Property:colophontib

From Khyentse Lineage - A Tsadra Foundation Project

This is a property of type Text.

Showing 20 pages using this property.
D
།ཅེས་པའང་རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་རྣམ་ཐར་ས་བོན་ཙམ་དུ་སྨོས་པ་འདི་ནི། རྗེ་བླ་མ་མཆོག་གི་ཚེ་འཛིན་ཌཱ་ཀིའིདབང་མོ་ཚེ་རིང་ཆོས་ཀྱི་སྒྲོན་མས་ལྷ་རྫས་ཀྱི་རྟེན་དང་བཅས་པ་དང༌། སྐུའི་དབོན་དད་དམ་དཔལ་གྱི་ཟླ་བ་ཆེས་ཆེར་དཀར་བའི་གན་མཛོད་ཚེ་དབང་དཔལ་འབྱོར་གཙོས་དད་སློབ་ཀུན་ནས་འདི་ནི་ཁྱེད་ཀྱིས་འབྲི་བར་འོས་སོ་ཞེས་པའི་གསུང་གིས་ཆེད་དུ་བསྐུལ་བ་བཞིན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་ཡེ་ཤེས་མེ་ལོང་མཆོག་གིས་ཐུན་མོང་མ་ཡིན་པའི་བཀའ་དྲིན་གྱིས་རྗེས་སུ་བསྐྱངས་ཤིང༌། སློབ་འབངས་ཡོངས་ཀྱི་གྲལ་མཐར་གནས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་རང་བྱུང་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་རྣམ་ཐར་ཞལ་གསུང་ཉིད་རྩ་བར་བཟུང༌། གནས་གཟིགས་རྗེས་མའི་གཟིགས་སྣང་ཐོར་བུ་མང་པོ་མཆོད་དཔོན་བླ་མ་འཇམ་དབྱངས་བློ་གྲོས་མཆོག་ལྡན་ནས་ཞུ་སྐུལ་གྱི་ཕྱག་བྲིས་རེག་ཟིག་དངོས་རྣམས་གཞིར་བྱས་ཏེ། རྒྱ་གར་འཕགས་པའི་ཡུལ་དང་ཉེ་བའི་ས་ཡི་ཆ་ཀ་སྤུངས་རིན་ཆེན་བརྩེགས་པའི་ས་འཛིན་གྱི་རྩེ་ཟངས་མདོག་དཔལ་རིའི་ཞིང་ཁམས་བཀོད་པའི་གཙུག་ལག་གིས་མཛེས་པ་ཐུབ་བསྟན་བཤད་སྒྲུབ་དགའ་ཚལ་དུ་བྲིས་ཤིང༌། སླད་ནས་རྗེ་བཙུན་བླ་མའི་སྐུའི་ཉེ་གནས་རྡོ་རྗེའི་མཆེད་པོ་རྣམས་དང་གོ་བསྡུར་གྱིས་འཕྲི་བསྣན་ཅི་རིགས་ཞིབ་ཏུ་བགྱིས་ནས། ལྷོ་འབྲུག་ཆོས་རྒྱལ་ཆེན་པོའི་མངའ་རིས་སུ་གནས་པའི་ཚེ། གསང་ཟབ་ཐེག་པ་མཆོག་གི་ཆོས་རྫོང་ནས་དཀྱུས་གཅིག་ཏུ་བཀོད་པའི་ཡི་གེ་གཉིས་པར་འབེབས་པོ་སྡོམ་བརྩོན་སྡེ་སྣོད་འཛིན་པ་མཁན་པོ་ཐུབ་བསྟན་བརྩོན་འགྲུས་ཕུན་ཚོགས་དང༌། རེབ་ཀོང་སྔགས་པ་འཇིགས་མེད་སྐལ་བཟང་དཔལ་ལྡན་ཟུང་གིས་བགྱིས་པ་འདིས་ཀྱང་བསྟན་འགྲོའི་དཔལ་ཡོན་ཕྱོགས་དུས་གནས་སྐབས་ཀུན་ཏུ་འཕེལ་རྒྱས་བརྟན་པ་དང༌། མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་རྗེ་བཙུན་མཁྱེན་པའི་བདག་པོའི་ཡེ་ཤེས་ཀྱི་གསང་བ་ལ་ལོངས་སུ་སྤྱོད་པའི་རྒྱུར་སྨོན་བཞིན་འགྲུབ་པར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་མངྒ་ལ་བྷ་ཝནྟུ།།  +
།ཅེས་པའང་ཁྱབ་བདག་དཔལ་མགོན་བླ་མའི་གསུང་རྡོ་རྗེ་བདུད་རྩིའི་སྐྱེས་ཀྱི་ཆ་ཤས་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་ཆོས་འབྱུང་ལེགས་བཤད་པདྨ་དཀར་པོའི་རྫིང་བུའི་ཞལ་སྐོང་གི་ཚུལ་དུ་འདི་ལྟར་འབྲི་བར་འདུན་པ་དང༌། རྗེ་བཙུན་བླ་མ་ཡབ་སྲས་ཀྱི་ཞལ་སློབ་དད་བློ་རྨད་བྱུང་འཇིགས་མེད་ཚེ་མཆོག་རྡོ་རྗེ་ནས་ཀྱང་ཡང་ཡང་བསྐུལ་བ་དང༌། སྡེ་སྣོད་འཛིན་པ་མཁན་པོ་ཐུབ་བསྟན་བརྩོན་འགྲུས་ཕུན་ཚོགས་ནས་ཀྱང་མྱུར་དུ་གྱིས་ཞེས་གསུང་བསྐུལ་མཛད་པ་བཞིན། ངེས་གསང་ཆོས་ཀྱི་འབྱུང་གནས་མདོ་ཁམས་ཞེ་ཆེན་པའི་རྡོ་རྗེའི་སློབ་བུའི་ཐ་ཆུང༌། བསྟན་པ་རིས་མེད་ལ་དད་ཅིང་སྔ་འགྱུར་བཀའ་གཏེར་གྱི་རིང་ལུགས་ལ་རྒྱུ་མཚན་ཤེས་པའི་དད་བློ་ཕྲ་མོ་ཐོབ་པ་འཇམ་མགོན་མཁྱེན་བརྩེའི་སྤྲུལ་མིང་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་ཕྲིན་ལས་གྲུབ་པའི་སྡེས་ལྷོ་ཕྱོགས་སཱ་ལའི་སྨན་ལྗོངས་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཀྱི་ས་ཡི་ཐིག་ལེ་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་རྡོ་རྗེའི་གནས་ཆེན་གོས་དང་གོང་བ་བཞིན་འདབས་འབྲེལ་བའི་སྐྱེར་ཆུའི་གཙུག་ལག་ཁང་གི་ཉེ་ཞོལ་རང་གནས་བསམ་གཏན་གྱི་ཁང་བུ་ཕུན་ཚོགས་བཀྲ་ཤིས་དགའ་འཁྱིལ་ནས་དབུ་བརྩམས། ཕུན་ཚོགས་ཆོས་ཀྱི་གླིང་གི་སྐྱེད་ཚལ་དུ་ཆུ་བྱའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་དུ་གྲུབ་པར་བགྱིས་པ་འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པས་སྙིགས་མའི་ཡིད་ཅན་མཐའ་དག་རྣམ་དཀར་གྱི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཕན་བདེའི་དགའ་སྟོན་ཟད་མི་ཤེས་པ་དང༌། བདག་ཀྱང་སྐྱེ་ཀུན་བླ་མ་མཆོག་དང་མི་འབྲལ་བས་སྐུ་གསུམ་བདེ་བ་ཆེན་པོར་ངལ་འཚོ་མཆོག་ཏུ་ཐོབ་པའི་རྒྱུར་ཁོ་ནར་གྱུར་ཅིག །སརྦ་མངྒ་ལྃ། དགེའོ།  +
།ཅེས་སྒྲུབ་བརྒྱུད་གྲུབ་བརྙེས་ཡོངས་ཀྱི་གཙོ་བོ་སངས་རྒྱས་མཉན་པ་སྐུ་ཕྲེང་དགུ་པ་ཉིད་རབ་རྒྱལ་དགེ་བྱེད་ཆུ་སྟག་ཐ་སྐར་ཟླ་བའི་དམར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཉིན་དགོངས་པ་རྫོགས་ཁར་ཕྱི་ཡི་རྣམ་ཐར་རགས་རིམ་འདི་ཉིད་ཞལ་ཆེམས་ཀྱི་ཚུལ་དུ་ཕྱག་བྲིས་སུ་མཛད་ནས་བཞག་པ་ལ་ཞུ་བཅོས་དང༌། ཞལ་བཀོད་དགོས་པ་རྣམས་ཁྱེད་ནས་འབྲི་བར་འོས་ཞེས་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་བཀའ་བསྩལ་བ་དང༌། བན་ཆེན་འབྲོང་པ་སྤྲུལ་སྐུ་རིན་པོ་ཆེ་དང༌། བླ་མ་བློ་གྲོས་རབ་གསལ། ཉེ་གནས་བཀྲ་ཤིས་རྣམ་རྒྱལ་བཅས་ནས་ཀྱང་བསྐུལ་བ་ལྟར་རྗེ་དེ་ཉིད་ཀྱི་གཅུང་དུ་སྐྱེས་པ་བཀྲ་ཤིས་དཔལ་འབྱོར་དུ་འབོད་པའི་འཁོས་ཆུང་གྱི་ན་པས་བྲིས་པ་འདིས་ཀྱང་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་བསྟན་དང་བསྟན་འཛིན་འཕེལ་ཞིང་རྒྱས་པའི་རྒྱུར་གྱུར་ཅིག  +
རྗེ་ཉིད་ཀྱི་སྐུ་ཚེ་རིལ་པོའི་གཟིགས་དཔེ་མཛོད་བདུན་དང་ངལ་གསོ་སྐོར་གསུམ་གྱི་ཕྱག་དཔེ་གནང་ནས་ཚད་མེད་པའི་ཐུགས་རྗེས་རྗེས་སུ་བཟུང་བས་ན་སྒྲོ་སྐུར་དང་བྲལ་བའི་རྣམ་ཐར་ཉུང་ངུ་འདིའང་མངྒ་ལ་ཤྲཱི་བྷཱུ་ཏིའི་དབེན་པའི་གནས་སུ་བྲིས་པ་འགྲོ་ཀུན་ཐེག་མཆོག་རྒྱལ་པོའི་གསེང་ལམ་ལ་འཇུག་སྟེ་དཔལ་ལྡན་བླ་མའི་རྣམ་ཐར་གྱི་རྗེས་སུ་སྙོགས་པའི་རྒྱུར་གྱུར་ཅིག  +
།ཅེས་པའང་རང་ལོ་བཅོ་ལྔའི་སྟེང་རིགས་བརྒྱའི་ཁྱབ་བདག་འགྱུར་མེད་པདྨ་བསྟན་འཛིན་མཁས་གྲུབ་རྒྱ་མཚོའི་དབང་པོའི་སྡེས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་མཆོག་སྤྲུལ་རིན་པོ་ཆེ་རྣམ་གཉིས་སོགས་རིག་འཛིན་འདུས་པའི་ཚོགས་དང་ལྷན་ཅིག་ཞེ་ཆེན་རི་ཁྲོད་བདེ་མཆོག་བཀྲ་ཤིས་དགེ་འཕེལ་དུ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་སྨིན་གྲོལ་ཡོངས་རྫོགས་བཀའ་དྲིན་བསྩལ་བའི་གྲལ་མཐར་བདག་མངྒ་ལའི་མིང་ཡང་ཚུད་པའི་བཀའ་དྲིན་གྱིས་ཐུབ་བསྟན་རིས་མེད་ལ་དད་པའི་སྣང་བ་ཡང་པོར་གྱུར་པས་རང་ལོ་སོ་གཉིས་སྟེང་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་བྱིན་རླབས་ཀྱི་མཚན་མ་ཅུང་ཟད་ཐོབ་པའི་རྨི་ལྟས་ཀྱིས་བསྐུལ་ནས་ཤིང་རྟ་བརྒྱད་ཀྱི་བླ་མའི་རྣལ་འབྱོར་ཉུང་བསྡུས་ཤིག་བྲིས་པ་ལ། སླད་ནས་ལུང་རྟོགས་དཔལ་ཡོན་དུ་མས་ཐུགས་རྒྱུད་ཕྱུག་པའི་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཐུབ་བསྟན་རིས་མེད་ཀྱི་བླ་མ་མཆོད་པ་ཞིག་བརྩམ་པར་སྔ་ཕྱིར་གསུང་ནན་ཆེན་པོས་བསྐུལ་བའི་རྐྱེན་གྱིས་མཁས་གྲུབ་གོང་མའི་གསུང་གི་སྣང་བ་ལ་བརྟེན་ཏེ་ཅུང་ཟད་རྒྱས་པར་ཕྱེ་ནས་བྲིས་པའི་ཡི་གེའི་མཐུན་འགྱུར་རྙིང་སྔགས་འགྱུར་མེད་སྐལ་བཟང་འཕེལ་རྒྱས་ཀྱིས་བགྱིས་ཏེ་མཐའ་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་ལྷ་ཁང་གི་ཞོལ་བསམ་གཏན་གྱི་སྤྱིལ་བུ་བཀྲ་ཤིས་དགའ་འཁྱིལ་ཏུ་རྫོགས་པར་གྲུབ་པ་འདིས་ཀྱང་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཡེ་ཤེས་གཟིགས་པའི་བྱིན་རླབས་ཁྱད་པར་དུ་འཇུག་པའི་འབབ་སྟེགས་སུ་གྱུར་ཅིག  +
།ཅེས་པའང་བསྟན་འགྲོའི་དཔལ་མགོན་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་དྷརྨ་མ་ཏིའི་ཐུགས་དམ་རྒྱུན་གྱི་གཏོར་བསྔོར་གསུང་བསྐུལ་བཞིན་འཇུག་བདེའི་ཚུལ་དུ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ་བསྟན་འགྲོའི་དགེ་མཚན་ཅིས་ཀྱང་རྒྱས་པའི་དཔལ་དུ་གྱུར་ཅིག །དགེ་ལེགས་འཕེལ།།  +
།ཅེས་པ་འདི་ནི་ཐུབ་མཆོག་དོན་ཀུན་གྲུབ་པའི་རིང་ལུགས་ལུང་རྟོགས་ཀྱི་བསྟན་པ་སྒྲ་ཇི་བཞིན་པ་འཛིན་པས་རིས་སུ་མ་ཆད་པ་ལ་འཆད་སྤེལ་ཆོས་རྒྱུན་སྤེལ་བའི་ཐུགས་བསྐྱེད་དང་མཛད་པ་གསེར་སྦྱངས་ལྟར་གཙང་བའི་འཕགས་ཆེན་དམ་པའི་སྐྱེས་ཆེན་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་དང༌། འཕགས་ཡུལ་བཻ་ཧཱར་གྱི་དགེ་སློང་དད་མོས་རྣམ་པར་དཀར་བ་ཤྲཱི་ཀརྨ་ལྷག་མཐོང་བཅས་ནས་གསུང་བསྐུལ་ཆེད་དུ་གནང་བ་བཞིན་དག་སྣང་ཉེ་བརྒྱུད་སོགས་གང་ཡང་མིན་ཀྱང་བཀའ་གཏེར་གྱི་ཆོས་བརྒྱུད་ཐམས་ཅད་འཇམ་མགོན་བླ་མ་རྣམ་གཉིས་ལས་བྱུང་བའི་ཕྱིར་འདི་ལྟར་བགྱིས་ན་གཟུ་ལུམ་གྱི་ནོངས་པ་མེད་ཁུལ་གྱིས་གསང་བ་ཟབ་མོའི་རྣམ་ཐར་གྱི་ཁུངས་དང་འབྲེལ་ཞིང་མོས་གུས་སྐྱེད་པའི་ཐབས་གཙོ་བོར་བཟུང་སྟེ་བླ་མ་འཇམ་པའི་དབྱངས་ཀྱིས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་སྐལ་བཟང་ཕྲ་མོ་ཐོབ་པའི་འབངས་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་མེ་སྦྲུལ་ཆོ་འཕྲུལ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུ་ལ་དཔལ་ནཻ་པཱ་ལའི་རྒྱལ་ཁབ་ཆེན་པོའི་ཤར་ཕྱོགས་སྦས་ཡུལ་ཤོད་རོང་གྲུབ་པའི་སྨན་ལྗོངས་གངས་བྲག་ནགས་ཀྱི་ལྷུན་པོ་ན་བུན་དང་དག་བྱེད་ཀྱི་རྒྱན་ཕྲེང་མཛེས་པའི་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་དུ་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་ཆོས་སྒོ་འབྱེད་དེ་གནས་པའི་སྐབས་བྲིས་ཤིང་སྤེལ་བ་འདིས་ཀྱང་འབྲེལ་ཚད་རྗེ་བཙུན་བླ་མ་ཐམས་ཅད་མཁྱེན་ཅིང་གཟིགས་པའི་ཟག་མེད་ཀྱི་རྣམ་ཐར་བསམ་མི་ཁྱབ་པའི་གསང་བ་ལ་ཅི་དགར་ལོངས་སུ་སྤྱོད་པའི་སྐལ་བཟང་དུ་སྨོན་པ་བཞིན་གྲུབ་པར་གྱུར་ཅིག །དགེའོ། །མངྒ་ལཾ།།  +
* '''First colophon:''' །ཞེས་པའང་སྤྱིར་བདག་ལྟ་བུའི་སོ་སོའི་སྐྱེ་བོ་ལ་བླ་རྣལ་སྦྱོར་བ་བྱིན་རླབས་དང་དགོས་པ་གཏན་ནས་མེད་ཀྱང་རིས་མེད་པའི་ཐུབ་བསྟན་རིན་པོ་ཆེར་གུས་ཤིང་དམ་པའི་རྣམ་ཐར་འཆང་བ་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་ནས་ཐུན་མིན་དད་བརྩེ་ཆེན་པོས་རིན་ཆེན་སྣ་ཚོགས་པའི་མཎྜལ་དང༌། འཇམ་མགོན་རྡོ་རྗེ་འཆང་རྣམ་གཉིས་ཀྱི་ཐུགས་སྲས་ཁྱུང་སྤྲུལ་རིག་འཛིན་ཆེན་པོའི་དངོས་སློབ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་ཐུན་མོང་མ་ཡིན་པའི་དག་སྣང་ཡིད་ཆེས་ཀྱིས་མུ་ཏིག་གི་ཆུན་འཕྱང་དང༌། འབྲས་བཟང༌། ལྷ་རྫས་ཀྱི་རྟེན་བཅས་གསུང་བསྐུལ་ནན་བསྐྱར་གནང་བ་ལྡོག་མ་ནུས་པར་རྒྱལ་ཁམས་ཀུན་ཏུ་མཁྱེན་བརྩེའི་སྤྲུལ་སྐུར་གྲགས་པའི་མཚན་ལ་ཁག་བསྙེལ་ནས་འཕགས་པའི་ས་ལ་བཞུགས་པའི་སྐྱེས་ཆེན་རྣམས་དང་དོན་དམ་གྱི་དབྱིངས་སུ་ཐ་མི་དད་པའི་གདུང་ཤུགས་ཀྱིས་འདི་ལྟར་སྦྱར་བ་རང་གཞན་ལ་ཕན་པའི་ཡིད་ཀྱིས་རྨོངས་རྟུལ་འདུ་གསུམ་པ་བཀྲ་ཤིས་དཔལ་འབྱོར་གྱིས་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་དྲུང་ནས་ས་སྤྲེལ་རྒྱལ་ཟླའི་ཚེས་བཅུ་ལ་གྲུབ་པར་བགྱིས་པ་འབྲེལ་ཚད་འཇམ་མགོན་བླ་མ་ཆེན་པོའི་ཡེ་ཤེས་གཟིགས་པའི་འབབ་སྟེགས་སུ་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལྟར་བླ་མའི་རྣལ་འབྱོར་གཅིག་ལ་བསགས་སྦྱང་གི་མན་ངག་ཐམས་ཅད་འདུས་ན་ལེགས་པའི་ཡན་ལག་ཏུ་མཐོང་ནས་སྔར་བྲིས་པ་ལ་བཀླག་ཆོག་ཏུ་མངྒ་ལ་རང་གིས་བྲིས་པ་དོན་ལྡན་དུ་གྱུར་ཅིག * '''Second colophon:''' །ཅེས་རྣམ་དཀར་བྱེད་པོའི་མོས་འདུན་བཞིན་མངྒ་ལས་བྲིས་པའོ། །སརྦ་མངྒ་ལཾ། དགེའོ།།   +
།ཞེས་སྔར་བྲིས་པའི་བླ་སྒྲུབ་ལ་རྒྱུན་ཁྱེར་ཉམས་ལེན་བསྡུས་པ་ཞིག་དགོས་ཞེས་རྣམ་པར་དཀར་བའི་བློ་རྒྱུད་ཕྱུག་པ་ཟང་ཟང་སྦྲ་འཛིན་དབོན་བཙུན་པདྨ་མཆོག་གྲུབ་དབང་མོ་ནས་བསྐུལ་བ་ལྟར་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་གྱིས་བྲིས་པ་སྐྱེ་ཀུན་བླ་མ་མཆོག་དང་མི་འབྲལ་བར་རྡོ་རྗེའི་ཡེ་ཤེས་ཆེན་པོས་མྱུར་དུ་སྨིན་པའི་རྒྱུར་གྱུར་ཅིག །  +
།ཅེས་རྡོ་རྗེའི་མཆེད་པོ་འགའ་དང་བཅས་ནས། ༡༩༦༨ བོད་ས་སྤྲེལ་ལོ། །རྗེ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་གང་ལ་གསོལ་བ་ནན་དུ་བཏབ་པ་ལས་གདམས་མཛོད་ཀྱི་ཉིང་ཁུའི་ཡང་བཅུད་ལྟ་བུར་བསྩལ་བའི་བླ་རྣལ་བྱིན་ཉིར། མེ་ཡོས་ལོར་སླར་བསགས་སྦྱང་གི་མན་ངག་ཅན་གསར་སྣོན་བཀླག་ཆོག་ཏུ་མཛད་སྐབས་ཡིག་ཆུང་དུ་གསལ་བའི་སྤྱན་འདྲེན་སོགས་ཞལ་འཕངས་དག་དཀྱུས་སུ་འགོད་པར་གསོལ་བ་བཏབ་རུང༌། འོ་ན་དེ་ལྟར་སྤྲོས་བཅས་ཀྱི་ཚེ་ཇི་ལྟར་རིགས་པའི་ཁ་འགེངས་འོས་པ་རྣམས་ཁྱེད་ནས་ངེས་པར་དུ་དཀྱུས་སུ་ཆུག་ཅིག་ཅེས་བཀའི་མེ་ཏོག་སྤྱི་བོར་ལྷུང་ཡང་རང་ཉིད་ལེ་ལོའི་དབང་གིས་ད་བར་བཀའ་མ་གྲུབ་པའི་ནོངས་པ་དང་བཅས་རྡོ་རྗེའི་གསུང་གི་དཔེ་རྒྱུན་དར་ཆེ་བས་རང་སོར་བཞག་ནས། ལྷན་ཐབས་ཀྱི་ཚུལ་དུ་རྗེ་ཉིད་ཀྱིས་མཛད་པའི་རིས་མེད་བླ་མཆོད་སོགས་རིགས་མཐུན་གཞན་ལས་བཏུས་ཏེ། བླ་མ་རྡོ་རྗེ་འཆང་ཉིད་གཟུགས་སྐུ་ཞི་བར་མནལ་བའི་རྗེས་སུ་འདིའི་སྒོ་ནས་ཚོགས་མཆོད་འབུལ་སྤྲོས་དང༌། ཉམས་བཞེས་གནང་མཁན་ཇེ་མང་དུ་གྱུར་བའི་སྐབས་ཁ་ཚ་དགོས་མཁོར་མཐོང་ནས་འཕྲལ་མར་འབངས་ཐ་འཁྲུལ་ཞིག་ཆོས་བློས་སུག་པས་བསྒྲིགས་པའི་ཡེ་གེ་གཉིས་པ་མགོན་པོ་གང་གི་སྙུག་འཛིན་དབང་པོ་སྤྲུལ་སྐུ་ཀུན་དགས་མཛད་པ་ཛ་ཡནྟུ། སརྦ་མངྒ་ལཾ། དགེའོ།།  +
* '''First colophon:''' །ཅེས་པའང་གྲུབ་དབང་ཤཱཀྱ་ཤྲཱིའི་སྐུ་གསུང་ཐུགས་ཀྱི་སྲས་མཆོག་ཐེག་པ་མཆོག་གི་རྣལ་འབྱོར་པ་ཡེ་ཤེས་རང་གྲོལ་རིན་པོ་ཆེས་དད་མོས་ཆེན་པོའི་གསུང་གི་བསྐུལ་བ་ཡིད་ལ་གནས་པ་དང༌། སླར་ཡང་སྐྱེས་ཆེན་དམ་པའི་ངང་ཚུལ་གྱིས་གསང་གསུམ་མཛེས་པའི་ཞྭ་དེའུ་འཁྲུལ་ཞིག་མཆོག་སྤྲུལ་རིན་པོ་ཆེ་འགྱུར་མེད་ཆོས་ཀྱི་བློ་གྲོས་ནས་རིགས་འདུས་མ་ཧཱ་གུ་རུའི་སྣང་བརྙན་ཁྱད་འཕགས་ཀྱི་རྟེན་དང་བཅས་དད་བརྩེའི་གསུང་གིས་བསྐུལ་ཏེ། སྙོམ་ལས་པ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ནེ་པཱ་ལའི་རྒྱལ་ཁབ་ཀྱི་བྱེ་བྲག་ཤོང་རོང་སྨན་ཤིང་མེ་ཏོག་གིས་མཛེས་པའི་ས་འཛིན་གངས་རིའི་ལ་ཐོད་སྙེག་པ་སྨིན་གྲོལ་ཐུབ་བསྟན་ཆོས་གླིང་གི་རིག་འཛིན་འདུས་པའི་སྡེར་གདམས་ངག་རིན་པོ་ཆེའི་མཛོད་ཀྱི་དབང་ལུང་འཆད་པའི་ཐུན་གསེང་དུ་ཐམས་ཅད་འདུས་པའི་འབའ་སམ་གྱི་དབང་ཆོག་འདིའང་ཀུན་མཁྱེན་མཉྫུ་གྷོ་ཥའི་དུས་མཆོད་ཀྱི་ཉིན་རྫོགས་པར་བྲིས་པ་འབྲེལ་ཚད་བླ་མ་འཇམ་པའི་རྡོ་རྗེའི་གོ་འཕང་ལ་དཀྲི་བས་དོན་དང་ལྡན་པའི་རྒྱུར་གྱུར་ཅིག * '''Second colophon:''' །ཅེས་པ་འདི་ཡང་གླིང་མཆོག་ཨ་རི་བ་རྗེ་བླ་མའི་དངོས་སློབ་རྨད་བྱུང་ལྷག་པའི་བསམ་པས་ཕྱུག་པའི་དགེ་ཚུལ་མ་ངག་དབང་ཆོས་སྒྲོན་ཞེས་པའམ་མེ་ར་ལི་ནས་ཅི་འདོད་ཆོས་སྦྱིན་གྱི་སྒོ་འཕར་ཡངས་པོར་ཕྱེ་བའི་ཚེ་ན་སྨོན་ཚིག་ཏུ་དགེ་སྦྱོང་ཝཱ་གིནྡྲ་དྷརྨ་མ་ཏིས་སོ།། དགེའོ།།   +
* '''First colophon:''' །ཅེས་མདོ་སྨད་དུ་སྐྱེས་པའི་དཱ་རི་དྲ་སྨྲ་བ་མང་པོའི་རྒྱུད་མང་མཁན་ཞིག་ནུབ་ཕྱོགས་སྐད་རིགས་དང་སྤྱོད་ལམ་མི་གཅིག་པའི་རྒྱལ་ཁམས་སུ་འཁྱམས་པའི་ཚེ་མཁས་བཙུན་གྲུབ་པའི་རྣམ་ཐར་སྔ་འགྱུར་བསྟན་པའི་རྒྱན་དུ་མཛེས་པའི་རྣམ་འདྲེན་འཁྲུལ་ཞིག་མཆོག་སྤྲུལ་འགྱུར་མེད་ཆོས་ཀྱི་བློ་གྲོས་རིན་པོ་ཆེ་ནས་ཐུན་མོང་མ་ཡིན་པའི་ཐུགས་བརྩེ་དང་དད་མོས་ཀྱིས་རྩ་བ་གསུམ་གྱི་སྣང་བརྙན་གྱི་རྟེན་གཙོའི་གནང་སྐྱེས་གྱ་ནོམ་པ་དང་བཅས་བཀའ་ནན་གྱིས་བསྩལ་བ་དང༌། རྒྱ་མཚོ་ཆེན་པོའི་ཕ་རོལ་འདན་མག་གི་རྒྱལ་ཁམས་ནས་དད་སློབ་གཞོན་ནུ་ཨེ་རིག་པདྨ་ཀུན་བཟང་སོགས་ཁོ་བོ་ལ་བླ་མར་མཐོང་བའི་སློབ་ཚོགས་དུ་མས་བསྐུལ་ཏེ་བྲིས་པ་འདི་ཡང་འཁོར་ལོའི་མགོན་པོ་ཐམས་ཅད་མཁྱེན་གཟིགས་འཇམ་དབྱངས་ཆོས་ཀྱི་བློ་གྲོས་འོད་གསལ་ཆོས་སྐུའི་དབྱིངས་སུ་སྙོམས་པར་ཞུགས་པའི་དུས་ཀྱི་མཆོད་པའི་ཉིན་ཁ་བཞི་ལྷོ་ཡི་སྨན་ལྗོངས་ཀྱི་རྒྱལ་ས་ལྟེ་བ་བདེ་ཆེན་ཆོས་གླིང་ཞེས་སུམ་རྩེན་ལེགས་བྲིས་ཀྱི་ཀུན་དགའི་དོ་རར་འགྲན་པར་བསྟི་བའི་སྐབས་རྫོགས་པར་བྱས་པ་འདིས་ཀྱང་འགྲོ་ཀུན་བླ་མ་སྐུ་བཞིའི་དཀྱིལ་འཁོར་དུ་འཇུག་པའི་སྐལ་བཟང་དུ་གྱུར་ཅིག * '''Second colophon:''' །ཅེས་པ་འདི་ཡང་རྗེ་བཀའ་དྲིན་མཚུངས་པ་མེད་པའི་གཏེར་ཆེན་གང་གི་དངོས་སློབ་མི་ཕྱེད་པའི་དད་པས་ཕྱུག་ཅིང༌། སྒྱུ་མའི་ནོར་རྫས་རྣམ་དཀར་གྱི་ཕྱོགས་སུ་སྙིང་པོ་ལེན་ཕོད་པ་སྟེ། འཛམ་གླིང་ཆུ་ལྷའི་ས་ཕྱོགས་ཨ་མེ་རི་ཀ་བ་མ་རི་ལིན་འམ་དགེ་ཚུལ་མ་ངག་དབང་ཆོས་སྒྲོན་དང༌། འདན་མག་པ་གཞོན་ནུ་བློ་གྲོས་ཅན་ཨི་རིག་པདྨ་ཀུན་བཟང་ཟུང་ནས་ཆོས་སྦྱིན་གྱི་སྒོ་འཕར་ཕྱེ་བའི་སྨོན་ཚིག་ཏུ་དགེ་སྦྱོང་ཝཱ་གེནྡྲ་དྷརྨ་མ་ཏིས་བྲིས་པ་ཛ་ཡནྟུ། སརྦ་མངྒ་ལཾ། དགེའོ།།   +
ཞེས་པའང་དད་ལྡན་དམ་པས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པའོ། །བླ་མར་བསྟེན་པའི་རྣམ་དཀར་བསོད་ནམས་འབྲས། །བསམ་མི་ཁྱབ་པར་མདོ་རྒྱུད་ཀུན་ནས་བསྔགས། །བཀའ་དྲིན་སུམ་ལྡན་རྗེ་ཡི་རྣལ་འབྱོར་གྱིས། །སྤར་བསྐྲུན་རྡོ་རྗེའི་ཡེ་ཤེས་མངོན་གྱུར་ཤོག །ཅེས་པའང་རྣམ་དཀར་སྒྲུབ་པ་པོ་རྒྱལ་མཚན་ནས་བསྐུལ་ངོར་མངྒ་ལས་བྲིས་པའོ། སརྦ་མངྒ་ལཾ། དགེའོ།།  +
།ཞེས་པའང་འོད་གསལ་ཡེ་ཤེས་ཀྱི་སྐུ་བརྙེས་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་དཔལ་ལྡན་བླ་མ་རྡོ་རྗེ་གསུམ་གྱི་གསོལ་འདེབས་རྡོ་རྗེའི་དོ་ཧ་མཇལ་བའི་བྱིན་རླབས་ཁོ་ནས་རིག་ཀློང་ལས་ཐོལ་བྱུང་དུ་སད་པ་བཞིན་ཐེག་པ་མཆོག་ལ་མོས་པས་སྤྱོད་པའི་གཏད་མེད་ཀུན་ཏུ་རྒྱུ་འོད་གསལ་ཐུགས་མཆོག་རྡོ་རྗེས་བལ་ཡུལ་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་མདུན་ནས་ས་རྟ་ནག་ཟླའི་ཚེས་བཅུ་ལ་གྲུབ་པར་བྱས་པས་གྲུབ་སྲས་རྣལ་འབྱོར་མ་དྷརྨའི་རྒྱུད་ཆོས་ལ་འབྱོར་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།  +
།ཞེས་པའང་སྐྱབས་རྗེ་མདོ་ཁམས་པའི་ཞལ་སློབ་དམ་པའི་ཡོན་ཏན་ཟླ་བ་ཚེས་པས་ལེགས་པར་བརྒྱན་པ་ཆོས་རྒྱལ་སྤྲུལ་པའི་སྐུ་ངག་དབང་མི་ཕམ་ཡོན་ཏན་རྒྱ་མཚོས་ནན་ཏན་ཆེན་པོའི་གསུང་གིས་རྟེན་དང་བཅས་ཏེ་བསྐུལ་བ་བཞིན་རིས་མེད་མཁས་གྲུབ་རྒྱ་མཚོས་རྗེས་སུ་གཟུང་བའི་སྐལ་བཟང་ཙམ་ཐོབ་པ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་འཕགས་ཡུལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་གི་འདབས་རོལ་དུ་བྲིས་པ་སྐུ་གསུམ་བླ་མའི་ཡེ་ཤེས་ཐུགས་རྒྱུད་ལ་སད་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།།  +
།ཅེས་པའང་ལུང་རྟོགས་བསླབ་པ་གསུམ་གྱིས་མཛེས་པའི་དགེ་བའི་བཤེས་གཉེན་ངེས་དོན་བཟང་པོ་ནས་གསུང་བསྐུལ་བཞིན་ཤར་མདོ་ཁམས་ཀྱི་སྔགས་བན་རང་བྱུང་འོད་གསལ་ཐུགས་མཆོག་རྡོ་རྗེས་བྲིས་པ་འབྲེལ་ཚད་བླ་མ་བདེ་བ་ཆེན་པོའི་རང་ཞལ་མངོན་སུམ་དུ་མཇལ་བའི་རྒྱུར་གྱུར་ཅིག སརྦ་མངྒ་ལཾ། དགེའོ།།  +
།ཅེས་པའང་དད་མོས་རྣམ་པར་དཀར་བ་སྡེ་དགེ་སྨད་ཤོད་ཕུ་མ་རིན་རྣམ་ནས་ལྷ་རྫས་ཀྱི་རྟེན་བཅས་བསྐུལ་ངོར་དཔལ་མགོན་བླ་མ་དགྱེས་པའི་འབངས་མངྒ་ལ་ཤྲཱི་བྷཱུ་ཏིས་རང་འདྲའི་སྐལ་མཉམ་ལ་ཕན་པའི་བློས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག སརྦ་མངྒ་ལཾ།།  +
།སྙིང་གི་བུ་མཆོག་མཁྱེན་བརྩེ་ནོར་བུ་ཡིས། །སྙིང་པོ་བླ་མའི་རྣལ་འབྱོར་བྲིས་ཞེས་སུ། །གྱ་ནོམ་རྟེན་བཅས་བསྐུལ་བས་མངྒ་ལས། །བྲིས་ཏེ་ཕུལ་བས་རྟོགས་གྲོལ་དུས་མཉམ་ཤོག །སརྦ་མངྒ་ལཾ། དགེའོ།།  +
།ཅེས་འདི་སྙིང་ལྟར་གཅེས་པའི་གྲོགས། །བཤད་སྒྲུབ་ཆོས་ཀྱི་སེང་གེ་ཡིས། །བསྐུལ་བཞིན་མན་ངག་སྙིང་གི་ཏིག །བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་དགེས། །ཚིག་ཚོགས་ཉུང་ཡང་དོན་གནད་ཚང༌། །ཉམས་ལེན་བྱས་པས་བླ་མ་ཆེ། །སྐུ་བཞི་ཡེ་ཤེས་མངོན་གྱུར་ཏེ། །བསྟན་འགྲོའི་དོན་ཆེན་བྱེད་ནུས་པའི། །དགེ་མཚན་དཔལ་དུ་འབར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ།། །།  +
།ཅེས་འདི་དད་བརྩོན་བློ་ལྡན་པའི། ལུང་རྟོགས་ཡོན་ཏན་ཐུགས་བརྩེའི་གཏེར། །ཀརྨ་ཕྲིན་ལས་ཀྱིས་བསྐུལ་བས། །ཐེག་མཆོག་རྡོ་རྗེ་སྙིང་པོའི་ཡི། །སྨིན་གྲོལ་བདུད་རྩིའི་སྐལ་བཟང་ཅན། །འོད་གསལ་སྣ་ཚོགས་རང་གྲོལ་གྱིས། །ཀརྨ་རྫོང་གི་རྒྱལ་ས་ནས། །བྲིས་དེས་ཆོས་ཉིད་དོན་རྟོགས་ཏེ། །ཡེ་ཤེས་ཀློང་དུ་གྲོལ་བར་ཤོག །དགེའོ།།  +