་གྲོགས་ངན་སྤོང་བ་དང་། །ཕན་པར་གདམས་པ་དང་འགྲོགས་ཤིང་། །ཡང་དག་བཀའ་གཏེར་བསྟན་བཅོས་ལ། །འབད་པས་ནན་དུ་བལྟ་བར་བྱ། །སྨྲ་བ་མང་ན་ཀུན་གྱིས་བརྙས། །ནེ་ཙོ་སྨྲ་བས་གཟེབ་ཏུ་ཚུད། །སྨྲ་ལ་དགའ་བའི་ཉེས་པ་མང་། །དེ་ཕྱིར་སྨྲ་བ་ཚོད་ཟིན་བྱ། །རང་ཉིད་དམན་པའི་ས་བཟུང་ན། །རིམ་གྱིས་མཐོན་པོའི་གནས་སུ་ཕྱིན། །ད་ལྟ་རང་སྣང་མཐོན་པོ་ཡིས། །གཞན་ལ་ཁྱད་གསོད་ཟུར་ཟ་དང་། །བརྙས་བཅོས་ལ་སོགས་བྱས་པ་ན། །ཀུན་གྱིས་སྡང་ཞིང་བྱམས་མི་འགྱུར། །རང་ཉིད་དམན་པའི་གནས་ལྷུང་ནས། །འུག་རྒན་ཉིན་པར་རྒྱུ་བ་བཞིན། །རྟག་ཏུ་སྡོད་ནི་ཚུགས་པ་དགོས། །ཡུལ་ཀུན་འཁྱམ་ན་བྱུར་དང་འཕྲད། །གྲོང་པའི་ཁྱི་འཁྱམས་ཇི་བཞིན་དུ། །གཞན་གྱིས་བརྩི་བཀུར་བྱེད་པ་ཉུང་། །མི་ཁ་དག་ཀྱང་རབ་ལྡང་ཞིང་། །ཐོས་བསམ་སྒོམ་ལ་གཡེལ་བར་བྱེད། །མདོར་ན་དམ་པ་དམ་པའི་ལུགས། །འདྲིས་པ་བྱས་ན་རང་དོན་དང་། །གཞན་གྱི་དོན་ཀུན་འགྲུབ་པར་འགྱུར། །དེ་ཕྱིར་ཐུགས་ལ་ཕན་པའི་གསོས། །རྨོངས་རྒན་མུ་ཅོར་སྨྲ་པ་དེས། །རང་གི་མི་ཤེས་མི་བྱེད་བཞིན། །གཞན་ལ་གདམས་པ་ཁྲེལ་གྱུར་ཀྱང་། །དམ་པས་དམན་ལས་ལེགས་བཤད་ཀྱི། །དངོས་པོ་མཆིས་གང་བླང་མཛད་པས། །དེ་ཕྱིར་ཐུགས་ཀྱི་གསོས་སུ་ནི། །དྷརྨ་མ་ཏིས་ཕུལ་བ་དགེ། །། ༈ཞལ་གདམས་ཐར་ལམ་སྒྲོན་མེ་བཞུགས་སོ། །ལེགས་པའི་ལམ་ནི་སྟོན་མཛད་ཅིང་། །ངན་འགྲོའི་སྒོ་འཕར་གཅོད་མཛད་པ། །བྱང་ཆུབ་ལམ་བཟང་སྟོན་པའི་མགོན། །དཔལ་ལྡན་བླ་མར་ཕྱག་འཚལ་ལོ། །རིགས་ལྡན་ཆོས་མཛད་ཁྱེད་ཉིད་ཀྱིས། །ཞལ་གདམས་དགོས་ཞེས་ནན་དུ་བསྐུལ། །སྔོན་བྱོན་དམ་པའི་གསུང་རབས་ལ། །ལེགས་པར་གཟིགས་པས་ཁྱབ་ན་ཡང་། །མདོར་བསྡུས་ཙམ་ཞིག་འདིར་ཡང་བྲི། །ཀྱེ་མ་དལ་དང་འབྱོར་པ་ཡིས། །བརྒྱན་པའི་ལུས་རྟེན་སྐྱོན་མེད་པ། །འདི་འདྲ་ཐོབ་ཚེ་ཆོས་མ་སྒྲུབ། །རང་གིས་རང་བསླུས་ཕུང་ཚབ་ཆེ། །འདི་འདྲ་ཕྱིས་ནས་རྙེད་པར་དཀའ། །དེ་ཡི་རྒྱུ་མཚན་ཅི་ཞེ་ན། །ཚུལ་ཁྲིམས་སྲུང་དང་བཟོད་པ་སྒོམ། །དེ་ཡི་འབྲས་བུ་ལྷ་མིའི་རྟེན། །ཐོབ་པར་འགྱུར་གསུངས་དེ་སྒྲུབ་དཀོན། །རྟེན་ཐོབ་འདི་ཡང་ཡུན་མི་རྟག། རྩ་རྩེའི་ཟིལ་པ་ཆུ་བུར་སོགས། །དཔེ་ཡི་རྣམ་གྲངས་དུ་མ་ཡིས། །མི་རྟག་འཇིག་པའི་ངང་ཚུལ་བསམ། །ངང་རིང་མ་བྱེད་ཆོས་ལ་རེམ། །སང་བྱེད་གནང་བྱེད་མང་པོ་ཡི། །གྲབས་ཚིས་ངང་ལ་མི་ཚེ་ཟད། །ཉིན་གཅིག་འཆི་བ་ཐོག་བབས་འོང་། །དེ་དུས་འགྱོད་ཀྱང་ཕྱིས་ཏེ་ཐལ། །དེ་བས་རང་དབང་ཡོད་པའི་དུས། །དྲན་རྒྱུ་མ་མང་ཆོས་ལ་འབད། །དེ་ཡང་དགེ་སྡིག་ཕྱེད་འདྲེས་ཀྱིས། །དགེ་བ་སྟོབས་ཆེན་མི་འགྱུར་བས། །དྲན་དང་ཤེས་བཞིན་བསྟེན་གྱིས་ལ། །སྡིག་པ་ཆེ་ཕྲ་ཐམས་ཅད་ཀུན། །ཤིན་ཏུ་འཛེམ་ཞིང་བཤགས་སྡོམ་བྱ། །ལས་ཀྱི་འབྲས་བུ་བསླུ་མི་སྲིད། །རང་བྱས་རང་གི་སྟེང་དུ་སྨིན། །འཁོར་བ་འདི་ནི་སྡུག་བསྔལ་གྱི། །རང་བཞིན་ཉིད་ལས་མ་འདས་པས། །དེ་ལས་རང་གཞན་སེམས་ཅན་རྣམས། །མྱུར་དུ་ཐར་ཕྱིར་སྐྱབས་འགྲོ་དང་། །བསམ་པ་བཟང་པོས་སེམས་བསྐྱེད་མཛོད། །བསམ་ངན་ཕྲག་དོག་ཅན་རྣམས་ནི། །གནས་སྐབས་བསམ་དོན་མི་འགྲུབ་ཅིང་། །འཆི་ཁ་གནད་གཅོད་ཆེ་བ་དང་། །དམྱལ་བའི་མེ་ནི་བཟོད་པར་དཀའ། །དེ་བས་སྒོ་གསུམ་བྱ་བ་རྣམས། །སེམས་ཅན་དོན་དུ་འགྱུར་བ་ཡི། །བསམ་དཀར་སྨོན་ལམ་བཟང་པོ་ཐོབ། །ནོར་ནི་ཇི་ཙམ་འབྱོར་གྱུར་ཀྱང་། །ཆོག་ཤེས་དཀའ་ཞིང་གསོག་སྲུང་སྤེལ། །རྩོལ་བ་བརྒྱ་ཕྲག་བསྐྱེད་བྱས་ཀྱང་། །སྒྲུབ་དཀའ་མནོག་ཆུང་ཕན་པའང་ཕྲ། །ཕལ་ཆེར་དོན་མེད་གྱི་ནར་ཟད། །ཕལ་ཆེར་གཞན་གྱིས་སྤྱོད་པར་འགྱུར། །དེས་ན་ཆོག་ཤེས་བསྟེན་པར་བྱ། །ཅུང་ཟད་འབྱོར་པར་གྱུར་པ་ན། །དཀོན་མཆོག་མཆོད་པ་ལ་སོགས་པའི། །བསོད་ནམས་ཚོགས་བསགས་པ་ལ་འབད། །སྨྲ་བ་མང་བས་རང་གཞན་བརླག། ཚོད་རན་ཙམ་དུ་དགོས་དོན་སྨྲ། །རྟག་ཏུ་མ་ཎི་སིདྡྷི་བགྲང་། །ངག་ནི་རྣམ་ཀུན་དོན་ཡོད་བྱ། །ལུས་ནི་རབ་ཏུ་བསྲུང་བྱ་ཞིང་། །ཉ་སྟོང་ཚེས་བརྒྱད་ལ་སོགས་པར། །བསྙེན་གནས་སྨྱུང་གནས་སྡོམ་པ་བླངས། །སེམས་ཀྱང་དྲན་དང་ཤེས་བཞིན་གྱི། །ཐགས་སྒྲོག་དམ་པོས་རབ་བཏུལ་ཏེ། །འཁྲུལ་རྟོག་རྒྱ་འབྱམས་མ་སོང་བ། །བྱང་ཆུབ་སེམས་དང་ལྟ་བ་ལ། །ཡང་ཡང་བློ་ནི་སྦྱོང་བར་མཛོད། །བདེ་གཤེགས་སྙིང་པོའི་རང་ཞལ་ནི། །མ་རིག་རྡུལ་གྱིས་སྒྲིབ་པས་ན། །བཤགས་སྦྱངས་དག་ལ་ནན་ཏན་དང་། །ཁྱད་པར་རྡོར་སེམས་བསྒོམ་བཟླས་བརྩོན། །རྟོགས་པའི་ཡེ་ཤེས་རང་རྒྱུད་ལ། །སྐྱེ་བའི་རྟེན་འབྲེལ་མོས་གུས་དང་། །བླ་མའི་བྱིན་རླབས་གཙོ་ཆེ་བས། །བླ་མའི་རྣལ་འབྱོར་ཟབ་མོར་བརྩོན། །འཁྲུལ་པའི་སེམས་ཀྱི་གཞི་རྩ་ཆོད། །སེམས་ཉིད་སྐྱེ་མེད་དོན་རྟོགས་ན། །འཁོར་བའི་གྲོང་ཁྱེར་སྟོང་པར་འགྱུར། །ཡེ་ཤེས་རྩལ་ཁ་ཕྱོགས་མེད་རྒྱས། །མ་བཅོས་མ་ཡེངས་ངང་ལྡན་པས། །ངང་བཞག་རྣལ་འབྱོར་ཟབ་མོ་ཡི། །གཟུང་དང་འཛིན་པ་ལས་གྲོལ་བའི། །ཆོས་སྐུའི་བཙན་ས་ཟིན་པ་དང་། །ནམ་མཁའ་མཉམ་པའི་སེམས་ཅན་རྣམས། །སྐུ་གསུམ་ས་ལ་འགོད་པར་འགྱུར། །དེ་སྐད་གདམས་པའི་ཕྲེང་བ་འདི། །ཌཱ་ཀི་ནོར་འཛིན་དབང་མོ་ཡིས། །རྟེན་བཅས་བསྐུལ་བ་མ་ལྡོག་ཙམ། །ཆོས་ཀྱི་བློ་གྲོས་ཞེས་བྱ་བ། །ཚུལ་འཆལ་དེ་ཡིས་གང་དྲན་བྲིས། །དགེ་བས་སེམས་ཅན་གྲོལ་གྱུར་ཅིག། མངྒ་ལཾ་ཤུ་བྷཾ།། །། ༈ ཞལ་གདམས་གནད་ཕྲེང་ཞེས་བྱ་བ། ཨོཾ་སྭསྟི། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་དངོས། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །སྤང་བླང་གནད་ཀྱི་ཞལ་གདམས་ཉུང་ངུ་ཞིག། ཁྱེད་ཀྱི་སྙན་དུ་བསྲིངས་པས་ཤིས་གྱུར་ཅིག། ཀྱེ་མ་རྙེད་དཀའི་དལ་འབྱོར་སྐྱོན་མེད་འདི། །ལུས་རྟེན་འདི་འདྲ་ཕྱིས་ནས་རྙེད་པར་དཀའ། །ད་རེས་ཐོབ་པ་སྔོན་བསགས་དགེ་བ་དང་། །སངས་རྒྱས་བྱང་སེམས་ཐུགས་རྗེའི་མཐུ་ལས་བྱུང་། །དེ་བས་དོན་མེད་ཆུད་ཟོས་བཏང་གྱུར་ན། །འདི་དང་ཕྱི་མའི་དོན་ཆེན་གཏན་དུ་བརླག། དེ་ལས་གྱོང་ཆེན་བསྡབ་རྒྱུ་མ་མཆིས་པས། །དལ་བའི་རྟེན་ལ་སྙིང་པོ་བླང་བར་མཛོད། །མྱུར་དུ་འཆི་བ་ནམ་འོང་ཆ་མེད་ཅིང་། །བར་སྣང་གློག་དང་རླུང་གསེབ་མར་མེ་དང་། །རྩྭ་རྩེའི་ཟིལ་པ་ནམ་མཁའི་སྤྲིན་དང་འདྲ། །སྐད་ཅིག་སྐད་ཅིག་སྐྱེ་ཞིང་འཇིག་པས་ན། །འཕྲལ་དུ་དམ་པའི་ཆོས་ལ་བརྩོན་པར་རིགས། །འཆི་བདག་གཤིན་རྗེའི་མཆེ་བའི་ཕྲག་པ་རུ། །སྐྱེས་མ་ཐག་ནས་ཆུད་ཟིན་ནམ་ཞིག་བཏབ། །ངེས་པ་མེད་པས་མྱུར་བ་ཉིད་དུ་ནི། །སོས་དལ་མ་སྡོད་ལྷ་ཆོས་སྒྲུབ་ལ་རེམས། །འཆི་བའི་ཚེ་ན་ཕྱི་མའི་ལྟོ་བརྒྱག་ནི། །དགེ་བའི་བསགས་པ་མེད་ན་འཁོར་ལོངས་སྤྱོད། །མཛའ་བཤེས་གཉེན་འདུན་གང་ཡང་རྗེས་མི་འབྲང་། །ཁྱེར་དབང་མེད་ཅིང་གཅེར་བུ་ལག་སྟོང་འགྲོ། །སྔོན་བྱས་ལས་ནི་ཕྱི་བཞིན་རྗེས་འབྲང་བས། །མི་བཟད་སྡིག་པའི་ཁུར་ཆེན་བཏེག་གྱུར་ན། །འཇིགས་རུང་གཤིན་རྗེའི་ཞགས་པ་ནག་པོས་བཏབ། །ལས་ཀྱི་མུན་པ་ནག་པོས་མདུན་ནས་བསུ། །གཤིན་རྗེའི་སྐྱེས་བུ་རྣམས་ཀྱིས་རྒྱབ་ནས་དེད། །འཇིགས་པའི་གད་མོ་སྣ་ཚོགས་སྒྲོགས་པའི་དུས། །ཀྱེ་མ་ཀྱི་ཧུད་ཉམ་ཐག་སྡུག་བསྔལ་མྱོང་། །དེ་དུས་ཆོས་མ་བྱས་ལ་འགྱོད་གྱུར་ཀྱང་། །ཕྱི་ཐལ་སོང་བས་ཕན་པ་ཅུང་ཟད་མེད། །དེ་བས་ད་ལྟ་རང་དབང་ཡོད་པའི་དུས། །རང་མགོ་རང་བསྐོར་ལས་ལ་མི་འབད་པར། །གཏན་དུ་ཕན་པ་དམ་པའི་ལྷ་ཆོས་སྒྲུབས། །སང་བྱེད་གནང་བྱེད་དབང་དུ་མི་གཏོང་ཞིང་། །སྙོམ་ལས་བྱ་བ་ངན་པས་མི་གཡེང་པར། །ཉིན་མཚན་དལ་མེད་དམ་པའི་ཆོས་སྒྲུབས་ཤིག། བསགས་པའི་ནོར་ནི་ཕུང་ཀྲོལ་བསྐྱེད་པའི་རྒྱུ། །གང་ལ་ནོར་ཡོད་དེ་ལ་སེར་སྣ་ཡོད། །གསོག་སྲུང་སྤེལ་བའི་སྡུག་བསྔལ་ཕ་མཐའ་ཡས། །གཉེན་བཤེས་ལ་སོགས་སྐྱོང་དཀའ་ཕན་པ་ཆུང་། །ཇི་ཙམ་ཕན་བཏགས་མགུ་དུས་ཅུང་ཟད་མེད། །དྲིན་ལན་མི་འཇལ་ཕྱི་ཕྱིར་ལོག་སྒྲུབ་བྱེད། །ཁྱད་པར་དེང་སང་གཉེན་བཤེས་ཕལ་ཆེ་བ། །དགྲ་རུ་ལྡང་ཞིང་གནོད་པ་སྣ་ཚོགས་བསྐྱལ། །དེས་ན་དགྲ་འདུལ་གཉེན་སྐྱོང་ཁ་འཛིན་དང་། །ཚོང་དང་སོ་ནམ་ལ་སོགས་ཀུན་སྤོང་ལ། །དམ་པས་བསྔགས་པའི་དབེན་པའི་གནས་རྣམས་སུ། །གཅིག་པུར་སྡོད་ལ་སྒྲུབ་པ་སྙིང་པོར་མཛོད། །དེ་ཡང་དང་པོ་གདམས་ངག་སྟོན་པ་ཡི། །མཚན་ལྡན་བླ་མ་དགེ་བའི་བཤེས་གཉེན་བསྟེན། །དད་དང་མོས་གུས་དྲག་པོས་བཀའ་བཞིན་སྒྲུབས། །མ་དད་ལོག་པར་ལྟ་བ་ཀུན་སྤོང་ལ། །བསམ་སྦྱོར་རྣམ་པར་དག་པས་བསྟེན་པ་གཅེས། །ཆོས་ཀྱི་སྙིང་པོ་རྒྱུ་འབྲས་སྤང་བླང་དང་། །འགྲོ་ཀུན་རང་གི་ཕ་མར་ཤེས་པ་ཡི། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་གཉིས་བསྒོམ། །བདག་གཞན་མཉམ་དང་བརྗེ་བའི་བློ་སྦྱོང་ལ། །ཡང་ཡང་བསམ་ལ་བདག་འཛིན་འདུལ་བར་མཛོད། །ང་དང་ང་ཡིར་འཛིན་པའི་བློ་ངན་ནི། །རང་ཕྱོགས་ལེགས་སུ་རེ་ཞིང་དགྲ་ལ་སྡང་། །མཉམ་ལ་ཕྲག་དོག་མཐོ་ལ་འགྲན་སེམས་དང་། །དམན་ལ་ང་རྒྱལ་ལ་སོགས་ཉོན་མོངས་ཀྱི། །རྩ་བ་ཐམས་ཅད་བདག་འཛིན་མ་རིག་ལས། །བྱུང་བ་ཤེས་ནས་གཅེས་འཛིན་འགོང་པོ་འདི། །ཡང་ཡང་འདུལ་ཞིང་ཡན་པར་མ་གཏོང་ཞིག། ཁོ་ཡི་དབང་གྱུར་ལས་དང་ཉོན་མོངས་འཕེལ། །སྡུག་བསྔལ་འཁོར་ལོ་དྲག་པོ་འདི་འབྱུང་བས། །དེ་ཉིད་རྒྱུར་བཅས་འགོག་པའི་ཐབས་མཆོག་ནི། །རྒྱལ་བས་གསུངས་པའི་བཀའ་དང་རྒྱ་བོད་ཀྱི། །བསྟན་བཅོས་དགོངས་དོན་རང་སེམས་འདུལ་བྱེད་ཀྱི། །ལམ་གྱི་བདེན་པ་རྒྱུད་ལ་བསྟེན་པར་བྱ། །ཇི་ལྟར་ནད་པས་སྨན་པ་བསྟེན་པ་ལྟར། །སྨན་དང་སྨན་པ་ནད་འཚོའི་འདུ་ཤེས་ཀྱིས། །ཡང་དག་དགེ་བའི་བཤེས་ཀྱི་གདམས་ངག་རྣམས། །ཆུད་ཟོས་མ་གཏོང་རང་གི་རྒྱུད་ལ་ལེན། །དེ་ཡང་ལྟ་བའི་ཁ་ཕོ་མ་མཐོ་བར། །སྔོན་འགྲོ་འཁོར་བར་ངེས་པར་འབྱུང་བ་དང་། །བྱང་ཆུབ་སེམས་ལ་བློ་སྦྱོང་སྙིང་པོར་བྱ། །ཐོག་མེད་དུས་ནས་བསགས་པའི་སྡིག་པ་རྣམས། །གནོང་འགྱོད་དྲག་པོས་སྟོབས་བཞིའི་བཤགས་པ་དང་། །ལུས་ཀྱི་ཕྱག་བསྐོར་ངག་གི་ལྟུང་བཤགས་དང་། །ཡིག་བརྒྱ་ཐར་མདོ་དྲི་མེད་བཤགས་རྒྱུད་སོགས། །སྡིག་སྦྱོང་རྣམས་ལ་ནན་ཏན་འབད་པ་དང་། །ཡན་ལག་བདུན་དང་མཎྜལ་ལ་སོགས་པ། །ཚོགས་བསགས་རྣམས་ལ་ཤིན་ཏུ་འབད་པར་བྱ། །སྒྲིབ་སྦྱོང་ཚོགས་བསགས་རྣམས་ལ་མ་འབད་ན། །དཔེར་ན་རྡུལ་གྱིས་གོས་པའི་མེ་ལོང་དུ། །གཟུགས་བརྙན་གསལ་བ་མི་མཐོང་དེ་བཞིན་དུ། །རང་སེམས་སྒྲིབ་པའི་དྲི་མས་གོས་པ་ལ། །ལུང་དང་རྟོགས་པའི་ཡོན་ཏན་འཆར་བ་མེད། །དེས་ན་བསགས་སྦྱངས་གལ་ཆུང་མི་བྱེད་པར། །ཤིན་ཏུ་བརྩོན་པས་འབད་ན་སངས་རྒྱས་ཀྱི། །ཟག་མེད་ཆོས་རྣམས་ངང་གིས་སྐྱེ་བར་འགྱུར། །དང་འདོད་ཡིད་ཆེས་དད་པ་དྲག་པོ་བསྐྱེད། །དད་པ་མེད་ན་དཀར་པོའི་ཆོས་མི་སྣང་། །དད་པས་ཡོན་ཏན་ཐམས་ཅད་སྡུད་པར་བྱེད། །དཀོན་མཆོག་གསུམ་ལས་ལྷག་པའི་སྐྱབས་གཞན་མེད། །འཇིགས་དད་སྙིང་རྗེ་གསུམ་གྱིས་ཀུན་ནས་སློང་། །ཐེག་ཆེན་སྐྱབས་འགྲོའི་སྡོམ་པ་ཁས་བླངས་ཀྱིས། །ཐོབ་པ་འཆི་བ་སྲོག་ལ་བབ་གྱུར་ཀྱང་། །ནམ་ཡང་མི་འདོར་དམ་བཅའ་བརྟན་པར་བྱ། །མཁའ་ཁྱབ་སེམས་ཅན་ཕ་མར་མ་གྱུར་མེད། །ད་ལྟ་སྡུག་བསྔལ་རྒྱ་མཚོར་བྱིང་བ་རྣམས། །བདག་གིས་ད་རེས་མ་རྣམས་དུཿཁ་ལས། །སྒྲོལ་བའི་སྙིང་སྟོབས་ཆེན་པོ་མ་བསྐྱེད་ན། །ཕ་མ་གཡུལ་ངོར་ལྷུང་ནས་རང་ཉིད་བྲོས། །དེ་ལས་ཁྲེལ་ཆེ་ཅི་ཡང་མེད་པས་ན། །རང་དོན་ཡིད་བྱེད་འཁྲི་བ་ཀུན་སྤངས་ནས། །བདག་གི་སྒོ་གསུམ་གཞན་གྱི་དོན་དུ་བཀོལ། །གཞན་ཕན་སྒྲུབ་ན་རང་དོན་ཞོར་ལ་འགྲུབ། །རང་དོན་གཙོར་བྱས་དམན་པའི་ས་རུ་ལྷུང་། །དེས་ན་རང་ཕྱོགས་ལ་ཆགས་གཞན་སྡང་གི །བསམ་ངན་ཐམས་ཅད་དྲུངས་ནས་འབྱིན་པ་དང་། །ཅི་བྱས་ཐམས་ཅད་གཞན་དོན་འགྱུར་བ་ལ། །དངོས་སུ་སྤྱོད་དང་སྨོན་ལམ་བཟང་པོ་ཐོབ། །དགེ་བའི་རྩ་བ་ཆེ་ཕྲ་ཅི་བྱས་ཀྱང་། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་མེད་དང་། །རྗེས་ལ་བསྔོ་བ་དམ་པས་རྒྱས་འདེབས་དགོས། །དེ་གསུམ་མ་བྲལ་བྱང་ཆུབ་ལམ་དུ་བསྒྱུར། །དེ་དང་བྲལ་ན་ཟག་བཅས་དགེ་བ་ཡིས། །མཐོ་རིས་ལྷ་མིའི་བདེ་འབྲས་ཙམ་བསྐྱེད་དོ། །སྔོན་བསགས་དགེ་བས་ཐོབ་པའི་ལོངས་སྤྱོད་ལ། །ཧ་ཅང་སྲེད་པ་མ་ཆེ་དཀོན་མཆོག་མཆོད། །དབུལ་ཕོངས་ཉམ་ཐག་རྣམས་ལ་སྦྱིན་པ་ཐོངས། །ཤ་ཆང་མཚོན་སོགས་མ་དག་སྦྱིན་པ་དང་། །རང་ཕྱོགས་ལ་ཆགས་སྦྱིན་གཏོང་བྱེད་པ་རྣམས། །ལྟར་སྣང་དགེ་བ་དོན་ལ་སྡིག་པར་འགྱུར། །དེ་ཡང་སྲོག་བཅད་ཤ་ཁྲག་ཆང་རག་སོགས། །དགེ་འདུན་བླ་མཆོད་རྣམས་ལ་འདྲེན་པ་ནི། །དེ་དག་མཆོད་ཡུལ་མཆོད་མཁན་གཉིས་ཀ་ལ། །དམྱལ་མེ་བཟོད་དཀས་མནར་བ་ཉིད་ཀྱི་རྒྱུ། །དེ་འདྲའི་མཆོད་སྦྱིན་ངན་པ་རྩད་ནས་བསྐྱུངས། །མདོར་ན་དྲན་དང་ཤེས་བཞིན་བག་ཡོད་ཀྱིས། །བསླབ་བྱ་རྣམས་ལ་སྲུང་སྡོམ་ལེགས་པར་བྱ། །ས་དགེ་བཀའ་རྙིང་ལ་སོགས་གྲུབ་མཐའ་རྣམས། །སངས་རྒྱས་པ་ཡི་ཆོས་ལུགས་ཡིན་པར་མཐུན། །མཐར་ཐུག་གནད་ཀྱི་དོན་ལ་དགོངས་པ་གཅིག། དེས་ན་གྲུབ་མཐའི་ཁ་འཛིན་སྤང་བར་བྱ། །གྲུབ་མཐའི་ཆགས་སྡང་ངན་པས་བསྟན་པ་དཀྲུགས། །རྒྱལ་བསྟན་ཐམས་ཅད་ནང་འགལ་བྱེད་པ་སོགས། །ཆོས་ལ་སྡང་བའི་ཉེས་པ་ཚད་མེད་པས། །དེ་རིགས་རྣམས་ཀྱི་རྗེས་སུ་མ་འབྲང་ཞིག། འདི་ཕྱིར་ཉམས་ཉེས་ཆེན་པོ་འབྱུང་ཏ་རེ། །ཡང་དག་རྒྱལ་བསྟན་རིས་སུ་མ་བཅད་པར། །དེར་འཛིན་བྱེད་དང་བཅས་པ་ཐམས་ཅད་ལ། །གུས་པ་བསྐྱེད་ཅིང་དད་པས་མཆོད་པར་བགྱི། །བྱིན་རླབས་མྱུར་དུ་ཐོབ་པར་འདོད་པ་ཡིས། །དཀོན་མཆོག་ཀུན་འདུས་དཔལ་ལྡན་བླ་མ་ལ། །དབང་དང་གདམས་ངག་ཐོབ་ནས་རྡོ་རྗེ་འཆང་། །དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་བྱེད་པོ་རུ། །ཤེས་ནས་དད་དང་དམ་ཚིག་རྣམ་དག་པས། །སྤྱི་བོར་བསྒོམ་ལ་གསོལ་བཏབ་དབང་བླང་བྱ། །སྙིང་གི་ཟེ་འབྲུར་བཞུགས་ལ་ཐུགས་ཡིད་བསྲེ། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །སྐྱབས་གནས་བླ་མ་མཆོག་ལས་གཞན་མེད་པར། །ངེས་པའི་ཤེས་པ་ཡང་དག་བསྐྱེད་ནས་སུ། །ཐེ་ཚོམ་མེད་པར་གསོལ་བ་བཏབ་བྱས་ན། །མཆོག་ཐུན་དངོས་གྲུབ་ངང་གིས་ཐོབ་པ་ལ། །མི་བསླུ་ངེས་པ་རྒྱལ་གསུང་ཚད་མས་གྲུབ། །ཉམས་ལེན་སྙིང་པོ་བླ་མའི་རྣལ་འབྱོར་སྒྲུབ། །དེར་བརྩོན་བྱིན་རླབས་རྒྱུད་ལ་ཞུགས་པའི་དུས། །རྟོགས་པའི་ཡེ་ཤེས་ཁོང་ནས་འཆར་བར་འགྱུར། །འཁོར་འདས་ཆོས་ཀུན་རང་སེམས་འཁྲུལ་པ་ཡིས། །བསྐྱེད་པའི་སྣང་བ་ཙམ་ལས་གཞན་དུ་མེད། །སེམས་ནི་སྐྱེ་འགགས་གནས་གསུམ་ངོ་བོས་སྟོང་། །སྟོང་པའི་རང་བཞིན་རིག་པ་གསལ་སིང་ངེ་། །འཛིན་ཞེན་བྲལ་བའི་ངང་ནས་ལྟ་བ་དང་། །ཡེངས་མེད་སྒོམ་པ་འཛིན་བྲལ་སྤྱོད་པ་ཡི། །ཉམས་བླངས་གཞི་ཉིད་འབྲས་བུར་སྨིན་བྱེད་ཀྱི། །མྱུར་ལམ་ཕྱག་རྫོགས་གང་རུང་ཉམས་སུ་བླངས། །བྱིན་རླབས་རྩ་བ་བླ་མ་སྒྲུབ་པ་དང་། །དངོས་གྲུབ་རྩ་བ་ཡི་དམ་ཞི་དང་ཁྲོ། །ཕྲིན་ལས་རྩ་བ་མཁའ་འགྲོ་ཆོས་སྐྱོང་གི །བསྙེན་སྒྲུབ་དག་ཀྱང་ཅི་ནུས་འབད་པར་བྱ། །ཁྱད་པར་བོད་ཀྱི་བླ་མ་པདྨ་འབྱུང་། །ཡི་དམ་ཐུགས་རྗེ་ཆེན་པོ་ཉིད་ཡིན་པས། །བླ་སྒྲུབ་ཐུགས་ཆེན་གང་རུང་བསྐྱེད་རྫོགས་ལ། །ཆུ་བོའི་རྒྱུན་བཞིན་རྟག་ཏུ་བརྩོན་པར་བྱ། །ལུས་ལྷ་ངག་སྔགས་སེམས་རྟོག་ཆོས་ཉིད་ཤེས། །མཁའ་ཁྱབ་སྙིང་རྗེ་བསྒོམ་ལ་མ་ཎི་བགྲང་། །མཉམ་བཞག་ཐུན་སྐབས་ངག་བཅད་དམ་པོར་བྱ། །རྗེས་ཐོབ་རྣམས་སུའང་ཡིག་དྲུག་ཅི་ནུས་ཐོན། །དེ་ལྟར་འབད་ན་འདི་ཕྱི་ཐམས་ཅད་དུ། །བདེ་ནས་བདེ་བར་འགྱུར་ལ་སོམ་ཉི་བྲལ། །དེ་སྐད་གདམས་པའི་རིམ་པ་ཉུང་ངུ་འདི། །ཁྱིམ་ན་གནས་ཀྱང་ཡང་དག་དགེ་བཅུའི་བློ། །དཀར་པོའི་ཚེས་ཀྱི་ཟླ་བའི་འཕེལ་ཆ་བཞིན། །དད་ལྡན་ཟླ་ནོར་ཞེས་བྱས་བསྐུལ་བའི་ངོར། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཞེས་བྱ་བ། །ཆོས་མེད་དྲེད་པོ་དཀོར་རྐྱལ་དེ་ཉིད་ཀྱིས། །རང་གིས་མི་བྱེད་བཞིན་དུ་ཞལ་གདམས་ནི། །ཡིད་ལ་གང་དྲན་སྨིན་གྲོལ་གླིང་དུ་བྲིས། །དགེ་བས་ནམ་མཁའི་མཐའ་ཀླས་འགྲོ་བ་རྣམས། །རྒྱུད་ལ་བྱང་ཆུབ་སེམས་མཆོག་སྐྱེ་བ་དང་། །རང་གཞན་དོན་གཉིས་ལྷུན་གྲུབ་དཔལ་ལ་སྤྱོད། །ཀུན་བཟང་ཆོས་སྐུའི་ཀློང་དུ་གྲོལ་བར་ཤོག། སརྦ་དཱ་མངྒ་ལཾ།། །། ༈ གདམས་པ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཚེ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །དུས་ད་ལྟ་ཡོད་པ་ད་ལྟ་མེད། །ལུས་འདི་ནི་ཆུ་ཡི་ཆུ་བུར་བཞིན། །དབུགས་རྒྱུ་བ་རླུང་གསེབ་མར་མེ་མཚུངས། །གྲོགས་བཟང་པོ་ལྷ་བུ་འདྲ་བ་ཡང་། །ཤུལ་དུ་བསྐྱུར་ནས་འགྲོགས་དབང་མེད། །རྒྱུ་ནོར་རྫས་རི་ལྟར་སྤུངས་ཡོད་ཀྱང་། །ཁབ་ཙམ་ཞིག་ཁྱེར་བའི་དབང་ནི་མེད། །ཁོ་འཆི་བདག་གཤིན་རྗེ་ཞེས་བྱ་བས། །དབང་མ་སྟེར་ཕྱི་མའི་ཡུལ་དུ་ཁྲིད། །ལུས་མཛེས་པའི་ལང་ཚོ་བཀྲག་ལ་གསལ། །མཚར་སྡུག་གི་མེ་ཏོག་འདྲ་ན་ཡང་། །དུས་ནམ་ཞིག་མི་རྟག་སད་ཀྱིས་ཁྱེར། །དགྲ་འཆི་བདག་གཤིན་རྗེ་མཆེ་བ་གཙིགས། །ལས་ངན་པའི་ཞགས་པས་དབང་མེད་བསྡམ། །རྒྱོབ་སོད་ཀྱི་གནམ་ས་གང་བའི་དུས། །སྐྱབས་བླ་མ་དཀོན་མཆོག་གསུམ་ལས་མེད། །དུས་ད་ལྟ་རང་དབང་ཡོད་པའི་དུས། །བློ་དམ་པའི་ཆོས་ལ་ཕྱོགས་པས་ན། །ལས་བྱས་པ་དོན་དང་ལྡན་པར་འགྱུར། །རང་སེམས་འདི་རྟ་རྒོད་དང་འདྲ་བས། །ངེས་འབྱུང་ལྕག་གིས་བྲབ་པ་དང་། །ཚེ་འདིར་སྣང་འཁྲུལ་པའི་ཞེན་པ་ཐོངས། །འགྲོ་བ་ཀུན་ཕ་མར་ཤེས་བྱས་ནས། །བྱམས་སྙིང་རྗེ་བྱང་ཆུབ་སེམས་གཉིས་བསྒོམ། །ཐེག་ཆེན་གྱི་བློ་སྦྱོང་འབྱོང་བར་མཛོད། །དྲིན་ཆེ་ལྡན་རྩ་བའི་བླ་མ་དེ། །དུས་ནམ་ཡང་མ་བརྗེད་སྙིང་དབུས་བསྒོམ། །གསོལ་བཏབ་དང་དབང་བླང་ཐུགས་ཡིད་བསྲེ། །སེམས་གདོད་ནས་སྐྱེ་མེད་ཆོས་སྐུའི་གཤིས། །གདངས་རང་བཞིན་འོད་གསལ་འགགས་པ་མེད། །རྩལ་སྣ་ཚོགས་ཤར་བ་སྤྲུལ་པའི་སྐུ། །དེ་སྐུ་གསུམ་དབྱེར་མེད་ལྷུན་གྱིས་གྲུབ། །རང་རིག་པའི་གནས་ལུགས་དེ་ཡི་ངང་། །བློས་བཅོས་སླང་མ་བྱེད་ཕྱམ་བརྡལ་ཐོང་། །རྣམ་རྟོག་གི་རྗེས་སུ་མ་འབྲང་ཞོག། གང་སྣང་ཀུན་རང་གྲོལ་འགྲོ་བར་གྱིས། །ཐུན་མཚམས་སུ་ཁ་འདོན་བཟླས་བརྗོད་དང་། །བཟང་སྤྱོད་སོགས་སྨོན་ལམ་ཡང་ཡང་གདབ། །ཚུལ་དེ་སྐད་གདམས་པའི་ཕྲེང་བ་འདི། །ཚེ་རིང་གི་དམ་ཆོས་སྒྲོན་མ་ལ། །བསམ་པ་བཟང་པོས་གདམས་པ་དགེ། དགེ་བས་བྱང་ཆུབ་མྱུར་ཐོབ་ཤོག། ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །། ༈ ཀ་ཡེ་གསོན་དང་བླ་མ་རིན་པོ་ཆེ། །ཁ་ཞེ་མེད་པའི་དམ་ཆོས་མ་དྲན་ནས། །ག་ལེ་གུ་ལེས་མི་ཚེ་ཟད་འདུག་ལགས། །ང་ནི་ཤི་རེས་དམྱལ་བར་འགྲོ་ངེས་རེད། །ཅེས་ཚེ་ཆོས་ནས་བྲིས། ཁྱོ་བོ་བླ་མས་ལན་བཏབ་པ། དེ་ལ་ཕན་པ་ད་ལྟ་རང་ལག་ཡོད། །ཆོས་ཀྱི་རྣམ་གྲངས་མང་པོ་མ་ཐོན་རུང་། །ཀུན་ལ་ཕན་སེམས་བསམ་པ་བཟང་པོ་དང་། །དགེ་རྩ་བསྔོ་ཞིང་སྨོན་ལམ་བཟང་པོ་གདབ། །རང་སེམས་སྐྱེ་མེད་གསལ་སྟོང་ངོ་བོ་སྐྱོང་། །རྟག་ཏུ་བླ་མ་དྲན་ལ་གསོལ་བ་ཐོབ། །དེ་ནི་མདོ་རྒྱུད་ཀུན་གྱི་སྙིང་པོ་ཡིན། །ཅེས་གདམས་སོ། །རང་གི་སེམས་ཀྱི་རྣམ་རྟོག་ངན་པ་འདི། །འདུལ་བའི་དུས་ནི་ནམ་ཡང་མི་འདུག་པས། །ད་ནི་བླ་མའི་དྲིན་གྱིས་མ་འདུལ་ན། །རང་སེམས་སྐྱེ་མེད་རྟོགས་དེ་དཀའ་མོ་འདུག། །། ༈ ཞལ་གདམས་བདུད་རྩིའི་བུམ་བཟང་ཞེས་བྱ་བ། བླ་མ་རྗེ་ལ་ཕྱག་འཚལ་ནས། །བུ་ཁྱོད་བློ་སྣ་མ་རིང་བར། །ནམ་འཆི་ཆ་མེད་བསྒོམ་པ་དང་། །འཁོར་བའི་ཉེས་དམིགས་དྲན་མཛོད་ལ། །རྒྱུ་འབྲས་སྤང་བླང་ཞིབ་མོར་གྱིས། །རྟག་ཏུ་རང་སེམས་འདུལ་བ་དང་། །དྲན་ཤེས་བག་ཡོད་བསྟེན་པ་དང་། །ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས། །དེ་ལ་རྟག་ཏུ་བློ་སྦྱང་བྱ། །སེམས་ཅན་ཀུན་ལ་ཕན་སེམས་ནི། །གཡོ་སྒྱུ་ཟོལ་ཟོག་མེད་པར་བསྐྱེད། །དཔལ་ལྡན་རྩ་བའི་བླ་མ་ལ། །དད་དང་མོས་གུས་བརྟན་པོ་ཡིས། །གསོལ་བ་སྙིང་གི་དཀྱིལ་ནས་ཐོབ། །དབང་བླང་ཐུགས་ཡིད་བསྲེ་པའི་ངང་། །རང་སེམས་གདོད་ནས་མ་སྐྱེས་པ། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་རིག་པའི་གདངས་འགགས་མེད། །སྐུ་གསུམ་དབྱེར་མི་ཕྱེད་པ་ཡི། །བཞི་ཆ་སུམ་བྲལ་ཡེ་ཤེས་ནི། །བླ་མའི་དྲིན་གྱིས་ངོ་འཕྲོད་པ། །མ་བཅོས་ཇི་བཞིན་རང་བབས་ཞོག། གཟུང་འཛིན་རྟོག་པས་མ་འཆིང་བར། །རང་ཤར་རང་གྲོལ་ཉིད་དུ་ཐོངས། །རྩ་བ་གསུམ་གྱི་བསྙེན་སྒྲུབ་ལ། །རྟག་ཏུ་བརྩོན་ཞིང་སྨོན་ལམ་གདབ། །དེ་ལྟར་མཛད་ན་དོན་ཡོད་འགྱུར། །དེ་ལྟར་གདམས་པ་ཉུང་ངུ་ཞིག། བརྩེ་བའི་སེམས་ཀྱིས་གདམས་འདི་ཡིས། །ཁྱེད་ཀྱི་ཐུགས་ལ་ཕན་པ་དང་། །རང་གཞན་དོན་གཉིས་ལྷུན་གྲུབ་ཤོག། ཅེས་པའང་ཆོས་ཀྱི་བློ་གྲོས་པས་སྨྲས་པའོ།། །། ༈ དུས་གསུམ་སངས་རྒྱས་འདུས་པའི་ངོ་བོ། །མཚུངས་མེད་དཔལ་ལྡན་བླ་མའི་ཞབས་པད། །རབ་གུས་གདུང་བས་སྙིང་དབུས་མཆོད་ནས། །གདམས་པའི་བསླབ་བྱ་ཉུང་ངུར་དབྱེའོ། །དལ་འབྱོར་ཐོབ་པ་ད་རེས་ཙམ་ཡིན། །འདི་ཉིད་དོན་མེད་ཆུད་ཟོས་བྱས་ན། །རིན་ཆེན་གླིང་ནས་སྟོང་པར་ལོག་འདྲ། །ཚེ་ནི་མི་རྟག་སྟོན་ཀའི་སྤྲིན་འདྲ། །འཆི་རྐྱེན་ངེས་མེད་ནམ་འཆི་ཆ་མེད། །མྱུར་དུ་དམ་པའི་ལྷ་ཆོས་ལ་རེམས། །དམ་ཆོས་སྙིང་པོ་རྒྱུ་འབྲས་སྤང་བླང་། །སྡིག་པའི་ལས་ལ་ཤིན་ཏུ་འཛེམ་ཞིང་། །དགེ་བ་ཆེ་ཕྲ་སྒྲུབ་ལ་ནན་ཏན། །སྒོ་གསུམ་དལ་མེད་ཡང་ཡང་བརྩོན་དང་། །ནང་པ་སངས་རྒྱས་པ་ཡི་ཁྱད་ཆོས། །འདི་ཕྱིའི་རེ་ལྟོས་བླ་མ་དཀོན་མཆོག། དད་མོས་དྲག་པོས་གསོལ་བ་ཐོབ་དང་། །བསླུ་བ་མེད་པས་སྐྱབས་གཞན་མ་འཚོལ། །རིགས་དྲུག་སེམས་ཅན་ཕ་མར་གྱུར་རྣམས། །སྡུག་བསྔལ་རྒྱུ་འབྲས་རྟག་ཏུ་སྤྱོད་ལ། །སྙིང་རྗེ་ཆེན་པོ་ཡང་ཡང་བསྐྱེད་ཅིང་། །རྟག་ཏུ་གཞན་ཕན་ལྷག་བསམ་བཟང་པོ། །ཕྱོགས་རིས་མེད་པར་ཕན་པ་སྒྲུབ་དང་། །འདི་དང་ཕྱི་མ་བདེ་བར་འོང་ངོ་། །དྲན་ཆོག་རྒྱལ་པོ་རྩ་བའི་བླ་མར། །གསོལ་བཏབ་དབང་བླང་ཐུགས་ཡིད་བསྲེ་ནས། །རང་སེམས་སྐྱེ་མེད་ཆོས་སྐུའི་རང་ཞལ། །ཡེངས་མེད་འཛིན་བྲལ་བློ་ཡིས་མ་བསླད། །རང་བབ་ཞོག་དང་ས་ལེར་གསལ་འོང་། །དེ་ལ་རྟག་ཏུ་གོམས་པར་བྱས་ན། །མ་རིག་སྲིད་པ་དྲུང་ནས་འབྱིན་འགྲོ། །ཆོས་སྤྱོད་ལྷག་ལྷའི་བསྙེན་སྒྲུབ་ལ་འབད། །འདུས་བྱས་དགེ་བ་ཁྱད་དུ་མ་བསད། །དམིགས་བཅས་དམིགས་མེད་ཚོགས་གཉིས་ཟུང་འཇུག། དེ་ལས་སྐུ་གཉིས་འབྲས་བུ་ཐོབ་འོང་། །དེ་ལྟར་གདམས་པ་ཉུང་ངུ་འདི་ཡང་། །བན་ཚང་དབུ་མཛད་འཇམ་དབྱངས་བཟང་པོས། །བསྐུལ་ངོར་ཆོས་ཀྱི་བློ་གྲོས་དེ་ཡིས། །བྲིས་པས་བྱང་ཆུབ་ཐོབ་པར་གྱུར་ཅིག། མངྒ་ལཾ།། །། ༈ ཌཱ་ཀི་ན་མོ། བརྒྱུད་པ་རིན་ཆེན་གསང་བའི་བཅུད། །གསང་སྤྱོད་སྙན་བརྒྱུད་ཟབ་མོ་ཡི། །གནད་ཀྱི་གཅུད་ཕུར་རྒྱབ་ཡིག་ནི། །འཁོར་འདས་ཆོས་རྣམས་སེམས་ཀྱི་འཕྲུལ། །སེམས་ནི་སྐྱེ་འགགས་མཐའ་དབུས་མེད། །འཁོར་འདས་ཀུན་ལ་ཁྱབ་པ་ཡི། །དབྱིངས་ཀྱི་ཡུམ་ཆེན་ཀུན་བཟང་མོ། །རྡོ་རྗེ་ཕག་མོ་ཁྲོས་མ་ནག། ཡེ་ཤེས་ཕྱག་རྒྱའི་སྐུ་ཡི་མཆོག། གསུང་གསང་སྔགས་ཀྱི་འཁོར་ལོ་སྟེ། །ཐུགས་ནི་འོད་གསལ་འདུས་མ་བྱས། །རང་ངོ་ཤེས་པ་ལྟ་བ་ཡིན། །ཡེངས་མེད་འཛིན་བྲལ་སྒོམ་པའི་གནད། །རེ་དང་དོགས་པས་མ་བཅིངས་པ། །གང་ཤར་རང་གྲོལ་སྤྱོད་པའི་རྒྱལ། །གཞི་ཉིད་མངོན་གྱུར་འབྲས་བུ་སྟེ། །དེ་ལྟར་ཇི་བཞིན་པ་ཡི་གནད། །མངོན་སུམ་རྟོགས་པའི་ཐབས་ཟབ་མོ། །གསང་སྤྱོད་སྙན་བརྒྱུད་རིན་ཆེན་གྱི། །གདམས་པས་གྲོལ་བར་ཐེ་ཚོམ་མེད། །ཅེས་རིག་ངོར་མ་བཅོས་ཐོལ་བྱུང་དུ་ཇི་ལྟར་ཤར་བ་བཞིན་པདྨ་ཡེ་ཤེས་རྡོ་རྗེས། རང་སློབ་རི་སྐེགས་བྱ་བྲལ་རིན་པོ་ཆེར་གདམས་པའི་སྤྲིངས་ཡིག་དགེ་ལེགས་བཀྲ་ཤིས་འཕེལ།། །། ༈ ཀ་ཡེ་རིགས་ཀྱི་བུ་མཆོག། ཁ་རོག་སོས་དལ་མ་འདུག། ག་ལེར་འགྱོད་པའི་གནས་འོང་། །ང་ཅག་འདྲ་བའི་བ་ལང་། །ཅ་ཅོའི་སྨྲ་བ་མང་པོ། །ཆ་ལུགས་བཟང་མདོག་ཁ་པོ། །ཇ་ཆང་ཤ་ལ་སྲེད་བཞིན། །ཉ་མ་མཛེས་མའི་ངོར་བལྟས། །ཏ་ཐཱ་ག་ཏའི་བསྟན་འགལ། །ཐ་ཤལ་བདག་གི་ངང་ཚུལ། །ད་ལྟ་འདི་འདྲ་རེད་ན། །ན་བ་བརྒྱ་ལས་སྡུག་འདུག། པ་སངས་ལྟ་བུའི་བསམ་དཀར། །ཕ་རོལ་ཕྱིན་གཞུང་བསླབ་ནས། །བ་མཆོག་འོ་མ་ལྟ་བུས། །མ་ལུས་འགྲོ་ལ་ཕན་འོང་། །ཙ་མ་ར་ཡི་བསིལ་གཡབ། །ཚ་བའི་འཇིགས་པ་སྐྱོབ་ལྟར། །ཛ་ཧུའི་བུ་མོའི་རྒྱུན་བཞིན། །ཝ་ལེར་བརྩོན་འགྲུས་བསྐྱེད་མཛོད། །ཞྭ་ལྟར་མཐོ་བའི་ཁེངས་དྲེགས། །ཟ་ལྟར་རྩུབ་པའི་སྤྱོད་ལམ། །འ་འུར་མ་མང་བག་ཡོད། །ཡ་རབས་སྤྱོད་པ་བསྟེན་མཛོད། །རྭ་ལྟར་གྱོང་བའི་སེམས་འདུལ། །ལ་བ་བཟང་ལྟར་འཇམ་མཉན། །ཤ་བ་བཞིན་དུ་རང་བསྲུངས། །ས་ལྟར་འགྲོ་བའི་ཉེར་འཚོར། །ཧ་ཧུར་སྤྱོད་པ་སྤངས་ནས། །ཨ་དོན་སྐྱེ་མེད་བསྒོམ་མཛོད།། །། ༈ ཀ་ཡེ་རྣལ་འབྱོར་ཕོ་མོ། །ཁ་རོག་མ་འདུག་ཆོས་སྤྱོད། །ག་ལེར་སོས་དལ་སྡོད་པ། །ང་དང་ང་འདྲ་མ་བྱེད། །ཅ་ཅོའི་གཡེང་བ་སྤངས་ནས། །ཆ་ལུགས་ཇི་ལྟར་བྱས་ཀྱང་། །ཇ་ཆང་ཟས་ལ་མ་སྲེད། །ཉ་མ་བཞིན་དུ་མ་འཁྱམས། །ཏ་ཐཱ་ག་ཏའི་བསྟན་པ། །ཐ་དད་མ་ཡིན་གཅིག་ཤེས། །ད་ལྟ་མཇལ་བ་སྐལ་བཟང་། །ན་མར་ཆོས་ལ་སྤྱོད་ནས། །པ་རེ་པུ་རེའི་སྤྱོད་པ། །ཕ་རོལ་མ་དད་རྒྱུར་འགྱུར། །བ་ལང་བཞིན་དུ་མ་ཉལ། །མ་ལྟར་ཀུན་ལ་བྱམས་ཤིང་། །ཙ་མ་ར་ལྟར་ཡིད་འོང་། །ཚ་གྲང་སྡུག་བསྔལ་ཁྱད་གསོད། །ཛ་ཧུའི་རྒྱུན་བཞིན་རྟག་པར། །ཝ་བཞིན་དབེན་རིར་སྡོད་ནས། །ཞྭ་ལྟར་བླ་མ་སྤྱིར་སྒོམ། །ཟ་མ་ཙམ་ལ་མ་བརྗེད། །འ་འུར་ཆལ་ཆོལ་མེད་ཀྱང་། །ཡ་རབས་སྤྱོད་པས་དུས་འདའ། །ར་མ་ཎ་ལྟར་བརྟན་པོས། །ལ་ལ་ཙམ་མིན་མི་ཚེ། །ཤ་བ་ལྟ་བུ་བརྒྱུད་ནས། །ས་བཅུའི་ཕ་མཐར་ཕྱིན་མཛོད། །ཧ་ཧི་བཞད་པའི་ང་རོ། །ཨ་དོན་སྐྱེ་མེད་རྟོགས་ནས། །འཁོར་བ་དོང་སྤྲུགས་གྱུར་ཅིག། །ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །། ༈ ནད་སེལ་གྱི་སྨན་དཀར་པོ་གཅིག་ཐུབ་ཅེས་བྱ་བ། བླ་མ་ལ་ཕྱག་འཚལ་ལོ། །ན་བ་སེམས་ཀྱི་རྟོག་པ་སྟེ། །ན་བ་ཆོས་ཉིད་ངང་དུ་ན། །ཆོས་ཉིད་ངང་དུ་ན་བ་མེད། །ན་བ་གཏད་མེད་དབྱིངས་སུ་ཐོང་། །ན་བ་ཆོས་ཉིད་རོལ་པའི་རྒྱན། །ཆོས་ཉིད་རོལ་པ་འགགས་པ་མེད། །རང་སྣང་ཐམས་ཅད་ན་བ་ཡིན། །ན་བ་ཐམས་ཅད་ཡེ་ཤེས་ཡིན། །ཡེ་ཤེས་ངང་ལ་ཡེངས་མེད་ཞོག། ན་བ་རྒྱུ་འབྲས་དབྱིངས་སུ་སང་། །ཁམས་གསུམ་སྐྱེ་འགྲོ་ཐམས་ཅད་ཀྱི། །ཉོན་མོངས་ནད་ལས་རང་གྲོལ་ཤོག། ཅེས་རབ་མཆོག་ན་བའི་སྐབས་བློ་གྲོས་པས་ཁ་མཚར་བྱས་པའོ། །དགེའོ།། །། ༈ དགེ་བློས་རྒྱུད་ཕྱུག་ཚེས་བཅུའི་དམ་ཆོས་རྒྱལ་མཚན་ལ། ཉིད་ནས་ཡི་གེ་རྟེན་སྒོར་ལྔ་འབྱོར་བས་བསམ་དོན་ཆོས་བཞིན་འགྲུབ་པའི་སྐྱབས་འཇུག་བྱེད། མི་རྟག་འཆི་བ་དྲན་པ་དང་། །ལས་འབྲས་སྤང་བླང་ལ་བརྩོན་ཞིང་། འཁོར་བའི་ཉེས་དམིགས་ལ་བསམ་ནས། །སྲིད་ལས་ངེས་པར་འབྱུང་བར་མཛོད། །དམ་ཚིག་སྡོམ་པ་རྣམ་དག་པས། །བླ་མར་མོས་གུས་བསྐྱེད་པ་དང་། །གསང་སྔགས་ཡི་དམ་བསྙེན་སྒྲུབ་བརྩོན། །རང་གི་སེམས་ཀྱི་གདར་ཤ་གཅོད། །སེམས་ཉིད་སྐྱེ་མེད་སྟོང་པའི་གཤིས། །རང་གསལ་འགགས་མེད་རིག་པའི་གདངས། །རང་བཞིན་སྐུ་གསུམ་ལྷུན་གྲུབ་ལ། །མ་བཅོས་རྒྱུན་དུ་ཡེངས་མེད་སྐྱོང་། །མདོར་ན་དལ་འབྱོར་རྟེན་འདི་ཉིད། །ཐོབ་པ་ད་རེས་ཙམ་ཡིན་པས། །ལྟར་སྣང་འཁྲུལ་པར་མི་གཡེང་བར། །སྒོ་གསུམ་དོན་ལྡན་མཛད་པར་ཞུ། །ཟླ་༩ཚེས་༡༡ལ་མཁྱེན་མིང་ཆོས་ཀྱི་བློ་གྲོས་པས་མདུད་དམ་བཅས་ཕུལ།། །། ༈ ཞལ་གདམས་བསླབ་བྱ་གནད་ཀྱི་ཕྲེང་བ་ཞེས་བྱ་བ། དུས་གསུམ་རྒྱལ་བ་ཐམས་ཅད་འདུས་པའི་དངོས། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །རིང་དུ་འདྲིས་པའི་སྨོན་བཤེས་མཆོག་ཉིད་ལ། །བརྩེ་བའི་བསླབ་བྱ་གནད་ཀྱི་ཕྲེང་བ་དབྱེ། །དལ་དང་འབྱོར་པ་ཨུ་དུམ་ཝཱ་ར་འདི། །ཡང་ཡང་རྙེད་དཀའ་ཡིད་བཞིན་ནོར་ལས་ལྷག། འདི་འདྲ་ཐོབ་པ་ད་རེས་ཙམ་ཡིན་པས། །སྙིང་པོ་བླང་བའི་ཐབས་ལ་འབད་པར་འཚལ། །ཁས་བླང་ཚུལ་ཁྲིམས་སྡོམ་པ་ཕུན་ཚོགས་འདི། །གཡོན་ཅན་སྒེག་མོས་བསླུ་ཁྲིད་མ་ཤོར་བ། །དྲན་ཤེས་བག་ཡོད་བརྟན་པོས་རབ་སྡོམ་སྟེ། །ངུར་སྨྲིག་རྒྱལ་མཚན་མཆོག་ཏུ་བརྟན་པར་མཛོད། །སྲིད་ལས་ངེས་པར་འབྱུང་བའི་བློ་བསྐྱེད་ལ། །མི་རྟག་འཆི་བ་རྗེས་སུ་དྲན་པ་དང་། །འཁོར་བའི་ཉེས་དམིགས་ཡང་ཡང་དྲན་གྱིས་ལ། །ཚེ་འདིའི་ཞེན་པ་གཏིང་ནས་ལོག་པར་མཛོད། །དཀར་ནག་ལས་འབྲས་ནམ་ཡང་མི་བསླུ་བས། །དགེ་སྡིག་འདོར་ལེན་དྲན་པས་ཟིན་བྱོས་ལ། །འཆོལ་བར་མི་སྤྱོད་ཕྲ་ཞིབ་བརྩོན་པ་དང་། །རྟག་ཏུ་སེམས་ལ་ཡང་ཡང་བརྟག་པ་གཅེས། །སངས་རྒྱས་བསྟན་པའི་སྙིང་པོ་འདི་ཡིན་ཅིང་། །དམ་ཆོས་སྒྲུབ་པའི་གནད་འགགས་འདི་ལ་ཐུག། འདི་བྲལ་ལྟ་སྒོམ་མཐོན་པོར་རློམ་བྱས་ཀྱང་། །ངན་འགྲོའི་རྒྱུ་ལས་ཅུང་ཟད་ཡོད་རེ་ཀན། །བླ་མ་མཆོག་གསུམ་སྐྱབས་ཀྱི་མཆོག་ཏུ་བཟུང་། །རང་འདོད་མེད་པའི་བྱང་ཆུབ་སེམས་གཉིས་བསྐྱེད། །ཚོགས་བསགས་སྒྲིབ་སྦྱོང་ཐབས་ལ་བརྩོན་པ་དང་། །བྱིན་རླབས་བླ་མའི་རྣལ་འབྱོར་བསྒོམ་པ་གཅེས། །བསགས་སྦྱངས་མ་བྱས་གནས་ལུགས་དོན་རྟོགས་དཀའ། །སྒྲིབ་པ་བྱང་ན་རང་གནས་ཡེ་ཤེས་གསལ། །མོས་གུས་ཡོད་ན་བླ་མའི་བྱིན་རླབས་འཇུག། དེ་དང་བྲལ་ན་ཡེ་ཤེས་རྟོགས་དུས་མེད། །དེ་ཡང་ཁ་ཙམ་གསོལ་བཏབ་ཕན་པ་མེད། །སྙིང་ཁོངས་རུས་པའི་གཏིང་ནས་གསོལ་བ་ཐོབ། །རེས་འགའ་མ་ཡིན་རྟག་ཏུ་མོས་གུས་བསྒོམ། །བླ་མའི་སྐྱོན་ལ་མི་རྟོག་ཡོན་ཏན་སེམས། །བཀའ་དྲིན་རྗེས་དྲན་དམ་པ་གོང་མ་ཡི། །རྣམ་ཐར་རྣམས་ལ་ལེགས་པར་བསམ་བྱས་ན། །དད་དང་དག་སྣང་གོང་ནས་གོང་དུ་འཕེལ། །ཀུན་ལ་དག་སྣང་སྦྱོང་བ་གལ་ཆེའོ། །རང་སྐྱོན་མི་རིག་གཞན་སྐྱོན་མཐོང་བ་འདི། །དམ་ཆོས་སྒྲུབ་ལ་གེགས་དང་བར་ཆད་ཆེ། །གཞན་ལ་རྩུབ་མོའི་ངག་གིས་སྨྲ་བ་ཡང་། །རང་གཞན་གཉིས་ཀ་ཞེ་སྡང་མེ་ཡིས་བསྲེགས། །དེས་ན་ཞི་ཞིང་འཇམ་པའི་ངག་གིས་སྨྲ། །སུ་དང་འགྲོགས་ཀྱང་མི་བདེ་མེད་པ་དང་། །སྤྱོད་ལམ་བསྟུན་ན་ཀུན་གྱི་ཡིད་དུ་འོང་། །གྱོང་པོ་སུ་དང་མི་མཐུན་རྭ་རྒོག་འདྲ། །སྒོ་གསུམ་སྤྱོད་ལམ་ཞི་ཞིང་དུལ་བ་དང་། །སྨྲ་བ་མ་མང་རན་ཚོད་ཙམ་དུ་གྱིས། །གྲུབ་མཐའ་ཀུན་ལ་རིས་སུ་མ་བཅད་པར། །ཕྱོགས་མེད་དག་པའི་སྣང་བ་བསྐྱེད་པར་མཛོད། །ཡང་དག་བརྒྱུད་ལྡན་དམ་ཆོས་ཅི་ཐོབ་བྱ། །རྟོག་གེ་ངན་པའི་གཞུང་ལ་བལྟ་བ་དང་། །རང་གཞན་རྩོད་ཡིག་སོགས་ལ་བལྟ་བ་ནི། །སེམས་ལ་མི་ཕན་གཡེང་བའི་རྒྱུ་ཡིན་སྤོངས། །མདོ་སྔགས་ཟབ་དོན་སྙིང་པོའི་གདམས་པ་རྣམས། །མཇལ་ནས་རང་གི་རྒྱུད་ལ་འབྱོར་བར་གྱིས། །བླ་མ་ཡི་དམ་བསྐྱེད་རྫོགས་ནན་དུ་བསྒོམ། །བར་རླུང་དེ་ཉིད་རྒྱུན་དུ་འཛིན་པ་གནད། །འབྲུ་གསུམ་རྡོར་བཟླས་གཏུམ་མོ་འབར་འཛག་རྣམས། །ཅུང་ཟད་བསྒོམ་ན་དམ་ཚིག་མི་ཉམས་ཕན། །རྒྱུན་དུ་བསམ་པ་བཟང་པོ་ཁོ་ན་དང་། །ཡེངས་མེད་དྲན་པས་རིག་པའི་རང་ངོ་བསྐྱངས། །དེ་ལ་ཡིད་དཔྱོད་འཛིན་པ་མ་ཞུགས་དང་། །རང་ཤར་རང་གྲོལ་ནམ་མཁའི་ངང་དུ་བཞག། བློ་ཡི་ཆོས་ཀྱི་བསླད་པ་མ་ཞུགས་དང་། རྟོག་ཚོགས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐོངས། །ཉམས་ནི་འཇམ་རྩུབ་ཇི་ལྟར་ཤར་ན་ཡང་། །ཞེན་པ་མ་བྱེད་བྱུང་རྒྱལ་བཏང་བྱས་ན། །ཞེན་པས་མི་འཆིང་རེ་དོག་བྲལ་བར་འགྱུར། །ཁྲེགས་ཆོད་བོགས་འདོན་ནམ་མཁའ་སུམ་ཕྲུག་གི །གདམས་པ་དེ་ལ་རྒྱུན་དུ་བརྩོན་པར་གྱིས། །རྗེས་ཐོབ་འཁྲུལ་པ་རྒྱ་འབྱམས་ཤོར་གྱུར་ན། །བོགས་བསྐྱེད་མེད་ཅིང་འཁྲུལ་པ་ལུ་གུ་བརྒྱུད། །འཕྱན་ཅིང་ལས་གསོགས་འཁོར་བར་འཁྱམས་པས་ན། །རྗེས་ཤེས་ལྟ་བའི་ངང་ནས་མ་ཡེངས་གཅེས། །སེམས་ཅན་རྣམས་ལ་བྱམས་དང་སྙིང་རྗེ་བསྒོམ། །བདེ་སྡུག་གཏོང་ལེན་བློ་སྦྱོང་བག་རེ་བསམ། །དམིགས་མེད་རིག་སྟོང་ངང་བཞག་མ་བྲལ་ན། །རྩལ་གདངས་སྙིང་རྗེ་ཆེན་པོ་འགགས་མེད་འཆར། །སྒོ་གསུམ་ཅི་སྤྱོད་སེམས་ཅན་དོན་དུ་བསྔོ། །བཟང་པོ་སྤྱོད་པའི་སྨོན་ལམ་ཡང་ཡང་གདབ། །མདོ་སྔགས་བཤགས་པ་དག་ལ་རྒྱུན་དུ་འབད། །དེས་ནི་བྱ་བ་ཐམས་ཅད་དོན་ཡོད་འགྱུར། །དེ་ལྟར་གདམས་པ་གནད་ཀྱི་ཕྲེང་བ་འདི། །རང་གིས་ཚུལ་བཞིན་སྤྱད་པ་མེད་ན་ཡང་། །དམ་པའི་གསུང་གི་རྗེས་སུ་འབྲང་ནས་བྲིས། །གྲོགས་ཁྱོད་སེམས་ཀྱི་གསོས་སུ་འདི་གྱུར་ཅིག། དེ་སྐད་བློ་གྲོས་མཆོག་ལྡན་རང་ཡུལ་དུ། །བསྐྱོད་ཁར་ནན་དུ་བསྐུལ་བས་རྐྱེན་བྱས་ཏེ། །བན་ཧྲུལ་མི་རྒན་ལག་པ་འདར་བཞིན་དུ། །བྲིས་པའི་དགེ་བས་བྱང་ཆུབ་མཆོག་ཐོབ་ཤོག། ཆོས་ཀྱི་བློ་གྲོས་པས་སོ།། །། ༈ བླ་མ་ལ་ཕྱག་འཚལ་ལོ། །དལ་འབྱོར་མི་ལུས་ཐོབ་དུས་འདིར། །དོན་མེད་ཡལ་བར་མི་འདོར་བ། །དམ་པ་གསུམ་གྱི་རྩིས་ཟིན་པའི། །དགེ་ལ་བརྩོན་པ་གལ་ཆེ་ཞིང་། །སྲིད་ལས་ངེས་པར་འབྱུང་བའི་བློས། །འཁོར་བར་ཞེན་པ་ལོག་པ་དང་། །ཕ་མར་གྱུར་པའི་སེམས་ཅན་རྣམས། །སྲིད་ལས་སྒྲོལ་འདོད་བློ་ཆེན་གྱིས། །བྱམས་དང་སྙིང་རྗེ་ཡང་ཡང་བསྒོམ། །ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས། །བདག་གཞན་བརྗེ་བའི་བློ་སྦྱོང་དང་། །རིས་སུ་མ་ཆད་སེམས་ཅན་ལ། །ལྷག་བསམ་བཟང་པོ་ཡང་ཡང་བསྐྱེད། །ཟབ་རྒྱས་ཆོས་ཀྱི་སྙིང་པོ་ནི། །རྡོ་རྗེ་ཐེག་པའི་ལམ་མཆོག་ལ། །ཞུགས་འདི་སྐལ་བ་བཟང་ཕྱིར་ན། །དབང་ཐོབ་རྩ་བའི་བླ་མ་ལ། །དད་དམ་ངོ་ལྐོག་མེད་པ་དང་། །མོས་གུས་ལྟེམ་རྐྱང་མེད་པར་གཅེས། །ཐ་མལ་སྣང་ཞེན་རབ་སྡོམ་པའི། །བསྐྱེད་པའི་རིམ་པ་རྟག་ཏུ་བསྒོམ། །དེ་ཡང་གདོས་བཅས་མ་ཡིན་པ། །བདེ་སྟོང་སྒྱུ་མའི་རོལ་པར་བལྟ། །མཚན་འཛིན་རྟོག་པ་རབ་སྡོམ་པའི། །ཟབ་མོ་རྫོགས་པའི་རིམ་པ་ནི། །རླུང་དང་གཏུམ་མོའི་རྣལ་འབྱོར་བསྒོམ། །ཞེན་མེད་ཡེ་ཤེས་ཆེན་པོར་བསྲེ། །ཆོས་ཀུན་སྙིང་པོ་དེ་ཁོ་ན། །བཞི་པའི་ཡེ་ཤེས་རྟག་ཏུ་སྐྱོང་། །གཟུང་འཛིན་རྡུལ་དང་བྲལ་བ་ཡི། །རིག་སྟོང་འོད་གསལ་ཟུང་འཇུག་གི །གནས་ལུགས་ཟབ་མོར་ཡེངས་མེད་སྐྱོང་། །རྟོག་ཚོགས་ཇི་ལྟར་ཤར་བ་རྣམས། །ཆོས་ཉིད་ངང་དུ་གྲོལ་བ་གཅེས། །ལམ་གྱི་སྙིང་པོ་བླ་མ་ཡི། །རྣལ་འབྱོར་ཟབ་མོ་བསྒོམ་བྱས་ཏེ། །དབང་བཞི་བླང་ཞིང་གསོལ་གདབ་ལ། །འབད་པས་འདི་དང་ཕྱི་མའི་དོན། །བདེ་བླག་ཉིད་དུ་འགྲུབ་པར་འགྱུར། །དེ་ལྟར་གདམས་པ་ཉུང་ངུ་འདི། །དགེ་མ་ཀུན་བཟང་གིས་བསྐུལ་ངོར། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས། །གང་ཤར་མྱུར་དུ་བྲིས་པ་དགེ། །། ༈ ཆོས་ཀྱི་བློ་གྲོས་ཀྱིས་ཧོ་ཆོ་ཞབས་དྲུང་ལ། ཆོས་ཀུན་རྩ་བ་རང་གི་སེམས། །སྣང་བ་ཐམས་ཅད་རང་སྣང་ཡིན། །མེད་སྣང་སྒྱུ་མ་དང་མཚུངས་ཤིང་། །སེམས་ཡང་གཟུང་འཛིན་རྟོག་པ་འདི། །ཡོད་པ་འདྲ་ཡང་དོན་ལ་མེད། །རྨི་ལམ་ནང་གི་སྐྱེ་ཤི་བཞིན། །དོན་ལ་གྲུབ་པ་མེད་དོ་ལགས། །ཐོག་མེད་དུས་ནས་ད་ལྟའི་བར། །གཉིས་སྣང་འཁྲུལ་པ་འདིས་བཅིང་པས། །གཟུང་འཛིན་གཉིས་བྲལ་གཉུག་མའི་སེམས། །བཅས་བཅོས་མ་བྱེད་རང་གར་ཞོག། ཆོས་དབྱིངས་རང་བཞིན་འོད་གསལ་འདི། །བདེ་བ་ཆེན་པོ་རྒྱུན་ཆད་མེད། །ན་ཚ་སྡུག་བསྔལ་དེ་ལ་མེད། །དེས་ན་རང་སེམས་འཁྲུལ་པ་རུ། །མ་ཤོར་དྲང་པོ་ཟིན་གྱུར་ན། །དེ་ནི་བླ་མ་ཡི་དམ་དང་། །ཆོས་སྐྱོང་ཀུན་གྱི་ངོ་བོ་ཡིན། །འཁོར་བ་ཞེས་བྱ་སྤང་དུ་མེད། །མྱ་ངན་འདས་པ་ཐོབ་བྱ་མེད། །འཁོར་འདས་དབྱེར་མེད་དེ་ལ་ཟེར། །མ་རིག་འཇོམས་པའི་སྒྲོན་མེ་ཡིན། །ནད་གདོན་ཀུན་སེལ་སྨན་ཆེན་ཡིན། །དེ་ཕྱིར་དེ་ལ་ཐུགས་དམ་མཛོད། །རྟོག་པས་བཅིང་ན་གྲོལ་དུས་མེད། །རྣམ་རྟོག་ཐམས་ཅད་རང་ཤར་ཡིན། །རང་གྲོལ་སྐྱེ་མེད་ངང་དུ་ཐོང་། །དེ་སྐད་གདམས་པ་ཉུང་ངུ་ཕུལ། མངྒ་ལཾ། དགེའོ།། །། ༈ ཞལ་གདམས་ཉུང་ངུ་ཕན་བདེའི་ས་བོན་ཅེས་བྱ་བ་བཞུགས་སོ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ནས། །གྲོགས་མཆོག་གང་གིས་ནན་གྱིས་བསྐུལ་བ་ཡི། །གདམས་པར་རིམ་པ་ཤིན་ཏུ་ཉུང་ངུ་ནི། །བཀའ་དང་བསྟན་བཅོས་བླ་མའི་ཞལ་ལུང་བཞིན། །འཆད་ལ་གང་ཐུགས་དགྱེས་པ་བསྐྱེད་པའི་རིགས། །ཤིན་ཏུ་རྙེད་དཀའི་རྟེན་འདི་དོན་ཆེ་ཡང་། །སྐད་ཅིག་མི་རྟག་འཇིག་པར་འགྱུར་བས་ན། །ད་ལྟ་ཉིད་དུ་སྙིང་པོ་བླངས་དགོས་ཏེ། །ནམ་ཞིག་སྟོར་བླག་ཆེན་པོ་འབྱུང་ཏ་རེ། །དགེ་སྡིག་ལས་རྣམས་ཆེན་པོས་སྨོས་ཅི་དགོས། །ས་བོན་ཕྲ་ཡང་ཨ་ཤྭ་ཀ་བཞིན་དུ། །ལས་འཕེལ་འབྲས་བུ་མི་བཟད་བསྐྱེད་པས་ན། །ལས་འབྲས་ཕྲ་ཞིབ་བླང་དོར་མ་ནོར་གཅེས། །སྲིད་པའི་གནས་འདིར་ཉེས་བརྒྱ་སྐྱེད་བྱེད་ཅིང་། །ད་ལྟ་བདེ་ཡང་སྲོག་འཕྲོག་ཀིམྦ་དང་། །མཚུངས་པའི་འཁོར་བདེ་ཇི་སྙེད་ཐམས་ཅད་ལ། །མ་ཆགས་འཕགས་པའི་རིགས་སུ་གནས་པར་མཛོད། །རང་ཉིད་ཐར་པར་འདོད་པའི་བློ་ངན་དེས། །དམན་ལམ་ལྷུང་ཞིང་བྱང་ཆུབ་སྤྱོད་པའི་གེགས། །གཏན་བདེའི་གོ་འཕང་སྒྲུབ་པར་རྒྱ་ཆུང་བས། །ཐེག་ཆེན་ལམ་ལ་འཇུག་པ་ཤིན་ཏུ་གཅེས། །རྒྱལ་སྲས་ལམ་གྱི་བགྲོད་པ་གཅིག་པུ་ནི། །རིན་ཆེན་བྱང་ཆུབ་སེམས་ལས་གཞན་མེད་པས། །མཁའ་མཉམ་སེམས་ཅན་བྱང་ཆེན་འགོད་པའི་སླད། །སྒོ་གསུམ་དགེ་བའི་བྱ་བར་རྟག་ཏུ་བརྩོན། །གཞན་དོན་སེམས་པས་རང་དོན་ཞོར་ལ་འགྲུབ། །གཡོ་སྒྱུ་སྤངས་ཤིང་ལྷག་པའི་བསམ་པ་ཡིས། །སེམས་ཅན་གཞན་གྱི་དོན་དུ་བདག་བཀོལ་ན། །ནམ་ཞིག་ཆོས་ཀྱི་རྒྱལ་པོའི་གོ་འཕང་ཐོབ། །དྭང་འདོད་ཡིད་ཆེས་དད་མོས་དྲག་པོ་ཡིས། །རྗེས་དྲན་དྲུག་པོ་རྟག་ཏུ་ཡིད་ལ་བྱེད། །ཐུབ་གསུང་དྲི་མེད་མདོ་སྡེ་རིན་པོ་ཆེར། །ཡང་ཡང་བལྟ་བའི་སྐལ་བཟང་བསྐྱེད་པ་གཅེས། །ཆོས་ཀྱི་སྙིང་པོ་ཟབ་མོ་རྡོ་རྗེའི་ཐེག། སྨིན་གྲོལ་ལམ་བཟང་འཕྲད་པ་ད་རེས་ཙམ། །ཡིན་ཕྱིར་སློབ་དཔོན་དམ་ཚིག་སྲོག་བཞིན་སྲུངས། །བསྐྱེད་རྫོགས་རིམ་གཉིས་ཟབ་མོར་རྟག་ཏུ་བརྩོན། །དེ་ཡི་ཡང་སྙིང་དུས་གསུམ་སངས་རྒྱས་ཀྱི། །དགོངས་པ་གཅིག་ཏུ་རབ་བསྔགས་སེམས་ཉིད་ཀྱི། །གནས་ལུགས་ཟབ་མོ་བླ་མའི་བྱིན་རླབས་ཀྱིས། །རྟོགས་ཕྱིར་བསགས་སྦྱོང་བླ་མར་གསོལ་འདེབས་གཅེས། །རང་སེམས་མ་བཅོས་ཇི་བཞིན་བཞག་པ་ན། །གསལ་སྟོང་ཟུང་འཇུག་སྤྲོས་པ་ཀུན་བྲལ་འདི། །རང་བཞིན་ལྟ་བའི་མིང་དུ་འདོགས་པས་ན། །སྤྲོས་པའི་གཟེབ་ཏུ་ནམ་ཡང་མ་འཆིངས་ཤིག། དེ་ལ་དམིགས་གཏད་འཛིན་པས་ཅི་བྱར་མེད། །བསྒོམ་བྱ་སྒོམ་བྱེད་གཉིས་འཛིན་ཀུན་ཐོངས་ལ། །ཐ་མལ་ཡེངས་ཤིང་ཕྱལ་བར་མ་ཤོར་བར། །ཆོས་ཉིད་གཉུག་མའི་རང་འགྲོས་ངང་ལ་ཞོག། ཞོག་ཅེས་བྱ་བའང་ཚིག་གི་བླ་དྭགས་ཙམ། །མཚོན་དཔེ་ཕྱོགས་གཅིག་ནམ་མཁའི་རང་བཞིན་ཡང་། །བསམ་པར་མི་ནུས་བརྗོད་པ་ཀུན་བྲལ་ན། །གཉུག་མའི་གནས་ལུགས་བསམ་པར་ག་ལ་ནུས། །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པ་དང་། །རྩོལ་བཅས་སྒོམ་པའི་ངལ་དུབ་ཀྱིས་མ་རེག། །འབྲས་བུ་གཞན་ནས་སྨོན་པ་མེད་པ་ཡི། །སྐུ་གསུམ་ལྷུན་གྲུབ་འོད་གསལ་ཆེན་པོར་བཞུགས། །ལྟ་བ་མི་འགྱུར་རི་བོ་ཅོག་བཞག་དང་། །སྒོམ་པ་ཡེངས་མེད་རྒྱ་མཚོ་ཅོག་བཞག་དང་། །སྤྱོད་པ་མ་འཆིངས་སྣང་བ་ཅོག་གེར་བཞག། འབྲས་བུ་མ་བཅོས་རིག་པ་ཅོག་བཞག་གནད། །དེ་ལྟར་གོམས་པས་ལམ་གྱི་བོགས་འདོན་ནི། །སྙིང་པོའི་རང་གདངས་དབང་པོའི་སྒོར་འདྲེན་ནས། །ཕྱི་ནང་མི་འགུལ་སྒྲོན་མེའི་གནད་བསྟེན་པས། །སྣང་བཞིའི་རྩལ་རྫོགས་གདོད་མའི་དབྱིངས་སུ་གྲོལ། །གོམས་པ་དམན་པས་ཚེ་འདིར་མ་གྲོལ་ན། །འཆི་ཁའི་གདམས་པ་འཕོ་བའི་རིམ་པ་དང་། །ཆོས་ཉིད་ལམ་གྱི་བར་དོའི་གནས་ལུགས་ལ། །ད་ལྟ་ཐོས་བསམ་གོམས་འདྲིས་ཤིན་ཏུ་གཅེས། །དེར་མ་གྲོལ་ན་སྲིད་པའི་བར་དོ་ལ། །ལྷ་དང་བླ་མ་གདམས་ངག་དྲན་པའི་མོད། །རང་བཞིན་སྤྲུལ་པའི་ཞིང་དུ་སྐྱེས་བྱས་ནས། །ལམ་གྱི་ལྷག་མ་མྱུར་དུ་བགྲོད་པར་འགྱུར། །མདོར་ན་ཚུལ་གནས་ངེས་འབྱུང་བྱང་སེམས་དང་། །ཡང་དག་ལྟ་དང་དད་མོས་དམ་ཚིག་དག། དགེ་བ་ཅི་བྱས་དམ་པ་གསུམ་གྱིས་ཟིན། །དེས་ནི་ངེས་པར་བྱང་ཆེན་མཆོག་ཐོབ་ངེས། །དེ་ལྟར་གདམས་པ་རང་གིས་ཉམས་མ་ལོངས། །གཞན་ལ་འདོམས་པ་ནེ་ཙོའི་སྨྲ་དང་མཚུངས། །འོན་ཀྱང་བློ་གསལ་དོན་དམ་ཆོས་མཆོག་ལ། །རབ་ཏུ་སྤྲོ་བས་རྨོངས་གཟུགས་གྱི་ན་བ། །ཆོས་ཀྱི་བློ་གྲོས་ཞེས་བྱས་སྤྲིངས་པ་འདིས། །ཐར་པའི་ས་བོན་འདེབས་པའི་གསོས་གྱུར་ནས། །ཚུལ་བཞིན་བསླབས་པས་སྲིད་དང་ཞི་ལས་གྲོལ། །མི་གནས་མྱ་ངན་འདས་པའི་གོ་འཕང་ཐོབ། །རང་གཞན་དོན་གཉིས་མཐའ་རུ་ཕྱིན་པར་ཤོག། སརྦ་ཛ་ག་ཏཾ།། །། ༈ ཕན་པའི་གཏམ་དྲན་པའི་གསོལ་འདེབས་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། སྒྲིབ་གཉིས་མུན་པ་མ་ལུས་གཏན་བཅོམ་ཞིང་། །མཁྱེན་གཉིས་ཡེ་ཤེས་སྣང་བའི་གཏེར་ཆེན་པོ། བློ་མཆོག་སྤོབས་པའི་དངོས་གྲུབ་སྦྱིན་མཛད་པ། །བླ་མ་འཇམ་པའི་དབྱངས་ལ་གུས་བཏུད་ནས། །རང་ཉིད་དམ་པའི་སྤྱོད་པ་མི་གནས་ཤིང་། །ཉེས་བརྒྱའི་ཕུང་པོ་ཆེན་པོའི་རང་བཞིན་པས། །གཞན་ལ་གདམས་པ་ནེ་ཙོའི་འདོན་པ་བཞིན། །ཁྲེལ་བར་གྱུར་ཀྱང་ཉུང་ངུའི་ངག་གིས་གདམས། །རང་གཞན་སྲིད་པའི་གནས་ལས་སྒྲོལ་བའི་སླད། །མི་རྟག་འཆི་བ་རྗེས་སུ་དྲན་པ་དང་། །རྙེད་དཀའི་ཚུལ་བསམ་འཁོར་བའི་ཉེས་པ་དང་། །ལས་འབྲས་སྤངས་བླང་མ་ནོར་བྱེད་པ་གཅེས། །ལུས་ངག་ཡིད་གསུམ་མ་སྒྲིམ་བག་མེད་པར། །གྱུར་པའི་དབང་གིས་ལས་ངན་སྣ་ཚོགས་བསགས། །དེ་ལས་འབྲས་བུ་རྩུབ་མོ་མྱོང་བར་ངེས། །དེ་བས་སྡིག་པ་ཆུང་ལའང་འཛེམ་པར་མཛོད། །འཁོར་བ་མཐོ་དམན་གང་དུ་སྐྱེས་གྱུར་ཀྱང་། །བདེ་བའི་སྐབས་མེད་སྡུག་བསྔལ་རང་བཞིན་དུ། །ངེས་པར་འབྱུང་བ་སྙིང་ནས་སྐྱེས་པ་དང་། །ཚེ་འདིའི་ཞེན་དོར་ཕྱི་མ་དྭངས་དུ་ལོང་། །སྡོམ་པའི་རྩ་བ་མཆོག་གསུམ་རིན་པོ་ཆེར། །རང་གཞན་འཇིགས་པ་ཀུན་ལས་སྐྱོབས་པའི་ཕྱིར། །ཡིད་ཆེས་མོས་གུས་བརྟན་པོས་སྐྱབས་སུ་བསྙེན། །སྐྱིད་སྡུག་ཅི་བྱུང་ཡིད་རྟོན་ཁེལ་བར་གཅེས། །ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་སེམས། །གཞན་ཕན་ལྷག་བསམ་བཟང་པོ་རིས་མེད་པ། །ཀུན་ལ་སྙོམས་པས་བློ་སྦྱོང་རྟག་ཏུ་སྒོམ། །བདག་བས་གཞན་གཅེས་སེམས་མཆོག་འབྱོང་པར་མཛོད། །འདི་མེད་ཆོས་ཀྱི་སྙིང་པོར་བོར་བས་ན། །སེམས་མཆོག་ཉམས་པའི་རྒྱུ་རྣམས་སྤངས་བྱས་ནས། །རྐྱེན་ངན་ཅི་བྱུང་བཟོད་པའི་གོ་ཆ་བགོས། །དཔག་བསམ་ཤིང་བཞིན་གོང་འཕེལ་འབྱུང་བ་གཅེས། །རྟག་ཏུ་དགེ་བའི་བྱ་བ་ཅི་སྤྱོད་ཀྱང་། །བྱང་ཆུབ་སེམས་ཀྱི་གསེར་འགྱུར་རྩི་ཡིས་ཐེབས། །ཕ་རོལ་ཕྱིན་པ་དྲུག་དང་ལྡན་པ་ཡིས། །བསླབ་གསུམ་ཉམས་ལེན་རྒྱུན་དུ་བརྩོན་པར་ཞུ། །ཚུལ་གནས་ཐོས་བསམ་སྒོམ་པའི་བྱ་བ་འདིས། །རྒྱལ་བའི་བསྟན་པ་རིན་ཆེན་གཟུང་བས་ན། །ཉེས་པའི་སྐྱོན་རྣམས་རིངས་སུ་དོར་བ་དང་། །ཡོན་ཏན་རྒྱ་མཚོའི་རྡུལ་སྙེད་སྡུད་པ་གཅེས། །ཀུན་ལ་དག་སྣང་སྦྱོང་ལ་གཤེ་སྐུར་དང་། །ཟུར་ཟ་མི་སྙན་ཚིག་རྣམས་བརྗོད་པ་སྤངས། །རང་གཤིས་དྲང་པོ་སོར་མར་འཇོག་པ་དང་། །ཀུན་དང་མཐུན་ལ་འགྲོགས་ན་བདེ་བར་མཛོད། །རང་ཉིད་དམ་པའི་ཚུལ་ལས་མི་འདའ་ཞིང་། །དྲན་ཤེས་བག་ཡོད་རྒྱུན་དུ་བརྟེན་པ་དང་། །དོན་མེད་ངག་འཁྱལ་རྩེད་མོས་མི་གཡེངས་བར། །ཆོས་སྤྱོད་བཅུ་ལ་འབད་པ་དྲག་པོ་མཛོད། །འབད་པས་སྦྱངས་པའི་ཕྱི་ནང་རིག་གནས་རྣམས། །བརྗེད་པར་མི་བྱེད་ཉན་པོ་མཆིས་གྱུར་ན། །དཀའ་ཚེགས་སྤངས་ལ་བརྩེ་བའི་བློ་བསྐྱེད་ནས། །རང་གི་ཡོན་ཏན་གཞན་རྒྱུད་འབྱོར་བར་གྱིས། །ཟང་ཟིང་བྱུང་ན་བླ་མ་དཀོན་མཆོག་མཆོད། །ཧ་ཅང་དཀོར་ལ་སྲེད་པ་མི་ཆེ་བར། །ཆོག་ཤེས་བསྐྱེད་ནས་འདོད་པའི་ཉེས་དམིགས་དྲན། །གང་ལའང་ཆགས་འཛིན་སྤང་བ་ཤིན་ཏུ་གཅེས། །ཟབ་རྒྱས་གྲུབ་མཐའི་རྣམ་པར་བཞག་པ་རྣམས། །རང་རང་ལུགས་བཞིན་འགལ་བར་མ་སྒྲུབ་ཅིག། ཐེག་ཆེན་དབུ་སེམས་དགོངས་པའི་ཞེ་ཕུག་ནི། །དབུ་མ་ཆེན་པོར་གནས་ཕྱིར་དེ་ཉིད་འཛིན། །ཚེ་ཐུང་འདི་ལ་རྡོ་རྗེ་ཐེག་པ་ལ། །གཙོ་བོར་སྟོན་ན་ཤིན་ཏུ་ཁེ་ཆེ་བས། །ཟབ་མོའི་རྒྱུད་སྡེ་མཉན་ཞིང་བསམ་པ་དང་། །མན་ངག་དག་ལ་རྟག་ཏུ་འདྲིས་པར་བྱ། །ཡི་དམ་རྣམ་མང་བགྱི་བ་མ་ལྕོགས་ཀྱང་། །སྔ་འགྱུར་ཕྱོགས་ལ་རྡོ་རྗེ་སེམས་དཔའ་དང་། །ཕྱི་འགྱུར་བླ་མེད་རྒྱུད་སྡེའི་ཡང་སྙིང་ཆེ། །རྔོག་ལུགས་དགྱེས་རྡོར་ཉམས་ལེན་སྙིང་པོར་མཛོད། །བསྟན་སྲུང་རྣམ་མང་ཡོད་ཀྱང་སྙིང་པོ་ནི། །སྔགས་སྲུང་མ་དང་མྱུར་མཛད་ཕྱག་དྲུག་པར། །བསྙེན་སྒྲུབ་མཆོད་གཏོར་ལ་བརྩོན་ལས་བཞི་སྒྲུབ། །འདི་ཕྱི་བར་དོའི་འཇིགས་ལ་བསྐྱབ་པར་ངེས། །སྙིགས་དུས་བྱང་ཆུབ་སྒྲུབ་ལ་བར་ཆད་མང་། །དེ་བཟློག་རྡོ་རྗེ་ཁྲོ་བོའི་སྟོབས་འདུས་པ། །རྡོ་རྗེ་གཞོན་ནུ་ཆེ་བཙན་འགྲན་ཟླ་བྲལ། །དེ་ཡི་ལྷ་སྔགས་རྒྱུན་དུ་བརྩོན་པར་ཞུ། །ཚེ་རིང་བ་ནི་མཐོ་རིས་ནོར་གྱི་མཆོག། ལོང་ཡོད་གྱུར་ན་ལུགས་གཉིས་འབད་མེད་འགྲུབ། །དེ་ཕྱིར་རྗེ་བཙུན་འཕགས་མའི་རྣལ་འབྱོར་ལ། །རྒྱུན་དུ་འབད་ན་འཆི་མེད་འགྲུབ་པར་འགྱུར། །ཉམས་ལེན་མཐར་ཐུག་བླ་མའི་རྣལ་འབྱོར་སྒོམ། །དེ་ཡང་རྩ་གསུམ་འདུས་ཞལ་ཨོ་རྒྱན་རྗེ། །སྙིང་དབུས་འོད་ལྔའི་ཀློང་དུ་འབྲལ་མེད་བཞུགས། །གསོལ་བཏབ་ཐུགས་ཡིད་བསྲེ་བའི་ཉམས་ལེན་མཛོད། །ཐེག་པའི་མཐར་ཐུག་ལྷུན་པོའི་རྩེ་མོ་འདྲ། །ཨ་ཏི་འོད་གསལ་རྫོགས་པ་ཆེན་པོའི་དོན། །ཡིད་དཔྱོད་བློ་ཡིས་མ་སླད་ཀ་དག་དང་། །ལྷུན་གྲུབ་དབྱེར་མེད་རང་ཞལ་རྟག་ཏུ་སྐྱོང་། །མ་ཡེངས་མ་བསྒོམ་འཛིན་རྩོལ་བྲལ་བར་བཞག། རང་བྱུང་རང་བབ་རང་གྲོལ་ཁྱབ་བརྡལ་ཆེར། །མི་གཡོ་མི་འཕོ་ཀུན་བཟང་དགོངས་ཀློང་དེར། །བཙན་ས་ཟིན་ན་སྐུ་གསུམ་མངོན་དུ་འགྱུར། །དེ་སྐད་གདམས་པའི་ཚིག་ཕྲེང་འདི་དག་མཐུས། །ཁྱོད་ཉིད་དོན་གཉིས་ལྷུན་གྱིས་གྲུབ་པ་དང་། །བསྟན་འགྲོར་སྨན་པའི་མཐུ་ནུས་རྩལ་རྫོགས་ཤིང་། །ཕན་བདེའི་དགའ་སྟོན་མཆོག་ཏུ་རྒྱས་གྱུར་ཅིག། དེ་སྐད་སྨྲ་བ་ཆོས་ཀྱི་བློ་གྲོས་ལ། །སྐྱེས་སྦྱངས་ཤེས་རབ་དད་ལྡན་མང་དུ་ཐོས། །བློ་གསལ་དེས་བསྐུལ་ཁ་ཁྲལ་ཡི་གེར་བྲིས། །རྣམ༵་གྲོལ་བཟང༵་པོའི་དཔལ་ལ་སྤྱོད་གྱུར་ཅིག། ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ། ། ༈ བླ་མའི་ཞབས་ལ་ཕྱག་འཚལ་ལོ། །རྟེན་དལ་འབྱོར་མི་ལུས་རིན་ཆེན་ཐོབ། །རྗེ་མཚན་ལྡན་གྱི་བླ་མ་མཇལ་དུ་ཡོད། །སངས་རྒྱས་ཀྱི་བསྟན་པ་ཡོད་སྐབས་སུ། །རང་གཞན་ཀུན་ཆོས་ལ་སྤྱོད་པ་རིགས། ༡། དགྲ་འཆི་བདག་གཤེད་མ་རྔམ་འཇིགས་ཅན། །དུས་ནམ་འོང་ངེས་པར་ཆ་མེད་པས། །ཚེ་འདིར་སྣང་གི་ཞེན་པ་རྦད་ཀྱི་ཆོད། །ལམ་ཕྱི་མའི་གྲོ་ཞིག་སྒྲུབ་ལ་རན། ༢། ལས་རྒྱུ་འབྲས་གོ་ལྡོག་མི་འོང་ཞིང་། །ལས་གང་བྱས་དེ་ཡི་འབྲས་བུ་སྨིན། །འབྲས་སྡུག་བསྔལ་འཕེལ་བའི་རྒྱུ་ངན་པ། །ཉོན་མོངས་པ་འདུལ་བའི་ཆོས་དེས་སྤང་། ༣། དེ་སྤངས་ན་སྲིད་པའི་རྩ་བ་ཆོད། །དགེ་ཐར་པའི་ཡོན་ཏན་གོང་དུ་འཕེལ། །རང་གཞན་གྱི་འདུན་མ་འགྲུབ་ནས་གདའ། །ཚེ་འདི་ལ་སྲིད་པའི་མཚོ་ལས་བརྒལ། ༤། ཆོས་ཀུན་གྱི་རྩ་བ་དད་མོས་དང་། །ངེས་འབྱུང་དང་སྐྱབས་འགྲོའི་གཞི་བཅས་ནས། །ཆོས་ཀུན་གྱི་སྙིང་པོ་བྱམས་སྙིང་རྗེ། །ཚད་མེད་ཀྱི་ཆོས་བཞི་འབད་འཚལ་ལོ། ༥། ཡིད་བཞིན་གྱི་ནོར་བུ་བརྒྱ་སྟོང་གིས། །ཕྱོགས་ཙམ་ཡང་མི་མཚོན་བྱང་ཆུབ་སེམས། །བདག་གཞན་མཉམ་བརྗེས་ཀྱི་ཉམས་ལེན་ལ། །དུས་རྟག་ཏུ་བློ་སྦྱང་བྱ་བ་གཅེས། །འཁོར་འདས་ཀྱི་ཆོས་ཀུན་སྒྱུ་མ་དང་། །རྨི་ལམ་ལྟར་མཐོང་ནས་རྟག་ཆད་ཀྱི། །མཐའ་ཀུན་ལས་རྣམ་གྲོལ་དབུ་མ་ཡི། །ལྟ་བ་མཆོག་ཟབ་གསལ་གཉིས་མེད་ལ། །དུས་རྟག་པར་མཚན་འཛིན་བྲལ་བར་བསྐྱངས། །ད་སྒོམ་པས་འཁྲུལ་སྣང་རང་སར་གྲོལ། །བདག་འཛིན་གྱི་འགོང་པོ་དྲུང་ནས་བཅོམ། །ཡེ་ཤེས་ཀྱི་ཉི་མ་ཁོངས་ནས་འཆར། །དེ་ལྟ་བུའི་གཟུང་འཛིན་གཉིས་སྟོང་གི །ལྟ་བ་དེ་རྒྱུད་ལ་སྐྱེ་བའི་ཐབས། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ། །བུ་ཁྱོད་ཀྱིས་ཆུ་བོའི་རྒྱུན་ལྟར་བརྩོན། །དུས་ཀུན་དུ་སྣང་གྲགས་རྟོགས་ཚོགས་ཀུན། །རྗེ་བླ་མའི་གསང་བ་གསུམ་དུ་འཆར། །དྲན་པ་དང་ཤེས་བཞིན་བསྟེན་པར་འཚལ། །དགེ་ཚོགས་ཀུན་མཁའ་ཁྱབ་ཕ་མར་བསྔོ། །དེ་ལྟར་གདམས་པའི་ཚིགས་བཅད་འདི། །དད་ལྡན་པདྨ་རྒྱལ་མཚན་གྱི། །བསྐུལ་བ་དོན་ཡོད་བྱ་བའི་ཕྱིར། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས། །རང་གཞན་ཀུན་ལ་ཕན་ཕྱིར་གདམས། །སརྦ་མངྒ་ལཾ།། །། ༈ ཞལ་གདམས་མདོར་བསྡུས་བཞུགས། བླ་མ་ལ་ཕྱག་འཚལ་ལོ། །དལ་འབྱོར་གྱི་མི་ལུས་ཐོབ་པ་འདི། །གཏན་བདེ་སྒྲུབ་པའི་གཞི་མ་ཡིན། །ད་རེས་ཆུད་ཟོས་མ་བཏང་ལ། །ལེགས་ཉེས་ས་མཚམས་འདི་ཡིན་ནོ། །བུ་ན་ཚོད་གཞོན་པར་མ་སེམས་ཤིག། མྱུར་དུ་འཆི་བར་འོང་གི་གདའ། །མཐོང་དང་ཐོས་ལ་བརྟགས་ཤིང་དཔྱད། །དེ་རང་གི་སྟེང་དུ་ལེགས་པར་བསྒོམ། །བདེ་སྡུག་གི་གཞི་མ་ལས་སུ་ལྟོས། །དཀར་ནག་བླང་དོར་བརྩོན་པར་གྱིས། །འཁོར་བ་རིགས་དྲུག་སྡུག་བསྔལ་དེ། །རང་གི་སྒོ་གསུམ་སྟེང་དུ་བླང་། །ཡང་ཡང་བསྒོམ་ན་སྙིང་རླུང་འཁྲུགས། །འཁྲུགས་ཀྱང་ངན་སོང་གནས་མི་འཕེན། །ཐར་པའི་ཕན་ཡོན་ལ་སེམས་ཤིག། བུ་བླ་མའི་གདམས་པ་སྙིང་ལ་འཆང་། །བྱམས་དང་སྙིང་རྗེ་བྱང་སེམས་དང་། །དད་དང་མོས་གུས་དམ་ཚིག་རྣམས། །ལམ་གྱི་གཞི་རྟེན་ཡིན་པས་ན། །གལ་ཆུང་སྙོམ་ལས་མ་བསྐུར་ལ། །གཡོ་སྒྱུ་ཚུལ་འཆོས་ངོས་ལྐོག་སྤང་། །རང་གི་སྐྱོན་རྣམས་མ་སྦེད་ཅིག། ཆོས་རྣམས་ཀུན་གྱི་རྩ་བ་ནི། །སེམས་འདུལ་བ་ལ་རག་ལས་ཕྱིར། །ཆོས་རྣམས་གནད་ཐོག་འགྲོ་མི་འགྲོ། །ཉོན་མོངས་ཆོས་ཚུལ་ལ་བརྟག་དགོས། །དངོས་གྲུབ་ཀུན་གྱི་རྩ་བ་ནི། །བླ་མ་སངས་རྒྱས་མཐོང་བར་དགོས། །ལྟ་བསྒོམ་ཀུན་གྱི་རྩ་བ་ནི། །གཞི་རྩ་མེད་པའི་སེམས་ཉིད་འདི། །ངོ་ཤེས་རྩལ་རྫོགས་བརྟན་ཐོབ་དགོས། །སྤྱོད་པ་ཀུན་གྱི་མདོ་དྲིལ་ནི། །བཟང་ངན་རོ་སྙོམས་རང་གྲོལ་དགོས། །ཕྱི་མ་ལེགས་པའི་རྩ་བ་ནི། །ཚེ་འདི་ཞེན་པ་ལོག་པར་དགོས། །དེ་ཀུན་གྲོགས་སུ་དབེན་རིར་བརྟེན། །མདོ་སྡེ་རྣམས་དང་མན་ངག་གི །དོན་ལ་ཡང་ཡང་འདྲིས་པར་གྱིས། །བུ་དེ་ལྟར་གདམས་པ་སྙིང་ལ་ཟུངས། །ངེད་ལ་དེ་ལྟར་མ་མཆིས་རུང་། །ཕན་པར་གདམས་ལ་ཉེས་མེད་ཅིང་། །ཁྱེད་ཀྱི་འདི་ལྟར་བསྐུལ་བ་ལ། །བརྟེན་ནས་གང་དྲན་ཤར་མར་བྲིས། །འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སོ།། །། ༈ ཞལ་གདམས་དོན་བཞི་མ་བཞུགས་སོ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །མི་རྟག་འཆི་བ་དྲན་པ་དང་། །ཚེ་འདིར་ཞེན་ལོག་ངེས་འབྱུང་བསྒོམ། །བློ་སྣ་ཐུང་ངུར་བྱེད་པ་གསུམ། །བློ་ཆོས་སུ་འགྲོ་བའི་ཁྲིད་ཡིན་ལགས། །སེམས་ཅན་ཕ་མར་ཤེས་པ་དང་། །བྱམས་དང་སྙིང་རྗེ་དྲག་ཏུ་བསྒོམས། །བདག་བས་གཞན་གཅེས་སེམས་མཆོག་བསྐྱེད། །ཆོས་ལམ་དུ་འགྲོ་བའི་གདམས་ངག་ཡིན། །ཞིང་ཁམས་ཆོས་རྣམས་ཐམས་ཅད་ཀུན། མ་བརྟག་སྣང་བ་འལ་འོལ་འདི། །བརྟགས་ན་སྒྱུ་མ་ཇི་བཞིན་མཚུངས། །ལམ་འཁྲུལ་པ་ཞི་བའི་གདམས་ངག་ལགས། །རིག་སྟོང་ཆོས་ཉིད་གཉུག་མ་འདི། །ཡིད་དཔྱོད་སེམས་ཀྱིས་མ་བསླད་པར། །རང་རིག་རྗེན་པར་བསྐྱངས་བ་འདི། །འཁྲུལ་པ་ཡེ་ཤེས་སུ་འཆར་བའི་གདམས་ངག་ཡིན། །འདི་ལས་སྤྲོས་ན་རྒྱ་ཆེ་མང་། །རྩ་བ་དེ་ཙམ་ཞིག་ཏུ་འདུས། །གདམས་ངག་བཞི་ནང་ཆོས་ཀུན་དྲིལ། །དེ་ལྟར་ཉམས་སུ་བླང་བར་མཛོད། །ཅེས་པའང་བླ་མ་བྱམས་པའི་ངོར་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། ། ༈ ཞལ་གདམས་མདོར་བསྡུས་བཞུགས་སོ། །དཔལ་ལྡན་རྡོ་རྗེ་སེམས་དཔའི་ཞབས་ལ་ཕྱག་འཚལ་ལོ། །དེ་ཡང་རང་རེ་རྣམས་ཀྱིས་རྙེད་དཀའི་དལ་འབྱོར་གྱི་རྟེན་འདི་ལྟ་བུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པ་ལས། ད་རེས་ཀྱི་སྐབས་འདིར་སྐྱོན་མེད་པའི་མི་ལུས་ཐོབ་པ་ལས་སྐྱེ་བ་ཕྱི་མ་ཡང་ཡང་རྙེད་པ་དཀའ་བའི་ཚུལ་ལ་ལེགས་པར་བསམ། དེ་ཡང་འཇིག་པར་སླ་བ་འདུས་བྱས་མི་རྟག་པའི་མཚན་ཉིད་སྐྱེ་བའི་མཐར་འཆི་བ་ལས་མ་འདའ་ཤིང་རྒན་གཞོན་ངེས་མེད། འཆི་རྐྱེན་ངེས་མེད་ཀྱི་ཚུལ་ལ་ཡང་དྲན་པར་བྱས་པས་བློ་སྣ་ཆོས་ཕྱོགས་ལ་གཞོལ་ཞིང་ཆོས་མཐར་ཕྱིན་ཅིང་། བརྩོན་འགྲུས་ཀྱི་རླུང་དང་ཚེ་འདིར་སྣང་གི་བྱ་བཞག་ཐམས་ཅད་ཆོད་པའི་ཐབས་འདི་ལས་ཟབ་པ་མེད་ཅིང་། འཆི་བ་ཐོག་ཏུ་བབ་ན་རིགས་དྲུག་གང་རུང་དུ་སྐྱེ་བ་ལེན་པ་ལས་མ་འདས་ཤིང་འཁོར་བ་སྤྱི་ཁྱབ་ཁམས་གོང་མ་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་། ངན་སོང་གསུམ་སོགས་སྡུག་བསྔལ་གྱི་སྡུག་བསྔལ། མཐོ་རིས་རྣམས་འགྱུར་བའི་སྡུག་བསྔལ། བྱེ་བྲག་དམྱལ་བ་ཚ་གྲངས་སོགས་ཀྱི་སྡུག་བསྔལ་ཡིད་ལ་དྲན་པར་དགོས། དེ་ཡང་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་ཁུངས་རྟེན་གཞི་ནི་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཡོད་པས་དེ་ལས་ཉེས་པ་ཐམས་ཅད་འབྱུང་བ་ཡིན། དེ་ཡི་རྒྱུ་རྩ་བ་ནི་ཀུན་འབྱུང་ཉོན་མོངས་པའི་ཚོགས་ཐམས་ཅད་ཡིན་ལ་དེ་ཡང་དུག་གསུམ་དུ་མ་འདུས་པ་མེད་ཅིང་། ཡུལ་ཡིད་དུ་འོང་བ་ལ་བརྟེན་ནས་འདོད་ཆགས་མི་མཐུན་པ་ལ་བརྟེན་ནས་ཞེ་སྡང་། བར་མ་ལ་བརྟེན་ནས་གཏི་མུག་འབྱུང་བ་སྟེ་དེ་གསུམ་གང་རུང་གིས་ཀུན་ནས་བསླངས་ཏེ་བསྐྱེད་པའི་ལས་གཙོ་ཆེ་བའི་དབང་དུ་བྱས་ན་མི་དགེ་བ་བཅུ་པོའི་ནང་དུ་འདུས་པ་ཡིན་པས་དེ་ལ་བླང་དོར་མ་ནོར་བ་ཞིག་ཕྲ་ཞིབ་ནས་བརྩོན་པ་ལ་ནན་ཏན་དང་དེ་ལ་འཇིག་རྟེན་ཡང་དག་གི་ལྟ་བ་ཟེར། རྒྱུ་འབྲས་བསླུ་བ་མེད་པ་ལ་ངེས་ཤེས་བསྐྱེད་པ་ཡང་ཡང་གལ་ཆེ། མི་དགེ་བཅུའི་ལྡོག་ཕྱོགས་ལུས་ངག་ཡིད་གསུམ་གྱི་དགེ་བཅུ་ལྷ་མིའི་བདེ་འབྲས་ཙམ་འདོད་ནས་བསགས་པ་སྐྱེས་བུ་ཆུང་ངུ་། རང་ཉིད་གཅིག་པུ་ཞི་བདེ་དོན་གཉེར་གྱི་འཁོར་བ་ལ་ངེས་འབྱུང་གི་བློས་དགེ་བ་བསགས་པ་ཐར་པའི་ཆ་དང་མཐུན་པ་སྐྱེས་བུ་འབྲིང་ཉན་རང་། སེམས་ཅན་ཐམས་ཅད་ལ་ཕན་འདོད་པའི་བློས་བསགས་པ་རྣམས་ཐེག་ཆེན་ཐར་པ་ཆ་མཐུན་སྐྱེས་བུ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་རྣམས་ལས་རང་རེ་རྣམས་ཀྱི་ཉམས་ལེན་སྐྱེས་བུ་ཆེན་པོའི་ལམ་ལྟར་བྱ་དགོས། དེ་ཡང་གཞན་ཕན་ལྷག་པའི་བསམ་པས་རང་འདོད་ཀྱི་འཁྲི་བ་གཏན་ནས་མ་གོས་པ་ཞིག་གིས་གཞི་བཟུང་ནས་རང་གི་སྒོ་གསུམ་གྱི་དགེ་བའི་བྱ་བ་དམིགས་བཅས་དམིགས་མེད་ཆེ་ཕྲ་ཐམས་ཅད་དངོས་བརྒྱུད་ནས་མཁའ་མཉམ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དུ་སྤྱོད་ཅིང་ཡོངས་སུ་བསྔོ་བ་དང་། སྨོན་ལམ་ཁྱད་པར་ཅན་གདབ། བྱམས་པ་དང་སྙིང་རྗེ་ཤས་མི་བཟོད་པ་ནམ་མཁའ་ལྟར་ཀུན་ལ་ཁྱབ་པར་བསྒོམ། དེ་ཡང་སེམས་བསྐྱེད་ཡུལ་བསྐྱེད་མཁན་སྐྱེས་པའི་བྱ་བ་ཐམས་ཅད་ངོ་བོར་རང་བཞིན་གྱི་སྟོང་པ་ལས་སྣང་ཆའི་རྟེན་འབྲེལ་མ་འགགས་པར་འཆར་བ་འདི་ལ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཀྱང་ཟེར། བདེན་གཉིས་ཟུང་འཇུག། སྟོང་རྟེན་འབྱུང་དབྱེར་མེད་སྣང་སྟོང་ཟུང་འཇུག་སོགས་དོན་གཅིག་ལ་མིང་གི་རྣམ་གྲངས་དུ་མ་བརྗོད་པ་ཡང་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི་གནད་འདིས་ཉེ་བར་མཚོན་པ་ཡིན། དེ་ཉིད་བྱང་ཆུབ་ཀྱི་སེམས་དངོས་ཡིན། དེས་སྲིད་ཞི་མཐའ་གཉིས་འགོག་པའི་མྱང་འདས་ཆེན་པོའི་གོ་འཕང་ཐོབ་པར་འགྱུར་རོ། །དེ་ཡི་བསླབ་བྱ་བདག་གཞན་བརྗེ་བའི་བློ་སྦྱོང་ཡང་ཡང་བསྒོམ་ཞིང་། དཀོན་མཆོག་ལ་དད་པ། སེམས་ཅན་ལ་སྙིང་རྗེ་ཤུགས་དྲག་པོ། བྱང་ཆུབ་ཀྱི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་འདུན་ཅིང་སྨོན་པ་དང་། གཞན་ཕན་དོན་གཉེར་གྱི་བསམ་པ་ལ་གཡོ་སྒྱུ་མེད་པ་ཁོ་ན་གལ་ཆེ། དེ་ལྟ་བུའི་བསམ་པ་རིན་པོ་ཆེ་བྱང་ཆུབ་སེམས་ཀྱི་བློ་བཅོས་ཤིང་དགེ་བ་ཆེ་ཕྲ་ཅི་བྱས་ཐམས་ཅད་ལ་འདིས་རྩིས་ཐེབས་པར་བྱ་དགོས་པ་ནི་མེད་དུ་མི་རུང་བ་ཡིན་ནོ། །གནད་དེ་ལྟ་བུའི་གཞི་བཟུང་ནས་སྐྱབས་འགྲོ་ནས་བརྩམ་སྔོན་འགྲོའི་བསགས་སྦྱངས་མཐར་ཕྱིན་པ་དང་། ཁྱད་པར་སྟོབས་བཞིའི་གནད་དང་ལྡན་པའི་ཡིག་བརྒྱ་ལྟུང་བཤགས། དྲི་མེད་བཤགས་རྒྱུད་སོགས་ལ་ནན་ཏན་འབད། བྱིན་རླབས་ཀྱི་གཞི་བླ་མའི་རྣལ་འབྱོར་ཡིན་པས། རྩ་བའི་བླ་མ་སངས་རྒྱས་སུ་ཐག་བཅད། སྐྱབས་གནས་ཀུན་འདུས་སུ་བསྒོམ། བཀའ་དྲིན་དྲན་ཅིང་གུས་པ་བསྐྱེད། དད་དང་དམ་ཚིག་ལ་ངོས་ལྐོག་མེད་ཅིང་དཀའ་སྤྱད་སྙིང་རུས་ཀྱི་མགོ་བཙུགས་ནས་བླ་མའི་རྣལ་འབྱོར་ལ་བརྩོན་ན་བྱིན་རླབས་འབྱུང་བར་ཐེ་ཚོམ་མེད། དེ་ལྟ་བུའི་སྔོན་འགྲོའི་རིམ་པས་རྒྱུད་སྦྱངས་ནས་ཕྱག་རྫོགས་ཟུང་འཇུག་གི་གཞི་ལམ་འབྲས་གསུམ་གྱི་གནད་མདོར་དྲིལ་ན། རང་གི་སེམས་ཉིད་གདོད་ནས་སྐྱེ་འགགས་གནས་གསུམ་དང་དངོས་པོ་དང་མཚན་མར་མ་གྲུབ་ཡོད་མེད་ཡིན་མིན་ཐམས་ཅད་ལས་འདས་པའི་གཞི་སེམས་ཀྱི་ཆོས་ཉིད་རིག་པ་གསལ་སྟོང་ཟུང་འཇུག་འཁོར་འདས་ཀུན་ཁྱབ་གཟོད་ནས་རྣམ་པར་དག་པ་འདི་ནི་གཉུག་མ་གཞི་ཡི་བཞུགས་ཚུལ་དང་། དེ་ཉིད་བླ་མའི་བྱིན་རླབས་དང་རང་གི་མོས་གུས་འཛོམས་པས་རང་གནས་ཀྱི་ལྟ་བ་དེ་ངོ་འཕྲོད་ཅིང་དུས་གསུམ་གྱི་རྣམ་རྟོག་དང་བྲལ་བའི་ཐ་མལ་གྱི་ཤེས་པ་དེ་ལ་ཡིད་དཔྱོད་བློས་འཛིན་གྱིས་མ་བཅིངས་མ་བཅོས་བཟོ་མེད་གཉུག་མ་རང་བབ་ཀྱི་ངང་དུ་ཆོས་ཉིད་རང་གནས་ཀྱི་དྲན་པས་ཡེངས་མེད་དུ་བསྒོམ་བྱ་སྒོམ་བྱེད་དུ་བྲལ་བར་འཇོག་པ་ན་རླུང་སོ་རིག་པའི་ཡེ་ཤེས་ཀྱི་རྟེན་མེད་གཞི་རྩ་བྲལ་བ་ཡུལ་མེད་རང་གསལ་ཆེན་པོར་ཉམས་སུ་མྱོང་བ་དེ་ཡི་ངོ་བོ་སྨྲ་བསམ་བརྗོད་བྲལ་དུ་འཆར་བ་ནི་ལམ་བསྒོམ་པའི་སྐབས་དང་། དེའི་ངང་ལས་སྤྱོད་པ་ལ་སྤངས་བླང་མེད་པར་གང་ཤར་གང་སྣང་རིག་པའི་དབྱིངས་སུ་རོ་མཉམ་པའི་སྤང་གཉེན་གཞན་ནས་བཙལ་མ་དགོས་པ་རང་ཤར་རང་གྲོལ་བྱ་ལམ་རྗེས་མེད་དུ་འགྲོ་བ་འདི་ཀ་སྤྱོད་པའི་མཐར་ཐུག། དེ་ལྟར་གོམས་པ་ལ་བརྟེན་ནས་རིག་པའི་དབྱིངས་ཀ་དག་སྟོང་ཆེན་དང་། ཡེ་ཤེས་ལྷུན་གྲུབ་གཉིས་གདོད་ནས་འདུ་འབྲལ་མེད་པའི་ཡོན་ཏན་རྒྱ་མཚོ་ལྟ་བུ་རང་ཆས་སུ་བཞུགས་པ་འབྲས་བུ་གཞན་ནས་བཙལ་དུ་མེད་པ་ནང་གི་ཡོན་ཏན་ཕྱི་གསལ་དུ་ཤར་བ་ལ་གྲོལ་བ་མཐར་ཕྱིན་པའམ་འབྲས་བུ་ཞེས་མིང་གི་བརྗོད་པ་ཡིན་ནོ། །དེ་ལྟ་བུའི་ལམ་གྱི་སྲོག་བཟུང་བ་དངོས་གཞི་དམིགས་མེད་མཚན་ཉིད་པ་ཡིན་ནོ། །དགེ་བ་གང་བྱས་རྣམས་དུས་ཐམས་ཅད་དུ་དམིགས་མེད་ཀྱི་བསྔོ་བས་རྒྱས་ཐེབས་པར་གལ་ཆེ། །མདོར་ན་དད་པ། ངེས་འབྱུང་། ཞེན་ལོག། སྙིང་རྗེ། སྟོང་ཉིད། བྱང་སེམས། མོས་གུས། དམ་ཚིག། བསྐྱེད་རྫོགས། བདེན་མེད་ཞེན་མེད་མ་བཅོས་འཛིན་བྲལ་རང་གནས་རྣམས་གདམས་ངག་གི་མདོ་ཆིངས་བསྡུས་དོན་ཡིན་པས་དེ་ལྟར་ཉམས་སུ་བླང་བར་ཞུ། ཅེས་པ་རང་སློབ་པདྨ་ཐེག་མཆོག་གི་གསུང་བསྐུལ་ངོར་ཤིན་ཏུ་མདོར་བསྡུས་ནས་བཀོད་པ་ཞིབ་ཏུ་བླ་མ་གོང་མ་རྣམས་ཀྱི་ཞལ་གདམས་གསུངས་མགུར་ཁྲིད་ཡིག་སོགས་ལས་ཤེས་པར་བྱ་བ་ཁོ་ནའོ། །ཆོས་ཀྱི་བློ་གྲོས་པས་སོ།། །། ༈ ཞལ་གདམས་བཞུགས་སོ། །སེམས་ཅན་རྣམས་ལ་གནོད་འཚེ་མེད་པ་དང་། །ཁས་བླངས་ཚུལ་ཁྲིམས་ངོས་ལྐོག་མེད་པར་བསྲུང་། །རང་གི་སེམས་ནི་ཡོངས་སུ་འདུལ་བ་སྟེ། །སོ་སོར་ཐར་པའི་ཉམས་ལེན་སྙིང་པོ་ལགས། །མཁའ་ཁྱབ་འགྲོ་བ་ཕ་མར་ཤེས་པ་དང་། །གཞན་ཕན་དོན་གཉེར་ལྷག་བསམ་རབ་བསྐྱེད་ནས། །བྱང་ཆུབ་སྤྱོད་ལ་རབ་ཏུ་འཇུག་པ་སྟེ། །འདི་ནི་བྱང་སེམས་སྡོམ་པའི་ཉམས་ལེན་ལགས། །སྣང་གྲགས་རིག་གསུམ་ཡེ་ཤེས་ཆེན་པོར་སྡོམ། །ཞེན་མེད་འཛིན་བྲལ་བསྐྱེད་རྫོགས་ལམ་ལ་བརྩོན། །སྡོམ་དང་དམ་ཚིག་བླ་མར་མོས་གུས་གཅེས། །འདི་ནི་སྔགས་སྡོམ་ཉམས་ལེན་གནད་དྲིལ་ལགས། །ལྟ་བ་སྤྲོས་བྲལ་སྒོམ་པ་འཛིན་བྲལ་དང་། །སྤྱོད་པ་རང་བབས་འབྲས་བུ་རང་གྲོལ་གཅེས། །ཡིད་དཔྱོད་ལས་འདས་རང་བཞིན་ལྷུག་པའི་ངང་། །རང་བབས་བཞག་འདི་ཕྱགས་རྫོགས་གནད་དྲིལ་ཡིན། །ཅེས་གདམས་པའི་སྙིང་པོ་འདིའང་རང་སློབ་པདྨ་རང་གྲོལ་གྱི་ངོར་ཆོས་ཀྱི་བློ་གྲོས་པས་བརྗོད་པ་སིདྡྷི་རསྟུ།། །། ༈ ཞལ་གདམས་ཉུང་བསྡུས་བཞུགས། བླ་མའི་ཞབས་ལ་ཕྱག་འཚལ་ནས། །གང་ཞིག་རྙེད་དཀའི་ལུས་འདི་ནི། །ཕྱིས་ནས་ཡང་ཡང་ཐོབ་པ་དཀའ། །ནོར་བུ་ལག་ཏུ་རྙེད་པ་ནས། །གྱི་ནར་བོར་རྣམས་བློ་རེ་འཁྲུལ། །དེ་ནས་འདི་ཉིད་འཇིག་པར་སླ། །མི་རྟག་ཚུལ་ལ་ངེས་ཤེས་བསྐྱེད། །ལས་འབྲས་བླང་དོར་ལ་བརྩོན་ཞིང་། །འཁོར་བའི་ཉེས་དམིགས་དྲན་པར་བྱ། །གསུམ་ལ་སྐྱབས་སུ་འགྲོ་བ་དང་། །གཞན་ཕན་བསམ་པ་རྟག་ཏུ་བྱ། །རྟག་ཏུ་རང་གི་སེམས་ལ་ལྟ། །སེམས་དགེ་འགྱུར་ན་ཉེས་པ་མེད། །གལ་ཏེ་བསམ་པ་མི་དགེ་ན། །སྦྱོར་བ་ལེགས་པར་ལྟར་སྣང་ཡང་། །རང་གཞན་ཐམས་ཅད་བསླུ་བའི་རྒྱུ། །དེ་ཡིས་ཉེས་པ་དཔག་ཏུ་མེད། །དེ་ཕྱིར་དྲན་དང་ཤེས་བཞིན་དང་། །བག་ཡོད་ཅེས་པ་གསུམ་པོ་དེས། །རང་སེམས་འདུལ་བ་ཤིན་ཏུ་གཅེས། །སྦྱིན་སོགས་བྱང་ཆུབ་སྤྱོད་པ་ལ། །ཞེན་པ་མེད་པ་ཤིན་ཏུ་གཅེས། །གང་དག་དམིགས་པའི་འདུ་ཤེས་ཅན། །བྱང་ཆུབ་སྤྱོད་ལས་རིང་དུ་གོལ། །ཆོས་ཀུན་རང་བཞིན་སྟོང་པ་ཉིད། །སྟོང་ཉིད་སྤྲོས་དང་བྲལ་བ་ལ། །ཡིད་དཔྱོད་མཚན་མས་མ་བཅོས་པར། །ནམ་མཁའ་ལྟ་བུའི་ངང་ལ་བཞག། དེ་ཡི་རྩ་བ་བླ་མ་ལ། །མོས་གུས་གནད་དུ་བསྣུན་པ་དང་། །བསམ་སྦྱོར་རྒྱ་ཆེར་འབད་པ་ཡི། །དང་པོ་དོན་སྤྱིའི་ཚུལ་མཐོང་ཡང་། །དེ་ནས་མངོན་སུམ་རྟོགས་པར་འགྱུར། །སྐབས་སུ་སྙིང་རྗེ་དྲག་ཏུ་བསྒོམ། །སྣང་བའི་བདེན་ཞེན་ཡང་ཡང་སྦྱོང་། །སྒྱུ་མ་ལྟ་བུའི་སྤྱོད་པ་བརྩམས། །དེས་ནི་ལམ་གྱི་བོགས་ཐོན་འགྱུར། །དེ་སྐད་གདམས་པ་ཉུང་ངུ་འདི། །ཨ་ར་པ་ཙས་བསྐུལ་བའི་ངོར། །འཇམ་དབྱངས་བློ་གྲོས་རྒྱ་མཚོས་སྦྱར། །དགེ་བས་ཀུན་མཁྱེན་མཆོག་ཐོབ་ཤོག། ། ༈ བླ་མའི་ཞབས་ལ་ཕྱག་བཙལ་ནས། །མི་རྟག་འཆི་བ་དྲན་པ་དང་། །འཁོར་བར་ཞེན་ལོག་སྒོམ་པ་འདི། །ངེས་འབྱུང་ཆོས་ཀྱི་རྩ་བ་ཡིན། །འགྲོ་ཀུན་ཕ་མར་ཤེས་པའི་བློས། །རང་འདོད་འཁྲི་བ་ཀུན་སྤངས་ཤིང་། །ཕྱོགས་རིས་མེད་པའི་བསམ་བཟང་གི །སྒོ་གསུམ་གཞན་དོན་འགྱུར་བར་མཛོད། །དྲན་ཆོག་རྩ་བའི་བླ་མ་ལ། །མོས་གུས་བརྟན་པོས་གཞི་བཟུང་ནས། །བསྐྱེད་རྫོགས་བླ་མའི་ལམ་ཁྱེར་དུ། །ཤེས་ནས་རྟག་ཏུ་སྒོམ་པར་མཛོད། །མདོར་ན་དྲན་ཤེས་བག་ཡོད་ཀྱི། །རང་སེམས་འདུལ་བར་རབ་བརྩོན་ན། །ལུང་རྟོགས་ཡོན་ཏན་ཐམས་ཅད་ཀུན། །ཡར་ངོའི་ཟླ་བཞིན་འཕེལ་བར་འགྱུར། །ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །། ༈ ཞལ་གདམས་བདུད་རྩིའི་བསིལ་ཟེར་ཅེས་བྱ་བ་བཞུགས། རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕ་བཀའ་དྲིན་ཅན་གྱི་ཐུགས་རྗེས་ཟུང་། །རྟེན་དལ་འབྱོར་མི་ལུས་རིན་ཆེན་འདི། །དུས་ལན་གཅིག་ཐོབ་པ་ད་རེས་ཙམ། །དོན་མེད་དུ་ཆུད་ཟོས་མི་བྱེད་པར། །དོན་ཆེན་གྱི་སྙིང་པོ་ལོངས་ཤིག་ཨང་། །ཚེ་འདི་ལ་ཇི་ལྟར་འབྱོར་གྱུར་ཀྱང་། །ཏིལ་འབྲུ་ཙམ་ཁྱེར་བའི་དབང་ནི་མེད། །ཚེ་ཕྱི་མའི་སྐྱེས་ཆེན་འདེགས་པའི་ཚེ། །ཕན་བྱེད་ཀྱི་བརྒྱག་དགེ་དམ་ཆོས་ལགས། །ཚེ་སྲོག་འདི་མི་རྟག་ཆུ་བུར་འདྲ། །དུས་སྐད་ཅིག་ཡུད་ཙམ་འགྱུར་ཞིང་འགྲོ། །དགྲ་འཆི་བདག་གཤིན་རྗེ་རྔམ་བརྗིད་ཆེ། །དུས་རིང་པོར་སྡོད་པའི་རང་དབང་མེད། །ཁམས་གསུམ་གྱི་སེམས་ཅན་ཞགས་པས་འདེབས། །མ་ཤི་བར་ཚེ་ཐར་ལུས་པ་མེད། །ཤི་ནས་ཀྱང་མེད་པར་མི་འགྲོ་ཞིང་། །ལས་དགེ་སྡིག་ཅི་བྱས་ཆུད་མི་ཟ། །རང་བྱས་ཀྱི་ལས་ཀྱི་རྣམ་སྨིན་མྱོང་། །ངན་སོང་གི་སྡུག་བསྔལ་བཟོད་བླག་མེད། །མཐོ་རིས་ཀྱི་བདེ་བ་འགྱུར་ནས་ནི། །དུས་ནམ་ཞིག་སྡུག་བསྔལ་ཁོ་ན་མྱོང་། །དེ་བས་ན་དམ་པའི་ལྷ་ཆོས་སྒྲུབས། །སྐྱབས་བསླུ་མེད་བླ་མ་དཀོན་མཆོག་ལ། །དད་མོས་ཀྱི་ཡིད་ཆེས་བློ་གཏད་ཞུ། །ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་ཡིན། །རང་ལེགས་འདོད་འཁྲི་བ་རྒྱང་དུ་བསྐྱུར། །བདག་གཅེས་འཛིན་འགོང་པོ་གཞོམ་པར་གྱིས། །གཞན་ཀུན་ལ་ཕན་པའི་བསམ་པ་བསྐྱེད། །དེ་བདག་གཞན་ཕྱོགས་རིས་མེད་པར་བྱ། །སེམས་བསྐྱེད་ཀྱི་རྩ་བ་སྙིང་རྗེ་བསྒོམ། །སྙིང་རྗེ་དེ་འཁྲུངས་ན་བྱང་སེམས་སྐྱེ། །ལུས་ངག་ཡིད་གསུམ་དགེ་ལ་གཞོལ། །དགེ་བ་དེ་སེམས་ཅན་ཡོངས་ལ་བསྔོ། །མ་ནམ་མཁའ་མཐའ་མཉམ་འགྲོ་བ་ལ། །དཔལ་ཀུན་ཏུ་བཟང་པོའི་སྨོན་ལམ་ཐོབ། །རང་རྒྱུད་ལ་ཚེ་རབས་ཐོག་མེད་ནས། །སྒོ་གསུམ་གྱི་བསགས་པའི་སྡིག་སྒྲིབ་དང་། །སྡོམ་གསུམ་གྱི་དམ་ཚིག་ཉམས་ཆགས་ལ། །སྟོབས་བཞི་ཡི་ཆོ་གས་བཤགས་པར་བྱ། །བསོད་ནམས་ཀྱི་ཚོགས་ཆེན་བསགས་པ་དང་། །ཡེ་ཤེས་ཀྱི་ཚོགས་ལ་བློ་བཞག་གཅེས། །སེམས་ཆོས་ཉིད་གཉུག་མའི་ཡེ་ཤེས་དེ། །མངོན་སུམ་དུ་རྟོགས་པར་བྱ་བའི་ཕྱིར། །ཕ་དྲིན་ཅན་བླ་མ་སྤྱི་བོ་དང་། །སྙིང་པདྨའི་ཟེའུ་འབྲུར་བསྒོམ་བྱས་ནས། །གསོལ་འདེབས་དང་དབང་བླང་ཡང་ཡང་བྱ། །བསྐྱེད་རྫོགས་ཀྱི་མདོ་འགགས་དེ་རུ་ཚངས། །དད་དམ་ཚིག་ངོས་ལྐོག་མེད་པར་སྲུངས། །སེམས་འཁྲུལ་པའི་རྟོགས་ཚོགས་རྩད་བཅད་ལ། །འཁྲུལ་པ་རྣམས་གཞི་མེད་རྩ་བྲལ་བཏང་། །སེམས་ཆོས་ཉིད་རིག་སྟོང་ཆོས་ཀྱི་སྐུ། །རང་བཞིན་གྱི་གསལ་དྭངས་ལོངས་སྤྱོད་རྫོགས། །རིག་རྩལ་ནི་འགགས་མེད་སྤྲུལ་སྐུར་ཤར། །སྐུ་གསུམ་པོའི་ཡེ་ཤེས་གཅིག་ཏུ་རྫོགས། །གཞི་ལྷུན་གྲུབ་འོད་གསལ་འདུས་མ་བྱས། །ལམ་རང་བྱུང་རིག་པ་མ་བཅོས་བཞག། ཀ་དག་གི་རིག་པ་ཞེས་བྱ་དེ། །ད་ལྟར་གྱི་ཤེས་རིག་མ་བཅོས་པ། །གཟུང་འཛིན་གྱི་རྟོག་པས་མ་བསླད་པའི། །གསལ་དྭངས་རྗེན་པར་ལྷག་གེར་འཇོག། ཡེངས་མེད་ཀྱི་ངང་དུ་འཛིན་རྩལ་བྲལ། །རང་བཞག་འདི་བསྒོམ་གྱི་དངོས་གཞི་ལགས། །དེའི་ངང་ནས་འཁོར་དང་མྱང་འདས་ཀྱི། །ཚོགས་དྲུག་གི་སྣང་བ་གང་ཤར་ཡང་། །བཅོས་བསྒྱུར་དང་བྲལ་བར་ཐད་ཀར་འཇོག། དེས་མ་འཆིངས་མ་ཞེན་རང་གྲོལ་སྤྱོད། །གཞི་རིག་སྟོང་འོད་གསལ་གོམས་པ་ལས། །ཐོབ་བྱའི་འབྲས་བུ་གཞན་བཙལ་མེད། །ཡེ་ཤེས་ལྷུན་རྫོགས་སྒྲིབ་བྱེད་ཀྱི། །དྲི་མ་དང་བྲལ་བ་འབྲས་བུ་ཡིན། །དུས་རྒྱུན་དུ་སེམས་བསྐྱེད་བཟང་པོ་དང་། །དྲན་ཤེས་དང་བག་ཡོད་བརྟེན་པར་མཛོད། །ཁྱེད་བུད་མེད་བློ་འདི་རྩབ་རྩུབ་མང་། །བློ་སྣ་མ་མང་ཆོས་ལ་འབུངས། །འཁོར་བ་ལ་ཞེན་པ་རྒྱབ་ཏུ་བསྐྱུར། །གནས་རི་ཁྲོད་འགྲིམས་ལ་བསགས་སྦྱང་དང་། །བསྙེན་སྒྲུབ་དང་བླ་མའི་རྣམ་འབྱོར་ལ། །དུས་རྟག་ཏུ་བརྩོན་པ་བྱས་གྱུར་ན། །ཚེ་འདི་འཕོས་དཔལ་རི་པདྨ་འོད། །ལྷན་གཅིག་ཏུ་འཚོགས་པའི་རྟེན་འབྱུང་དང་། །སྨོན་ལམ་བཟང་པོའི་མཚམས་སྦྱར་ཡོད། །ཚིག་དེ་སྐད་ཆོས་ཀྱི་བློ་གྲོས་ལ། །རིགས་ལྡན་གྱི་བུ་མོས་བསྐུར་བའི་ངོར། །གང་ཤར་གྱི་གདམས་པ་བྲིས་པ་འདིས། །རྒྱུད་ཡོངས་སུ་གྲོལ་བའི་རྒྱུར་གྱུར་ཅིག། སརྦ་དཱ་མངྒ་ལཾ།། །། ༈ ད་ལྟའི་ཤེས་པ་བསྒྱུར་བཀོད་མ་བྱས་པའི། །ཐ་མ་ཤེས་པ་དྲན་རིག་སྐད་ཅིག་མ། །མ་དོར་ཙམ་གྱི་རང་ཚུགས་མ་ཤོར་བ། །གོལ་ས་མེད་དོ་ཨི་གོ་སྙིང་གི་བུ། །ཞེས་པ་འདི་དཔལ་སྤུངས་སི་ཏུ་རིན་པོ་ཆེ་ལ་གནང་བར་གྲགས་སོ།། །། ༈ ཐེག་པ་ཆེན་པོའི་ལམ་རིམ་སྙིང་པོ་ཐེག་མཆོག་བདུད་རྩིའི་ཟིལ་མངར་ཞེས་བྱ་བ་བཞུགས་སོ། །བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གང་ཞིག་ཡིད་མཁར་དྲན་པ་ཙམ་གྱིས་ཀྱང་། །རྨོངས་པའི་མུན་པ་སྟུག་པོ་སེལ་མཛད་པ། །རྗེ་བཙུན་མཁྱེན་པའི་གཏེར་ཆེན་རྡོ་རྗེ་རྣོན། །གང་གི་ཞབས་རྡུལ་བདེ་ཆེན་འཁོར་ལོར་མཆོད། །ཐེག་ཆེན་བཀའ་གཞུང་ཟབ་ཅིང་རྒྱ་ཆེ་བ། །བདག་བློ་ཁབ་རྩེའི་ཁུངས་བུར་ཚུད་མིན་ཀྱང་། །ཐེག་མཆོག་དགེ་བའི་བཤེས་ཀྱིས་བསྐུལ་བ་ན། །སྔོན་བྱོན་མཁས་གྲུབ་ཞལ་ལུང་ལྟར་དབྱེ་བྱ། །སྲིད་མཚོར་ཐོག་མ་མེད་པའི་དུས་ཤེད་ནས། །ཡེ་གྲོལ་ཆོས་དབྱིངས་བདེ་གཤེགས་སྙིང་པོ་ཡི། །གནས་ལུགས་མ་རྟོགས་འཁོར་བའི་གནས་སུ་འཁྱམས། །ལས་དང་ཉོན་མོངས་སྒྲིབ་པའི་སྦུབས་རྒྱར་འཐུམ། །ད་རེས་སྔོན་བསགས་བཟང་པོའི་འབྲས་སྨིན་པས། །མངོན་མཐོའི་རྟེན་བཟང་ངེས་ལེགས་ཐར་པའི་གཞི། །དལ་དང་འབྱོར་པས་བརྒྱན་པའི་རིན་ཆེན་ལུས། །ཚངས་དབང་བདེ་འབྱུང་བརྒྱ་བྱིན་ལས་ཀྱང་ལྷག། འདི་འདྲ་ཐོབ་ཀྱང་མི་ཚེ་སོས་དལ་དུ། །སྐྱེ་རྒ་ན་འཆི་བཞི་ཡི་མཐར་གཏུང་ན། །དེ་ལས་གྱོང་བརྡབ་ཆེ་བ་གཞན་མ་མཆིས། །མྱུར་བ་ཉིད་དུ་དམ་ཆོས་སྒྲུབ་ལ་འབུངས། །འཇིག་རྟེན་ཆོས་བརྒྱད་འདོད་ཡོན་སྒོག་མོ་ཡི། །བསླུ་བྲིད་དབང་ཤོར་མི་ཚེ་སྣུམ་ཟད་ཀྱི། །མར་མེ་བཞིན་དུ་བསྣོན་པ་འོང་མེད་ཅིང་། །དེ་ཚེ་མགོན་སྐྱབས་དཔུང་གཉེན་ཅང་མ་མཆིས། །སྲིད་ལས་ངེས་པར་འབྱུང་བའི་བློ་བསྐྱེད་ཅིང་། །སྲིད་པའི་དཔལ་ཡོན་ཅི་ཙམ་འབྱོར་གྱུར་ཀྱང་། །ཐམས་ཅད་མི་རྟག་སྒྱུ་མའི་ལོངས་སྤྱོད་བཞིན། །སྙིང་པོ་མེད་པའི་དོན་དེ་མངོན་དུ་བྱ། །གང་ལ་ནོར་ཡོད་དེ་ལ་སྡུག་བསྔལ་ཡོད། །འདོད་ལ་ཆགས་པའི་ཉེས་པ་ངང་གི་འཕེལ། །དེར་བརྟེན་ང་རྒྱལ་ཕྲག་དོག་ཀུན་ཀྱང་འབྱུང་། །ཉེས་བརྒྱའི་རྩ་བ་ཚང་ཚིང་ཆེན་པོ་འདི། །གཞོམ་པར་མཛོད་ལ་འདོད་ཆུང་ཆོག་ཤེས་བརྟེན། །ཡ་གི་སྲིད་རྩེ་མ་གི་མནར་མེད་ཡན། །བདེ་བའི་གོ་སྐབས་སྐྲ་རྩེའི་ཁྱོན་ཙམ་མེད། །སྡུག་བསྔལ་གསུམ་གྱི་རྟག་པར་མནར་བ་དེ། །ཡིད་ལ་བྱ་ཞིང་སྐྱོ་ཤས་དྲན་པ་གཅེས། །སྐྱེས་པའི་མཐའ་མ་འཆི་བའི་རང་བཞིན་དང་། །བསགས་པའི་ནོར་ཡང་ཡོངས་སུ་འཛད་པར་འགྱུར། །མཐོ་བའི་མཐའ་ཡང་དམའ་བའི་གནས་སུ་ལྟུང་། །འདུས་མཐའ་སོ་སོར་འགྱེས་པ་ཆོས་ཉིད་ཡིན། །ཐམས་ཅད་ཐམས་ཅད་མྱུར་དུ་འཇིག་ཅིང་འགགས། །མི་རྟག་མི་བརྟན་སྐྱེས་བུའི་ཚེ་སྲོག་ནི། །ཆུ་ཡི་ཆུ་བུར་བས་ཀྱང་མི་བརྟན་པའི། །འདུ་ཤེས་ཡང་ཡང་དྲན་པས་བློ་སྣ་བསྟུངས། །འཁོར་བ་རིགས་དྲུག་གང་ནས་གང་སྐྱེས་ཀྱང་། །སྡུག་བསྔལ་མེ་འོབས་སྲིན་མོའི་གླིང་བཞིན་དུ། །ཤེས་པས་གནས་རིས་དྲུག་པོ་དེ་རྣམས་ལས། །སྒྲོལ་ཕྱིར་ངེས་ལེགས་ཐར་པའི་ལམ་ལ་འབད། །ཆོས་རྣམས་རྒྱུ་དང་རྐྱེན་ལ་རག་ལས་ཤིང་། །རྟེན་ཅིང་འབྲེལ་འབྱུང་འགགས་མེད་སྣང་བའི་ཆོས། །ནམ་ཡང་མི་བསླུ་ཚད་མར་གྲུབ་པ་ལ། །ཡིད་ཆེས་བསྐྱེད་ནས་ལས་འབྲས་སྤང་བླང་བྱ། །ལས་དང་ཉོན་མོངས་ཀུན་འབྱུང་བདེན་པ་ཡི། །བསྐྱེད་པའི་འབྲས་བུ་སྡུག་བསྔལ་བདེན་པ་སྟེ། །དེ་འགོགས་པ་ནི་འཕགས་པའི་རྟོགས་རིགས་ཏེ། །དེ་མངོན་བྱ་ཕྱིར་ལམ་བདེན་སྒྲུབ་ལ་བརྩོན། །སྡོམ་པའི་གཞི་རྟེན་མཆོག་གསུམ་སྐྱབས་སུ་བསྙེན། །ཡིད་ཆེས་ངེས་ཤེས་དད་པ་བརྟན་པོ་དང་། །ཐེག་ཆེན་ལམ་རྩ་གཞན་ཕན་ལྷག་བསམ་བཟང་། །རིན་ཆེན་བྱང་ཆུབ་སེམས་མཆོག་བསྐྱེད་པར་བྱ། །ཐོག་མེད་དུས་ནས་མཁའ་ཁྱབ་སེམས་ཅན་རྣམས། །རང་གི་ཕ་མ་ཡིན་པ་ཤེས་བྱས་ནས། །ཀུན་ལ་བཀའ་དྲིན་ཆེ་བར་དྲན་བྱས་ནས། །བདག་གཞན་བརྗེ་བའི་བློ་སྦྱོང་སྒོམ་པ་དང་། །རིགས་དྲུག་ཕ་མའི་དྲིན་ལན་མཇལ་བར་བསླབ། །བདག་ཏུ་འཛིན་པའི་འཁྲི་ཤིང་དྲུངས་ནས་ཕྱུངས། །བདག་སྐྱིད་འདོད་པའི་བློ་ངན་དེ་གཞོམ་ནས། །གཞན་བདེ་ཐོབ་ཕྱིར་སྒོ་གསུམ་དགེ་ལ་འབད། །དེར་ཡང་ཞེན་མེད་སྒྱུ་མ་ལྟར་རྟོགས་ཤིང་། །ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་ཡི། །ཉེས་སྤྱོད་སྤངས་ཤིང་དགེ་བའི་ཆོས་སྡུད་དང་། །སེམས་ཅན་དོན་རབ་སྒྲུབ་ལ་རྟག་ཏུ་བརྩོན། །ཕ་རོལ་ཕྱིན་དྲུག་རྒྱལ་སྲས་སྤྱོད་པའི་གཞུང་། །བསྡུ་དངོས་བཞི་ཡི་འགྲོ་བ་ཡོངས་སུ་འདུལ། །ཤེས་རབ་ཟབ་མོས་སྲིད་ཞིའི་མཐའ་ལས་བརྒལ། །སྒྲིབ་གཉིས་དྲྭ་བ་མཐའ་དག་གཞོམ་པར་བྱ། །བདག་མེད་རྟོགས་པའི་ཤེས་རབ་ཟབ་མོ་འདི། །དང་པོ་ཐོས་བསམ་ལ་བརྟེན་གོ་བ་བསྐྱེད། །བར་དུ་རྩོལ་བ་དང་བཅས་སྒོམ་པས་མྱོང་། །ཐ་མ་ངེས་དོན་རང་བཞིན་མངོན་སུམ་རྟོགས། །མ་རིག་སྒོ་ངའི་སྦུབས་རྒྱ་བྲལ་བ་དང་། །རྟོགས་པའི་ཡེ་ཤེས་མུན་པར་ཉི་འོད་བཞིན། །དེ་ཡང་རྡོ་རྗེ་ཐེག་པ་དང་འབྲེལ་ན། །ཐབས་མང་བདེ་མྱུར་དཀའ་བ་མེད་པའི་ཕྱིར། །བློ་མཆོག་རྣམས་ཀྱིས་འདི་ལ་གཙོ་བོར་བསྟེན། །ཕྱི་རྒྱུད་སྡེ་གསུམ་ལམ་རྣམས་ཅུང་ཟད་བུལ། །ནང་པ་ཕ་མ་གཉིས་མེད་རྒྱུད་གསུམ་ལ། །མོས་པ་གང་ཡོད་དེ་ཐོས་དེ་སྒོམ་སྒྲུབ། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་ལས། །དཀྱིལ་འཁོར་ཟབ་མོར་དབང་མནོས་དེང་ཕྱིན་ནས། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །རྡོ་རྗེ་འཆང་དང་རྣམ་དབྱེར་མེད་པར་བལྟ། །དེ་སྒོམ་དེ་སྒྲུབ་ལམ་གྱིས་སྙིང་པོར་བསྟེན། །དམ་ཚིག་ཉམས་ན་དམྱལ་མེ་བཟོད་དཀས་བསྲེགས། །དམ་བསྲུངས་ལམ་ཉིད་བསྒོམ་པར་མ་བྱས་ཀྱང་། །སྐྱེ་བ་བདུན་ནམ་བཅུ་དྲུག་ནས་གྲོལ་འགྱུར། །བསྐྱེད་དང་རྫོགས་པའི་ལམ་རིམ་གང་བསྒོམ་ཀྱང་། །ཀུན་གྱི་སྲོག་སྙིང་ལྟ་བ་གཏན་འབེབས་བྱ། །དེ་ཡང་རང་སེམས་ཝ་ལེ་ཁྱུག་གེ་བ། །འདི་ཡི་ངོ་བོ་ཤེས་རབ་ཟབ་མོས་བརྟགས། །བརྟགས་པས་མི་མཐོང་ངོ་བོ་ངོས་བཟུང་བྲལ། །སྤྲོས་མཚན་ལས་འདས་རབ་ཞི་ཆོས་ཀྱི་དབྱིངས། །འདི་ནི་སྟོང་པ་ཕྱང་ཆད་མ་ཡིན་ཏེ། །རང་བཞིན་འོད་གསལ་དོན་དམ་འདུས་མ་བྱས། །འགྱུར་མེད་བྲི་གང་བསལ་བཞག་ལས་འདས་པ། །རང་གི་རིག་པས་མངོན་སུམ་རྗེན་པར་རྟོགས། །དེ་ཡང་བླ་མའི་དྲིན་གྱི་དུས་ཐབས་བསྟེན། །འདི་མེད་ལམ་རྣམས་ཆུ་ཤིང་སྟོང་པ་བཞིན། །སྙིང་པོ་མེད་ཅིང་སྲིད་རྩ་མི་ཆོད་པས། །སེམས་ཀྱི་གསང་ཤེས་དུས་གསུམ་རྒྱལ་བ་ཡི། །བསྒྲོད་པ་གཅིག་དང་དགོངས་པ་གཅིག་ཏུ་གོ །དེ་དང་ལྡན་པས་བུམ་དབང་བསྐྱེད་པའི་ལམ། །སྣང་སྟོང་ཟུང་འཇུག་ཆུ་ཟླ་ལྟ་བུ་དང་། །རང་བཞིན་བདེ་བ་ཆེན་པོའི་སྐུ་རུ་བསྐྱེད། །གསང་དབང་ལམ་ནི་ངག་རླུང་དག་བྱ་སྟེ། །མི་གཡོ་བྱེད་བཅིངས་རྩོལ་བ་ལ་བརྟེན་པའི། །ཐབས་ཀྱི་ལས་རླུང་ཡོན་པོ་དབུ་མར་སྡུད། །རིན་ཆེན་ཀུམྦྷ་ཀ་ཡི་བརྟན་པར་བྱ། །ཤེར་དབང་སྔོན་འགྲོ་ཐིག་ལེའི་རྣལ་འབྱོར་ལ། །རླུང་ལ་གོམས་པས་འཁོར་ལོ་བཞིར་འགྲོ་ལྡོག། ལེགས་པར་འབྱངས་པས་དངོས་གཞི་ཕོ་ཉ་མོར། །བསྟེན་པས་དྭངས་མ་འཁོར་ལོའི་ལྟེ་བར་བརྟེན། །རྩ་ཡི་མདུད་གྲོལ་རླུང་ཐིག་སྟོབས་རྒྱས་ཤིང་། །འཆི་མེད་གྲུབ་པའི་ལང་ཚོ་རྒྱས་པ་དང་། །མཐར་ཕྱིན་རྡོ་རྗེ་སེམས་དཔའི་གོ་འཕང་ཐོབ། །དེ་ལས་དཔེ་ཡི་ཡེ་ཤེས་དྭངས་པའི་མཐར། །བཞི་པའི་དབང་གི་རྦ་རླབས་སྒོམ་པ་དང་། །ཁྱད་པར་དབེན་གསུམ་བསྟེན་ཤིང་མ་བཅོས་བཞག། གཉུག་མ་ལྷན་སྐྱེས་ཡེ་ཤེས་སྐྱོན་མེད་པ། །མཁའ་དབྱིངས་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །མངོན་དུ་འགྱུར་བས་ཁམས་གསུམ་འཁྲུལ་པ་ཟད། །ཆོས་སྐུའི་ཡེ་ཤེས་སྙིང་པོར་གྱུར་པ་ཡི། །སྐུ་གསུམ་འདུ་འབྲལ་མེད་པར་མངོན་བྱང་ཆུབ། །གཞན་དོན་འགྲོ་སྒྲོལ་རྟག་ཁྱབ་ལྷུན་གྲུབ་འགྱུར། །དེ་རྣམས་ཀུན་གྱི་གེགས་སེལ་བོགས་འདོན་ཡང་། །མཁས་གྲུབ་ཚད་མའི་གསུང་ལ་བལྟ་བ་དང་། །ཁྱད་པར་བླ་མར་མོས་གུས་མི་འབྲལ་ཞིང་། །ཐུགས་ཡིད་བསྲེ་ཞིང་ལམ་དབང་ཡང་ཡང་བླངས། །དམ་ཚིག་གསོ་བའི་ཚོགས་སྐོང་བཟླས་པར་འབད། །དེས་ནི་བསྐྱེད་རྫོགས་ཀུན་ལ་བོགས་འདོན་འགྱུར། །རྟག་ཏུ་དྲན་ཤེས་བག་ཡོད་བསྟེན་པ་དང་། །ཁས་བླངས་སྡོམ་པ་མིག་གི་འབྲས་བཞིན་བསྲུངས། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་རྣམས། །གཅིག་གྲོགས་གཅིག་གིས་བྱས་པས་ཆོས་སུ་འགྲོ། །ཆོས་ལམ་འགྲོ་ཞིང་ལམ་གྱི་འཁྲུལ་བ་ཞི། །འཁྲུལ་བ་ཡེ་ཤེས་ཉིད་དུ་འཆར་བར་བྱེད། །སངས་རྒྱས་བསྟན་པ་གངས་རིའི་ཁྲོད་འདི་རུ། །རྣམ་དག་ཇི་སྙེད་བྱོན་རྣམས་དགོངས་པ་གཅིག། དེ་ཕྱིར་བསྟན་པ་ཀུན་ལ་དག་སྣང་བསྐྱེད། །འགྲོ་ལ་གཡོ་ཟོལ་མེད་པའི་སྙིང་རྗེ་སྒོམ། །དགེ་ཚོགས་བསྔོ་ཞིང་སྨོན་ལམ་བཟང་པོ་གདབ། །རྟག་པར་བསྟན་འགྲོར་བདེ་སྐྱིད་སྤེལ་ལ་རེམ། །དེང་སང་སྙིགས་མ་ཚེ་ཐུང་ནད་འཁྲུགས་ཀྱི། །མནར་བའི་སྐབས་འདིར་གུ་རུ་པདྨ་དང་། །རྗེ་བཙུན་སྒྲོལ་མ་ཐུགས་རྗེ་མྱུར་བས་ན། །རང་གཞན་དོན་ཕྱིར་གསོལ་འདེབས་ཐུགས་དམ་བསྐུལ། །བོད་ཁམས་བདེ་བའི་སྨོན་ལམ་ཡང་ཡང་འདེབས། །ཡོངས་རྫོགས་བསྟན་པའི་མངའ་བདག་ས་སྐྱ་པའི། །ཟབ་རྒྱས་གདམས་པའི་ཡང་རྩེ་བྱིན་རླབས་ཀྱི། །བརྒྱུད་པ་ཉམས་མེད་བྱིན་འབྲས་མངོན་སུམ་དུ། །སྣང་བ་ནཱ་རོ་མཁའ་སྤྱོད་བསྐྱེད་རྫོགས་ལ། །ཆིག་དྲིལ་འབད་པས་དོན་གཉིས་ལྷུན་གྱིས་གྲུབ། །དེ་སྐད་ཁྱབ་བདག་བཀའ་འགྱུར་པ་མཆོག་གི །གསུང་གིས་གླིང་བུས་རང་མྱོང་དང་མཐུན་པའི། །ཞལ་གདམས་རྟོགས་པ་བརྗོད་པ་དགོས་གསུང་ཀྱང་། །མྱོང་བ་མ་མཆིས་མི་ཚེར་དཀོར་ལ་གཡེང་། །འོན་ཀྱང་དམ་པའི་བཀའ་ནི་མ་གཅོག་ཙམ། །ཆོས་མེད་དྲེད་པོ་ཆོས་ཀྱི་བློ་གྲོས་པས། །རང་ཉམས་མ་བླངས་དམ་པའི་གསུང་བཞིན་དུ། །ཆུ་འབྲུག་ནག་ཟླའི་དགའ་བ་གསུམ་པ་ལ། །བྲིས་པའི་དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོ། །གཞན་ལ་ཕན་པའི་སྨོན་ལམ་དང་བཅས་དགེ། སརྦ་མངྒ་ལཾ།། །། ༈ ཞལ་གདམས་ལམ་རིམ་ཕན་བདེའི་སྙིང་པོ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ། སྐྱབས་གནས་ཀུན་འདུས་དཔལ་ལྡན་བླ་མ་ནི། །དྲན་པ་ཙམ་གྱིས་སྲིད་ཞིའི་འཇིགས་འཕྲོག་པའི། །གསང་གསུམ་ཡིད་ཀྱི་ཟེའུ་འབྲུར་བཀོད་བྱས་ནས། །ཞལ་གདམས་ལམ་རིམ་ཕན་བདེའི་སྙིང་པོ་དབྱེ། །དལ་དང་འབྱོར་པའི་ལུས་འདི་རྙེད་དཀའ་ཞིང་། །རྙེད་ན་དོན་ཆེ་ཡིད་བཞིན་ནོར་དང་མཚུངས། །ད་རེས་སྟོང་ལོག་ཆུད་ཟོས་མི་བྱེད་པར། །མྱུར་བ་ཉིད་དུ་དམ་པའི་ལྷ་ཆོས་མཛོད། །སྣོད་ཀྱི་འཇིག་རྟེན་རི་གླིང་བཅས་པར་ཡང་། །ནམ་ཞིག་མི་རྟག་ཐལ་བ་རླུང་ཁྱེར་འདྲ། །ཚངས་དང་བརྒྱ་བྱིན་འཁོར་ལོས་བསྒྱུར་རྣམས་ཀྱང་། །སྐྱེ་འཆི་འཕོས་པའི་མཚང་ཆེན་དེ་ལ་སོམས། །རྡོ་རྗེའི་སྐུ་བརྙེས་སངས་རྒྱས་བྱང་སེམས་ཡང་། །སྒྱུ་མའི་གཟུགས་སྐུ་བཤིགས་པའི་ཚུལ་བསྟན་ན། །ཆུ་བུར་ལྟ་བུ་སྐྱེ་འགྲོའི་ལུས་ཅན་རྣམས། །མྱུར་དུ་མི་རྟག་འཆི་བས་འཇིགས་པར་ངེས། །བསགས་པའི་ལས་ནི་ནམ་ཡང་ཆུད་མི་ཟ། །མ་བྱས་པ་དང་འཕྲད་པར་མི་འགྱུར་ཞིང་། །རྒྱུ་འབྲས་མི་འཆོལ་རང་ཐོག་སྨིན་ངེས་པས། །དགེ་སྡིག་སྤང་བླང་བརྩོན་པ་ཤིན་ཏུ་གཅེས། །སྲིད་གསུམ་གྲངས་ཁྱེར་མེ་ཡི་འོབས་ཆེན་པོར། །ཤིན་ཏུ་བཟོད་དཀའི་སྡུག་བསྔལ་ཕུང་པོ་ལ། །བརྩོན་རར་ཆུད་པའི་འགྲོ་བ་ཇི་བཞིན་དུ། །ངེས་འབྱུང་སྐྱོ་ཤས་གཏིང་ནས་བསྒོམ་པར་མཛོད། །ཐར་པའི་གྲོང་ཁྱེར་འཆི་མེད་ཁང་བཟང་ནི། །ཉམས་དགའ་བཀོད་ལེགས་ཡིད་འོངས་ཕུན་སུམ་ཚོགས། །བྱང་ཆུབ་ཕྱོགས་ཆོས་རྒྱན་གྱིས་མཛེས་པ་དེ། །ཐོབ་ལ་དད་སྤྲོ་དགའ་བ་རྒྱ་ཆེན་བསྐྱེད། །དེ་ཉིད་ཐོབ་བྱེད་རང་གི་སྟོབས་མིན་ཏེ། །གཞན་རྐྱེན་དགེ་བའི་བཤེས་ལ་རག་ལས་པས། །བྱང་ཆུབ་སེམས་དང་རྟོགས་པའི་གདིང་ལྡན་ཅིང་། །མཁྱེན་གཉིས་ཡེ་ཤེས་ལྡན་ལ་བརྟེན་པར་གཅེས། །ཐར་པའི་འཇུག་སྒོ་བླ་མ་མཆོག་གསུམ་ལ། །དང་འདོད་ཡིད་ཆེས་དད་མོས་བརྟན་པོ་ཡི། །དད་གསུམ་གུས་པའི་མངོན་རྟགས་ངོམས་བཞིན་དུ། །ཡིད་ཆེས་བརྟན་པོས་སྐྱབས་སུ་འགྲོ་བར་བྱ། །ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་སེམས། །འདི་ལ་བརྟེན་པས་མྱ་ངན་འདས་པ་ཐོབ། །རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ། །རིན་ཆེན་བྱང་ཆུབ་སེམས་ལ་བློ་བརྟན་བྱ། །བྱམས་སོགས་ཚད་མེད་བཞི་ལ་བློ་སྦྱང་ཞིང་། །གཞན་ཕན་ལྷག་པའི་བསམ་པ་བཟང་པོ་ལ། །གཡོ་སྒྱུ་ཟོལ་ཟོག་རང་འདོད་མེད་པ་ཡིས། །ལུས་དང་ལོངས་སྤྱོད་དགེ་བའི་དངོས་རྣམས་སྦྱིན། །ཕ་རོལ་ཕྱིན་དྲུག་བསྡུ་དངོས་བཞི་ལ་སོགས། །བྱང་ཆུབ་སྤྱོད་པ་རྒྱ་མཚོར་བརྩོན་བྱས་ཤིང་། །བྱང་སའི་ཚུལ་ཁྲིམས་གསུམ་ལ་རབ་བརྩོན་ཏེ། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །དྲི་མེད་སེམས་ཀྱི་རང་བཞིན་འོད་གསལ་བར། །སྒྲིབ་བྱེད་ཉེས་ལྟུང་དྲི་མའི་ཚོགས་རྣམས་ཀུན། །སྟོབས་བཞིའི་གངྒཱའི་ཆུ་རྒྱུན་གྱིས་འཁྲུད་པས། །སྒོ་གསུམ་ཤིན་ཏུ་རྣམ་པར་དག་པ་གཅེས། །ཚོགས་གཉིས་རིན་ཆེན་མ་དྲོས་རྒྱ་མཚོའི་རྡུལ། །རྣམ་པར་བསགས་ཏེ་དཔལ་གྱི་ལྷུན་པོར་བསྐྲུན། །རྣམ་གྲོལ་སྐུ་བཞིའི་བང་རིམ་མཛེས་པ་ཡི། །བྱང་ཆུབ་ཡོན་ཏན་སྤེལ་བའི་ཐབས་ལ་འབད། །དངོས་གྲུབ་ཀུན་གྱི་རྩ་བ་བླ་མ་རྗེ། །བྱིན་རླབས་རྒྱ་མཚོའི་འབྱུང་གནས་རིགས་བརྒྱའི་བདག། སྐུ་བཞིའི་དེད་དཔོན་སྲིད་ཞིའི་དཔལ་མགོན་ཆེ། །ཆོས་ཀྱི་རྒྱལ་པོའི་ཞབས་སེན་སྤྱི་བོས་བསྙེན། །བསྙེན་ན་བདེ་ཞིང་འབྲལ་བར་དཀའ་བ་ཡི། །དད་མོས་གདུང་བ་དྲག་པོ་ཕུར་ཚུགས་ཀྱི། །གསོལ་བ་སྙིང་གི་དཀྱིལ་ནས་བཏབ་བྱས་ན། །མཆོག་ཐུན་དངོས་གྲུབ་འབད་མེད་སྩོལ་བར་ངེས། །དད་དང་དམ་ཚིག་བརྟན་པོའི་ས་གཞི་ལ། །སྨིན་བྱེད་དབང་བཞིའི་ཆར་གྱིས་རླན་པ་ལས། །སྐུ་དང་ཡེ་ཤེས་གསེར་གྱི་སྙེ་མ་སྨིན། །སྲིད་ཞིར་མི་གནས་རྡོ་རྗེ་འཆང་ཐོབ་འགྱུར། །དེ་ཕྱིར་བླ་མ་ཡིད་བཞིན་ནོར་བུའི་ཞལ། །སྙིང་ག་སྤྱི་བོར་རྟག་ཏུ་བསྒོམ་བྱས་ཏེ། །གསོལ་བ་བཏབ་ཅིང་དབང་བཞི་བླང་བ་དང་། །ཐུགས་ཡིད་བསྲེ་བ་ཉམས་ལེན་སྙིང་པོ་ཡིན། །འཁོར་འདས་ཆོས་ཀུན་གདོད་ནས་རྣམ་པར་དག། ཅིར་ཡང་མ་ཡིན་ཅིར་ཡང་འབྱུང་བའི་གཞི། །འཁོར་དང་མྱ་ངན་འདས་པ་ཀུན་འཕྲོ་བས། །རིག་ཁམས་བདེ་བར་གཤེགས་པའི་སྙིང་པོ་ལ། །སྦྱོང་བྱེད་ལམ་གྱི་རིམ་པ་རྣམ་པ་བཞིས། །སྦྱང་བྱ་དཀྱིལ་འཁོར་བཞི་ཡི་དྲི་མ་འཁྲུད། །སྦྱངས་འབྲས་སྐུ་བཞི་མངོན་དུ་བྱེད་པ་འདི། །རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པའོ། །མཚན་ཉིད་ཀུན་ལྡན་རྡོ་རྗེ་སློབ་དཔོན་ལས། །རྣམ་དག་དབང་གི་ཆུ་བོས་ལེགས་སྨིན་ཏེ། །རྒྱལ་བས་བསྔགས་པའི་དབེན་གནས་ཉམས་དགའ་བར། །བརྟེན་ནས་ལུས་སེམས་ཤིན་ཏུ་སྦྱང་བར་བྱ། །ཐ་མལ་སྣང་ཞེན་འཁྲུལ་པ་ཡུལ་དང་བཅས། །རང་གི་སེམས་ཀྱི་ཆོ་འཕྲུལ་ཤེས་བྱས་ཏེ། །མ་དག་ཐ་མལ་སྣང་བ་སྦྱོང་བྱེད་ཀྱི། །ལམ་བྱེད་རྣམ་བཞིའི་བསྐྱེད་རིམ་བསྒོམ་ལ་བརྩོན། །གཞི་གནས་རྩ་རླུང་ཐིག་ལེའི་སྙིགས་མ་རྣམས། །དག་བྱེད་རླུང་དང་གཏུམ་མོའི་རྣལ་འབྱོར་གྱིས། །དབུ་མའི་ཁ་དབྱེ་འབར་འཛགས་དྲངས་པ་ཡི། །ཞུ་བདེ་ལྷན་སྐྱེས་དཔེ་ཡི་ཡེ་ཤེས་ནི། །མངོན་སུམ་འདྲེན་པས་རང་ལུས་ཐབས་ལྡན་བསྒྲུབས། །དེ་ལ་གོམས་དང་ཡེ་ཤེས་དྲོད་སྐྱེ་བས། །བརྟུལ་ཞུགས་སྤྱོད་པས་བོགས་འདོན་བསྒྲུབ་པའི་སླད། །ཕྱག་རྒྱ་བཞི་ཡི་དམ་ཚིག་བརྟེན་པ་དང་། །ཁྱད་པར་དངོས་རིག་ཉེ་རྒྱུའི་གྲོགས་བྱས་ཏེ། །རྩ་ཡི་མདུད་གྲོལ་རླུང་སེམས་དབུ་མར་བསྡམས། །རྣམ་བཅས་བདེ་ཆེན་ཡེ་ཤེས་ཐིག་ལེ་ནི། །རབ་ཏུ་འཕེལ་བས་མཆོག་ཏུ་མི་འགྱུར་བའི། །ཡེ་ཤེས་དྭངས་མའི་ཐིག་ལེ་གཙུག་ཏོར་བརྟན། །རྣམ་མེད་ཏིང་འཛིན་དེ་ཉིད་སྤྲོས་དང་བྲལ། །དོན་གྱི་ལྷན་སྐྱེས་ཇི་བཞིན་རྒྱུད་ལ་སྐྱེ། །ཁྱབ་བདག་ནམ་མཁའ་རང་བྱུང་ཡེ་ཤེས་བདག། རྩ་རླུང་ཐིག་ལེའི་འགྲོས་རྣམས་ཐིམ་པ་དང་། །འོད་གསལ་དབུ་མའི་ཁང་བཟང་ཉམས་དགའ་བར། །སྣ་ཚོགས་ཆོས་ཀུན་རོ་གཅིག་ཆེན་པོར་སྡོམས། །བདེ་སྟོང་འགྱུར་མེད་རྡོ་རྗེའི་སྐུ་ཐོབ་འགྱུར། །ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཆེ། །ཕོ་ཉའི་ལམ་ལ་བརྟེན་པ་མེད་པར་ཡང་། །རང་གནས་སྐུ་དང་ཡེ་ཤེས་མངོན་བྱེད་པ། །འོད་གསལ་རྫོགས་པ་ཆེན་པོའི་ལམ་འདི་མཆོག། ཡིད་དཔྱོད་སྒྲིབ་པའི་དྲི་མས་བསླད་མིན་པར། །རང་རིག་ཀ་དག་སྤྲོས་པ་བྲལ་བ་ལ། །བླ་མའི་དྲིན་གྱིས་ངོ་ཤེས་ཐག་ཆོད་ཅིང་། །རིག་སྟོང་གཉུག་མ་ཆུ་བོའི་རྒྱུན་བཞིན་བསྐྱངས། །དེ་ཡང་ཅི་ཤར་ཅི་སྣང་གཟུངས་འཛིན་གྱི། །རྟོག་པའི་ཆོས་རྣམས་རིག་པའི་རང་གཤིས་སུ། །ཤར་ཙམ་ཉིད་ནས་གྲོལ་བའི་གནད་དམ་པ། །འདི་ནི་སེམས་དོན་སྐྱོང་ལ་ཤིན་ཏུ་གཅེས། །ཡངས་བ་མེད་ཅིང་བསྒོམ་བྱ་སྒོམ་བྱེད་མེད། །ཐ་མལ་བློ་འདས་སྡོད་ཅིང་གུ་ཡངས་སུ། །ཆོས་ཀུན་ཀ་དག་ཀློང་ཡངས་ཆེན་པོའི་གཤིས། །གཏད་མེད་ཕྱམ་གདལ་ཆེན་པོར་ཐོངས་ལ་ཤོག། གང་དུའང་མ་སྤངས་གང་ཡང་མ་བསྒྱུར་ཞིང་། །ཆོས་ཀུན་ཀ་ནས་དག་པའི་ཀློང་ཆེན་པོར། །རང་བབས་དགོངས་པའི་བཙན་ས་ཟིན་པ་ན། །སངས་རྒྱས་ཆོས་སྐུ་རང་ལ་རྙེད་པར་འགྱུར། །དེ་ཡི་བོགས་འབྱིན་ལྷུན་གྲུབ་ཐོད་རྒལ་གྱི། །སྒྲོན་མ་བཞི་ཡི་གནད་དུ་བསྣུན་པ་ན། །སྐུ་གསུམ་ལམ་ལྷངས་ཡོན་ཏན་རྩལ་རྫོགས་ཏེ། །ཚེ་འདི་ཉིད་དམ་བར་དོར་གྲོལ་བར་ངེས། །མདོར་ན་དད་དང་དམ་ཚིག་རྣམ་པར་དག། མོས་གུས་ལམ་གྱི་སྲོག་ཏུ་བཟུང་བྱས་ཏེ། །བླ་མ་བསྒོམ་ཞིང་རིག་ངོ་སྐྱོང་བ་ཡིས། །ཐུན་དང་ཐུན་མཚམས་ཐམས་ཅད་འདའ་བར་མཛོད། །དེ་ལྟར་བརྩོན་པས་ལམ་གྱི་འབྲས་བུ་ནི། །གཞི་གནས་སྐུ་དང་ཡེ་ཤེས་རྒྱ་མཚོའི་ཚོགས། །དཀའ་བ་མེད་པར་མྱུར་དུ་ཐོབ་པ་དང་། །འགྲོ་སྒྲོལ་སླད་དུ་ཕྲིན་ལས་རྟག་ཁྱབ་འགྱུར། །དེ་སྐད་གདམས་པའི་རིམ་པ་ཉུང་ངུ་འདི། །རང་གིས་ཉམས་སུ་བླངས་པ་མ་ལགས་ཀྱང་། །དམ་པའི་དྲིན་གྱིས་ལེགས་པར་ཐོས་པ་ལས། །ཆ་ཤས་ཙམ་བླངས་ཡི་གེར་བཀོད་པ་འདི། །པདྨ་སྐལ་ལྡན་བསྐུལ་ངོ་མི་ལྕོགས་སླད། །ཆོས་ཀྱི་བློ་གྲོས་ཞེས་བྱའི་བན་ཧྲུལ་དེས། །སྨྲས་རིམ་བཞིན་དུ་ཡི་གེར་བཀོད་པ་པོ། །ཚེ་རིང་བཀྲ་ཤིས་ཞེས་བྱས་བྲིས་པའི་དགེས། །མ་གྱུར་འགྲོ་བ་སེམས་ཅན་མ་ལུས་ཀུན། །རྣས་གྲོལ་མཆོག་ལ་རིམ་གྱིས་འགོད་པ་དང་། །ཁམས་གསུམ་སྲིད་པའི་གྲོང་ཁྱེར་སྟོང་བྱས་ཏེ། །རྒྱལ་བའི་དབང་པོའི་གོ་འཕང་ཐོབ་པར་ཤོག། སརྦ་མངྒ་ལཾ། ། ༈ ལྟ་བ་སྐྱོང་ཐབས་བཞུགས་སོ། །དཔལ་ལྡན་བླ་མར་ཕྱག་བཅོལ་ནས། །མ་དག་སེམས་ཅན་ལས་ཉོན་གྱི། །སྦུབས་རྒྱར་འཐུམས་པའི་རང་བཞིན་ལ། །བསམ་ནས་ངེས་འབྱུང་བློ་མཆོག་བསྐྱེད། །འགྲོ་ཀུན་ཕ་མར་ཤེས་པ་ཡིས། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །རང་འདོད་ཕྱོགས་རིས་མེད་པར་བསྒོམས། །འཇིགས་དང་སྙིང་རྗེས་ཀུན་བསླངས་པའི། །སྐྱབས་སུ་འགྲོ་དང་སྡིག་སྒྲིབ་སྦྱངས། །ཚོགས་གཉིས་བསགས་ལ་ནན་ཏན་བྱ། །རྡོ་རྗེའི་ཡེ་ཤེས་འབེབ་པའི་ཕྱིར། །བྱིན་རླབས་བླ་མའི་རྣལ་འབྱོར་ལ། །མོས་གུས་གདུང་བས་གསོལ་བཏབ་ཅིང་། །དབང་བཞི་བླངས་ཏེ་ཐུགས་ཡིད་བསྲེ། །མ་དག་ཐ་མལ་སྣོད་བཅུད་ཀུན། །རྟེན་དང་བརྟེན་པའི་ལྷར་སྦྱངས་ཤིང་། །ཐ་མལ་སྣང་ཞེན་སྤང་བ་དང་། །གྱ་ནོམ་ལྷར་ཞེན་རྟོག་པ་ཡང་། །རྫོགས་རིམ་ཟབ་མོས་ལེགས་སྦྱངས་ནས། །ཞུ་བདེ་མི་རྟོག་ཡེ་ཤེས་བསྐྱེད། །དེ་ལྟར་རིམ་གཉིས་བསྒོམས་པ་ལས། །བྱུང་བའི་ཡེ་ཤེས་ཁྱད་པར་ཅན། །སྐྱེ་ཕྱིར་རྒྱུ་དུས་ལྟ་བ་ལ། །ཐོས་བསམ་སྒྲོ་འདོགས་བཅད་པར་བྱ། །དེ་ཡང་སྣང་གྲགས་ཆོས་རྣམས་ཀུན། །རང་སེམས་དག་དང་མ་དག་གི །རྣམ་འཕྲུལ་ཙམ་དུ་ཤེས་བྱས་ནས། །སེམས་སྣང་དེ་ཡང་སྒྱུ་མ་ལྟར། །རང་བཞིན་བདེན་མེད་གཏན་ལ་ཕབ། །མེད་ཅེས་བྱ་བའང་ཡོད་མིན་ཏེ། །སེམས་ཉིད་རང་བཞིན་གཉུག་མའི་གཤིས། །གསལ་སྟོང་ཟུང་འཇུག་ཚིག་ལས་འདས། །བསམ་བརྗོད་བྲལ་བའི་བློ་འདས་ཆེར། །བསམ་མི་ཁྱབ་པའི་ངང་དེར་བཞག། འཁོར་བ་དང་ནི་མྱ་ངན་འདས། །སོ་སོར་ཡོད་པ་མ་ཡིན་ཏེ། །གདོད་ནས་རང་བཞིན་མཉམ་པ་ཉིད། །ལྷན་སྐྱེས་ཡེ་ཤེས་ངང་དུ་གཅིག། དེ་ལྟའི་ལྟ་བ་མངོན་བྱས་ཏེ། །བསྐྱེད་རྫོགས་ལམ་གྱི་རིམ་པ་ཀུན། །འཁོར་འདས་དབྱེར་མེད་རྒྱ་ཡིས་གདབ། །དེ་ལྟར་བསྒོམས་པས་དཀྱིལ་འཁོར་བཞིར། །འགྲོས་བཞི་ཐིམ་ནས་སྐུ་བཞི་ཡི། །རྡོ་རྗེ་འཛིན་ས་རབ་བརྙེས་ཤིང་། །གཞན་དོན་ཕྲིན་ལས་མཁའ་ཁྱབ་འབྱུང་། །དེ་སྐད་གདམས་པའི་རིམ་པ་ནི། །རྡོར་འཛིན་སྦྱིན་པ་བློ་ལྡན་གྱིས། །བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས། །བླ་མའི་གསུང་བཞིན་བརྗོད་པ་དགེ། །། ༈ཨོཾ་སྭསྟི། སྐྱབས་བླ་མ་རྣམས་ཀྱིས་ཐུགས་རྗེས་ཟུངས། །བདག་འགྲོ་བ་རྣམས་ཀྱི་བློ་སྣ་འདི། །ཐར་དམ་པའི་ཆོས་ལ་བསྒྱུར་དུ་གསོལ། །ཚེ་མི་རྟག་ཆུ་ཡི་ལྦུ་བ་འདྲ། །དུས་ད་ལྟ་ཡོད་ཀྱང་ད་ལྟ་མེད། །དགྲ་གཤིན་རྗེའི་འཇིགས་པ་འོང་རེ་རན། །རྐྱེན་དེས་ན་དམ་པའི་ལྷ་ཆོས་མཛོད། །རྟེན་དལ་འབྱོར་ཐོབ་པ་ད་རེས་ཙམ། །དགོས་མེད་ཀྱི་བྲེལ་སྙིང་མང་པོ་ཡི། །ཚེའི་ལྷག་མ་གར་སོང་ཆ་མེད་ཅིང་། །ཤི་བྲང་ལག་འཐབ་དུས་ཨ་ཙ་མ། །སྐབས་དེ་དུས་འགྱོད་ཀྱང་ཕྱིས་པ་ཡིན། །དུས་མྱུར་བ་མྱུར་བ་དམ་ཆོས་འབུངས། །གྲོགས་ཁྱོད་ལ་བརྩེ་བས་གདམས་པ་ཡི། །གཏན་བདེ་བའི་འདུན་མ་གྲུབ་པར་སྨོན། །ཅེས་པ་འདིའང་རང་སློབ་ཡེ་ན་དགོན་གྱི་བླ་མ་ཤེས་རབ་ཕུན་ཚོགས་ལ་གདམས་པ་ཉུང་བསྡུས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སོ།། །། ༈ ཨ་ཧོ་ཡེ། རྙེད་དཀའི་དལ་འབྱོར་མི་ལུས་རིན་ཆེན་འདི་རྙེད་དུས། །དོན་མེད་སྟོང་ལོག་བྱས་ན་གྱང་ཆེན་ཞིག་འོང་ངོ་། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོ་དེ་རྙེད་དུས། །མཆོད་དང་གསོལ་བཏབ་མ་བྱས་དོན་རེ་ནི་ཆུང་ངོ་། །དེ་ཡང་མི་རྟག་རྩ་རྩེའི་ཟིལ་པ་དང་འདྲ་ལ། །འཆི་བདག་གཤིན་རྗེའི་སུན་མ་ནམ་འོང་ནི་མེད་དོ། །དེ་ལས་བཟློག་པའི་ཐབས་ནི་སྲིད་པ་ཞིག་ཡིན་ན། །ཐམས་ཅད་མཁྱེན་པས་གསུངས་ཀྱང་ཡོད་ཚོད་ནི་མི་འདུག། བཟློག་མེད་ཕོ་ཉས་ཁྲིད་པའི་ཁོ་ཐག་ནི་ཆོད་དོ། །དགེ་སྡིག་ཅི་བྱས་ཆུད་ནི་ཟོས་པ་རུ་མི་འགྱུར། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་ནི་འབྲང་ངོ་། །འབྲང་བ་ཙམ་གྱི་མི་ཆོད་འབྲས་བུ་ནི་སྨིན་ནོ། །ས་བོན་བཏབ་ཙམ་མ་ཡིན་མྱུ་གུ་ནི་འཁྲུང་ངོ་། །དེ་ཡང་སླ་བ་མ་ཡིན་དཀའ་བ་ཞིག་མཆིས་པ། །དུད་འགྲོ་ཡི་སྡུག་བསྔལ་ཆུང་ཤོས་གཅིག་ཤིག་ནི། །རང་ཐོག་ཏུ་ལོན་དང་ཤེས་པ་ཞིག་འོང་ངོ་། །དམྱལ་བ་ཡི་སྡུག་བསྔལ་དོ་ཟླ་ནི་མ་མཆིས། །བཟོད་སྲན་ནི་མེད་དོ་ཚེ་ཚད་ནི་མ་རྫོགས། །འབྲོས་པ་ནི་མེད་དོ་ལས་རླུང་གི་དེད་པས། །རང་དབང་ནི་མེད་དོ་དམྱལ་བ་ཡི་སྲུང་མས། །དབང་མེད་བརྡེག་བཅད་གཏུབ་པའི་གནས་ངན་ལ་སྦྱོར་རོ། །དེས་ན་དེ་འདྲའི་སྡུག་བསྔལ་བཟོད་ཐབས་ནི་མེད་པས། །སྙིང་ནས་ལྷ་ཆོས་བསྒྲུབ་ལ་བརྩོན་པ་ནི་རན་ནོ། །དེ་ཡང་ལེ་ལོ་ཕྱི་གཤོལ་དབང་དུ་ནི་མ་བཏང་། །མྱུར་བ་ཉིད་དུ་འབད་ནས་ཐར་པ་རུ་སྦྱོར་ཅིག། བདེན་པ་བཞི་དང་རྟེན་འབྲེལ་ཟབ་མོ་ཡི་ཆོས་ནི། །ཉོན་མོངས་ཟད་པར་བྱེད་ཅིང་བདེན་འཛིན་ནི་བཟློག་ལ། །བདག་མེད་རྣམ་པ་གཉིས་ལ་གོམས་པ་ཞིག་བྱ་དགོས། །དེ་ཡང་སྐྱབས་གསུམ་དབང་གི་རྒྱལ་པོ་ལ་བརྟེན་ནས། །གཏན་གྱི་སྐྱབས་གནས་གདོན་མི་ཟ་བ་ཞིག་བཞུགས་སོ། །གཞན་ཕན་བྱང་ཆུབ་སེམས་ཀྱི་གོ་ཆ་ཞིག་བགོས་ནས། །ཅི་བྱས་དམ་པའི་ཆོས་སུ་འགྲོ་བ་ཞིག་ཡོད་དོ། །རང་ལུས་རྡོ་རྗེའི་ཕུང་པོའི་གྲོང་ཁྱེར་ནི་ཡིན་པས། །བརྒྱུད་ལྡན་བྱིན་རླབས་ལྡན་པས་སྨིན་པ་ཞིག་བགྱིས་ནས། །བསྐྱེད་རྫོགས་ལམ་གྱི་རིམ་པ་གནད་དུ་ནི་བསྣུན་ན། །སྐུ་བཞིའི་འབྲས་བུ་དེ་ནི་འབྱིན་པ་རུ་འགྱུར་རོ། །དེ་སྐད་ཟབ་མོའི་གདམས་ངག་འདི། །རང་གི་དྲན་པའི་གསོས་སུ་བྲིས། །དགེ་དེས་མཐའ་ཡས་སེམས་ཅན་ཀུན། །སངས་རྒྱས་གོ་འཕང་ཐོབ་པར་ཤོག། ཅེས་པའང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སོ། ། ༈ བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་ཀྱི་གདམས་ངག་རྣམས། །རང་སེམས་འདུལ་བར་གསུང་པའི་ཕྱིར། །མི་ལུས་ཁྱད་འཕགས་ཐོབ་དུས་འདིར། །དོན་མེད་ཆུད་ཟོས་མ་བཏང་ཨང་། །ཁས་བླངས་ཚུལ་ཁྲིམས་གཙང་མར་སྲུང་། །བྱང་ཆུབ་སེམས་ལ་བློ་སྦྱོང་ཞིང་། །ཕྱོགས་རིས་མེད་པའི་སྙིང་རྗེ་བསྒོམ། །བསགས་སྦྱངས་ནན་ཏན་འབད་ཅིག་ཨང་། །བཀའ་དྲིན་ཆེ་བའི་བླ་མ་ལ། །དག་སྣང་མོས་གུས་བསྐྱེད་པ་དང་། །མ་དད་ལོག་ལྟ་སྤང་བྱས་ཏེ། །སྙིང་ནས་གསོལ་བ་ཐོབ་ཅིག་ཨང་། །བསྐྱེད་རྫོགས་ཐུན་བཞིར་བསྒོམ་པ་དང་། །བསྙེན་སྒྲུབ་ཆུ་བོའི་རྒྱུན་བཞིན་བརྩོན། །གཉིས་འཛིན་བྲལ་བའི་ལྟ་བ་ལ། །འཛིན་མེད་རྒྱུན་དུ་བསྒོམ་ཅིག་ཨང་། །ཞལ་གདམས་ཨང་ཡིག་བཞི་པ་འདི། །དད་སློབ་ཀརྨ་ཆོས་མཆོག་ནས། །བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས། །གང་དྲན་ཤར་མར་སྤེལ་བ་དགེ། །། ༈ བླ་མའི་ཞབས་ལ་ཕྱག་འཚལ་ནས། །དལ་འབྱོར་ཐོབ་པའི་དཀའ་ལུགས་ལ། །བསམ་ནས་འཆི་བ་དྲན་པར་མཛོད། །སྲིད་པ་གང་དང་གང་སྐྱེ་ཀྱང་། །སྡུག་བསྔལ་ཁོ་ནའི་རང་བཞིན་ལས། །བདེ་བའི་གོ་སྐབས་མེད་ཤེས་ནས། །ངེས་པར་འབྱུང་བའི་བློ་བསྐྱེད་ཅིང་། །ལས་འབྲས་ནམ་ཡང་མི་བསླུ་བས། །དགེ་སྡིག་བླང་དོར་བྱ་བ་དང་། །སྐྱབས་གནས་བསླུ་མེད་བླ་མ་དང་། །དཀོན་མཆོག་གསུམ་ལ་ཡིད་ཆེས་ཀྱི། །མི་ལྡོག་དད་པ་བརྟན་པོ་མཛོད། །འགྲོ་ཀུན་ཕ་མར་ཤེས་པ་ཡི། །བྱམས་དང་སྙིང་རྗེ་བྱང་སེམས་བསྒོམ། །ཚོགས་བསགས་སྒྲིབ་སྦྱངས་ལ་འབད་ན། །བྱིན་རླབས་ཡེ་ཤེས་རྩོལ་མེད་སྐྱེ། །བླ་མར་མོས་གུས་གནད་དུ་ཆེ། །རིམ་གཉིས་ཟབ་མོ་རྟག་དུ་སྒོམ། །བཟླས་བརྗོད་ཆུ་བོའི་རྒྱུན་ལྟར་འབད། །ཁྱད་པར་སེམས་ཀྱི་ཆོས་ཉིད་ལ། །མ་ཡེང་དྲན་པས་རྟག་ཏུ་བསྐྱངས། །དགེ་བ་འགྲོ་བའི་དོན་དུ་བསྔོ། །དེ་ལྟར་བྱས་ན་དོན་ཡོད་འགྱུར། །ཅེས་པའང་ཆོས་ཀྱི་བློ་གྲོས་པས་སོ།། །། ༈ ལོག་ལྟའི་སྨག་འབྱིན་མུན་སེལ་ཉི་མ་བཞུགས་སོ། །སྲིད་པའི་དྲྭ་བ་བྲལ་མཛད་ཅིང་། །ཉེས་བརྒྱའི་ཚངས་ཚིངས་བསྲེག་མཛད་པ། །བློ་གཏེར་རྡོ་རྗེ་རྣོན་པོ་ཡི། །ཞབས་ལ་བཏུད་ནས་འདི་བརྗོད་བྱ། །སྲིད་པའི་མུན་པས་ཁེབས་པ་ཡི། །ལོག་ལྟ་རྒྱུད་ལྡན་གང་ཟག་གིས། །ཆོས་ལ་སྡང་བའི་ཅ་ཅོ་ནི། །རྣམ་པར་སྤེལ་བ་དོན་རེ་ཆུང་། །རང་ལྟ་མཆོག་ཏུ་འཛིན་པ་ནི། །སྒོམ་སྤང་སྒྲིབ་པའི་དབྱེ་གཞི་ཡིན། །ཡང་དག་ལྟ་བ་ལྡན་གྱུར་ན། །ཆགས་སྡང་མདུད་པ་རང་སར་གྲོལ། །སྤྲོས་པའི་གཟེབ་ཏུ་འཆིང་བ་མེད། །མགོན་པོ་ཀླུ་སྒྲུབ་ཡབ་སྲས་ཀྱིས། །སྟོང་དང་མི་སྟོང་ལ་སོགས་ཀུན། །སྨྲ་བའང་སྤྲོས་མཐའ་ཡིན་གསུངས་ན། །གསར་རྙིང་ཆོས་དང་གང་ཟག་ལ། །བཟང་ངན་འབྱེད་ཅིང་རང་ཕྱོགས་བསྟོད། །གཞན་ཕྱོགས་སྨད་ལ་ཞུགས་པ་ནི། །སྐྱེ་བོ་ངན་པའི་ལུགས་སྲོལ་ཡིན། །འཇམ་མགོན་རྒྱལ་བ་གཉིས་པ་ནི། །བློ་བཟང་གྲགས་པའི་དཔལ་འབར་བ། །མཉམ་མེད་ཇོ་བོ་ཡབ་སྲས་ཀྱི། །བརྒྱུད་པའི་བཀའ་སྲོལ་འཛིན་པ་ཡིན། །ལྟ་སྤྱོད་རྣམ་དག་ཟུང་འབྲེལ་གྱི། །རྣམ་ཐར་གཙང་མ་བདག་གིར་བཞེས། །ཐུབ་གསུང་གདམས་པར་ཤར་བ་དང་། །བསྟན་པ་འགལ་མེད་ལེགས་རྟོགས་ཤིང་། །ཀུན་ལ་སྙོམས་ཤིང་བྱམས་པ་འདིས། །བརྒྱུད་པ་དེ་ཡི་ཕྱག་བཞེས་ཡིན། །རང་ཉིད་དེ་ཡི་སྒོར་ཞུགས་ཏེ། །དེ་དང་འགལ་ཟླར་བསྒྲུབ་པ་ནི། །བསྟན་པ་དེ་ལ་རྨ་འབྱིན་ནོ། །ཨོ་རྒྱན་པདྨ་འབྱུང་གནས་དང་། །ལྷ་གཅིག་དི་པཾ་ཀ་ར་གཉིས། །ཐུགས་བརྒྱུད་གཅིག་པ་ཡིན་པར་ནི། །བཀའ་གདམས་གླེགས་བམ་ལས་གསལ་ཞིང་། །བདག་ཉིད་ཆེན་པོ་ཙོང་ཁ་པའི། །བླ་མ་ལས་ཀྱི་རྡོ་རྗེ་ཡི། །ཕྱག་རྡོར་སྙན་བརྒྱུད་ཆེན་པོ་དང་། །ཞུས་ལན་བདུད་རྩི་སྨན་མཆོག་སོགས། །ཕྱག་རྫོགས་དགོངས་པའི་དོན་དང་མཐུན། །པཎ་ཆེན་བློ་བཟང་ཆོས་རྒྱན་དང་། །ངག་དབང་བློ་བཟང་རྒྱ་མཚོ་སོགས། །རྙིང་མའི་ཟབ་ཆོས་ཐུགས་ཉམས་བཞེས། །གཞན་ཡང་མཁས་གྲུབ་ཆེ་རྣམས་ཀྱིས། །སྔ་འགྱུར་བཀའ་གཏེར་ཆོས་མཛོད་རྣམས། །གསན་བཞེས་མཛད་ཅིང་འགྲོ་དོན་སྤེལ། །རྟ་མགྲིན་ཡང་གསང་ཁྲོས་པ་དང་། །སྐྱེར་སྒངས་དག་སྣང་རྟ་མགྲིན་སོགས། །གཏེར་ཆོས་དགེ་ལྡན་པ་རྣམས་ཀྱིས། །ཐུགས་དམ་གསང་བའི་མཐིལ་དུ་མཛད། །དེ་སོགས་ལོ་རྒྱུས་ཁུང་མ་དང་། །འཐད་ལྡན་ལུང་དང་རིགས་པ་མང་། །དེ་ཕྱིར་སྔ་འགྱུར་མཆོག་བསྟན་དང་། །ཟབ་མོའི་ཆོས་དང་གང་ཟག་ལ། །སྡང་ག་ནམ་ཡང་མ་མཛད་ཅིག། རང་གི་གྲུབ་མཐའི་ཆེ་བ་ཙམ། །བརྗོད་ལ་སུས་ཀྱང་བཀག་པ་མེད། །སྙིང་ནས་རང་ཉིད་སྡང་བ་དང་། །གཞན་དག་དེ་རྗེས་ཁྲིད་པ་རྣམས། །ལོག་པའི་ལམ་ཞུགས་དད་པ་ལྡོག། །སྡིག་པའི་ཕུང་པོ་ཤིན་ཏུ་ལྕི། །ངན་སོང་དམྱལ་བའི་རྒྱུར་བྱེད་པས། །དེ་ལ་བག་ཡོད་མཛད་པར་རིགས། །དམ་པར་ཕལ་ཆེའི་གང་ཟག་གིས། །དམ་པའི་སྤྱོད་དང་མཐུན་པ་ཡིས། །གཞན་ཕན་ལྷག་བསམ་རྨད་བྱུང་གིས། །བསྟན་འགྲོར་ཕན་བདེ་སྒྲུབ་པར་རིགས། །གསུང་རབ་རྡོ་ལ་བསྐོར་བ་དང་། །སཱཙྪ་ཇོ་དར་རླུང་འཁོར་རྣམས། །རླུང་གིས་རྫི་ཕྱོགས་ཕོགས་པ་ཡིས། །ཐར་པའི་ས་བོན་ཐེབས་པར་འགྱུར། །དགེ་ཆོས་དེ་འདྲ་བཀག་མ་བྱེད། །སྨན་མདོ་སྦྱང་རྒྱུད་ལ་སོགས་ནས། །གསལ་བར་བསྟན་པའི་ཞེ་དགུ་ཡིས། །བདུན་ཚིག་ཆོ་ག་ལ་སོགས་དང་། །ཨོ་རྒྱན་གུ་རུའི་རྣམ་པར་ཐར། །པདྨ་བཀའ་ཡི་ཐང་ཡིག་དང་། །བླ་མའི་གསང་སྔགས་སིདྡྷི་དང་། །ཞི་ཁྲོ་ལ་སོགས་འགོག་བྱེད་ན། །རང་གི་རྩ་བའི་བླ་མ་ཡི། །ཐུགས་དམ་རྒྱུད་བསྐུལ་མཚན་སྔགས་དང་། །གསང་བ་འདུས་པ་ལས་བྱུང་བའི། །དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱང་། །འདོན་བསྒོམ་བཟླས་སོགས་མི་རུང་པའི། །གནོད་པ་ངེས་པར་འབབ་པས་ན། །དེ་ཕྱིར་སྒོ་གསུམ་བག་ཡོད་མཛོད། །སྡེ་དགོན་སྦྱིན་བདག་སོ་སོ་ཡི། །གནའ་བོའི་ལུགས་སྲོལ་ཇི་ཡོད་ཀྱིས། །འདོན་སྒྲུབ་མཆོད་བསྟོད་བྱ་རྒྱུ་རྣམས། །སྔོན་གྱི་ལུགས་བཞིན་བྱེད་གྱུར་ན། །ཤིན་ཏུ་དགེ་ཞིང་བཀྲ་ཤིས་འཕེལ། །ཁ་མཁས་ཅོལ་ཆུང་རྗེས་འབྲངས་ནས། །སྔར་ཡོད་བསྐྱུར་ཏེ་གསར་ངས་ཀྱི། །བྱ་བྱེད་མང་པོ་འཕེལ་གྱུར་ན། །འཇིག་རྟེན་མི་བདེའི་རྩ་བ་བྱེད། །དེང་སང་བསྟན་པ་མར་འགྲིབ་ཅིང་། །སྙིགས་མའི་རྩོད་པ་བྱས་པའི་དུས། །གྲུབ་མཐའི་ཆགས་སྡང་རྩོད་པ་ཡི། །ཅི་ཞིག་ཕན་ཏེ་དགོས་པ་ཆུང་། །དེ་བས་དབུ་མའི་དབྱིངས་སུ་བཞུགས། །འདིར་དགེས་སྐྱེ་འགྲོ་མ་ལུས་ཀུན། །ངེས་འབྱུང་བྱང་སེམས་རྒྱུད་ལ་སྐྱེ། །ཡང་དག་ལྟ་བའི་འབྱོར་པ་འཕེལ། །ཚོགས་གཉིས་རྫོགས་ཤིང་སྒྲིབ་དག་ནས། །སྐུ་གཉིས་གོ་འཕང་མྱུར་ཐོབ་ཤོག། ཅེས་པའང་རྒྱལ་བའི་བསྟན་པ་མཐའ་དག་ལ་དད་པ་ཐོབ་ཅིང་ཆོས་མེད་ཀྱི་སྙོམས་ལས་དྲེག་པ་རྒྱལ་ཁམས་པ་ཞིག་གིས་སྤྲིང་བ་འདིས་ཀྱང་འཇིག་རྟེན་ན་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །སརྦ་མངྒ་ལཾ།། །། ༈ གདམས་པའི་རིམ་པ་གཞན་གསོས་མགྲིན་གླུ་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། ཕ་རིགས་ཀུན་འདུས་ཞལ་བླ་མ་རྗེ། །བུ་བདག་གི་སྤྱི་བོའི་རྒྱན་དུ་བཞུགས། །གྲོགས་ཁྱོད་ཀྱིས་གསུང་གི་བསྐུལ་བ་ལས། །མི་བདག་ལ་ཡོན་ཏན་མེད་ངེས་ཀྱང་། །ཆོས་ཐོས་པའི་བག་ཆགས་ཕྲན་བུ་ལས། །ཚིག་ཉུང་ངུས་གདམས་པ་འདི་འབུལ་ལོ། །གནས་ཁམས་གསུམ་རིགས་དྲུག་གར་སྐྱེས་ཀྱང་། །རྒྱུ་སྡུག་བསྔལ་འབྲས་བུ་ཁོ་ན་ལས། །གཏན་བདེ་བའི་འབྲས་བུ་མེད་པས་ན། །ཡིད་འཁོར་བ་འདི་ལས་ངེས་འབྱུང་མཛོད། །ཚེ་མི་རྟག་ནམ་མཁའི་སྤྲིན་དང་འདྲ། །འདུས་བྱས་ཚད་མི་རྟག་མྱུར་དུ་འཇིག། དགྲ་འཆི་བདག་ནམ་འོང་ཆ་མེད་པས། །གྲོགས་ཁྱེད་ཉིད་གཡེང་བའི་ངང་མ་ཤོར། །རྒྱུ་དཀར་ནག་ལས་ནི་ཅི་བསགས་པ། །དུས་བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ལས་བྱས་པ་རང་གི་སྟེང་སྨིན་པས། །བུ་དགེ་སྡིག་སྤང་བླང་ཞིབ་པར་གཅེས། །རྟེན་དལ་དང་འབྱོར་པའི་འབྲས་བཟང་འདི། །སྔོན་སྨོན་ལམ་བཟང་པོའི་དུས་སྨིན་པས། །ཚེ་འདི་ལ་ཐོབ་པའི་དོན་མེད་དུ། །ཆུད་ཟོས་པར་མ་བྱེད་སྙིང་པོ་ལོངས། །དུས་འདི་དང་ཕྱི་མ་ཐམས་ཅད་དུ། །སྐྱབས་མི་བསླུ་ངེས་པ་དཀོན་མཆོག་གསུམ། །བུ་དེ་ལ་འདུན་པ་རྩེ་གཅིག་གཏོད། །དུས་ནམ་ཡང་བསླུ་བ་མེད་དོ་ཨང་། །རང་ཐར་པ་འདོད་པའི་བློ་ངན་དེ། །རྒྱང་རིང་དུ་བསྐྱུར་ལ་གཞན་ཕན་གྱི། །སེམས་བཟང་པོ་ལྷག་པའི་བསམ་པ་དེ། །ཕྱོགས་རིས་སུ་མ་བཅད་སྙོམས་པར་བསྐྱེད། །ཚེ་ཐོག་མེད་ནས་བསགས་སྡིག་ལྟུང་གི །གཞི་བདེ་གཤེགས་སྙིང་པོའི་རང་ཞལ་སྒྲིབ། །ངོ་མཐོང་དུ་མི་སྟེར་བར་དུ་གཅོད། །དེ་སྟོབས་བཞིའི་གནད་ཀྱིས་ཕྱི་བར་མཛོད། །རིགས་རྒྱས་པར་འགྱུར་བའི་མཐུན་པའི་རྐྱེན། །ཚོགས་དམིགས་བཅས་དམིགས་མེད་ཟུང་འཇུག་ཏུ། །ཐབས་མཁས་ཀྱི་སྤྱོད་པ་བརླབ་པོ་ཆེ། །དུས་བསྐལ་པ་སྐད་ཅིག་ལ་འདུམས་མཛོད། །གཞི་སྨིན་པར་བྱེད་པའི་དབང་མནོས་ནས། །ལམ་གྲོལ་བྱེད་བསྐྱེད་རྫོགས་ཟབ་མོ་ལ། །ཆེས་འབད་པ་དྲག་པོས་བརྩོན་བྱས་ནས། །མཆོག་ཐུན་མོང་དངོས་གྲུབ་བརྙེས་པར་མཛོད། །གྲོགས་དམ་ཚིག་གཙང་མའི་ས་གཞི་ལ། །སྔགས་འབྲས་བུའི་སྙེ་མ་ལེགས་པར་འཁྲུངས། །རང་སེམས་ལ་ནག་ནོག་མེད་པ་ཡི། །ཐུགས་ཤེལ་དཀར་བུམ་པ་དྲི་མེད་མཛོད། །ཕ་ཀུན་བཟང་བླ་མ་རྡོ་རྗེ་འཆང་། །གྲོགས་ཁྱེད་ཀྱི་སྙིང་དང་སྤྱི་གཙུག་ལ། །དུས་སྐད་ཅིག་ཙམ་ཡང་མི་འབྲལ་བར། །སྙིང་རུས་པའི་གཏིང་ནས་གསོལ་འདེབས་ཞུ། །ཅིར་སྣང་ཀུན་བླ་མའི་རོལ་པར་ཤར། །སྒྲ་གྲགས་ཚད་དཔལ་ལྡན་བླ་མའི་གསུང་། །ཡིད་འགྱུར་རྟོག་བླ་མའི་ཐུགས་སུ་ཤར། །སྐྱབས་བླ་མའི་ལམ་ཁྱེར་བསྒོམ་པར་ཞུ། །སེམས་མ་རིག་འཁྲུལ་པའི་རྫུན་ཕུགས་གཏིབ། །གཞི་ལྟ་བ་ཀ་དག་སྤྲོས་བྲལ་ཆེ། །ཡེ་གདོད་མའི་སྟོང་ཆེན་ནང་གསལ་ཆེར། །མཐར་འཛིན་གྱི་སྒྲོ་འདོགས་ཆོད་པར་མཛོད། །ལམ་བསྒོམ་པས་ཉམས་སུ་བླངས་བ་ན། །སེམས་འདུ་བྱེད་ཀྱི་དྲན་འཛིན་རྟོད་ཕུར་ཕྱུངས། །མ་ཡེངས་ཀློང་ཡངས་མ་བཅོས་ངང་ལྡན་པས། །གཤིས་རང་བབས་ངང་ལ་ཆམ་མེར་ཞོག། འཁོར་འདས་ཀྱི་སྣང་གྲགས་དྲན་རྟོག་ཀུན། །གཞི་ཐུགས་རྗེའི་རྩལ་ལས་མདངས་ཤར་བས། །ཤར་དེ་ལ་དགག་སྒྲུབ་ཀུན་བསྐྱུར་ལ། །སྤྱོད་པ་ཀུན་རང་གྲོལ་ཆེན་པོར་ཐོངས། །དོན་ཆོས་ཉིད་རིག་པའི་ངང་དེ་རུ། །བཅས་བཅོས་དང་སྤྲོ་བསྡུ་མི་བྱེད་ཅིང་། །ཡེངས་པ་དང་ཕྱལ་བར་མ་ཤོར་བར། །རིག་ཆ་ལ་གསལ་དྭངས་ཕྱེད་པར་ཞོག། དེས་ཤེས་རབ་རང་བྱུང་སྒྲོན་མེ་འབར། །དེ་འབར་བས་ཆོས་ཀྱི་གཏེར་མཛོད་བརྡོལ། །བསྒོམ་བྱུང་གི་ཤེས་རབ་ཉ་རྒྱས་ནས། །ཆེས་འཕགས་པའི་བདེན་པ་མངོན་སུམ་མཐོང་། །ཆོས་རྫོགས་ཆེན་ལམ་གྱི་ཐུན་མིན་གནད། །གཞི་ལྷུན་རྫོགས་འོད་གསལ་ཆེན་པོ་དེ། །རྗེན་ཅེར་དུ་ལམ་གྱིས་སྣང་བར་འདྲེན། །རྩལ་རྫོགས་ནས་དབྱིངས་སུ་ཟད་སར་སྐྱེལ། །འཕོ་ཆེན་གྱི་སྐུ་མཆོག་བརྙེས་པ་དང་། །ནང་དབྱིངས་སུ་ཐིམ་ལ་མ་རྨུགས་ཤིང་། །ཕྱིར་གསལ་གྱི་སྐུ་དང་ཡེ་ཤེས་དང་། །ཡོན་ཏན་དང་མཛད་པ་མཐའ་ཡས་པའི། །དཔལ་བཟང་པོས་བརྒྱན་པའི་འབྲས་ཐོབ་འགྱུར། །ཚིག་དེ་སྐད་ཉུང་ངུར་གདམས་པ་འདི། །གྲོགས་ཁྱེད་ཀྱི་གསུང་ནན་མ་ལྡོག་པས། །རང་རྒྱུད་ལ་མྱོང་བ་མ་མཆིས་ཀྱང་། །ཕ་རིག་འཛིན་བརྒྱུད་པའི་གསུང་བཞིན་དུ། །མི་མདོ་མེད་སྤྲང་ཕྲུག་བློ་གྲོས་པས། །ཀུན་རྟོགས་ཀྱི་ངོས་སུ་འཆར་བ་རྣམས། །བྲིས་འདི་ཡི་དགེ་བས་བདག་གཞན་རྣམས། །ཕྱམ་གཅིག་ཏུ་ཀུན་བཟང་སར་འགོད་ཤོག། སརྦ་དཱ་མངྒ་ལཾ།། །།རང་བྱུང་རིག་པའི་ངང་དེ་ལ། །གཟུང་འཛིན་དྲི་མས་མ་སླད་པ། །མ་བཅོས་ལྷུག་པར་བཞག་པ་དེ། །སངས་རྒྱས་ཆོས་སྐུའི་དགོངས་པའོ། །གྲགས་བླ་བྱམས་པས་ཞུས་ངོར་མཁྱེན་སྤྲུལ་པས་སོ། །དགེའོ།། །། ༈ རང་ལྟོས་ཀྱི་སློབ་བུའི་ཚོགས་ལ་འཕྲིན་དུ་གསོལ་བ་རབ་རིབ་མུན་སེལ་ཅེས་བྱ་བ་བི་ཛ་ཧ་རཾ། །བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཨོཾ་སྭསྟི། །བདག་བློ་དམ་པའི་དེད་དཔོན་གྱིས་བཟུང་ཞིང་། །རྣམ་དཀར་དགེ་བའི་གྲུ་གཟིངས་ལ་བརྟེན་ཏེ། །དད་བརྩོན་ཤེས་རབ་བ་དན་དཀར་པོ་ཡི། །རྣམ་གྲོལ་གླིང་དུ་སྤྱོད་པར་དམ་བཅས་ཤིང་། ༡། ཕུན་ཚོགས་འབྱོར་པའི་རིན་ཆེན་རྟེན་བཟང་པོ། །ལྷག་པའི་ཚུལ་ཁྲིམས་གསེར་གྱི་ས་གཞི་ལ། །ལྷག་པའི་ཏིང་འཛིན་དཔག་བསམ་ལྗོན་པའི་རྩེར། །ལྷག་པའི་ཤེས་རབ་འབྲས་བཟང་མཚར་དུ་སྡུག༢། ཀུན་མཁྱེན་ཉི་མའི་གཉེན་གྱི་བསྟན་པ་ལ། །གཅིག་ཏུ་སེམས་པའི་དམ་བཅའི་རི་མོ་འདི། །རྡོ་བར་བྲིས་བཞིན་མཐར་ཐུག་སྙིང་པོའི་བར། །ཡིད་ཀྱི་ཐིག་ལེར་དབྱེར་མེད་རོ་གཅིག་འདྲེས། ༣། འཇམ་མགོན་དགྱེས་པའི་མཚན་སྙན་དྲི་བཞོན་གྱིས། །རེག་པས་མཐོང་བ་དོན་ལྡན་གྲགས་མོད་ཀྱང་། །ཀུན་མཁྱེན་ཆེ་དེ་གཙུག་གི་རྒྱན་བསྙེན་ནས། །དེ་ཡི་ཕྲིན་ལས་ནམ་མཁའི་མཐའ་ཁྱབ་སྤེལ། ༤། དགོས་འབྱུང་བསམ་འཕེལ་རྒྱལ་མཚན་རྩེར་མཆོད་དེ། །འགྲོ་སེམས་མཆོག་ཕལ་སུ་ཡིས་གསོལ་བཏབ་ཀྱང་། །དེ་ལ་འདོད་རྒུའི་དངོས་གྲུབ་སྟེར་བ་བཞིན། །མཁྱེན་བརྩེའི་ཡེ་ཤེས་བྱིན་རླབས་ཆ་ཤས་དཔོག༥། དེ་ཡི་དྲིན་གྱིས་དལ་བའི་རྟེན་མཆོག་འདིར། །ཀུན་རྟོག་རྙོགས་པའི་གཞན་དབང་བཙན་པོ་ཡི། །མཐའ་གཅིག་དཀར་པོའི་སྣང་བས་དབེན་གྱུར་ཀྱང་། །ཕལ་ཆེར་བསམ་སྦྱོར་དག་པས་ཁྱབ་པར་གྱུར། ༦། ད་ནི་མི་ཚེ་ཉི་མ་ནུབ་རིའི་ཕག། ཡོལ་བའི་སྔ་ལྟས་ཤིན་ཏུ་གསལ་བ་དང་། །གཤིན་རྗེའི་ལམ་དུ་མྱུར་བར་ཆས་པ་ཡི། །བདོག་པའི་སྟ་གོན་དག་ཀྱང་ཉེ་བར་མཐོང་། ༧། དེ་ལ་ཉེར་བཟློག་སྒྱུ་མའི་རིག་སྔགས་ཀྱི། །ཐབས་ཚུལ་སྒྱུ་འཕྲུལ་སོ་གའི་མེ་ཏོག་ནི། །རྣམ་མང་ལྷ་ཡི་དགའ་ཚལ་བཀྲག་གྱུར་ཡང་། །སྨན་བྱེད་སྲོག་གི་བདུད་རྩིའི་ཟིལ་ཐིག་ཕྲ། ༨། ཨེ་ཝྃ་ཕྱག་རྒྱས་སྡོམ་པའི་རྡོ་རྗེ་ཅན། །གང་གི་ཏནྟྲ་རྒྱ་མཚོའི་ཡང་སྙིང་ནི། །རྣལ་འབྱོར་ཆེན་པོ་བླ་ན་མེད་པ་ལས། །ཕྱག་རྒྱ་རྣམ་བཞིར་ཉེར་བསྟེན་གསེང་ལམ་ཆེ། ༩། དམན་འབྲིང་བློ་ཅན་ཕལ་གྱིས་སྤྱོད་པ་ན། །སྦྲུལ་གདུག་མགོ་ཡི་ནོར་བུ་བླངས་པ་བཞིན། །ཁེ་ཉེན་ཆེན་པོས་ལོག་པར་ལྟུང་སྲིད་ཀྱང་། །བློ་ཆེན་འགའ་ལ་དེར་ཐོབ་ཉེ་བར་འཚེངས། ༡༠། མཆོག་ཏུ་སྦས་པའི་ངོ་མཚར་སྒྱུ་མ་ནི། །བདེ་ཆེན་ཡེ་ཤེས་དྷཱ་ཀི་ནི་གུའི་གཟུགས། །རྣམ་བཅས་བདེ་བའི་པདྨོ་འཛུམ་པ་དེས། །རྣམ་མེད་ཡེ་ཤེས་གྲུབ་པའི་ས་ལ་སྦྱོར། ༡༡། དེ་ཕྱིར་སྟོན་པས་རབ་བསྔགས་ཉེ་ལམ་འདིར། །འཇུག་པའི་སྤོབས་པ་བ་ཐག་ལྟར་ཕྲ་ཡང་། །རྣལ་འབྱོར་མོས་པ་ལམ་དུ་བྱེད་པ་ཡི། །ཀུན་བཟང་བདེ་སྟོང་རོལ་པའི་གར་གྱིས་རྩེན། ༡༢། དེ་ཡི་སྟོབས་ཀྱི་དཔུང་ཤུགས་བཙན་པོ་དེས། །འཆི་བདུད་རྟོག་པ་རིང་དུ་བསྐྲད་བྱས་ཏེ། །འཆི་མེད་གཉུག་མའི་གར་མཁན་དཔའ་བོ་ཆེས། །བརྟུལ་ཞུགས་མཆོག་ལ་ཉེ་བར་འདུན་ཅིང་སྨོན། ༡༣། སྲིད་པའི་གྲོང་ཁྱེར་སྒྱུ་མའི་གར་མཁན་བཞིན། །སྣང་སེམས་དབྱེར་མེད་རོ་གཅིག་འདྲེས་པ་ལས། །ཕྱོགས་ལས་རྣམ་རྒྱལ་འཇིགས་མེད་བློ་གྲོས་ཀྱི། །གཞན་ཕན་བསམ་པ་གསེར་ཞུན་ལྟར་སྤྱོད་ལ། ༡༤། གལ་ཏེ་རང་འདོད་སྲེད་པའི་འཆིང་ཐག་གིས། །དམ་པོར་སྡོམ་པའི་སེམས་ངན་དབང་ཡིན་ན། །ལྷ་དང་བླ་མས་ཀྱང་ནི་ཐུགས་ཁྲེལ་ཞིང་། །རྡོ་རྗེ་ཅན་གྱིས་བདག་གི་མགོ་བོ་འགེམ། ༡༥། རང་གི་སེམས་ལ་ཟོལ་ཟོག་མ་མཆིས་ཤིང་། །རྒྱལ་བའི་བསྟན་དང་འགྲོ་ལ་བདེ་སྐྱིད་ཀྱི། །ངེས་སེམས་དང་ལྡན་འཇམ་མགོན་བླ་མ་རྗེའི། །ཐུན་མོང་ཐུན་མིན་བསྟན་པ་སྲིད་མཐའི་བར། ༡༦། སྤེལ་བའི་གཡར་དམ་ཟླ་ཞུན་ཐགས་བཏག་གི །སྒོ་གསུམ་དར་ཡུགས་སྟོང་ཆེན་ཁྱབ་པ་འདི། །ཉེས་པའི་དྲི་མས་ནོངས་པ་མ་གྱུར་ན། །སྲས་བཅས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་འབུལ། ༡༧། དེ་ལྟར་བདག་གི་སྤྱོད་པ་འདི་འདྲ་བར། །ཀུན་རྟོག་རླུང་དམར་དྲག་པོ་རྒོད་རྣམས་ཀྱིས། །འཕྱ་དང་གླིང་གཞིའི་ཡ་ག་སྒྲོགས་བྱེད་ཀྱང་། །བདག་སེམས་ཀུ་ཤའི་རྩེ་ཙམ་གཡོ་རེ་ཀན། ༡༨། གང་ཞིག་འདྲེན་བྱེད་འཁྲུལ་པར་ཞུགས་རྣམས་ཀྱིས། །ཡང་དག་དངོས་ལ་ལོག་འཛིན་ཞུགས་པ་ལྟར། །སྐྱོན་ཟད་ཡོན་ཏན་རྫོགས་པའི་རྒྱལ་བ་ལའང་། །སྐྱོན་དུ་མཐོང་ན་བདག་འདྲ་སྨོས་ཅི་ཞིག༡༩། མདོ་རྒྱུད་རྣམས་ནས་བླ་མར་བསྟེན་ཕྱིན་ནས། །གུས་པས་མཆོད་དང་ཅི་མཛད་ཚད་མར་བལྟ། །རྒྱལ་བ་དང་འདྲར་དད་གསུམ་སེམས་ཀྱིས་འདུད། །དེ་ལ་མཆོག་དངོས་ལག་མཐིལ་གཏེར་བཞིན་གསུངས། ༢༠། ཟབ་རྒྱས་ཆོས་ཀྱི་འབྲེལ་བས་བསྲུངས་རྣམས་ཀྱིས། །ལོག་པར་བལྟས་ན་ས་སྤྱོད་བསྟི་གནས་ཆེར། །འཚིགས་པར་དོགས་པའི་སྡུག་བསྔལ་མི་བཟོད་པས། །བརྩེ་བའི་སེམས་ཀྱིས་རབ་ཏུ་སྤྲིངས་པ་འདིས། ༢༡། ཐར་པའི་མིག་གི་རབ་རིབ་རྣམས་སེལ་ཞིང་། །ཡང་དག་ལེགས་པར་མཐོང་བའི་སྤྱན་སྟོང་བཀྲ། །གསང་གསུམ་བྱིན་རླབས་རྒྱུད་ལ་འཇུག་པ་དང་། །ཉམས་རྟོགས་ཡོན་ཏན་གོང་ནས་གོང་འཕེལ་ཤོག༢༢། བདག་རྗེས་སློབ་རྣམས་འཆོལ་བར་མི་སྤྱོད་ཅིང་། །ཉེས་ལྟུང་སྡོམ་པའི་ཚུལ་ཁྲིམས་ལ་བརྩོན་ཏེ། །ཐུབ་པའི་རིང་ལུགས་གཙང་མར་སྤྱོད་པ་དང་། །ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་གྱུར་ཅིག༢༣། རྩ་གསུམ་རྒྱ་མཚོའི་མཐུ་བྱིན་རབ་ཞུགས་ནས། །ལྷ་མིན་སྡེར་བཅས་དཔུང་ཚོགས་དྲེགས་ལྡན་རྣམས། །འཁོར་ལོ་རྡོ་རྗེ་འབར་བའི་མཚོན་རྣོན་པོས། །མིང་གི་ལྷག་མ་ཙམ་དུ་བགྱིད་གྱུར་ཅིག༢༤། བདག་ཀྱང་འཆི་མེད་རྡོ་རྗེའི་དཔལ་ལ་སྤྱོད། །རྒྱལ་ཁམས་ཀུན་ཏུ་དུས་ཀྱི་རྒུད་པ་ཞི། །རྫོགས་ལྡན་གསར་པའི་དགའ་སྟོན་དར་བབས་ཤིང་། །བསྟན་དང་བསྟན་འཛིན་དར་ཞིང་རྒྱས་པར་ཤོག༢༥། དེ་སྐད་དྲང་པོར་སྨྲ་བའི་བློ་ཅན་ནི། །འཇམ་དབྱངས་ཕྱག་གིས་ཅོ་ཏོ་ནས་བཟུང་བའི། །ཆོས་ཀྱི་བློ་གྲོས་ཞེས་བྱའི་བན་ཧྲུལ་དེས། །བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་ཆེ། ༢༦། མཁས་གྲུབ་རྒྱ་མཚོ་འདུ་བའི་བསྟི་གནས་སུ། །དུས་ཀྱི་དགེ་མཚན་ཕུན་སུམ་ཚོགས་བའི་ཆར། །བཀྲ་ཤིས་དཔལ་ཡོན་བརྒྱ་ཕྲག་འཆར་བ་ན། །བྲིས་འདིས་དག་པའི་སྣང་བ་རྒྱས་གྱུར་ཅིག། །སརྦ་དཱ་མངྒ་ལཾ། ཤུ་བྷཾ།། །། ༈ རང་ཅག་དཔོན་སློབ་དབང་ཆོས་ཀྱི་འབྲེལ་བརྒྱ་ཆེ་བས་ལོག་ལྟ་དང་བརྙས་སེམས་བགྱིས་ན་འདི་ཕྱི་ཀུན་དུ་ཉེས་དམིགས་ཆེ་ཞིང་རྣམ་སྨིན་རྩུབ་མོ་མྱོང་བར་འགྱུར་ཏེ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བཅོམ་ལྡན་འདས་གང་དག་སློབ་དཔོན་ལ་བརྙས་པར་བགྱིད་པ་དེ་དག་གི་རྣམ་པར་སྨིན་པ་ཇི་ལྟ་བུ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ལྷ་དང་བཅས་པའི་འཇིག་རྟེན་སྐྲག་པར་འགྱུར་གྱིས་དེ་སྐད་མ་སྨྲ་ཞིག། གསང་བའི་བདག་པོ། འོ་ན་ཅུང་ཞིག་བརྗོད་པར་བྱའོ། །དཔའ་བོ་བསྒྲིམ་ཏེ་ཉོན་ཅིག། མཚམས་མེད་ལ་སོགས་མི་བཟད་པ། །དམྱལ་བ་གང་དག་ངས་བཤད་པ། །དེ་རྣམས་ཀྱི་ནི་གནས་སུ་བརྗོད། །དེར་ནི་བསྐལ་པ་མཐའ་ཡས་སོ། །དེ་ལྟ་བས་ན་རྣམ་ཀུན་ཏུ། །དེ་ལ་ནམ་ཡང་བརྙས་མི་བྱ། །ཞེས་དང་། བླ་མ་ལྔ་བཅུ་པ་ལས་ཀྱང་། །སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་མཛེ་དང་ནད་རྣམས་དང་། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྤྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ། །ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་ཏུ་སེམས་དཀྲུག་མི་བྱ་སྟེ། །གལ་ཏེ་རྨོངས་པས་བྱས་གྱུར་ན། །དམྱལ་བར་ངེས་པར་འཆོམ་པར་འགྱུར། །མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཅེས་དང་། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་འཇམ་དཔལ་ཞལ་ལུང་ལས། །མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང་། །ཞེས་དང་། སྤྱོད་འཇུག་ལས། །གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་བའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། ཞེས་སོགས་མདོ་རྒྱུད་ཀུན་ནས་ཉེས་དམིགས་རྒྱ་ཆེར་གསུང་བ་ལ་བདག་ལེགས་སུ་འདོད་པ་རྣམས་ཀྱི་སྤང་བླང་ཚུལ་བཞིན་ཏུ་མཛད་པར་རིགས་སོ། །གཞན་ཕན་ལྷག་བསམ་གངས་རི་ལྟར་དཀར་བས། །རིང་འཚོའི་ཐབས་ལ་འབད་འདིར་དོན་ལྡན་ན། །བླ་མ་མཆོག་གསུམ་རྒྱལ་བ་སྲས་བཅས་ཀྱི། །དགེ་ལེགས་ཤིས་པའི་མེ་ཏོག་དེང་འདིར་སྩོལ། །བླ་སློབ་མི་འབྲལ་དམ་ཚིག་སེལ་མེད་ཅིང་། །བྱང་ཆུབ་སྙིང་པོའི་བར་དུ་འགྲོགས་གྱུར་ཏེ། །འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ། །སྟོན་འཁོར་དགོངས་པ་དབྱེར་མེད་འགྱུར་བར་ཤོག། །། ༈ཀྱེ་མ། །མ་དུལ་གཡོ་སྒྱུའི་སེམས་ལྡན་འགའ། །ཁ་ན་བླ་མར་དད་ཅེས་སྨྲ། །དོན་ལ་ཅི་གསུང་མི་སྒྲུབ་ཅིང་། །མཉེས་པའི་བྱ་བ་རིང་དུ་དོར། །མི་མཉེས་བྱེད་པ་རྣམ་མང་སྒྲུབ། །དེ་འདྲའི་ཁ་ཡག་སྐྱུར་ལ་ཐོངས། །རང་གི་འདོད་དོན་སྒྲུབ་པ་ལ། །བླ་མའི་ཞབས་འདེགས་ཟེར་བ་ཡོད། །ཏེ་ལོ་ནཱ་རོའི་རྣམ་ཐར་ལ། །སེམས་དང་གོ་རྒྱུ་དེ་ན་གདའ། །ཆོས་རྗེ་ས་སྐྱ་པཎྜི་ཏས། །མི་མཉེས་བྱེད་པ་རྣམ་སྤངས་ནས། །ཁྱོད་ཀྱི་ཕྲིན་ལས་སྒྲུབ་པར་ཤོག། ཅེས་གསུང་སྨོན་ལམ་དེ་ལ་སོགས། །དབང་བསྐུར་ཞུས་པའི་བླ་མ་དེ། །ཁྱི་རྔ་འདྲ་ཡང་ཐོད་དུ་ཁུར། །གསུང་ཕྱིར་བླ་མར་ལྟ་བ་རྣམས། །བླ་མས་ཅི་གསུང་ཉན་དགོས་སྙམ། །འོན་ཀྱང་བླ་མ་ཁ་ལ་ཁྱེར། །རང་གི་འདོད་ཞེན་ཕུགས་སུ་བཅངས། །གཡོ་སྒྱུ་ངོ་ལྐོག་དད་པ་དེ། །དགོས་པ་མེད་ཅིང་སྐྱུར་ལ་ཐོངས། །ཞེས་ཀྱང་ཆོས་ཀྱི་བློ་གྲོས་པས་སྨྲས་སོ།། །། ༈ ཀྱེ་ཧོ། བུ་རྟག་པར་བླ་མ་དྲན་པ་དང་། །ཅིར་སྣང་བླ་མར་ཤེས་པ་ཡི། །མོས་གུས་ལམ་གྱི་སྲོག་འཁར་ལ། །ཕ་རྒན་ས་སྐྱ་པ་ཆེན་པོའི། །རྟོགས་པའི་ཡེ་ཤེས་རྒྱུད་ལ་འཕོ། །ལུས་ནི་ལྷ་རུ་སྒོམ་པ་དང་། །ངག་ནི་བཟླས་པ་ལམ་དུ་ཁྱེར། །དྲན་རྟོག་ཡེ་ཤེས་ཆེན་པོའི་ངང་། །ནམ་ཡང་འདའ་བ་མེད་པར་མཛོད། །མདོར་ན་མང་དུ་སྨྲས་པས་ཅི་བྱ་སྟེ། །རང་སེམས་འདུལ་ཞིང་རང་རྒྱུད་ཆོས་དང་བསྲེ། །ཆོས་ཀྱི་སྙིང་པོ་ཀུན་རྫོབ་དོན་དམ་གྱི། །བྱང་ཆུབ་སེམས་གཉིས་བསྒོམ་ལ་ནན་ཏན་བྱ། །ཞེས་པ་འདི་ནི་རང་སློབ་འཇམ་དབྱངས་བློ་གསལ་བཟང་པོའི་ཆེད་ཆོས་ཀྱི་བློ་གྲོས་པས་སོ།། །། ༈ ཨ་ཧོ། བུ་ཆོས་ཀུན་སེམས་ཀྱི་སྣང་བ་ཡིན། །ན་ཚ་བདེ་སྡུག་རྣམ་རྟོག་ཡིན། །རྣམ་རྟོག་གཞི་རྩ་བཅད་གྱུར་ན། །སྐྱེ་འགགས་གནས་བྲལ་འགྲོ་འོང་མེད། །སེམས་ཉིད་གསལ་རིག་སྟོང་པ་གསུམ། །ཟུང་འཇུག་དེ་བླ་མ་ཡི་དམ་ཡིན། །དེ་རང་ངོ་ཤེས་པའི་ལྟ་བ་ལ། །འཛིན་པའི་སྒྲོག་གིས་མ་འཆིངས་ཤིག། སྤྲོས་བྲལ་གྱི་ལྟ་བ་དེའི་ངང་ནས། །བསྐྱེད་རྫོགས་སོགས་རྩལ་གདངས་ཅི་ཤར་ཡང་། །འགགས་མེད་ཀྱི་བསྒོམ་པ་ནན་ཏན་མཛོད། །གེགས་སེལ་དང་བོགས་འདོན་གྱི་རྒྱལ་པོ་ནི། །ལམ་ཟབ་བླ་མའི་རྣལ་འབྱོར་ཡིན། །མོས་གུས་ཀྱིས་གནད་དུ་བསྣུན་པར་གཅེས། ཞེས་པའང་ཐུགས་སྲས་མཁན་རིན་པོ་ཆེ་འཇམ་དབྱངས་བློ་གསལ་ལ་གདོམས་པའོ།། །། ༈ བརྩེ་བའི་གྲོགས་ཁྱེད་སྔོན་གྱིས་ལས་དབང་གིས། །འདིར་ལྷག་བདག་ལ་མོས་པ་ཐོབ་བྱས་ཏེ། །ཉེ་བར་བསྙེན་ཀྱང་བདག་ནི་ཡོན་ཏན་དམན། །ཁྱོད་ལ་ཕན་ཐོགས་དཀའ་བ་ཉིད་གྱུར་ཀྱང་། །དམ་པའི་དྲིན་ལས་བདག་གི་ནོམ་པ་རྣམས། །ཕལ་ཆེར་ཁྱོད་ལ་རབ་ཏུ་སྦྱིན་པར་བྱས། །ཁྱེད་ནས་བླ་མའི་ཞབས་ཏོག་ལེགས་པར་གྲུབ། །ད་རེས་ལུས་བསྐྱེད་དྲིན་ཆེན་ཡར་འཕྲད་པ། །ཁྱུགས་ཙམ་སོང་ལ་བར་ཆད་མ་བྱུང་ན། །ཡུན་རིང་མ་འགྱང་སླར་ཡང་འཁོར་བ་ན། །དབང་ཁྲིད་འདོད་ཆོས་ལྷག་མ་སྦྱིན་པ་དང་། །ཉེ་བའི་གནས་སུ་མཚམས་རྒྱར་སྡོད་པ་དང་། །སྐབས་རེར་ཞབས་ཏོག་དག་ལ་བརྩོན་བྱས་ན། །རང་གཞན་དོན་གཉིས་འབད་མེད་འགྲུབ་པར་འགྱུར། །ལོ་འདིའི་མཇུག་དང་ཞེ་གསུམ་ལོ་སྟོད་དང་། །ཞེ་དྲུག་ང་གཉིས་ང་བདུན་རེ་གཅིག་བསྐོར་དག་ལ། །ཚེ་གེགས་ཆེ་བས་ཚེ་སྒྲུབ་ཕུར་གཤིན་གྱི། །སྒྲུབ་པ་ཟབ་མོར་ཡང་ཡང་བརྩོན་པ་དང་། །ཐུགས་དམ་གསང་བའི་སྒོམ་བཟླས་བརྩོན་པར་མཛོད། །ཚེ་སྔོན་སྤྱན་རས་གཟིགས་ལ་འབྲེལ་ཞོགས་པས། །ཐུགས་ཆེན་ཡང་སྙིང་འདུས་པ་ཞིག་ཀྱང་བསྙེན། །ལས་འཕྲོ་སད་ཅིང་དཀར་པོའི་ཆོས་འཕེལ་འགྱུར། །དེ་སྐད་གང་ཤར་གང་དྲན་བཟོ་བཅོས་མེད། །རང་བཞག་ལྷུག་པར་བྲིས་འདི་དོན་འགྱུར་དུ། །དཀའ་ཡང་ཁྱོད་ཐུགས་ཁྲེལ་བར་མི་འགྱུར་བས། །བློ་གྲོས་རྒྱ་མཚོས་ཆལ་ཆོལ་ཉིད་དུ་སྤེལ། །སླར་ཡང་དུས་ཀྱི་བསྐལ་མིན་པར། །བླ་སློབ་ཞལ་འཛོམ་བཀྲ་ཤིས་ཀྱི། །བདེ་སྐྱིད་ཕུན་སུམ་ཚོགས་པར་སྨོན། །སརྦ་དཱ་སུ་ཤྲི་ཡོ་བྷ་ཝ་ཏུ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དྲུག་ཤོག། ། ༈ འཇིག་རྟེན་པའི་ལྷ་དམར་མཆོད་བྱེད་པ་རྣམས་ལ་སྤྲིངས་པ། ཁྱེད་རྣམས་ཀྱིས་མཆོད་པའི་ལྷ་དེ་དབང་ཕྱུག་དང་། ཁྱབ་འཇུག། ལྷ་མོ་ཀརྟི་ཀ་དང་ཙནྟྲི་ཀ་ཡིན་ནམ་མིན། ཡིན་ན། དེ་རྣམས་ལ་སེམས་ཅན་ལ་བྱམས་སྙིང་རྗེ་ཡོད་པ་ཨི་རེད། བྱམས་སྙིང་རྗེ་མེད་ན་ཁྱོད་ཀྱི་མཆོད་པས་ཅི་ཞིག་ཕན། བྱམས་སྙིང་རྗེ་ཅན་ཡིན་ན། སེམས་ཅན་གསོད་རྒྱུ་དེ་ལ་བྱམས་སྙིང་རྗེ་མི་དགོས་པ་ཅི་རེད། བྱ་དང་གླང་བསད་པ་དེས་ཕན་ན། ཁྱེད་རང་རྣམས་བསད་ནས་ལྷ་ལ་མཆོད་ན་ཕན་སྟོབས་ཅི་ཡི་ཕྱིར་མི་ཆེ། རང་གི་སྲོག་ལ་རྩིས་ཆེན་བྱེད། གཞན་གྱི་སྲོག་ལ་འཚེ་བ་འདི་ནི་ཤིན་ཏུ་བླུན་པོ་མ་རབས་ཡིན་ནོ། །ལྷ་དབང་ཕྱུག་དང་ཁྱབ་འཇུག་སོགས་དཀར་ཕྱོགས་པ་ཡིན་ནམ་མིན། མཐོ་རིས་ཀྱི་ལྷ་ཡིན་ནམ་མིན། དཀར་ཕྱོགས་པ་དང་། མཐོ་རིས་སམ། གཙང་རིས་ཀྱི་ལྷ་ཡིན་ན་ཤ་ཁྲག་གི་དམར་མཆོད་བྱེད་པ་མི་འཐད། མིན་ན་འདྲེ་སྲིན་པོ་དང་ཁྱད་མེད། དབང་ཕྱུག་སོགས་འདྲེ་སྲིན་པོ་ཡིན་པ་ནི་ངེད་ཅག་སངས་རྒྱས་པ་རྣམས་ཀྱིས་ཀྱང་མི་བཤད་དོ། །དེས་ན་གཙང་མའི་ལྷ་སེམས་ཅན་ལ་བྱམས་ཐུགས་བརྩེ་བ་ཅན་རྣམས་ལ་སེམས་ཅན་གྱི་སྲོག་ལ་གནོད་འཚེ་བྱས་ནས་མཆོད་པ་ཤིན་ཏུ་མི་རིགས་པས་དེ་འདྲ་སྤངས་ནས་གཙང་མའི་མཆོད་པ་རྒྱ་ཆེན་པོས་ལྷ་མཆོད་པར་རིགས་ཤིང་འཐད་པ་ཡིན་ནོ། དེ་ལྟར་སྲོག་བཅད་པའི་རྣམ་སྨིན་གྱི་འབྲས་བུ་དམྱལ་བ། ཡི་དྭགས། དུད་འགྲོར་སྐྱེ་བ་དང་། ཁྱད་པར་དུ་དམྱལ་བ་ཡང་སོས་སུ་སྐྱེས་ནས་སྲོག་རེ་བཅད་པ་ལ་སྲོག་ལེན་ལྔ་བརྒྱ་རེ་འཇལ་དགོས་པ་དང་། རྒྱུ་མཐུན་གྱི་འབྲས་བུ་གར་སྐྱེས་ཀྱང་ཚེ་ཐུང་ནད་མང་། སྲོག་བཅད་བྱེད་པ་ལ་དགའ་བ་དང་། དབང་འབྲས་རང་སྐྱེ་བའི་ཡུལ་ས་ཕྱོགས་རྩུབ་མོ་ལ་སྐྱེ་བ་སོགས་ཉེས་པ་ཚད་མེད་པ་སྟེ། ཏིང་འཛིན་རྒྱལ་པོ་ལས། ལས་རྣམས་བྱེད་པ་མེད་པར་མི་འགྱུར་ཏེ། །དཀར་ནག་ཇི་བཞིན་འབྲས་བུ་སྨིན་པར་བྱེད། །ཅེས་དང་། བདེན་པ་པོའི་ལེའུ་ལས། རྒྱལ་པོ་ཁྱོད་ནི་སྲོག་གཅོད་མ་མཛད་ཅིང་། །སྐྱེ་བོ་ཀུན་ལ་སྲོག་ནི་རབ་ཏུ་ཕོངས། །དེ་བས་ཡུན་རིང་ཚེ་བསྲུངས་སུ་འདོད་པས། །ཡིད་ཀྱི་གུ་ལའང་སྲོག་བཅད་མི་བསམ་མོ། །ཞེས་གསུངས་པས། ཚེ་རིང་ནད་མེད་འདོད་ན་སྲོག་བཅད་སྤངས་དགོས་ཤིང་། དེ་ཡང་སྡིག་པ་བྱས་མ་ཐག་ཏུ་དེ་ཡི་མོད་ལ་རྣམ་སྨིན་མྱང་བ་མེད་ནའང་ཆུད་མི་ཟ་བར་ངེས་པར་མྱོང་སྟེ། མདོ་ལས། སྡིག་ལས་འཕྲལ་ཏུ་ངེས་པར་ནི། །མཚོན་བཞིན་གཅོད་པར་མི་བྱེད་ཀྱང་། །སྡིག་པའི་ལས་ཀྱི་འགྲོ་བ་དག། ཕ་རོལ་ཏུ་ནི་མངོན་པར་འགྱུར། །ཞེས་སོགས་གསུངས། རབ་ཏུ་བྱུང་བའི་བར་དུ་གཅོད་པའི་མདོ་ལས། སྲོག་གཅོད་ཀྱི་རྣམ་སྨིན་མེ་ལྕེ་ལ་རྒྱུ་བའི་བྱ་མེ་ཡི་རྩེ་མོ་ལ་གནས་ཀྱང་མི་ཚིག་པ་ཞིག་གི་སྲོག་བཅད་བའི་དམྱལ་བའི་སེམས་ཅན་དེས་མགོ་བརྟོལ་ནས་ཁྲག་འཐུང་བ་དང་། ཐོད་ཕྲག་ན་རྒྱུ་བའི་བྱས་ཀླད་པ་བརྟོལ་ཞིང་འཐུང་བ་དང་། ལྕེ་ཡི་ཤ་ཟ་ཞེས་བྱ་བའི་བྱས་ལྕེ་དྲལ་ནས་ཟ་བར་བྱེད། དེ་ལ་སོགས་དང་། མནར་མེད་ཀྱི་ཕྱོགས་གཅིག་ན། བྱ་འདབས་འཇིགས་ཞེས་བྱ་བ་དཔག་ཚད་སུམ་འབུམ་ཡོད་པ་དེ་དང་། དམྱལ་བའི་བྱ་གཞན་དག་དང་ལྷན་ཅིག་ལོ་བརྒྱ་སྟོང་དུ་མར་ཟ་བར་སྐྱེའོ། །དེ་ལས་ཐར་ནས་གཡང་སའི་ངམ་གྲོག་ཅེས་བྱ་བར་འཁོར་ཡུག་ཏུ་མེ་ཡི་ཕུང་པོ་བཅུ་གཅིག་གི་བསྐོར་ཏེ་ལས་ཀྱི་ཞགས་པས་བཅིངས་ནས་གྲོགས་མེད་པར་ཕྱིན་པས་ངམ་གྲོག་གཡང་ས་ཆེན་པོར་ལྷུང་ནས་རྐང་པ་ཐམས་ཅད་ཞུ། བཏེགས་ན་ནི་སོས་དེ་ལྟ་བུའི་སྡུག་བསྔལ་དང་། ཡང་བྱ་ཀངྐ་སོགས་ཀྱི་ལོ་བརྒྱ་སྟོང་དུ་མར་ཟ་བ་དང་། མེ་ལྕེའི་འཁོར་ལོ་སྟོང་ཕྲག་གིས་ལུས་དུམ་བུར་གཏོང་བ་དང་། རྐང་མཐིལ་ན་གསལ་ཤིང་གིས་ཕུག་པ་དང་། སྲོག་ཆགས་རྣམས་ཀྱི་ལུས་ཕྱི་ནང་ཐམས་ཅད་ཟ་བར་བྱེད་པ་དང་། མེ་མདག་གི་མེ་འབོགས་ནས་རྒྱུགས་པ་དང་། གཤིན་རྗེའི་སྐྱེས་བུའི་མཚོན་ཆས་ལུས་གཤགས་གཏུབ་སོགས་སྡུག་བསྔལ་དཔག་ཏུ་མེད་པར་མྱོང་དགོས་པར་གསུངས། ཁྱེད་ཅག་གི་སྟོན་པ་དབང་ཕྱུག་དང་། ཁྱབ་འཇུག་ལྷ་མོ་སོགས་བྱང་ཆུབ་སེམས་དཔའ་འགྲོ་བ་ལ་ཐུགས་བརྩེ་བ་ཅན་ཡིན་ན། ཤ་མི་བཟའ་སྟེ། ལང་ཀར་གཤེགས་པའི་མདོ་ལས། འདི་ལྟར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའ་འོ། །ཞེས་དང་། གང་གི་ཐུབ་པའི་ཚིགས་འདས་ཏེ། །བསམ་པ་ངན་པས་ཤ་ཟ་ན། །ཤིན་ཏུ་མི་བཟད་དམྱལ་བར་ཡང་། །སྡིག་པའི་ལས་ཅན་དེ་དག་འདོང་། །ཞེས་སོགས་གསུངས། ཁྱབ་འཇུག་གི་འཇུག་པ་བཅུ་ཡི་ཡ་གྱལ་ཤཱཀྱ་ཐུབ་པའང་ཁྱབ་འཇུག་གི་སྤྲུལ་པར་བཤད་པས། དེ་ལྟར་ན་སྤྲུལ་གཞི་ཁྱབ་འཇུག་ཀྱང་། སངས་རྒྱས་འཕགས་པ་ཞིག་ཡིན་དགོས་ཤིང་། དེ་ལྟར་ན། བཅོམ་ལྡན་འདས་ཀྱི་ཞལ་ནས། གང་དག་བདེ་བས་ཐུབ་རྣམས་དགྱེས་འགྱུར་ཞིང་། །གང་ལ་གནོད་ན་མི་དགྱེས་འབྱུང་འགྱུར་བ། །དེ་དག་དགའ་བས་ཐུབ་དབང་ཀུན་དགྱེས་ཤིང་། །དེ་ལ་གནོད་བྱས་ཐུབ་ལ་གནོད་པ་བྱས། སོགས་བཀའ་སྩལ་བ་ལྟར་སེམས་ཅན་ལ་གནོད་པ་བྱས་ན་ཐུགས་མི་དགྱེས་བར་འགྱུར་བའི་ལས་ངན་ཚབ་པོ་ཆེ་བསགས་པར་འགྱུར་བས། དེས་ན་སེམས་ཅན་བསད་པའི་ཤ་ཁྲག་གི་དམར་མཆོད་འདི་ལ་ཤིན་ཏུ་འཛེམ་པར་བྱ་དགོས་པ་ཡིན་ནོ། །ཞེས་བརྩེ་བས་ལེགས་པར་འདོམས་པ་པོ་ནི་མཉྫུ་དྷརྨ་མ་ཏིས་བྲིས་པའོ།། །། ༈ ཞལ་གདམས་བདུད་རྩིའི་ཐིག་ཕྲེང་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭསྟི། ཀུན་མཁྱེན་འགྲོ་བའི་བླ་མ་རིགས་བརྒྱའི་བདག། བཀའ་དྲིན་མཉམ་མེད་དཔལ་ལྡན་བླ་མ་ཡི། །ཞབས་སེན་ཚངས་གནས་འཁོར་ལོར་མཆོད་བྱས་ནས། །རང་དང་གཞན་ལ་ཕན་པའི་གྲོས་ཞིག་གླེངས། ཀྱེ་མ། དལ་འབྱོར་རིན་ཆེན་རྙེད་པ་འདི། །སྟེས་དབང་མ་ཡིན་སྔོན་བསགས་དགེ་བ་ནི། །སྟོབས་ཆེན་བསགས་པའི་འབྲས་བུ་ད་རེས་ཐོབ། །དོན་མེད་ཆུད་ཟོས་བཏང་ན་གྱོང་ཆེན་བརྡབ། །འདི་ནི་མི་རྟག་མྱུར་དུ་འཇིག་པ་སྟེ། །རྩྭ་རྩེའི་ཟིལ་བ་ལྟ་བུར་ལུས་སྲོག་གཡོ། །སྐད་ཅིག་སྐད་ཅིག་ཚེ་ནི་འཛད་པ་ཡང་། །འཁྲུལ་པས་བསླུས་ཏེ་མི་ཤི་གསོན་དུ་རེ། །སྣོད་ཀྱི་འཇིག་རྟེན་མི་རྟག་གཡོ་ཞིང་འཇིག། བཅུད་ཀྱི་སེམས་ཅན་རྣམས་ཀྱང་སྐྱེ་ཞིང་འཕོ། །བདག་གི་སྲོག་ནི་ཆུ་ཡི་ཆུ་བུར་བཞིན། །ད་ལྟ་ཡོད་ཀྱང་ད་ལྟ་མེད་ཀྱང་སྲིད། །དེ་ཕྱིར་འཇིག་རྟེན་ཚེ་འདིའི་གྲབས་ཆིས་སྤངས། །འདི་ནི་མནོག་ཆུང་སྙིང་པོ་ཅུང་ཟད་མེད། །ཡུན་རིང་མ་འདུག་དབེན་པའི་རི་ལ་སོང་། །ཕྱི་མར་ཕན་ངེས་དམ་པའི་ལྷ་ཆོས་ཞིག། འཕྲལ་དང་འཕྲལ་དུ་སྒྲུབ་ན་མི་འཐད་དམ། །ཚེ་ནི་ཕྱི་མར་དགེ་སྡིག་གང་བསགས་དེའི། །རྣམ་སྨིན་ཁུར་བཏེགས་ལས་ནི་ཆུད་མི་འཛད། །རང་བྱས་རང་གི་ཐོག་ཏུ་སྨིན་པས་ན། །མི་དགེའི་ལས་རྣམས་སྤང་བར་མི་འཐད་དམ། །རང་ཅག་སངས་རྒྱས་བསྟན་པའི་སྒོར་ཞུགས་ནས། །སྐྲ་བྲེག་མགོ་ཟླུམ་ཀློག་འདོན་ཤེས་ཙམ་གྱིས། །ཆོས་པར་མི་འགྲོ་རང་སེམས་གྱོང་པོ་ལ། །བརྟགས་དཔྱད་བྱས་ནས་འདུལ་བར་མི་འཐད་དམ། །ཆོས་རྣམས་རྒྱུ་དང་འབྲས་བུ་འབྲེལ་བ་ཅན། །རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་སྡུག་ཀུན་ཆོས། །དེ་འགོག་པ་ནི་ཐར་པ་དམ་པ་སྟེ། །དེ་ཕྱིར་ལམ་བདེན་བསྟེན་པར་མི་འཐད་དམ། །དམན་ལམ་རང་དོན་ཡིད་བྱེད་རྟོག་པ་ཡི། །བྱང་ཆུབ་ཆེན་པོའི་ལམ་ལས་རིང་བས་ན། །རྒྱལ་དང་དེ་སྲས་བསྒྲོད་པ་གཅིག་པའི་ལམ། །བྱང་ཆུབ་སེམས་མཆོག་བསྐྱེད་པར་མི་འཐད་དམ། །དེ་ཡི་སྔོན་འགྲོ་སྲིད་པའི་རྩེ་མོ་ནས། །མནར་མེད་ཡན་ཆད་རིགས་དྲུག་འཁོར་བའི་གནས། །སྡུག་བསྔལ་མ་གཏོགས་བདེ་བའི་སྐབས་མེད་པའི། །ཉེས་དྲན་ངེས་འབྱུང་བསྐྱེད་པ་མི་འཐད་དམ། །འགྲོ་ཀུན་རང་གི་ཕ་མར་མ་གྱུར་མེད། །ཕ་མ་སྡུག་བསྔལ་གནས་ལས་སྒྲོལ་བའི་ཕྱིར། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། །གཞན་ཕན་སེམས་ལ་བློ་སྦྱོང་མི་འཐད་དམ། །རང་བདེ་འདོད་ལས་ཉེས་པ་ཀུན་འབྱུང་ཞིང་། །གཞན་བདེ་འདོད་ལས་འདི་ཕྱིའི་དོན་ཆེན་འགྲུབ། །དེ་སླད་བདག་ཏུ་འཛིན་པའི་འདྲེ་ཆེན་འདི། །བརླག་པའི་ཐབས་ལ་འབད་པ་མི་འཐད་དམ། །ལོངས་སྤྱོད་ཡོད་ན་སེར་སྣས་མ་བཅིངས་པར། །དཀོན་མཆོག་མཆོད་དང་སྦྱིན་ལ་བརྩོན་པ་དང་། །མེད་ཀྱང་རང་གི་ལུས་དང་དགེ་རྩ་འབུལ། །ཚོགས་གཉིས་བྲེ་ཁ་བསགས་པར་མི་འཐད་དམ། །བདེ་གཤེགས་སྙིང་པོ་ཡོན་ཏན་ལྷུན་གྲུབ་ཀྱང་། །རང་སེམས་གློ་བུར་དྲི་མས་སྒྲིབ་པས་ན། །དྲི་མ་དག་ཕྱིར་སྡིག་པ་སྦྱང་བའི་སྒོ། །གཉེན་པོ་སྟོབས་བཞི་བསྐྱེད་པ་མི་འཐད་དམ། །ཐར་པའི་ལམ་སྟོན་དགེ་བའི་བཤེས་གཉེན་དང་། །ཁྱད་པར་དབང་བསྐུར་རྒྱུད་དང་མན་ངག་སྟོན། །སྡོམ་གསུམ་བཀའ་དྲིན་ཆེན་པོས་སྩོལ་མཛད་པའི། །བླ་མར་མོས་གུས་བསྐྱེད་པ་མི་འཐད་དམ། །དེ་ཡང་རང་ལ་བླ་མས་ངོ་བསྟོད་དང་། །གསོལ་རས་གནང་སྦྱིན་བྱེད་དུས་དད་པ་ཡོད། །བཀའ་བཀྱོན་ཐུགས་སྡང་ཕྲ་མོ་ཙམ་བྱུང་ཀྱང་། །མི་དད་ལོག་ལྟ་སྤངས་བ་མི་འཐད་དམ། །རྡོ་རྗེ་འཆང་ཞེས་ཚིག་སྙན་བརྗོད་པ་ཙམ། །མོས་གུས་མིན་ལ་མཛད་སྤྱོད་དག་མ་དག། ཐམས་ཅད་རྒྱལ་བའི་ཕྲིན་ལས་ཤེས་པ་ཡི། །དད་མོས་གོ་བ་བསྐྱེད་པ་མི་འཐད་དམ། །དབང་བསྐུར་བརྒྱ་སྟོང་ཁྲི་འབུམ་ཐོབ་གྱུར་ཀྱང་། །བསྐྱེད་རྫོགས་ལམ་ལ་གོ་བ་མ་ཆགས་ཤིང་། །དབང་དོན་ཡེ་ཤེས་མྱོང་བ་རྡུལ་ཙམ་མེད། །དེ་འདྲའི་ལུགས་ངན་སྤངས་བར་མི་འཐད་དམ། །དམ་ཚིག་བསྲུངས་ཞེས་རང་གི་འདོད་པ་དང་། །མཐུན་ན་སྒྲུབ་ཅིང་མི་མཐུན་བཀའ་རྩི་མེད། །རང་གི་སྣང་བར་གང་དྲན་བྱེད་པ་ཡི། །དམ་ཉམས་དེ་འདྲ་བསྐྱུར་ན་མི་འཐད་དམ། །བསྐྱེད་རིམ་སྒོམ་ཟེར་རྡོས་བཅས་ཨ་འཐས་ཅན། །སྔགས་བཟླས་དུས་ན་ལོང་གཏམ་དང་བསྲེ་ཞིང་། །རྣམ་རྟོག་རྒྱ་འབྱམས་ཕྲེང་ནག་བསྐོར་དེད་བྱེད། །ལྷ་བསྒོམ་སྔགས་བཟླས་བཞག་ན་མི་འཐད་དམ། །རྫོགས་རིམ་སྒོམ་ལོའི་རླུང་ནི་སད་སུད་བཟུང་། །འཁྲིག་པའི་བདེ་བ་དང་འདྲའི་འབར་འཛག་སྒོམ། །དྲག་ན་བྱང་སེམས་འཆོར་ལ་སྙམས་བྱེད་པའི། །དེ་འདྲའི་རྫོགས་རིམ་འཇོག་པ་མི་འཐད་དམ། །སྣང་བ་ཐམས་ཅད་སེམས་སྣང་མ་ཤེས་པར། །འཁྲུལ་པའི་སྣང་བར་ཨ་འཐས་གཉིས་འཛིན་གྱི། །རྟོག་པས་བཅིངས་ནས་གཉུག་མའི་དོན་མ་རྟོགས། །ཡེ་ཤེས་ཡིན་ལོ་བསྐྱུར་བར་མི་འཐད་དམ། །མདོར་ན་སྦྱོར་བ་སེམས་བསྐྱེད་དམ་པ་དང་། །དངོས་གཞི་དམིགས་མེད་རྗེས་ལ་མི་དམིགས་བསྔོ། །དྲན་ཤེས་བག་ཡོད་བླ་མར་མོས་གུས་སྒོམ། །ཡེ་ཤེས་བསྐྱེད་ལ་འབད་པ་མི་འཐད་དམ། །དེ་ལྟར་གྲོས་ཀྱི་གདམས་པ་འདི་རྣམས་ཀྱང་། །རང་ཉམས་མ་ལོང་རང་སྐྱོན་ཤེས་བཞིན་དུ། །སྤངས་ན་དགའ་བའི་འདུན་པ་ཡོད་མོད་ཀྱང་། །ལག་ལེན་མ་ཐེབས་ཤེས་ཚོད་ཁྱོད་ལ་གདམས། །དེ་ཡི་དགེ་བས་བདག་གཞན་ཐམས་ཅད་ཀྱང་། །རྒྱལ་བའི་སྲས་ཀྱི་ལམ་བཟང་ལ་ཞུགས་ནས། །བྱང་ཆུབ་སྤྱོད་པ་ཚུལ་བཞིན་ཉམས་བླངས་པས། །རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་སྨོན། །ཅེས་པའང་རང་སློབ་འཇམ་དབྱངས་ཐུབ་བསྟན་ཀྱི་བསྐུལ་ངོར་ཆོས་ཀྱི་བློ་གྲོས་པས་གྲོས་སུ་གདབ་པའོ།། །།


Footnotes

Other Information