རྟ་ཞལ་ཡིད་བཞིན་རྒྱ་ཅན་ལས། རྟ་མགྲིན་ཁམས་གསུམ་ཟིལ་གནོན་ལྷ་བཅུ་བདུན་མའི་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་དགྱེས་པའི་དབྱངས་སྙན།

From Khyentse Lineage - A Tsadra Foundation Project
Revision as of 09:02, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-05-CA-040
Wylie title rta zhal yid bzhin rgya can las/ rta mgrin khams gsum zil gnon lha bcu bdun ma'i dbang gi cho ga bklag chog tu bkod pa dbang chen dgyes pa'i dbyangs snyan DKR-KABUM-05-CA-040.pdf
Location dil mgo mkhyen brtse bka' 'bum
Volume 5, Text 40, Pages 287-314 (Folios 1a to 28a6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Rta zhal yid bzhin rgya can las rta mgrin khams gsum zil gnon lha bcu bdun ma'i dbang gi cho ga bklag chog tu bkod pa dbang chen dgyes pa'i dbyangs snyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 287-314. Delhi: Shechen Publications, 1994.
Genre Activity Manual - las byang  ·  Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle རྟ་ཞལ་ཡིད་བཞིན་རྒྱ་ཅན་ (rta zhal yid bzhin rgya can)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity rta mgrin
Colophon

།འཕོ་འགྱུརྃ་དང་བཅས་གཉིས་སྣང་རྒྱུ་འབྲས་སྦྱང༌། །གཞོམ་མེདྃ་པདྨ་གསུང་གི་གོ་འཕང་ཆེ། །མངོན་བྱེད་ཐེགྃ་མཆོྃག་བསྟནྃ་པའིྃ་རིང་ལུགས་ཀྱི། །སྨིན་བྱེད་རྒྱལྃ་མཚྃན་སྲིད་ཞིའི་མཛེས་རྒྱན་གྲུབ། །རྟ་མགྲིན་ཁམས་གསུམ་ཟིལ་གནོན་ལྷ་བཅུ་བདུན་མའི་དབང་དང་སྒྲུབ་ཐབས་བཅས་ཀྱི་ལེའུ་ཚན་ནོ།།

/'pho 'gyura~M dang bcas gnyis snang rgyu 'bras sbyang*/_/gzhom meda~M pad+ma gsung gi go 'phang che/_/mngon byed thega~M mcho~Mg bstana~M pa'i~M ring lugs kyi/_/smin byed rgyala~M mtsha~Mn srid zhi'i mdzes rgyan grub/_/rta mgrin khams gsum zil gnon lha bcu bdun ma'i dbang dang sgrub thabs bcas kyi le'u tshan no//

[edit]
༄༅། རྟ་ཞལ་ཡིད་བཞིན་རྒྱ་ཅན་ལས། རྟ་མགྲིན་ཁམས་གསུམ་ཟིལ་གནོན་ལྷ་བཅུ་བདུན་མའི་དབང་གི་ཆོ་ག་བཀླག་ཆོག་ཏུ་བཀོད་པ་དབང་ཆེན་དགྱེས་པའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།


༄༅། །ཀུན་ཁྱབ་ཐུགས་རྗེའི་མཁའ་དབྱིངས་མཛེས་པའི་རྒྱན། །བདེ་ཆེན་ཐུན་མཚམས་སྤྲིན་གྱི་རོལ་སྒེག་ལས། །གྲུབ་གཉིས་འདོད་དགུའི་ཆར་འབེབས་ལྷག་པའི་ལྷར། །བཏུད་ནས་སྨིན་བྱེད་ཆོ་ག་འདིར་གསལ་བྱ། དེ་ལ་རྟ་མགྲིན་ཁམས་གསུམ་ཟིལ་གནོན་དབང་ཆོག་འདུས་གསལ་དུ་བཀོད་པ་ལ། སྒྲུབ་པའི་གནས་སུ་ཐོག་མར་སྔོན་འགྲོ་སྟ་གོན་གྱི་རིམ་པ་ལ། སྟེགས་ཀྱི་ཁར་མཎྜལ་དྲིའི་ཐིག་ལེ་ཚོམ་བུ་གཅིག་བཀོད། ས་ལྷ་དང་ཆ་གསུམ་གྱི་གཏོར་མ་མཆོད་པ་བཅས་བཤམས་ལ། བདག་གི་རྣལ་འབྱོར་མདོར་བསྡུས་པ། །བླ་མ་སངས་རྒྱས་འཁོར་དང་བཅས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བླ་མ་དཀོན་མཆོག་རྣམ་གསུམ་ལ། །བྱང་ཆུབ་མ་ཐོབ་བར་དུ་ནི། །སྐྱབས་ཀྱི་མཆོག་ཏུ་བཟུང་བར་བགྱི། །སྔོན་ནས་བསགས་པའི་སྡིག་སྒྲིབ་བཤགས། །འགྲོ་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་པའི་བྱང་ཆུབ་སེམས་ནི་བསྐྱེད། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །གསང་སྔགས་སྤྱོད་པ་རླབས་ཆེན་སྤྱད། །དོན་དམ་སྤྲོས་བྲལ་བྱང་ཆུབ་སེམས། །རང་བྱུང་མཐའ་བྲལ་སྟོང་གསལ་བསྒོམས། །ལན་གསུམ། །ཧྲཱིཿ །རང་སེམས་སྐད་ཅིག་ཧྲཱིཿཡིག་ཡོངས་གྱུར་པས། །ཧེ་རུ་ཀ་གསལ་ཞལ་གཅིག་ཕྱག་གཉིས་པ། །རྡོ་རྗེ་དུང་ཁྲག་ཐུགས་ཀར་བསྣམས་པའི་སྐུ། །དུར་ཁྲོད་ཆས་རྫོགས་འབར་བའི་གར་དགུ་ལྡན། །ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། བརྒྱ་རྩ་བཟླས་པས་ལྷའི་ང་རྒྱལ་བཟུང༌། ཕྱི་མཆོད་ཆ་གསུམ་ལྟར་བྱིན་གྱིས་བརླབས། ས་ལྷའི་ཚོམ་བུ་བསང་སྦྱང༌། ལཾ་ལས་སའི་ལྷ་མོའི་གསེར་གྱི་མདོག་ཅན་ཕྱག་གཉིས་གསེར་གྱི་བུམ་པ་ཐུགས་ཀར་གཏོད་དེ་འཛིན་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་དང་དར་སྣ་ཚོགས་ཀྱིས་བཀླུབས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃཿ ཡེ་ཤེས་ལྔའི་དབང་བསྐུར། ས་མ་ཡ་ཛཿས་སྙན་གསན་དབབ། པྲི་ཐི་དེ་ཝི་ཨེ་ཧྱ་ཧི་ས་མ་ཡ་ཛཿ ཞེས་པས་སྤྱན་དྲངས། ཕྱག་རྒྱ་བཞིས་བསྟིམ། གཙང་ཞིང་གཙང་མར་སྦྱར་བ་ཡི། །ལྷ་རྫས་དམ་པའི་མཆོད་ཡོན་འདི། ཞབས་བསིལ། བདུག་སྤོས། མེ་ཏོག །མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་འདི། །ས་ཡི་ལྷ་མོ་ཉིད་ལ་འབུལ། འགྲོ་བའི་དོན་དུ་བཞེས་སུ་གསོལ། ཨོཾ་པྲི་ཐི་དེ་ཝི་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཿཧཱུྃ། དེ་བཞིན་དུ། པ་དྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ །གྷནྡྷེ། ནཻ་ཝི་དྱ། ཤཔྟས་མཆོད། དཀར་གཏོར་ཆུ་གཙང་གིས་སྦྱངས་ཏེ། སྤྱི་དང་མཐུན་པར་བྱིན་གྱིས་བརླབས་ཏེ། ཨ་ཀཱ་རོའི་སྔགས་ཀྱིས་དབུལ། །འབྲུ་བཅུད་མ་ལུས་ཟས་མཆོག་གཏོར་མ་ལ། །གསེར་དངུལ་ལ་སོགས་རྒྱན་གྱིས་བརྒྱན་པ་འདི། །ས་ཡི་ལྷ་མོ་འཁོར་དང་བཅས་ལ་འབུལ། །ཐུགས་རྗེ་འགྲོ་བའི་དོན་དུ་བཞེས་སུ་གསོལ། །ཞེས་དང༌། །ས་ཡི་ལྷ་མོ་སངས་རྒྱས་སྤྱན། །གསེར་མདོག་རིན་ཆེན་བུམ་པ་བསྣམས། །རིན་ཆེན་རྒྱན་དང་མཚན་དཔེས་སྤྲས། ས་འོག་གཙོ་མོ་ཁྱེད་ལ་བསྟོད། ཅེས་བསྟོད། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཁྲོ་རྒྱལ་པདྨ་དབང་ཆེན་གྱིས། །ས་འདིར་དཀྱིལ་འཁོར་བསྒྲུབ་པར་བྱ། །ལས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཞེས་བརྗོད་མཁྱེན་པར་གསོལ་བ་ལན་གསུམ་བྱས་པས། དཀྱིལ་འཁོར་བྲིས་ཤིག་གནང་བར་བསམ་ལ་བཛྲ་མུཿས་དེ་ཉིད་དུ་ཐིམ་པར་བསམ། ཆ་གསུམ་ཚང་མ་བཏང༌། ས་ལྷའི་གཏོར་མ་བསྡུ། དཀྱིལ་འཁོར་གཞིར་བདུད་རྩི་འཐོར་ལ། ཧཱུྃ། རྣམ་རྟོག་དངོས་གཞི་རྩ་བ་ལྔ༔ དུག་ལྔ་འཁོར་བའི་རྟགས་ཀྱི་རྒྱཿ ཡེ་ཤེས་ལྔ་རུ་ཁ་སྦྱར་ནས༔ ཡོངས་རྫོགས་དཀྱིལ་འཁོར་ཆག་ཆག་འདེབས༔ གུ་ཧྱ་ཛྙཱ་ན་ཙཀྲ་མཎྜ་ལ་ཧཱུྃཿ ཞེས་ཆག་ཆག་བཏབ་ལ་མཎྜལ་ལ་དྲི་བཟང་གི་ཐིག་ལེ་བྱས་པའི་སྟེང་དུ་དྲི་བཟང་གིས་གཤེར་བའི་འབྲུ་ཡི་ཚོམ་བུ་དབུས་སུ་གཅིག །དེ་རྒྱབ་བཞི། དེ་རྒྱབ་བརྒྱད། ཕྱོགས་བཞིར་བཞི་བཅས་བཀོད་ལ། སྨན་རཀ་གཏོར་གསུམ་དང་མཐར་ཉེར་སྤྱོད་མཆོད་པས་བསྐོར། མཆོད་པ་བྱིན་རླབས་ལས་བྱང་ལྟར་བྱས་ལ། །བདག་ཉིད་ཧེ་རུ་ཀ་གསལ་བའི༔ ཐུགས་ནས་འཕྲོས་པའི་འོད་ཟེར་གྱིས༔ པདྨ་དབང་ཆེན་དཀྱིལ་འཁོར་ལྷ༔ མདུན་གྱི་ནམ་མཁར་སྤྱན་དྲངས་བསམ༔ ཧྲཱིཿ པདྨ་དབང་ཆེན་ལྷ་ཚོགས་རྣམས༔ སྔོན་གྱི་ཐུགས་དམ་རྗེས་དགོངས་ལ༔ དཀྱིལ་འཁོར་དགྱེས་པ་བསྐྱེད་པ་དང་༔ སློབ་མ་རྣམས་ལ་སྙིང་བརྩེ་བས༔ གནས་འདིར་པདྨ་ཧེ་རུ་ཀའི༔ ཕོ་བྲང་ཆེན་པོ་འདེབས་འཚལ་ན༔ ཐུགས་ཀྱིས་དགོངས་ཏེ་གནང་བ་དང་༔ སྣོད་བཅུད་བྱིན་གྱིས་བརླབ་མཛད་གསོལ༔ ཞེས་གསོལ་བ་ལན་གསུམ་བཏབ་པས་ལྷ་རྣམས་དགྱེས་པ་ཆེན་པོས། རྡོ་རྗེ་སློབ་དཔོན་སྙིང་རྗེ་ཆེ༔ ཁྱེད་ཀྱིས་རང་གཞན་ཕན་པའི་ཕྱིར༔ སྒྲུབ་པའི་ཆོ་ག་ཚུལ་བཞིན་གྱིས༔ བདེ་གཤེགས་རྒྱལ་བས་བྱིན་རློབ་འགྱུར༔ གནང་བ་བསྩལ་ནས་འོད་དུ་ཞུ༔ བདག་དང་གནས་ལ་ཐིམ་པ་ཡིས༔ ཐ་མལ་སྣང་ཞེན་རབ་སྦྱངས་ཏེ༔ ཡེ་ཤེས་ཆེན་པོས་བྱིན་རླབས་འགྱུར༔ གཉིས་པ་བུམ་པ་སྟ་གོན་ནི། མཚན་ཉིད་དང་ལྡན་པའི་བུམ་པ་རས་ཁ་ཚར་མ་ཉམས་པས་མགུལ་ལ་དཀྲིས་ལ། སྲོག་ཆགས་མེད་པའི་ཆུ་ལ་བུམ་རྫས་སུམ་ཅུ། ཁ་རྒྱན་དུང་ཆུ། །གཟུངས་རྡོར་དང་ལྡན་པས་མཉྫིའི་སྟེང་བཀོད་ལ། མཆོད་པས་བསྐོར། ལས་བུམ་སློབ་དཔོན་གྱི་མདུན་དུ་བཞག་ལ། ལས་གཞུང་ལྟར་མཆོད་པ་བྱིན་གྱིས་བརླབས། བུམ་པ་གཉིས་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུཾ་ལས་བུམ་པ་བཙའ་བ་ནག་པོ་ར་རི་མེད་པ། མཆུ་འཕྱང་བ། ལྟོ་བ་ཆེ་བ། ལྷ་རྫས་ཀྱི་ན་བཟས་མགུལ་པ་བཅིངས་པ། ནང་དབང་ཆེན་གྱི་གཞལ་ཡས་ཁང་གདན་དང་བཅས་པ་དཔལ་ཆེན་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་སྐད་ཅིག་གིས་གསལ་བར་གྱུར། ཧཱུྃ། རྣམ་དག་ཆོས་དབྱིངས་མཉམ་ཉིད་ལས། །དབང་ཆེན་ཡོངས་རྫོགས་སྐུར་བཞེངས་ལ། །སྲིད་གསུམ་གདུག་པའི་ཚོགས་བསྒྲལ་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཧྲཱིཾ་ཧྲཱིཾ་ཛ་ཛཿ ཨ་ཏི་པཱུ་ཧོཿ ན་མ་ཧྲིང༌། ཧཱུྃ། པདྨ་དབང་ཆེན་དཀྱིལ་འཁོར་དུ། །བདུག་སྤོས་མེ་ཏོག་མར་མེ་དྲི། །ཞལ་ཟས་སིལ་སྙན་མཆོད་པའི་སྤྲིན། །དབྱིངས་ནས་བཏོན་ཏེ་དབྱིངས་སུ་འབུལ། །ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟ། སརྦ་པཉྩ་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི། ཞེས་པས་མཆོད། ཧྲཱིཿ འོད་གསལ་དབྱིངས་ལས་མ་གཡོས་ཀྱང༌། །ཟུང་འཇུག་བདེ་ཆེན་རྣམ་སྤྲུལ་པ། །སྣ་ཚོགས་སྤྲུལ་པའི་སྐུར་སྟོན་པ། །རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །གཟུངས་ཐག་བླངས་ཏེ། །རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་ཀར་ཞུགས། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་དབྱེར་མེད་རོ་གཅིག་གྱུར། །ཞེས་དམིགས་ལ། ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷཱི་ཤྭ་རི་ཧཱུྃ་ཕཊཿ ཨོཾ་བཛྲ་ཤྭ་རི་ཀྲོ་དྷ་ཧཱུྃ་ཕཊ། ཨོཾ་རཏྣ་ཤྭ་རི་ཀྲོ་དྷ་ཧཱུྃ་ཕཊཿ ཨོཾ་པདྨ་ཤྭ་རི་ཀྲོ་དྷ་ཧཱུྃ་ཕཊཿ ཨོཾ་ཀརྨ་ཤྭ་རི་ཀྲོ་དྷ་ཧཱུྃ་ཕཊཿ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཀིངྐ་ར་ཧཱུྃ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷནྡྷེ་ཧོཿ གཙོ་འཁོར་སྐབས་ཕྱེ་སྟེ་བཟླ། ལས་བུམ་དུ་ལས་ཀྱི་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ་གཡས་ཙནྡན་གྱི་བེ་ཅོན་འཕྱར་ཞིང༌། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ་གཙུག་ན་རྟ་མགོ་དང་དུར་ཁྲོད་ཆས་ཀྱི་བརྒྱན་པར་བསམ། དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཡིག་གིས་མཚན་པར་གྱུར། ཨོཾ་ཧཱུྃ་ཏྲཾ་ཧྲཱིཿཨཿ བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད། ཧྲཱིཿཔདྨཱནྟ་ཀྲྀཏ་ཧཱུྃ་ཕཊ། བརྒྱ་རྩ་བཟླས་མཐར། ཧཱུྃ། །ཡེ་ཤེས་ལྷ་ཚོགས་སྤྱན་འདྲེན་གཤེགས༔ ཕྱི་ནང་གསང་བའི་མཆོད་ཚོགས་འབུལ༔ ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཞེས་དང་ཡིག་བརྒྱས་ལྷག་ཆད་བསྐང༌། ལྷ་འོད་དུ་ཞུ་བ་བུམ་པའི་ཆུར་གྱུར་པར་བསམ་ལ། སྟ་གོན་གྱི་རྫས་བཞི། ཉེར་སྤྱོད་ལྔ། བགེགས་གཏོར། གུ་གུལ་ཡུངས་ཀར་སོགས་འདུ་བྱས། དཀྱིལ་འཁོར་ཡོལ་བས་བསྒྲིབས་པའི་ཕྱི་རོལ་དུ་སློབ་མ་རྣམས། ཇི་ལྟར་བལྟམས་པ་སོགས་དང་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བྱིན་རླབས་དང་བསྔོ་བ་སྔོན་འགྲོ་ལྟར་བྱས་ཏེ་ཕྱིར་གཏོང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མེད་སྣང་སྲིད་པའི་བཙོན་རར་སྡུག་བསྔལ་གྱི་ཆད་པ་སངས་དུས་མེད་པས་མནར་བའི་འགྲོ་བ་འདི་ཐམས་ཅད་ཚེ་རབས་ཀྱི་ཕ་མ་དྲིན་ཆེན་ཤ་སྟག་ཡིན་པས་འདི་ཐམས་ཅད་རྣམ་མཁྱེན་གདོད་མའི་རྒྱལ་ཐབས་ལ་འགོད་པའི་ཕྱིར་དུ། སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་སྐུ་ཚེ་འདི་ཉིད་ལ་ཅིས་ཀྱང་ཐོབ་པར་བྱ། དེའི་ཆེད་དུ་གསང་ཆེན་ལམ་གྱི་རྩ་བ་སྨིན་བྱེད་དབང་བསྐུར་གྱི་ཆོ་ག་ཟབ་མོ་ཞུས་ནས་ལམ་རིམ་པ་གཉིས་ཀྱི་ཚུལ་ལ་སློབ་པར་བགྱིའོ་སྙམ་དུ་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་གསལ་བཏབ་སྟེ་ཆོས་གསན་པའི་ཀུན་ཏུ་སྤྱོད་པའང༌། བདག་ཉིད་ལ་ནད་པ། ཆོས་ལ་སྨན། དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པ། ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བཞག་ནས་ལེགས་པར་གསན་པར་ཞུ། རང་རེ་རྣམས་ངོ་བོ་རྒྱུ་རྐྱེན་དཔེ་གྲངས་ཚུལ་གང་ལ་བསམ་ཀྱང་ཤིན་ཏུ་རྙེད་དཀའ་ཞིང་ཕན་ཐོགས་ཆེ་བའི་དལ་འབྱོར་བཅོ་བརྒྱད་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཉིད་ཐོབ་པའི་གནས་སྐབས་སུ། གྲུ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་བཞིན་དུ་སྡུག་བསྔལ་མུ་མཐའ་མེད་པ་སྲིད་པའི་རྒྱ་མཚོ་ལས་སྒྲོལ་བའི་ཕྱིར་དུ། དམ་པའི་ཆོས་གཤའ་མ་ཞིག་ཅིས་ཀྱང་བྱ་དགོས། དེའང་སང་བྱ་དང་གནང་བྱའི་དབང་དུ་བཞག་པས་མི་ཕན་ཏེ། ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན་དམ་པའི་སྐྱེས་བུ། འཆི་རྐྱེན་ངེས་མེད། དཔེ་དོན་སྣ་ཚོགས་ཚུལ་གང་ལ་བསམ་ཀྱང་མི་རྟག་པའི་རང་བཞིན་ལས་མ་འདས་པས། དོ་ནུབ་ཙམ་དུའང་མི་འཆི་བའི་ངེས་པ་མེད་ཅིང༌། འཆི་བའི་ཚེ་རང་གི་རྗེས་སུ་འབྲང་བ་ནི་ལས་དཀར་ནག་གཉིས་མ་གཏོགས་གཞན་གང་ཡང་མེད་དེ། དེའང་དགེ་བ་རང་གིས་མ་བྱས་པར་ཁྱེར་རྒྱུ་ནི་མེད། སྡིག་པ་བྱས་ཟིན་པ་སྐྱུར་དབང་ནི་མེད། ལས་དཀར་ནག་གི་འབྲས་བུ་ནམ་ཡང་མི་འཆོལ་བར་རང་རང་གི་ཟིན་འབྱུང་གི་ཕུང་པོའི་སྟེང་སྨིན་ངེས་ཏེ། དེས་ན་ཀུན་སློང་ཆགས་སྡང་རྨོངས་གསུམ་གྱིས་བསྐྱེད་པའི་སྦྱོར་བ་གཞན་ལ་གནོད་པ་གཞི་དང་བཅས་པ་འདི་དང་གཏན་དུ་རང་འབྲས་ཡིད་དུ་མི་འོང་བ་བསྐྱེད་པར་བྱེད་པ་སྡིག་པ་མི་དགེ་བའི་རིགས་སྲོག་ལ་བབས་ཀྱང་སྤངས་ཤིང༌། ཕན་སེམས་བསམ་པ་བཟང་པོ་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླང་བའི་སྦྱོར་བ་གཞན་ལ་ཕན་པ་གཞི་དང་བཅས་པ། འདི་དང་གཏན་དུ་རང་འབྲས་ཡིད་དུ་འོང་བ་སྐྱེད་པར་བྱེད་པ་དཀར་པོ་དགེ་བའི་ལས་ལ་ཅི་ནུས་སུ་འབད་པ་གལ་ཆེ་སྟེ། འདུ་བྱེད་ཟག་བཅས་ཀྱི་ལས་ཀྱིས་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང༌། དམྱལ་བ་ཚ་གྲང༌། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བླུན་རྨོངས། མི་སྐྱེ་རྒ་ན་འཆི། །ལྷ་མ་ཡིན་འཐབ་རྩོད། ལྷ་འཕོ་ལྟུང་སྟེ་རྩ་བའི་སྡུག་བསྔལ་ཆེན་པོ་དྲུག་དང༌། ཡོད་པ་སྲུང་མི་བཏུབ། མེད་པ་བཙལ་གྱིས་མི་རྙེད། དགྲ་སྡང་བ་དང་ཕྲད། གཉེན་བྱམས་པ་དང་བྲལ་བ་སོགས་ཡན་ལག་གི་སྡུག་བསྔལ་མཐའ་ཡས། མདོར་ན་ཟག་བཅས་ཀྱི་ཕུང་པོ་འདི་གྲུབ་ཕྱིན་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་ལས་མ་འདས་པས། དེ་ལྟ་བུའི་སྡུག་བསྔལ་སྲིད་པའི་གནས་ལས་རང་ཉིད་གཅིག་པུ་ཐར་པ་ཙམ་གྱིས་མི་ཕན་ཏེ། འདི་ལྟར་ནམ་མཁའ་ལ་མཐའ་དང་མུ་མེད་པ་བཞིན་དུ་སེམས་ཅན་གྱི་ཁམས་ལའང་མཐའ་དང་མུ་མེད། དེ་ཐམས་ཅད་ཚེ་རབས་ཐོག་མ་མེད་པ་ནས་རང་གི་ཕ་མ་བྱས་པའི་དྲིན་ཅན་ཤ་སྟག་སྟེ། འདི་ཐམས་ཅད་འདོད་པ་བདེ་བ་འདོད་ཀྱང་ཐབས་ལ་མི་མཁས་པའི་དབང་གིས་བདེ་བའི་རྒྱུ་ཆོས་དགེ་བ་བཅུ་ནི་སྒྲུབ་མི་ཤེས། སྡུག་བསྔལ་མི་འདོད་ཀྱང་སྡུག་བསྔལ་གྱི་རྒྱུ་སྡིག་པ་མི་དགེ་བ་ནི་སྤོང་མི་ཤེས། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་གྱུར་པའི་སྨྱོན་པ་ལྟ་བུའི་སེམས་ཅན་འདི་ཐམས་ཅད་སྙིང་རེ་རྗེ། ད་སྙིང་རེ་རྗེ་ཞེས་བཞག་པས་ཅི་ཕན། བདག་ད་རེས་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དང་མཇལ། ཟབ་པ་དང་རྒྱ་ཆེ་བའི་གདམས་ངག་ཐོབ། ཆོས་བྱེད་ཐབས་ཤེས་བྱེད་དབང་ཡོད་པའི་སྐབས་སུ། མ་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བདག་གཅིག་པུས་ཅི་ནས་ཀྱང་བསྒྲལ་བར་བྱ། དེའི་ཆེད་དུ་གསང་སྔགས་ལམ་གྱི་རྩ་བ་སྨིན་བྱེད་དབང་བསྐུར་གྱི་ཆོ་ག་ཟབ་མོ་ཞུས་ནས་དོན་རང་རྒྱུད་ལ་སྦྱར་བར་བགྱིའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། ཆོས་ཉན་པའི་ཀུན་ཏུ་སྤྱོད་པའང་མདོ་རྒྱུད་བསྟན་བཅོས་དྲི་མ་མེད་པ་རྣམས་ནས་ཇི་སྐད་གསུངས་པ་བཞིན་ལེགས་པར་གསལ་བཏབ་ཏེ་གསན་པར་ཞུ། དེ་ལ་འདིར་གང་གསན་པར་བྱ་བ་ནི། རྒྱལ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་ཞིག་མཆིས་པ་དེ་ཐམས་ཅད་ཀྱང་བསྡུ་ན་ཐེག་པ་ཆེ་ཆུང་གཉིས་སུ་འདུ་བ་ལས། འདིར་ཐེག་པ་ཆེན་པོ་ཡིན། དེ་ལའང་རྒྱུ་མཚན་ཉིད་ཐེག་པ་དང༌། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ལས་འབྲས་བུ་རྡོ་རྗེ་ཐེག་པ་སྟེ། དེ་ལའང་བྱ་སྤྱོད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྡེ་ཆེན་པོ་བཞི་ལས། འདིར་རྣལ་འབྱོར་བླ་ན་མེད་པའི་ཐེག་པ་ཡིན། དེའང་གསར་རྙིང་གཉིས་ལས། འདིར་གསར་མ་ལས་ཆེ་བ་དྲུག་གིས་ཁྱད་པར་དུ་འཕགས་པ་གསང་སྔགས་རྙིང་མ་ཡིན། རྙིང་མ་དེ་ལའང་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས། འདིར་སྐབས་སུ་བབ་པ་སྒྲུབ་སྡེ་སྟེ། དེ་ལའང་ནང་གསེས་སུ་བརྒྱད་ལས། ཡེ་ཤེས་ལྷ་ཡི་སྒྲུབ་ལུགས་ཆེན་པོ་ལྔའི་ཡ་གྱལ། པདྨ་གསུང་གི་སྒྲུབ་སྐོར། དེ་ལའང་བཀའ་གཏེར་དག་སྣང་གི་ཁྱད་པར་གསུམ་དུ་བཞུགས་པ་ལས། འདིར་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་བརྒྱུད་པ་གསུམ་གྱིས་ཁྱད་པར་དུ་འཕགས་པ་ཟབ་མོ་གཏེར་གྱི་ཕྱོགས་ལ་བཀའ་གཏེར་དག་སྣང་གི་བབས་སོ་གསུམ་ལས་འདིར་ཤིན་ཏུ་ཟབ་པ་དག་སྣང་གི་ཆོས་སྐོར་ཏེ། གངས་ཅན་ཙམ་ན་འགྲན་ཟླ་དང་བྲལ་བ་མཁས་གྲུབ་ཆེན་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཕྲིན་ལས་ཀྱི་རྣམ་འཕྲུལ་རྒྱལ་དབང་ལྔ་པ་ཆེན་པོའི་དག་སྣང་རྟ་མགྲིན་ལྷ་བཅུ་བདུན་མའི་དབང་བསྐུར་སྐབས་སུ་བབ་པ་སྟེ། དེ་ལའང་སྔོན་འགྲོ་སྟ་གོན་དང་དངོས་གཞི་དབང་བསྐུར་བ་གཉིས་ལས། སྔོན་འགྲོ་སྟ་གོན་གྱི་རིམ་པ་གསན་པའི་ཆེད་དུ་མཎྜལ་ཕུལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་འདི་ཡི་རྗེས་ཟློས། ཧོ། བླ་མ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས། །བླ་མའི་སྐུ་གསུང་ཐུགས་ཀྱིས་བཟུང་སླད་དུ། །བདག་ཀྱང་སྐྱབས་ཕྱིར་དཀྱིལ་འཁོར་དུ་ཞུགས་ཕྱིར། །ལྷག་པར་གནས་པའི་རིམ་པ་མཛད་དུ་གསོལ། །ལན་གསུམ། རྗེས་སུ་གནང་བ་སྦྱིན་པས་སྐབས་དབྱེ་བ་ནི། བུ་ཚུར་ཤོག་ཁྱོད་ནི་ཐེག་ཆེན་སྣོད་ཡིན་ཏེ། །ཧེ་རུ་ཀ་དཔལ་དབང་ཆེན་རྟ་མགྲིན་གྱི། །དབང་བསྐུར་དཀྱིལ་འཁོར་ལྷ་ངོ་བསྟན་བྱའི་ཕྱིར། །ལྷག་པར་གནས་པའི་རིམ་པ་ཚུལ་བཞིན་བགྱི། །དེ་ལྟར་བཀའ་ཡི་གནང་བ་བྱིན་པ་ཡིན་པས་ཁྱེད་རང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བར་འདོད་པའི་ངེས་འབྱུང་གི་བློ་བཅོས་མིན་དང་ལྡན་པས་བསགས་སྦྱོང་ཁྱད་པར་ཅན་བྱ་བའི་སླད་དུ། །མདུན་གྱི་ནམ་མཁར་བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོའི་དཀྱིལ་འཁོར་ལ་རྩ་བརྒྱུད་ཀྱི་བླ་མ། ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་སྤྲིན་གཏིབས་པ་ལྟར་བཞུགས་པའི་མདུན་དུ་སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། ཚོགས་བསགས་ཡན་ལག་བརྒྱད་པའི་ཏིང་ངེ་འཛིན་སོ་སོར་སྒོམ་བཞིན་དུ་འདིའི་རྗེས་ཟློས། བླ་མ་སངས་རྒྱས་འཁོར་དང་བཅས་སོགས་ལན་གསུམ། རྡོ་རྗེ་སློབ་དཔོན་སོགས་ལན་གསུམ། དེ་ནས་གནས་གསུམ་བྱིན་གྱིས་བརླབ་པའི་སླད་དུ། བླ་མ་དཔལ་ཆེན་པོ་དབང་ཆེན་རྟ་མཆོག་རོལ་པར་གསལ་བའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས། སློབ་མའི་ཕུང་ཁམས་རྟོག་ཚོགས་སྦྱངས། སྟོང་པའི་ངང་ལས་རྒྱུའི་རྡོ་རྗེ་སེམས་དཔའ་དཀར་པོ་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་ཐུགས་ཀ་དང༌། གཡོན་དྲིལ་བུ་དཀུར་བསྟེན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་གྱུར་པ་དེ་ལ་སློབ་དཔོན་གྱིས་གནས་གསུམ་དུ་དྲིའི་ཐིག་ལེ་བྱས་པ་ལ་བརྟེན་ནས། སྤྱི་བོར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན་པ་ལས་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། མགྲིན་པར་པདྨའི་སྟེང་དུ་ཨ་ལས་པདྨ་ཨཱཿས་མཚན་པ་ལས་གསུང་རྡོ་རྗེ་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གི་མཚན་པ་ལས་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྣམས་སུ་མོས་མཛོད། དྲི་བཟང་གི་ཆུས་གནས་གསུམ་དུ་ཐིག་ལེ་བྱ་ཞིང༌། ཨོཾ་ཨཱཿཧཱུྃ། ཞེས་བརྗོད། སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པ་དེ་ཉིད་མཆོད་པའི་ཡུལ་དུ་བཟུང་བ་ཡིན་པས་ཉེར་སྤྱོད་ལྔ་པོ་དབུ་སོགས་སོ་སོར་ཕུལ་བར་མོས་མཛོད། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས་ནཻ་བི་དྱའི་བར་གྱིས་མཆོད། སོ་ཤིང་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་བྱུང་བའི་སོ་ཤིང་སོར་བཅུ་གཉིས་པ་མགོ་བོ་རྒྱ་མདུད་ཀྱི་རྣམ་པ་ཅན་མེ་ཏོག་བཅིངས་པས། སློབ་མ་རྣམས་ཀྱི་དངོས་གྲུབ་ཀྱི་ལྟས་བརྟགས་པའི་ནུས་པ་དང་ལྡན་པར་གྱུར། ཡིག་བརྒྱ་བཟླ་ཞིང་བྱིན་གྱིས་བརླབས་པ། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་བྲིམ་ལ། སོ་ཤིང་ར་བ་མདུན་ཏུ་བཀོད་ལ། དེ་ལྟར་བྱིན་པའི་སོ་ཤིང་མཁའ་དབྱིངས་ཀྱི་ཕྱག་རྒྱས་བཟུང་བའི་རྩ་བ་སོས་ཅུང་ཟད་འཆའ་བ་ལ་བརྟེན་ནས། ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་འམ་སོལ་ཁུའི་རྣམ་པར་ནག་འདུར་གྱིས་ཕྱིར་ཐོན་ཏེ་སྡིག་པ་སྦྱངས། རྩེའི་མེ་ཏོག་དེ་ཉིད་སོ་ཤིང་གི་ར་བར་དམོད་བཙུགས་ཏེ་འདོར་བ་དང་བཅས་ཏེ་རྗེས་ཟློས་མཛོད། ཧོཿ བླ་མས་ལེགས་པར་གནང་བའི་སོ་ཤིང་འདི༔ ཡི་དམ་ཞི་ཁྲོ་བདེ་གཤེགས་ལྷ་བརྟགས་ཕྱིར༔ མཎྜལ་དབུས་སུ་བདག་གིས་འདོར་བགྱིད་ན༔ གང་ཡིན་སྐལ་ལྡན་གནས་དེར་འབབ་པར་ཤོག༔ ཐུན་མོང་དུ་རྗེས་ཟློས་ལན་གཅིག་དང་སོ་སོས། ཨོཾ་བཛྲ་ཧ་ས་ཧ༔ ཞེས་དོར་ལ། སོ་ཤིང་གི་ལྟས་ལ་གནས་སྐབས་སུ་ཤར་ཞི་བ། ལྷོ་རྒྱས་པ། ནུབ་དབང༌། བྱང་དྲག་པོ། མཚམས་རྣམས་སུ་བུམ་པ་བཟང་པོ་ལ་སོགས་འགྲུབ་པ་དང༌། མཐར་ཐུག་དབུས་ཆེ་མཆོག །ཤར་ཡང་དག་སོགས་ལྷའི་རིགས་ཀྱི་དངོས་གྲུབ་འགྲུབ་པར་འགྱུར་བ་ཡིན་ནོ། སྲུང་སྐུད་ཁ་དོག་སྣ་ལྔ་པ་རྡོ་རྗེའི་མདུད་པ་གསུམ་བཏབ་པ་ལས་བུམ་གྱི་ཆུས་བསང་སྦྱང༌། སྟོང་པའི་ངང་ལས་སྲུང་སྐུད་ཁ་དོག་ལྔ་ལྡན་རྡོ་རྗེའི་མདུད་པ་ཅན་སློབ་མའི་ཁམས་ཀྱི་བར་ཆད་སྲུང་ནུས་པའི་དམ་ཚིག་གི་སྲད་བུ་ལ་སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་སྲད་བུའི་ཚོགས་བྱུང་སྟེ་གཉིས་སུ་མེད་པར་གྱུར། དྲག་སྔགས་སོ་ལྔ་པ་མང་དུ་བཟླས་ལ་བསྔགས། ཕོའི་གཡོན་དང་མོའི་གཡས་སུ་གཉིས་བསྐོར་གྱིས་བཅིངས་པ་བུམ་ཆུས་བརླན་ཅིང་རྡོ་རྗེས་རྒྱ་གྲམ་དུ་བཞག་ལ། ཧཱུྃ། ཡེ་ཤེས་དགུ་ལྡན་སྲད་བུ་དམ་པ་འདི༔ སྐུ་གསུང་ཐུགས་ཀྱི་མདུད་པ་རབ་ལྡན་པས༔ གཡས་གཡོན་དཔུང་པར་ལེགས་པར་བཅིངས་པ་ཡིས༔ སྒོ་གསུམ་བར་ཆད་བགེགས་ལས་སྲུང་བར་ཤོག༔ དྲག་སྔགས་སོ་ལྔ་པ་བརྗོད། དུང་ཆུ་བསང་སྦྱང༌། ཡིག་བརྒྱས་བྱིན་གྱིས་བརླབས་ལ་སྦྱིན་ཞིང༌། ཧུབ་གསུམ་འཐུངས་པས་སྒོ་གསུམ་གྱི་དྲི་མ་དག་པར་མོས་ཤིག །ཀུ་ཤ་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ཡིག་ལྗང་གུ་གཉིས་ཡོངས་སུ་གྱུར་པའི་ཀུ་ཤ་ཆེ་ཆུང་སློབ་མའི་རྨི་ལམ་གསལ་བའི་ནུས་ལྡན་དུ་གྱུར། ཏདྱ་ཐཱ། ཨོཾ་མུ་ཙི་ལི་མོ་ཧ་ན་དན་དྷི་རི་སྭཱ་ཧཱ༔ ཞེས་པས་བྱིན་གྱིས་བརླབས་ལ། ཧོཿ ལས་འཕྲོ་སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱོད༔ ཀུ་ཤ་གཙང་མའི་ཆུན་པོ་འདི་ལོང་ལ༔ དངོས་གྲུབ་རྟགས་དང་མཚན་མ་གསལ་བྱའི་ཕྱིར༔ ཚུལ་བཞིན་ཉལ་བའི་སྔས་དང་གདན་དུ་གྱིས༔ ཀུ་ཤ་ཆེ་ཆུང་གཉིས་རེ་ཕྱག་རྒྱ་བསྣོལ་མར་གཏད་ལ། དྷཱིཿཧཿཞེས་བརྗོད། དེ་ནས། ཧོཿ སྐལ་ལྡན་བུ་ཁྱོད་ཀུ་ཤའི་གདན་ལ་འདུག༔ སྒོ་གསུམ་སྐྱོན་སྤོངས་དགེ་བའི་ཕྱོགས་སུ་ཉོལ༔ རྨི་ལམ་གང་བྱུང་སྔ་བར་བདག་ལ་སྨོས༔ གཞན་དུ་མི་སྨྲ་གསང་བའི་དོན་ལ་སྤྱོད༔ གསང་སྔགས་ཟབ་མོའི་ཆོས་བཤད་པ་ནི་འདི་ལ་གསན་པས་ཁྱབ་སྟེ། ཨེ་མ་ཧོཿ འཇིག་རྟེན་དུ་ནི་ཀུན་མཁྱེན་དག༔ འབྱུང་བ་ཨུ་དུམ་ཝཱ་ར་བཞིན༔ དེ་བཞིན་གསང་སྔགས་ཆེར་འབྱུང་བ༔ བརྒྱ་ལམ་ན་ནི་རེས་འགའ་ཞིག༔ སེམས་ཅན་སངས་རྒྱས་མྱུར་བྱེད་པ༔ ཚུལ་ཆེན་སྔགས་ཀྱི་ལམ་ཡིན་ནོ༔ ཁྱེད་རང་རྣམས་དོ་ནུབ་སེང་གེའི་ཉལ་སྟབས་ཀྱིས་བླ་མ་དང་དཀྱིལ་འཁོར་བ་ལ་མགོ་ཕྱོགས་ཏེ་ཉལ་བའི་སྙིང་ནང་ཧཱུྃ་ཡིག་དཀར་པོའི་འོད་ཟེར་གྱིས་ལུས་ཐམས་ཅད་ཁྱབ་པར་སྒོམས་ཤིག །དེས་སྟ་གོན་གྱི་ཆོས་རྣམས་གྲུབ་པ་ལགས། །བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྱེས། གཉིས་པ་དངོས་གཞི་ནི། གཞུང་མཐུན་གྱི་དཀྱིལ་འཁོར་བཀྲམ་པའི་སྟེང་རྣམ་རྒྱལ་བུམ་པ། དབུ་རྒྱན། རྡོར་དྲིལ། རྡོར་དྲིལ་བསྣོལ་མ། ལྷ་ཙཀ་ཡོངས་རྫོགས། ཚེ་ཡི་འབྲང་རྒྱས། གསང་ཐོད་བདུད་རྩི། རིག་ཙཀ །མེ་ལོང༌། བསྒྲལ་དབང་གི་ཆས། ལྕགས་ཧོམ་ལིངྒ། གཡབ་དར། སྒྲོལ་ཕུར་སོགས། སྨན་རག་གཏོར་མ། ཉེར་སྤྱོད་མཆོད་པ་བཅས་སྤྱི་ལྟར་བཤམས། གཞན་ཡང་མིག་དར། མེ་ཏོག །དམ་ཆུ། དཀར་གཏོར། བགེགས་གཏོར། ཚོགས། ཆད་བརྟན། བཀའ་སྲུང་གི་གཏོར་མ་སོགས་འོག་ཏུ་དགོས་པ་ཐམས་ཅད་ཉེར་བསྡུ་བྱ། དངོས་གཞི་སྒྲུབ་མཆོད་ལ་སྐྱབས་སེམས་ནས་བརྩམས་བསྟོད་པའི་བར་ལས་བྱང་དཀྱུས་ལྟར་དང༌། བཟླས་པའི་འགོར། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་ཙཀྲ་མཎྜ་ལ་ཕཊ་ཛཿས་བདག་མདུན་སོ་སོར་དབྱེ། དེ་ནས་བདག་ཉིད་ཁྲོ་རྒྱལ་རྟ་མཆོག་དཔལ་སོགས་བཟླས་དམིགས་སྔོན་འགྲོས། ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། གཙོ་བོའི་བཟླས་པ་དང༌། ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་འབྱུང་པོའི་སྙིང་ལ་མཱ་ར་ཡ་ཕཊཿ གཙོ་བོའི་བཟླས་པར་ཤམ་བུ་བཏགས་པ་ཅུང་ཟད་བཟླ། ཨོཾ་མ་ཧཱ་ཀྲོ་དྷ་ཤྭ་རི་ཧཱུྃ་ཕཊཿ ཨོཾ་བཛྲ་ཤྭ་རི་ཀྲོ་དྷ་ཧཱུྃ་ཕཊཿ ཨོཾ་རཏྣ་ཤྭ་རི་ཀྲོ་དྷ་ཧཱུྃ་ཕཊ༔ ཨོཾ་པདྨ་ཤྭ་རི་ཀྲོ་དྷ་ཧཱུྃ་ཕཊཿ ཨོཾ་ཀརྨ་ཤྭ་རི་ཀྲོ་དྷ་ཧཱུྃ་ཕཊཿ རྟ་མགྲིན་རིགས་ལྔའི་བསྙེན་པ་དང༌། ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཀིངྐ་ར་ཧཱུྃཿ ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གྷནྜེ་ཧོཿ སྒོ་མ་བཞིའི་བསྙེན་པ་བཅས་གཙོ་འཁོར་སྐབས་ཕྱེས་པར་བཟླ། བུམ་སྒྲུབ་ཀྱང་ཁྱུག་ཙམ་བཏང་ན་ལེགས། བཏང་རཀ་གི་མཆོད་བསྟོད་བྱས་ལ། སྤྲོ་ན་བདག་འཇུག་གམ་རིག་པའི་མེ་ཏོག་དོར། སློབ་མ་འཇུག་པར་གནང་བ་ཞུས་ཏེ། སློབ་མ་རྣམས་བོས་ལ་སྒོ་དྲུང་དུ་ཁྲུས་ནས་དབྱུང༌། སྟན་ལ་འཁོད་པ་དང་བགེགས་གཏོར་གཏོང༌། སྲུང་བའི་མཚམས་བཅད་ལ། ལོ་རྒྱུས་ཀྱི་རིམ་པ་ནི། དེའང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་ཀུན་ཏུ་མཚན་ཙམ་ཡང་འབྱོན་པར་དཀའ་བ་བདག་ཅག་གི་སྟོན་པའི་བསྟན་པ་ཐམས་ཅད་ཀྱི་ཡང་སྙིང་གསང་སྔགས་རྡོ་རྗེ་ཐེག་པ་གསར་རྙིང་གི་རིང་ལུགས་རྣམས་ལས། གསུང་མཆོག་རྟ་མགྲིན་དབང་ཆེན་གྱི་རྒྱུད་དང༌། དེའི་མན་ངག་གསུང་གི་རིག་འཛིན་འཕགས་པ་ཀླུ་སྒྲུབ། མི་ཏྲ་ཛོ་ཀི །ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་ལ་སོགས་པས་བསྒྲུབ་བྱ་རྟ་མཆོག་རིགས་ལྔའི་སྒྲུབ་པ་དང༌། སྒྲུབ་བྱེད་ཡེ་ཤེས་ལས་དང་འཇིག་རྟེན་དྲེགས་པའི་སྡེ་དཔོན་དུ་སྒྲུབ་པ་སོགས་གདམས་པའི་བཀའ་སྲོལ་མཐའ་ཡས་པ་མཆིས་ཤིང་ཚུལ་བཞིན་ཉམས་སུ་བླངས་བས་དངོས་གྲུབ་ཐོབ་པ་ད་ལྟའི་བར་ཟམ་མ་ཆད་ལ། རྡོ་རྗེའི་གསུང་ལས། བདག་འདྲ་པདྨ་འབྱུང་གནས་ཀྱིས༔ རྟ་མགྲིན་དབང་གི་དངོས་གྲུབ་བརྙེས༔ སྣང་སྲིད་འཇིག་རྟེན་དབང་དུ་བསྡུས༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ༔ ཕྲིན་ལས་གང་བཅོལ་ཐོགས་པ་མེད༔ འཆི་མེད་རྡོ་རྗེའི་སྐུ་རུ་གྱུར༔ དེ་ཕྱིར་དབང་ཆེན་རྟ་མགྲིན་གྱི༔ སྒྲུབ་ཐབས་བྱེ་བ་ས་ཡ་བརྩམས༔ ཞེས་གསུངས་པ་ལྟར་ལ། ཁྱད་པར་དུ་གངས་ཅན་བོད་ཀྱི་གདུལ་བྱ་ཐམས་ཅད་གསུང་རྡོ་རྗེ་པདྨ་གར་གྱི་དབང་ཕྱུག་ཞི་ཁྲོ་རྣམ་པར་རོལ་པའི་ཕྲིན་ལས་ཀྱི་འདུལ་སྐལ་དུ་བབ་ཅིང༌། ཉང་གཏེར་རྟ་མགྲིན་ཡང་ཕྱུང་ནག་པོ་ལས། མ་ཧཱ་ཀཱ་ལ་རྟ་གདོང་ཅན༔ ཐུགས་རྗེ་མཚུངས་མེད་བླ་མ་ཡིན༔ བྱིན་རླབས་མྱུར་མཛད་ཡི་དམ་ཡིན༔ བསྟན་པ་སྲུང་ཕྱིར་ཆོས་སྐྱོང་ཡིན༔ དགྲ་བགེགས་སྒྲོལ་ཕྱིར་ལས་མཁན་ཡིན༔ ཞེས་གསུངས་པ་ལྟར། སྙིགས་མའི་སེམས་ཅན་རྒྱལ་བསེན་དམ་སྲིའི་གནོད་པ་ཐམས་ཅད་ལས་སྐྱོབ་པའི་ལྷ་མཆོག་ཁྱད་པར་ཅན་དཔལ་རྟ་མཆོག་རོལ་པ་ལ་རྒྱུད་ལུང་མན་ངག་བཀའ་གཏེར་དག་སྣང་གི་བབས་སོ་མཐའ་ཡས་པ་བཞུགས་པ་ལས་རྟ་མགྲིན་ཁམས་གསུམ་ཟིལ་གནོན་ལྷ་བཅུ་བདུན་མར་གྲགས་པ་འདི་ནི་འཕགས་མཆོག་འཇིག་རྟེན་དབང་ཕྱུག་འདི་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་ཁམས་རྒྱ་མཚོ་སྦྱོང་བའི་ཕྱག་མཚན་དུ་བཞེས་ཤིང་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོས་གཉེར་དུ་གཏད་པ་བཞིན་གངས་ཅན་བོད་ཀྱི་ཡུལ་འདིར་རྒྱལ་བློན་མཁས་གྲུབ་ཁྱིམ་པ་ཕལ་པའི་རིགས་སོགས་སྤྲུལ་པའི་རྣམ་རོལ་མཐའ་ཡས་པས་སྐྱོང་བར་མཛད་པ་ངོ་མཚར་རྨད་དུ་བྱུང་བའི་ཡ་གྱལ་ཐམས་ཅད་མཁྱེན་གཟིགས་ཕྱག་ན་པད་དཀར་འཆང་བ་ཀུན་གཟིགས་ལྔ་པ་རིན་པོ་ཆེ་རྡོ་རྗེ་ཐོགས་མེད་རྩལ་གྱི་དག་སྣང་ལས་བྱོན་པའི་དབང་གི་ཆོ་ག་དངོས་གཞི་སྒྲུབ་པ་ལ་ཐོག་མར་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། པདྨ་སེམས་གཙོ་ཁྱེད་ལ་འདུད། །ཐར་ལམ་ཆེན་པོ་བདག་འདོད་དེ། །དེ་ཉིད་དབང་དང་དངོས་གྲུབ་རྣམས། །མགོན་པོ་དཔའ་བོར་སྐྱབས་གསོལ་ཞིང༌། །ཐེག་ཆེན་ཁང་པར་གཞུག་པ་དང༌། །མཁྱེན་རབ་ཡེ་ཤེས་བདག་ལ་སྩོལ། །ལན་གསུམ། སྐྱབས་སེམས་སྟ་གོན་ལྟར་ལན་གསུམ། སྡོམ་པ་བཟུང་བ་ནི་ཚོགས་ཀྱི་ཞིང་ཆོས་དབྱིངས་ཁྱབ་བརྡལ་དུ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་དགོས་པ་མཁའ་ཁྱབ་ཀྱི་སེམས་ཅན་མཐའ་དག་སྲིད་དང་ཞི་བའི་གཡང་ས་ལས་སྐྱོབ་པའི་ཆེད་དུ་སོ་བྱང་སྔགས་གསུམ་གྱི་སྡོམ་པ་རྒྱ་མཚོ་མཐའ་ཡས་པ་དེང་ནས་བྱང་ཆུབ་མ་ཐོབ་བར་དུ་བཟུང་ཞིང་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །ནམ་ཡང་བདག་གིས་མི་སྤང་ངོ༌། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང༌། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །ཉིན་རེ་བཞིན་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང༌། །སྡོམ་པ་རྣམ་བཞི་རྟག་ཏུ་བཟུང༌། བདག་གིས་སྡོམ་པ་མ་ལུས་བཟུང༌། ལན་གསུམ། ཙཀྵུ་བྷནྡྷས་མིག་དར་བཅིང༌། དཔའ་བོ་འབྲུ་ལྔ་བརྗོད་དེ་མེ་ཏོག་གཏད། སློབ་དཔོན་གྱིས་བུ་ཁྱོད་སུ་ཡིན་ཅི་ལ་དགའ། ཞེས་དྲིས་པའི་ལན་དུ། བདག་ནི་སྐལ་པ་བཟང་པོ་སྟེ། །བདེ་བ་ཆེན་པོར་བདག་དགའ་འོ། ཡང༌། དེ་ཡིས་ཁྱོད་ལ་ཅི་ཞིག་བྱ། ཞེས་པའི་ལན་དུ། སངས་རྒྱས་མཆོག་གི་རྣལ་འབྱོར་རོ། །ཞེས་ལན་བཏབ། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུས་ཏེ། ཛཿཧཱུྃ་བཾ་ཧོཿས་དཀྱིལ་འཁོར་གྱི་ནང་དུ་ཁྲིད་པར་མོས་ལ་ཡོལ་བ་བསལ། ཤར་སྒོ་ནས་བརྩམས་དཀྱིལ་འཁོར་ལ་གཡས་བསྐོར་གྱིས་ཕྱག་འཚལ་བར་མོས་ལ། ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཐལ་མོ་གནས་གསུམ་དུ་སྦྱར་ཏེ་ལན་བཞིར་བརྗོད། སླར་ཡང་ཤར་སྒོར་ཕྱིན་པར་མོས་ལ། ནང་འཇུག་ལ་སྒོ་གསུམ་བྱིན་གྱིས་བརླབ་པ་ནི། སློབ་དཔོན་གྱི་གནས་གསུམ་ནས་འོད་ཟེར་འཕྲོས་པ་སློབ་མའི་གནས་གསུམ་དུ་ཕོག་པའི་རྐྱེན་གྱིས་སྒོ་གསུམ་གྱི་དྲི་མ་དག་སྟེ། ཧྲཱིཿལས་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པར་གསལ་བའི་དཔྲལ་བར་ཟླ་བ། མགྲིན་པར་པདྨ། སྙིང་ཁར་ཉི་མའི་དཀྱིལ་འཁོར་རྣམས་གསལ་གདབ། སློབ་དཔོན་གྱི་དཔྲལ་བ་ནས་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མཆེད་དེ་སློབ་མའི་དཔྲལ་བར་ཟླ་བ་ལ་བཞུགས་པར་མོས་ནས་དཔྲལ་བར་རྡོ་རྗེ་བཞག་སྟེ། ཀཱ་ཡ་སིདྡྷི་ཨོཾ། ཡང་སློབ་དཔོན་གྱི་མགྲིན་པ་ནས་གསུང་རྡོ་རྗེ་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མཆེད་དེ་སློབ་མའི་མགྲིན་པའི་པདྨ་ལ་བཞུགས་པར་མོས། རྡོ་རྗེ་མགྲིན་པར་བཞག་སྟེ། ཝཱཀ་སིདྡྷི་ཨཱཿ ཡང་སློབ་དཔོན་གྱི་ཐུགས་ཀ་ནས་ཐུགས་རྡོ་རྗེ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མཆེད་དེ་སློབ་མའི་སྙིང་ཀའི་ཉི་གདན་ལ་བཞུགས་པར་མོས། ཙིཏྟ་སིདྡྷི་ཧཱུྃ། ཞེས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དེ་ནས་སྦྱོར་བ་དམ་ལ་བཞག་པ་ལ་བཞི་ལས། ཉམས་པའི་ཉེས་དམིགས་བརྗོད་པས་དམ་ལ་བཞག་པ་ནི། ལས་བུམ་གྱི་ཆུ་བྱིན་ཏེ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་བསྲེག་པར་བྱེད། །རྡོ་རྗེ་ཁྲོ་བོ་ཆེན་པོར་གྱུར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །ཨོཾ་བཛྲ་ཨུ་ད་ཀ་ཧཱུྃ། དམ་ཚིག་བསྲུང་བའི་ཕན་ཡོན་བརྗོད་པས་དམ་ལ་བཞག་པ་ནི། དེ་ལྟ་བས་ན་བུ་ཁྱོད་ཀྱིས། །དམ་ཚིག་འདི་ནི་བསྲུང་བར་བྱ། །དམ་ཚིག་བསྲུངས་ན་དངོས་གྲུབ་འབྱུང༌། རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག །བཛྲ་ཨུ་ད་ཀ་ཋཱ་ཋཱཿ ནང་མཆོད་བདུད་རྩི་བྱིན། དབང་དང་དཀྱིལ་འཁོར་གྱི་ལས་དང་བྱ་བ་གསང་བར་གདམས་པ་ནི། །སངས་རྒྱས་ཀུན་གྱི་གསང་བ་ནི། །དམ་ཉམས་མ་འདྲེས་མེད་པ་ལ། །ནམ་ཡང་སྨྲ་བར་མི་བྱའོ། །བག་མེད་སྨྲས་ན་ཉམས་པར་འགྱུར། །ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་སྙིང་ཀར་རྡོ་རྗེ་འཇོག །སློབ་དཔོན་བཀའ་གཉན་པས་དམ་ལ་བཞག་པ་ནི། ཐེག་པ་ཆེན་པོ་སྟོན་མཛད་པའི། །ང་ལ་བརྙས་དང་སྨད་མི་བྱ། །སྐུ་གསུང་ཐུགས་སུ་རྟག་གནས་ནས། །མ་ལུས་སེམས་ཅན་དོན་གྱིས་ཤིག །ཅེས་རྡོ་རྗེ་སྤྱི་བོར་འཇོག །དེ་ནས་དབང་གི་གཞི་འགོད་པ་ཡེ་ཤེས་པ་དབབ་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག །དཔལ་དབང་ཆེན་ཁམས་གསུམ་ཟིལ་གནོན་བདག་ལ་དབབ་པར་མཛད་དུ་གསོལ། ཞེས་ལན་གསུམ། དེ་ནས་ཁྱེད་རང་རྣམས་སྒོ་གསུམ་གྱིས་གནད་གཅུན་ལ་སེམས་མ་ཡེངས་པས་དམིགས་པ་འདི་བཞིན་དུ་གྱིས་ཤིག །ལས་སྔགས་ཀྱིས་བསང༌། ཤཱུ་ནྱ་ཏཱས་སྦྱང༌། སྟོང་པའི་ངང་ལས་ཀླུ་དང་དྲེགས་པ་པད་ཟླ་ཉི་མའི་གདན་གྱི་སྟེང་དུ་ཁྱེད་རང་གི་རིག་པའི་ངོ་བོ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་དབང་ཆེན་རྟ་མཆོག་རོལ་པ་དབུ་དགུ་ཕྱག་བཅོ་བརྒྱད་རྩ་ཞལ་གཡས་དཀར་གཡོན་མཐིང་དབུས་དམར། དེའི་སྟེང་ཞལ་གསུམ་དབུས་དཀར་གཡས་སྔོ་གཡོན་དམར། དེའི་སྟེང་ཞལ་གསུམ་དབུས་མཐིང་གཡས་དམར་གཡོན་དཀར་རལ་པ་དམར་སེར་གྱེན་དུ་བརྫེས་པའི་དབུས་ནས་ཁྱུང་གི་ཞལ་གྱི་རྭ་བར་དུ་རྟ་མགོ་ལྗང་ནག་རྟ་སྐད་དྲག་པོ་འཚེར་ཞིང༌། རྔོག་མ་དམར་པོ་ཕྲུམ་ཕྲུམ་སེར་པོ་ཞུར་དཀར་པོ་ཞལ་ཐམས་ཅད་སྤྱན་གསུམ་དམར་ལ་ཟླུམ་པ། སྨིན་མ་དང་སྨ་ར་སེར་པོ་གློག་ལྟར་འཁྱུག་པ། ཕྱག་བཅོ་བརྒྱད་ཀྱི་གཡས་ཀྱི་དང་པོས་པདྨ། གཡོན་གྱི་དང་པོས་དུང་དམར་བསྣམས་པས་ཡུམ་ལ་འཁྱུད་པ། ཕྱག་ལྷག་མ་གཡས་བརྒྱད་ཀྱིས་རྡོ་རྗེ། རིན་ཆེན། རལ་གྲི། ལྕགས་ཀྱུ། རྒྱུ་ཞགས། ཐོ་བ། ལྕགས་སྒྲོག །ཉི་མའི་དཀྱིལ་འཁོར་འཛིན་པ། གཡོན་བརྒྱད་ཀྱིས་དྲིལ་བུ། འཁོར་ལོ། རྩེ་གསུམ། མདུང༌། མེ་དཔུང༌། བེ་ཅོན། གཏུན་ཤིང༌། ཟླ་བ་རྣམས་འཛིན་པ། སྐུ་སྟོད་ལ་ཞིང་གླང་གི་པགས་པ་རློན་པ་གསོལ་བ། སྐུ་སྨད་སྟག་གི་པགས་པའི་ཤམ་ཐབས་ཀླུབས་པ། དབུ་ལ་ཐོད་སྐམ་རིན་པོ་ཆེའི་རྩེ་ཕྲན་ཅན་གསོལ་ཞིང༌། ཐོད་པ་ཚར་གསུམ་གྱི་ཕྲེང་བ། རུས་པ་རིན་ཆེན་སྦྲུལ་རིགས་བཞིས་བརྒྱན་པ། དཔྲལ་བར་ཞག་གིས་ཟོ་རིས། མཁུར་ཚོས་རཀྟའི་ཐིག་ལེ། སྨིན་མཚམས་སུ་ཐལ་ཆེན་གྱི་ཚོམ་བུས་བྱུགས་པ། རྡོ་རྗེ་དང་རིན་པོ་ཆེའི་གཤོག་པ་གཡས་གཡོན་ལྡིང་ཞིང༌། གར་གྱི་ཉམས་དགུ་དང་ལྡན་པས་ཞབས་བརྒྱད་བརྐྱང་བསྐུམ་དུ་བཞུགས་པ། ཡུམ་པདྨ་གར་དབང་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་བསྣམས་པས་ཡབ་ཀྱི་མགུལ་ནས་འཁྱུད་པ། གཡོན་དམར་གྱི་བྷནྡྷ་ཡབ་ཀྱི་ཞལ་གཡས་སུ་སྟོབ་པ། བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་གསལ་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་བསྒོམ་ལ། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ལ་མོས་གུས་དྲག་ཏུ་བསྐྱེད་པས་ཐུགས་ཀའི་ཧཱུྃ་གིས་འོད་ཟེར་གྱིས་རང་བཞིན་གྱི་གནས་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ཁ་བ་བུ་ཡུག་འཚུབས་པ་ཙམ་དུ་བྱོན་ཏེ་ཐིམ་པར་བསམ་ལ། དབྱངས་དང་སྤོས་རོལ་བཅས་པས་ལས་བྱང་གི་བྱིན་འབེབས་མཐར། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝན་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོཿ ས་མ་ཡ་ཛཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོཿ བཛྲ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཿ ཞེས་བརྗོད། སླར་ཡང་མོས་གུས་དྲག་ཏུ་བསྐྱེད་པས། ཡེ་ཤེས་ཀྱི་ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་གསུང་རྡོ་རྗེ་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་བྱོན་ནས་མགྲིན་པར་ཐིམ་པར་བསམ་ལ། སྤོས་རོལ་ཌཱ་དྲིལ་དང་བཅས་ལྷ་སྔགས་དྲག་ཏུ་བརྗོད། ཡང་ཐུགས་ཀྱི་བྱིན་རླབས་འཕོ་བའི་ཆེད་དུ་ཕྱི་ནང་གི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་དང་བྲལ་བའི་ངང་ནས་རྨི་ལམ་སྒྱུ་མ་ལྟར་རང་བཞིན་མེད་པར་ཤེས་པའི་རྟོགས་པ་བརྟན་པོ་བསྐྱེད་ལ། བློ་ལྷོད་དེ་མ་ཡེངས་བའི་ངང་ལ་མཉམ་པར་ཞོག་ཅིག །ཅེས་བརྗོད། ཡེ་ཤེས་པ་དབབ་པ་དེ་ཉིད་གཉུག་མའི་རྡོ་རྗེ་གསུམ་དུ་རྒྱས་བཏབ་པས་བྱང་ཆུབ་བར་བརྟན་པར་བྱས་པའི་མོས་པ་མཛོད། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཀོད། དེ་ནས་རིགས་བརྟགས་པའི་ཕྱིར། སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་གི་ཚེ་རབས་ཀྱིས་འབྲེལ་བའི་ལྷག་པའི་ལྷ་གང་ཡིན་པ་དེ་ལ་བབ་པར་ཤོག་ཅིག་ཅེས་འདིའི་རྗེས་ཟློས་དང་བཅས་མེ་ཏོག་དོར་འཚལ། མེ་ཏོག་ལ་སོགས་རིན་ཆེན་ཕྲེང༌། །སྔོན་ཚེ་ཡེ་ཤེས་བརྙེས་པའི་ལྷ། །ཐུགས་ཀྱིས་གནང་བར་དགོངས་ནས་ཀྱང༌། །གང་ཡིན་དེ་ལ་དབབ་ཏུ་གསོལ། །པྲ་ཏཱིཙྪ་ཧོཿ གང་ལ་ཕོག་པའི་རིགས་ཀྱི་གསང་མཚན་བཏགས་ཏེ། དབུས་སུ་བབ་ན་ཟིལ་གནོན་དབང་དྲག་རྩལ། །ཤར་དུ་བབ་ན་རྡོ་རྗེ་དབང་དྲག་རྩལ། ལྷོར་རུ་རིན་ཆེན་དབང་དྲག་རྩལ། །ནུབ་ཏུ་པདྨ༴ བྱང་དུ་ཀརྨ༴སོགས་དང༌། བུད་མེད་ལ་ཟིལ་གནོན་དབྱིངས་ཕྱུག་སོགས་རིག་པས་དཔྱད། མེ་ཏོག་གང་ལ་ཕོག་པའི་དཀྱིལ་འཁོར་གྱི་གཙོ་བོས་ཕྱག་གིས་བཞེས་ཏེ་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ལ། ཨི་མཾ་སཏྭ་མ་ཧཱ་བ་ལ་ཧྲཱིཿ བཛྲ་ཀྲོ་ཏ། མིག་གཉིས་སུ་ཨོཾ་ཨོཾ་གསལ་ཏེ་ཨོཾ་ཨོཾ་ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་བྱུང་སྟེ་མིག་ལ་རེག་པས་མ་རིག་པའི་ལིང་ཏོག་བསལ་བར་མོས་ལ། མིག་ཐུར་ཐོགས་ལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཁྱོད་ཀྱི་མིག་འབྱེད་བརྩོན་པར་མཛོད། །མ་རིག་མུན་པ་བསལ་བྱས་ནས། །པདྨ་སྤྱན་བཟང་དྲི་མ་མེད། །ཨོཾ་པདྨ་ཙཀྵུ་ཛྙཱ་ན་པྲ་བེ་ཤ་ཡ་ཕཊ། གདོང་གཡོགས་བསལ། །དཀྱིལ་འཁོར་བལྟ་བར་བསྐུལ་བ་ནི། །ལེགས་པར་ལྟོས་ཤིག་བློ་གྲོས་ཆེ། །སྔོན་གྱི་རྒྱལ་བ་ལ་སོགས་པས། །གསང་སྔགས་གསུམ་པོའི་དཀྱིལ་འཁོར་འདིར། །ལེགས་པར་བཞུགས་ཏེ་བསྒྲུབས་པ་ཡིན། །མེ་ཏོག་གང་ལ་ཕོག་པ་ཡི། །ལྷ་དེ་རིགས་ཀྱི་ཡི་དམ་ཡིན། །དེ་ལྟར་ཡེ་ཤེས་ཀྱི་སྤྱན་ཐོབ་པ་ལ་མདུན་གྱི་དཀྱིལ་འཁོར་འདི་ཉིད་རང་སྣང་ཡེ་ཤེས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ཕྱི་རོལ་དུར་ཁྲོད་བརྒྱད་སྲུང་བའི་འཁོར་ལོ་དང་བཅས་པའི་དབུས་སུ་གྲུ་གསུམ་དམར་ནག་སྣ་ཚོགས་པདྨ་ཉི་ཟླའི་སྟེང་དུ་དབང་ཆེན་རྟ་མཆོག་རོལ་པ་དབུ་དགུ་ཕྱག་བཅོ་བརྒྱད་སོགས་ནས་བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པར་ཡེ་ཤེས་དབབ་པ་ལྟར་ལ། ཕྱོགས་བཞིར་རྡོ་རྗེ། རིན་ཆེན། པདྨ། ལས་རབ་ཀྱི་དབང་ཆེན་རིགས་བཞི་ཡུམ་དང་བཅས་པ། དེའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་རྡོ་རྗེ། རིན་ཆེན། པདྨ། ལས་ཀྱི་གིང་ཆེན་རིགས་བཞི། སྒོ་བཞིར་སྒོ་མ་བཞི་དང་བཅས་པ་སྟེ་དཔལ་དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་པ་གཞིའི་ཆོས་རྣམ་པར་དག་པ་ལམ་དང་འབྲས་བུའི་ཡེ་ཤེས་ཀྱི་བརྡ་རྟགས་རྣམ་པར་ཤར་བ་རྟེན་དང་བརྟེན་པར་བཅས་པ་མངོན་སུམ་དུ་མཐོང་བ་འདི་དག་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་སྣང་བ་གཅིག་ལ་ཤར་བ་ཡིན་པས་བཟང་ངན་ལ་སོགས་པ་གང་ཡང་མེད་དེ། འོན་ཀྱང་ཁྱོད་ཀྱིས་མེ་ཏོག་ཕོག་པའི་ལྷ་ནི་དབུས་ཀྱི་ཁྲོ་བོ་དབང་ཆེན་ཡིན་པས་དད་པ་དང་སྤྲོ་བ་བསྐྱེད་མཛོད། དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་ནས་དངོས་གཞི་དབང་བསྐུར་གསན་པའི་ཆེད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །ཨ་ལ་ལ་སྟེ་དམ་ཚིག་སྐོང༌། །ཨ་ལ་ལ་སྟེ་དངོས་གྲུབ་སྩོལ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཅིང་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་དྲང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེས་དེང་བདག་སྩོལ། །ལན་གསུམ། ཞེས་གསོལ་བ་བཏབ་པས། རིགས་ལྔས་དབང་བསྐུར་བའི་དགོངས་པ་མཛད། ཡུམ་ལྔས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ལྷ་མོ་རྣམས་ཀྱིས་མཆོད། རིག་མ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད་པ་སོགས་བཀྲ་ཤིས་ཀྱི་རྣམ་པ་དུ་མ་དང་ལྡན་པས་དབང་བསྐུར་བའི་ཕྲིན་ལས་མཛད་པར་གྱུར། རྣམ་བུམ་བཏེག་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་བ་གསུམ་ལས་བྱུང་བ་ཡི། །རིགས་ལྔ་རིགས་ཀྱི་དབང་བསྐུར་བས། །དབང་བསྐུར་དམ་པ་ཆེན་པོ་སྦྱིན། །བུམ་པ་སྤྱི་བོར་བཞག་སྟེ། ཧཱུྃ་བཛྲ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། དཔྲལ་བར་བཞག་སྟེ། ཨོཾ་བུདྡྷ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། རྣ་ལྟག་གཡས་སུ་བཞག་སྟེ། སྭཱ་རཏྣ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ལྟག་པར་བཞག་སྟེ། ཨཱཿཔདྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། རྣ་ལྟག་གཡོན་དུ་བཞག་སྟེ། ཧཱ་ཀརྨ་ཧེ་རུ་ཀ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བུམ་པའི་ཆུས་དབང་བསྐུར་བས་སློབ་མའི་ཚེ་འཁོར་བ་ཐོགས་མེད་པ་ནས་བསགས་པའི་སྡིག་སྒྲིབ་གཟུང་འཛིན་གྱི་དྲི་མ་སྦྱངས། ཕུང་པོ་ལྔ་དང་ཉོན་མོངས་པ་གནས་གྱུར། ལུས་ཟག་པ་མེད་པའི་ཆུ་རྒྱུན་གྱིས་ཁེངས་ཏེ་སློབ་མ་དབང་ཆེན་དུ་གསལ་བར་བྱས། ཆུ་ཞབས་གྱེན་དུ་འཁྱིལ་བ་ལས་སྤྱི་བོར་ཆོས་དབྱིངས་ཡེ་ཤེས་ཀྱི་ངོ་བོ་བཛྲ་ཧེ་རུ་ཀ་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། དཔྲལ་བར་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་བུདྡྷ་ཧེ་རུ་ཀ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ། རྣ་ལྟག་གཡས་སུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་རཏྣ་ཧེ་རུ་ཀ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པ། ལྟག་པར་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་པདྨ་ཧེ་རུ་ཀ་དམར་པོ་པདྨ་དང་དྲིལ་བུ་འཛིན་པ། རྣ་ལྟག་གཡོན་དུ་བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ཀརྨ་ཧེ་རུ་ཀ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་རྣམས་ཀྱིས་དབུ་བརྒྱན་པར་བསམ། སློབ་དཔོན་དང་དབྱེར་མེད་པ་མདུན་བསྐྱེད་དབང་ཆེན་རྟ་མཆོག་རོལ་པའི་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་ཕྱག་རྒྱ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པས་རྟ་མཆོག་གཙོ་འཁོར་རྣམས་གཉིས་སུ་མེད་པའི་གཟི་བརྗིད་སྟོབས་ཀྱི་སྐུ་མཆོག་དངོས་སུ་གྲུབ་པའི་མོས་པ་མཛོད། ཧཱུྃ། ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་རྡོ་རྗེ་འཛིན། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་མཛད་པའི། །སྐུ་གསུམ་བདག་ཉིད་གུ་རུའི་དབང་བསྐུར་རོ། ཨོཾ་གུ་རུ་པདྨ་སིདྡྷི་ཨ་བྷི་ཥིཉྩ་མཾ། ཧཱུྃ། དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས། །བཅོམ་ལྡན་དཔལ་ཆེན་པདྨ་ཧེ་རུ་ཀ །ཡུམ་ཆེན་པདྨ་གར་གྱི་དབང་ཕྱུག་མ། །ཡབ་ཡུམ་གཉིས་མེད་རོལ་པའི་དབང་བསྐུར་རོ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུྃ་ཕཊ། ཨ་བྷི་ཥིཉྩ་མཾ། བླ་མ་ཡི་དམ་དཔལ་ཆེན་ཡབ་ཡུམ་གྱི་དབང་བསྐུར་བས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དབང་ཐོབ་པར་གྱུར་ཅིག ཧཱུྃ། ཤར་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །རྡོ་རྗེ་དབང་ཆེན་དཀར་པོ་ཁྲོ་བོའི་སྐུ། །ཞལ་གསུམ་ཕྱག་དྲུག་དུར་ཁྲོད་ཆས་བརྒྱད་རྫོགས། །ཞེ་སྡང་འདུལ་ཕྱིར་མེ་ལོང་དབང་བསྐུར་རོ། །ཨོཾ་བཛྲ་ཤྭ་རི་ཀྲོ་དྷི་ཨ་བྷི་ཥིཉྩ་མཾ། བླ་མ་རྡོ་རྗེ་དབང་ཆེན་གྱི་དབང་བསྐུར་བས་ཞེ་སྡང་རྣམ་པར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་གྱུར་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ཧཱུྃ། ལྷོ་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེ་ནས། །རིན་ཆེན་དབང་ཆེན་སེར་པོ་ཁྲོ་བོའི་སྐུ། །ཞལ་གསུམ་ཕྱག་དྲུག་དུར་ཁྲོད་ཆས་བརྒྱད་རྫོགས། །ང་རྒྱལ་འདུལ་ཕྱིར་མཉམ་ཉིད་དབང་བསྐུར་རོ། །ཨོཾ་རཏྣ་ཤྭ་རི་ཀྲོ་དྷི་ཨ་བྷི་ཥིཉྩ་མཾ། བླ་མ་རིན་ཆེན་དབང་ཆེན་གྱི་དབང་བསྐུར་བས་ང་རྒྱལ་རྣམ་པར་དག་པ་མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ཧཱུྃ། ནུབ་ཕྱོགས་འཁོར་ལོ་བའི་རྩིབས་སྟེང་ནས། །པདྨ་དབང་ཆེན་དམར་པོ་ཁྲོ་བོའི་སྐུ། ཞལ་གསུམ་ཕྱག་དྲུག་དུར་ཁྲོད་ཆས་བརྒྱད་རྫོགས། །འདོད་ཆགས་འདུལ་ཕྱིར་སོར་རྟོག་དབང་བསྐུར་རོ། །ཨོཾ་པདྨ་ཤྭ་རི་ཀྲོ་དྷི་ཨ་བྷི་ཥིཉྩ་མཾ། བླ་མ་པདྨ་དབང་ཆེན་གྱི་དབང་བསྐུར་བས་འདོད་ཆགས་རྣམ་པར་དག་པ་སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ཧཱུྃ། བྱང་ཕྱོགས་འཁོར་ལོ་འབར་བའི་རྩིབས་སྟེང་ནས། །ཕྲིན་ལས་དབང་ཆེན་ལྗང་དམར་ཁྲོ་བོའི་སྐུ། །ཞལ་གསུམ་ཕྱག་དྲུག་དུར་ཁྲོད་ཆས་བརྒྱད་རྫོགས། །ཕྲག་དོག་འདུལ་ཕྱིར་བྱ་གྲུབ་དབང་བསྐུར་རོ། །ཨོཾ་ཀརྨ་ཤྭ་རི་ཀྲོ་དྷི་ཨ་བྷི་ཥིཉྩ་མཾ། བླ་མ་ཀརྨ་དབང་ཆེན་གྱི་དབང་བསྐུར་བས་ཕྲག་དོག་རྣམ་པར་དག་པ་བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་གྱུར་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ཧཱུྃ། བར་ཆད་བདུད་དཔུང་འདུལ་སླད་དུ། །དཀྱིལ་འཁོར་ཁྱམས་ཀྱི་ཕྱོགས་མཚམས་ནས། །ཕོ་ཉ་གིང་ཆེན་སྡེ་བཞི་ཡི། །ཕྲིན་ལས་ཐོགས་མེད་དབང་བསྐུར་རོ། །ཨོཾ་བཛྲ་ཀིངྐ་ར་ཨ་བྷི་ཥིཉྩ་མཾ། གིང་ཆེན་ཕོ་ཉའི་ཚོགས་ཀྱི་དབང་བསྐུར་བས་རྫུ་འཕྲུལ་གྱི་རྐང་པ་བཞི་མངོན་དུ་གྱུར་ནས་བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བའི་དབང་དང་ལྡན་པར་གྱུར་ཅིག ཛཿ ཤར་ཕྱོགས་དུང་གིས་སྒོ་ཁྱུད་ནས། །སྒོ་མ་དཀར་མོ་ལྕགས་ཀྱུ་འཛིན། །རྐྱེན་ངན་བར་ཆད་ཞི་བའི་ཕྱིར། །བྱམས་པ་ཆེན་པོའི་དབང་བསྐུར་རོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨ་བྷི་ཥིཉྩ་མཾ། ཡེ་ཤེས་ཀྱི་སྒོ་མ་ལྕགས་ཀྱུ་མའི་དབང་བསྐུར་བས་བྱམས་པ་ཚད་མེད་པ་མངོན་དུ་གྱུར་ནས་རྐྱེན་དང་བར་ཆད་ཐམས་ཅད་ཞི་བའི་དབང་དང་ལྡན་པར་གྱུར་ཅིག ཧཱུྃ། ལྷོ་ཕྱོགས་གསེར་གྱི་སྒོ་ཁྱུད་ནས། །སྒོ་མ་སེར་མོ་ཞགས་པ་འཛིན། །ཚེ་དང་བསོད་ནམས་རྒྱས་པའི་ཕྱིར། །སྙིང་རྗེ་ཆེན་པོའི་དབང་བསྐུར་རོ། །ཨོཾ་བཛྲ་པཱ་ཤ་ཧཱུྃ་ཨ་བྷི་ཥིཉྩ་མཾ། ཡེ་ཤེས་ཀྱི་སྒོ་མ་ཞགས་པ་མའི་དབང་བསྐུར་བས། སྙིང་རྗེ་ཚད་མེད་པ་མངོན་དུ་གྱུར་ནས་ཚེ་དང་བསོད་ནམས་རྒྱས་པའི་དབང་དང་ལྡན་པར་གྱུར་ཅིག བྃ། ནུབ་ཕྱོགས་ཟངས་ཀྱི་སྒོ་ཁྱུད་ནས། །སྒོ་མ་དམར་མོ་ལྕགས་སྒྲོག་འཛིན། །ཐམས་ཅད་དབང་དུ་བསྡུ་བའི་ཕྱིར། །དགའ་བ་ཆེན་པོའི་དབང་བསྐུར་རོ། །ཨོཾ་བཛྲ་སྥོ་ཊ་བཾ་ཨ་བྷི་ཥིཉྩ་མཾ། ཡེ་ཤེས་ཀྱི་སྒོ་མ་ལྕགས་སྒྲོག་མའི་དབང་བསྐུར་བས་དགའ་བ་ཚད་མེད་པ་མངོན་དུ་གྱུར་ནས་སྣང་སྲིད་ལྷ་སྲིན་ཐམས་ཅད་དབང་དུ་འདུས་པའི་དབང་དང་ལྡན་པར་གྱུར་ཅིག ཧོཿ བྱང་ཕྱོགས་གཡུ་ཡི་སྒོ་ཁྱུད་ནས། །སྒོ་མ་ལྗང་གུ་དྲིལ་བུ་འཛིན། །དགྲ་བགེགས་དབྱིངས་སུ་བསྒྲལ་བའི་ཕྱིར། །བཏང་སྙོམས་ཆེན་པོའི་དབང་བསྐུར་རོ། །ཨོཾ་བཛྲ་གྷཎྜེ་ཧོཿཨ་བྷི་ཥིཉྩ་ཧཱུྃ། ཡེ་ཤེས་ཀྱི་སྒོ་མ་དྲིལ་བུ་མའི་དབང་བསྐུར་བས་བཏང་སྙོམས་ཚད་མེད་མངོན་དུ་གྱུར་ནས་དགྲ་བགེགས་དབྱིངས་སུ་སྒྲོལ་བའི་དབང་དང་ལྡན་པར་གྱུར་ཅིག །རིན་འབྱུང་གི་ངོ་བོ་དབུ་རྒྱན་ཅོད་པན་སྤྱི་བོར་བཅིང་ལ། ཧཱུྃ། །སངས་རྒྱས་ཀུན་གྱི་བདག་ཉིད་ཆེ། །སེར་སྣའི་ཞེན་པ་རྣམ་པར་འཇོམས། །རྟག་ཏུ་ཆགས་མེད་སྦྱིན་པ་འདིས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ཨོཾ་བཛྲ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་སྭཱ། ཞེས་མགོ་ལ་བསྐོན་པས་ཟག་མེད་བྱང་སེམས་བདུད་རྩིའི་ཆུ་རྒྱུན་རྣ་ལྟག་གཡས་ནས་ཞུགས་ཏེ་ལུས་ཐམས་ཅད་གང༌། ང་རྒྱལ་གྱི་དྲི་མ་དག །ཚོར་བའི་ཕུང་པོ་གནས་གྱུར་ལྷ་སྣང་གསལ་ཞིང་བརྟན་པར་བྱས། ཆུ་ཞབས་རྣ་ལྟག་གཡས་སུ་འཁྱིལ་བ་ལས་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རཏྣ་ཧེ་རུ་ཀ་སེར་པོ་རིན་པོ་ཆེ་དང་དྲིལ་བུ་འཛིན་པས་དབུ་བརྒྱན་པར་གྱུར། སྣང་བ་མཐའ་ཡས་ཀྱི་ངོ་བོ་རྡོ་རྗེའི་དབང་ནི། ཧཱུྃ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང༌། །མི་ཕྱེད་རྡོ་རྗེ་གསང་བ་ལས། །འདོད་ཆགས་རྟོག་པ་རྣམ་པར་འཇོམས། །རྡོ་རྗེའི་ཆོས་སུ་དབང་བསྐུར་རོ། །ཨོཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྡོ་རྗེ་ལྟག་པར་བཞག་ལ་ལག་གཡས་སུ་གཏད་ཅིང༌། ཟག་མེད་བདུད་རྩིའི་ཆུ་རྒྱུན་ལྟག་པ་ནས་ཞུགས་ཏེ་ལུས་ཐམས་ཅད་གང༌། འདོད་ཆགས་ཀྱི་དྲི་མ་དག །འདུ་ཤེས་ཀྱི་ཕུང་པོ་གནས་གྱུར་ལྷ་སྣང་གསལ་ཞིང་བརྟན་པར་བྱས། ཆུ་ཞབས་ལྟག་པར་འཁྱིལ་བ་ལས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་པདྨ་ཧེ་རུ་ཀ་དམར་པོ་པདྨ་དང་དྲིལ་བུ་འཛིན་པས་དབུ་བརྒྱན་པར་གྱུར། དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུ་རྣ་ལྟག་གཡོན་དུ་བཞག་ཅིང་ལག་གཡོན་དུ་གཏད་དེ་དཀྲོལ་དུ་བཅུག ཧཱུྃ། ཐབས་དང་ཤེས་རབ་ལྡན་པ་ཡིས། །འགྲོ་དོན་མཉམ་མེད་བྱེད་གྱུར་པ། །ཕྲག་དོག་རྟོག་པ་རྣམ་པར་འཇོམས། །གཉིས་སུ་མེད་པའི་དབང་བསྐུར་རོ། ཨོཾ་བཛྲ་གྷཎྚེ་ཨ་བྷི་ཥིཉྩ་ཧཱུྃཿ ཟག་མེད་བདུད་རྩིའི་ཆུ་རྒྱུན་རྣ་ལྟག་གཡོན་ནས་ཞུགས་ཏེ་ལུས་ཐམས་ཅད་གང༌། ཕྲག་དོག་གི་དྲི་མ་དག །འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། ལྷ་སྣང་གསལ་ཞིང་བརྟན་པར་བྱས། ཆུ་ཞབས་རྣ་ལྟག་གཡོན་དུ་འཁྱིལ་བ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཀརྨ་ཧེ་རུ་ཀ་ལྗང་གུ་རལ་གྲི་དང་དྲིལ་བུ་འཛིན་པས་དབུ་བརྒྱན་པར་གྱུར། རྣམ་པར་སྣང་མཛད་ཀྱི་ངོ་བོ་རྡོ་རྗེ་མིང་གི་དབང་སྦྱིན་པ་ལ། ཧཱུྃ། རྡོ་རྗེ་མིང་གི་དབང་བསྐུར་བས། །གཏི་མུག་རྟོག་པ་རྣམ་པར་འཇོམས། །ཅིས་ཀྱང་མི་ཆོད་མི་ཤིགས་པ། །རྡོ་རྗེའི་མིང་ནི་རབ་ཏུ་གྲགས། །ཨོཾ་བཛྲ་སཏྭ་ཨོཾ་ནཱ་མ་ཨ་བྷི་ཥིཉྩ་ཀ་ཏ། ཞེས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ། ཟག་མེད་བདུད་རྩིའི་ཆུ་རྒྱུན་དཔྲལ་བ་ནས་ཞུགས་ཏེ་ལུས་ཐམས་ཅད་གང༌། གཏི་མུག་གི་དྲི་མ་དག །གཟུགས་ཀྱི་ཕུང་པོ་གནས་གྱུར། ལྷ་སྣང་གསལ་ཞིང་བརྟན་པར་བྱས། ཆུ་ཞབས་དཔྲལ་བར་འཁྱིལ་བ་ལས་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་བུདྡྷ་ཧེ་རུ་ཀ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པས་དབུ་བརྒྱན་པར་གྱུར། རྙིང་མ་སྤྱིའི་ལུགས་ལྟར་ན་བུམ་དབང་ལྔ་ཀ་སྨིན་མཚམས་ཡན་གང་བས་བུམ་དབང༌། མགྲིན་པ་ཡན་གང་བས་གསང་དབང༌། ལུས་ཐམས་ཅད་གང་བས་དབང་བཞི་པར་སྦྱར་ཏེ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཡིན་ཅིང༌། དབུ་རྒྱན་མན་ལ་དོན་གྱི་ཚང་བས་མ་བྱས་ཀྱང་ཆད་ལྷག་ཏུ་མི་འགྱུར་རོ། །ཞེས་གསུངས་པ་ལྟར་ལྷ་དབང་རྗེས་སུ་རིག་པའི་དབང་ལྔ་རྩ་བའི་ཡི་གེར་བཀོད་པ་བཞིན་སོར་བཞག་ལས་དབང་བསྐུར་གཞན་དུ་རིག་དབང་རྗེས་སུ་ལྷ་དབང་འབྱུང་བ་ཡིན་པས་ཤེས་པར་བྱའོ། །བསྒྲལ་དབང་ནི། བླ་སློབ་གཉིས་ཀ་བདུད་ཆས་སུ་གཞུག །མདུན་དུ་བྲུབ་ཁུང་ལིངྒ། ཕུར་པ། སྒྲོལ་གྲི་སོགས་རྫས་དང་ཡོ་བྱད་ཚོགས་པར་བཤམས་ལ། བྷྲཱུྃ་མ་ཏྲཾ་རུ་ཏྲ་མཎྜ་ལ་ཕཊ༔ སྣོད་ཀྱི་འཇིག་རྟེན་དུར་ཁྲོད་རོལ་པའི་ཞིང༔ བཅུད་ཀྱི་དངོས་ཀུན་དཔལ་ཆེན་ཁྲག་འཐུང་ལྷ༔ ཁྲོས་འཁྲུགས་རྔམས་བརྗིད་འཇིགས་པའི་སྐུར་སྟོན་པ༔ སྒྱུ་འཕྲུལ་དྲྭ་བའི་བཀོད་པ་ཆེན་པོར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཐུགས་དམ་བསྐུལ་བ་ནི། ཧཱུྃ། དམར་ནག་གྲུ་གསུམ་དཀྱིལ་འཁོར་ནས། །པདྨ་གསུང་གི་ལྷ་ཚོགས་རྣམས། །བསྟན་པ་གཉན་ལ་དགྲ་དར་ན། །མི་མངོན་དབྱིངས་ནས་སྐུ་བཞེངས་ལ། རྣལ་འབྱོར་བདག་གི་ར་མདར་ལྷོག །གནས་འདི་དྲག་པོའི་ལས་ལ་ཡ། །ཡིད་ལ་བརྣག་པའི་དགྲ་བགེགས་རྣམས། དྲག་པོའི་ལས་ཀྱིས་མྱུར་དུ་སྒྲོལ། རྃ་ཡྃ་ཁྃ། གསེར་སྐྱེམས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང༌། །བདེ་གཤེགས་ཀུན་འདུས་ཞི་ཁྲོ་རབ་འབྱམས་ལྷ། །ཁྱད་པར་དབང་ཆེན་རྟ་མགྲིན་ལྷ་ཚོགས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །གཟུ་དང་དཔང་མཛོད་མངོན་སྤྱོད་ཕྲིན་ལས་མཛོད། མ་མགོན་ལྕམ་དྲལ་ཁམས་རྒྱ་དམུས་ལོང་འབྲུག །ཁྱི་སྤྱང་ཕོ་ཉ་གིང་ལྔ་གཟའ་གདོང་དང༌། །བེར་རྩེ་ལྕམ་སྲིང་དབང་གི་བཀའ་སྡོད་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་སྡོང་གྲོགས་མཛོད། གཟུ་དང་དཔང་མཛོད་མངོན་སྤྱོད་ཕྲིན་ལས་མཛོད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང༌། །ས་ཕྱོགས་འདི་ཡི་ཡུལ་གཞིའི་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་གདོང་གྲོགས་མཛོད། གཟུ་དང་དཔང་མཛོད་མངོན་སྤྱོད་ཕྲིན་ལས་མཛོད། །ཧོམ་བསྐྱེད་ནི། རུ་ཏྲ་སརྦ་ཤ་ཏྲཱུན་མཱ་ར་ཡ་ནྲྀ་ཛཿ མདུན་དུ་བྷཉྫ་ཨེ་ལས་ལྕགས་བསྲེགས་ཀྱི་ཁང་སྒྲོམ་གྲུ་གསུམ་བང་རིམ་དགུ་པ། ཁ་ཁྱེར་དོག་ཅིང་གཏིང་ཟབ་པ། འོག་ནས་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ། ལོགས་ལ་ཞེ་སྡང་གི་མེ་རླུང་འཚུབས་པ། སྟེང་ནས་གཏི་མུག་གི་མུན་པ་གཏིབས་པ། མཚོན་ཆའི་ཆར་འབེབས་ཤིང་ནད་དང་དུག་གི་རླངས་པ་འཕྱོ་བ། ཐན་དང་ལྟས་ངན་གྱི་ཆོ་འཕྲུལ་སྣ་ཚོགས་མི་ཟད་པར་འཁྲུགས་པ། ལས་བྱེད་གཤིན་རྗེའི་དམག་ཚོགས་སེང་གེ་ལྟར་རྔམས་པ། སྟག་ལྟར་འཕྱོ་བ། སྲིན་པོ་ལྟར་ཁྲོས་པ། ཤ་ཟ་ལྟར་རྒྱུགས་པ། རྒྱོབ་རྒྱོབ་དང་སོད་སོད་ཀྱི་སྒྲ་འབྲུག་ལྟར་སྒྲོགས་པས་གང་བ་སྲིད་པ་ལས་ཀྱི་བཙོན་ཁང་དྲག་པོ་དེའི་ནང་དུ་ནྲྀ་ཏྲི་དུད་ཁ་སོགས་ཡོངས་སུ་གྱུར་པ་ལས། དགྲ་བགེགས་ཐམས་ཅད་ལུས་གཅེར་བུ་རིད་པ། མདོག་ནག་ཅིང་དྲན་པ་ཉམས་པ། མྱ་ངན་གྱི་ཕྱག་རྒྱ་ཅན། བུ་ག་དགུ་ནས་རྣག་ཁྲག་འཛག་པ་གནོད་བྱེད་ཐམས་ཅད་འདུས་པའི་ངོ་བོར་གྱུར། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། ཁྱད་པར་པདྨ་དབང་གི་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི༴ བཀའ་སྲུང་ཕོ་ཉ་ལས་མཁན་རྣམས་ཀྱི༴ གཞན་ཡང་གསང་སྔགས་དང་རིག་སྔགས་དང༌། གཟུངས་སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་དང༌། བདེན་པའི་སྟོབས་ཀྱིས་བདག་ཅག་རྣལ་འབྱོར་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ །གཟུགས་མེད་ཀྱི་བགེགས། བར་ཆད་ཀྱི་རྐྱེན། ཁྱད་པར་དུ་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་རྣམས། མགོན་བྱེད་ཀྱི་ལྷ་ཚེ་དང་དབང་ཐང༌། བསོད་ནམས་དང་དུས་ཀྱི་དབང་དུ་མ་གཏོང་བར་ད་ལྟ་ཉིད་དུ་ལིང་ག་འདི་ལ་ཁུག་ཅིག །དྲག་སྔགས་སོ་ལྔའི་ཤམ་བུར། ནྲྀ་ཏྲི་ཧུར་ཐུམ་ཛཿཛཿཧཱུྃ་བཾ་ཧོ༔ ཨ་བེ་ཤ་ཡ་ཨ་ཨཿ ཞེས་འགུགས་གཞུག་ལན་གསུམ། བསྒྲལ་ལས་ཐམས་ཅད་ཀྱི་རྩ་བ་རང་བཞིན་གྱི་བདག་འཛིན་འདི་རིག་པ་ཡེ་ཤེས་ཀྱི་ཕུར་པས་བསྒྲལ་ནས་གཉིས་སྣང་གི་རྟོག་པ་ཟད་པར་བྱས་ཏེ། ཐུགས་རྗེས་གཞན་བསྒྲལ་བའི་ཕྱིར། སྤྱིར་ཁམས་གསུམ་གྱི་སེམས་ཅན། སྒོས་ལོག་རྟོག་ཅན་གྱི་གདུལ་བྱ་རྣམས་ལྟ་བ་རྫོང་ལ་གཞི་བཅའ། སྒོམ་པའི་འཕྲང་གིས་གནད་བཟུང༌། སྤྱོད་པའི་སྲོག་གིས་མན་ངག་གཏན་ལ་ཕབ་ནས་ལས་ངན་གྱི་རྒྱུན་བཅད། ཚོགས་གཉིས་ཀྱི་ས་བོན་བསྐྲུན་པའི་ཕྱིར། ལས་ཕུར་འདི་ཉིད་ཁྲོ་ཆེན་དབང་ཆེན་འདུས་པའི་སྲས་མཆོག་ཀཱི་ལ་ཡར་གསལ་བ་ལག་ཏུ་གཏད་ཅིང་ཕྱོགས་བཅུར་འདྲིལ་བ་ཙམ་གྱིས། མ་རུང་གདུག་པའི་དགྲ་བགེགས་ཐམས་ཅད་ཚར་གཅོད་ཅིང་རྣམ་ཤེས་བདེ་ཆེན་དུ་སྐྱེས་ནུས་པའི་མཐུ་དབང་ཐོབ་པའི་མོས་པ་མཛོད་ཅིག །ཐལ་མོ་ཐབས་ཤེས་ཀྱི་བར་དུ་བསྒྲིལ་ཞིང༌། ཧཱུྃ། རྟ་མགྲིན་ལྷ་ཚོགས་ཐུགས་དམ་ཅན། །དྲག་པོའི་ཕྲིན་ལས་དུས་ལ་བབ། །ཡིད་ལ་བརྣག་པའི་དགྲ་བགེགས་འདིའི། །བླ་སྲོག་རྟེན་ལ་མཱ་ར་ཡ། ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། པདྨ་ཀཱི་ལ་ཡ་དགྲ་བགེགས་འབྱུང་པོའི་སྙིང་ལ་མཱ་ར་ཡ་ཕཊཿ ཅེས་ཚེ་ཁྲུས་ཀྱི་དགོངས་པ་དང་བཅས་སྙིང་དཀར་ནག་གི་མཚམས་སུ་འདེབས་སུ་འཇུག །སླར་ཡང་གོང་གི་སྔགས་དང་བཅས་རལ་གྲིས་གཏུབ་ཅིང་ལིང་རོ་ནས་ཚོགས་ཐ་མ་བཞིན་ལྷ་ཚོགས་ཞལ་སྟོབ་དང༌། སློབ་མ་རྣམས་ལ་ཅུང་ཟད་སྦྱིན་ནོ། །དེ་ཡང་སྔོན་བྱུང་རུ་ཏྲ་བསྒྲལ་བ་དང་མཐུན་པར་དགྲ་བགེགས་བསྒྲལ་བའི་དཔའ་རྟགས་སུ་དེ་དག་བསད་པ་ལས་བྱུང་བ་དང༌། འབྱུང་པོ་སྟོབས་ཆེན་དེ་དག་གི་ཆས་གོས་རྣམས་ཕྲོགས་པ་དཔལ་ཆེན་པོའི་རྟགས་སུ་བྱིན་གྱིས་བརླབས་ཏེ་དུར་ཁྲོད་དང་དཔལ་གྱི་ཆས་དབང་བསྐུར་བ་ལ། ཆོས་སྐུ་མཚོན་པ་ཐལ་ཆེན་གྱི་ཚོམ་བུའི་དབང་ནི། ༈ ཧེ་རུ་ཀ་ཡི་གནས་བཅུ་དང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཕོ་ཉ་ཀུན་དང་མཉམ་པའི་ཕྱིར། །ཐལ་ཆེན་ཚོམ་བུས་བརྒྱན་པ་ཡང༌། །འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །འདི་ཡང་སྔོན་གྱི་ཐ་ཚིག་གོ །འདི་ཡང་དུར་ཁྲོད་ཆེན་པོའི་དབང༌། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །ཐལ་ཆེན་ཚོམ་བུ་སློབ་མའི་དཔྲལ་བར་ཁ་ཊྭཱཾ་གའི་དབྱིབས་སུ་བྱས་པ་བྲིའོ། །ལོངས་སྐུ་མཚོན་པ་རཀྟའི་ཐིག་ལེའི་དབང་ནི། ཧེ་རུ་ཀ་ཡི་གནས་བཅུ་དང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །མ་མོ་ཀུན་དང་མཉམ་པའི་མཉམ་པའི་ཕྱིར། །རཀྟའི་ཐིག་ལེས་བརྒྱན་པ་འདིས། འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །འདི་ཡང་སྔོན་གྱི་ཐ་ཚིག་གོ །འདི་ཡང་དུར་ཁྲོད་ཆེན་པོའི་དབང༌། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །སློབ་མའི་མཁུར་ཚོས་གཡས་གཡོན་གཉིས་དང་སྣ་རྩེ་གཉིས་ལ་རཀྟའི་ཐིག་ལེ་ཐོད་པ་ཚལ་བུའི་དབྱིབས་སུ་བྲིའོ། །སྤྲུལ་སྐུ་མཚོན་པ་ཞག་གི་ཟོ་རིས་ནི། ཧེ་རུ་ཀ་ཡི་གནས་བཅུ་དང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །གིང་ཆེན་ཀུན་དང་མཉམ་པའི་ཕྱིར། །ཞག་གི་ཟོ་རིས་བརྒྱན་པ་ཡང༌། །འདི་ཡང་རྟགས་ཀྱི་ཕྱག་རྒྱའོ། །འདི་ཡང་སྔོན་གྱི་ཐ་ཚིག་གོ །འདི་ཡང་དུར་ཁྲོད་ཆེན་པོའི་དབང༌། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །སློབ་མའི་སྙིང་ཁར་བཞག་སྟེ་ཟོ་རིས་རྡོ་རྗེ་རྩེ་ལྔ་པའི་དབྱིབས་སུ་བྲིའོ། །སྐུ་གསུམ་མཚོན་པ་ཐོད་པ་རྒྱན་གྱི་དབང་ནི། དུང་ཆེན་ཁོང་སེང་དབང་པོ་ལྔ་དང་ལྡན། །སྐུ་གསུམ་ཚུལ་འཆང་སྐམ་རློན་ར་རིའི་ཚུལ། །འཁོར་བ་གནས་སུ་སྡུད་པ་ཕྲེང་བས་བརྒྱན། །ཁམས་གསུམ་ཐོགས་མེད་ཕྲེང་བའི་དབང་བསྐུར་བས། །སྐུ་གསུང་ཐུགས་ཀྱི་དབང་ཆོག་ཐོབ་པར་ཤོག །ཨོཾ་བྷནྡྷ་ཀཱ་པ་ལ་དྷ་ཤ་ཨ་བྷི་ཥིཉྩ་ཧཱུྃ། ཐོད་པ་སྐམ་རློན་གྱི་ཕྲེང་བ་སློབ་བུའི་ལུས་ལ་བརྒྱན་ནོ། །དབང་དུ་སྡུད་པ་སྦྲུལ་ཆེན་རིགས་ལྔའི་དབང་ནི། །ཐོད་སྦྲུལ་མཉེན་ལྕུག་འཇིགས་བྱེད་རྒྱན་དུ་ཆེ། །སྦྲུལ་ནག་སྟོང་གིས་བརྒྱན་པས་རྔམས་བརྗིད་ཆེ། །སྐུ་ལ་མཆོད་ཕྱིར་སྐུ་ཡི་རྒྱན་དུ་འཁྱིལ། །དུག་ལྔ་མ་སྤངས་དབང་གི་ཐབས་སུ་བསྟན། །མཉེན་ལྕུག་འཁྲིལ་ལྡེམ་ཞེ་སྡང་དྲག་པོ་འཇོམས། །རྫུ་འཕྲུལ་ཤུགས་ཀྱིས་ཀླུ་བརྒྱད་དབང་དུ་བསྡུས། །ཞེ་སྡང་འདུལ་བའི་དབང་ཕྱུག་ཡིན་པའི་ཕྱིར། །སྦྲུལ་ནག་ཆུན་པོས་ཁྱོད་ལ་དབང་བསྐུར་བས། །ཞེ་སྡང་དྲག་པོ་འབར་བ་གནས་དག་ནས། །ཐབས་མཁས་རྒྱལ་པོ་མཉེས་པའི་དབང་ཐོབ་ཤོག །ཨོཾ་ནཱ་ག་རཱ་ཛ་ཨ་ལཾ་ཨ་བྷི་ཥིཉྩ་ཧཱུྃ། སློབ་མའི་ཡན་ལག་སྦྲུལ་ནག་ཆུན་པོས་བརྒྱན་ནོ། །ཐབས་ལ་མཁས་པའི་ཞིང་ཆེན་ལྤགས་པའི་དབང་ནི། ཞིང་ལྤགས་སྐུ་ལ་གསོལ་བ་དུར་ཁྲོད་རྒྱན། །གཡང་གཞིའི་ཚ་བོ་སུག་རྡོར་སྐུ་ལ་བཅིངས། །འཁོར་བ་མ་སྤངས་གནས་སུ་དག་པ་ཡི། །དུར་ཁྲོད་ཚོགས་ཀྱི་བདག་པོ་ཡིན་པའི་ཕྱིར། །ཞིང་ཆེན་གཡང་གཞིས་ཁྱོད་ལ་དབང་བསྐུར་བས། །ཞིང་རློན་ཐབས་ལ་མཁས་པ་འདི་ཉིད་ཀྱིས། །འཁོར་བའི་གནས་ནས་ཐར་བའི་དབང་ཐོབ་ཤོག །ཨོཾ་ནཱ་ར་ཐ་ཝསྟྲ་ཨ་བྷི་ཥིཉྩ་ཧཱུྃ། ཞིང་ལྤགས་མགོ་གཡོན་དུ་བསྟན་པ་རྒྱབ་ལ་བསྐོན་ཏེ་སྙིང་ཁར་མདུད་པ་བྱའོ། །གཏི་མུག་འཇོམས་པའི་གླང་ཆེན་ལྤགས་པའི་དབང་ནི། གླང་ཆེན་ཀོ་རློན་བརྗིད་དུ་ཆེ་བ་འདི། །གཏི་མུག་མ་སྤངས་གནས་སུ་དག་པའི་རྒྱན། །ན་བཟའ་རྒྱན་གྱིས་སྐུ་ལ་མངའ་གསོལ་ཞིང༌། །ཐབས་ཀྱི་ཀོ་རློན་རྒྱན་གྱི་དམ་པ་འདི། །གང་ལ་དམིགས་པའི་དབང་མཆོག་འདི་བསྐུར་བས། །སྟོབས་ཀྱི་རྒྱལ་པོའི་དབང་མཆོག་ཐོབ་པར་ཤོག །ཨོཾ་ཧསྟི་ཝསྟྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གླང་མགོ་གཡས་སུ་བསྟན་པ་སློབ་མའི་རྒྱབ་ཏུ་བསྐོན་ཞིང་སྙིང་ཀར་མདུད་པ་བྱའོ། །ཕྲག་དོག་འཇོམས་པ་གསང་གོས་སྟག་ལྤགས་ཀྱི་དབང་ནི། ཞེ་སྡང་དྲག་པོ་སྟག་གི་ཤམ་ཐབས་འདི། །སྟག་ལྤགས་ཤམ་ཐབས་དཔའ་བར་ལྡན་པ་ཡི། །སུག་པོ་འདོམ་བསྣོལ་ཕྱི་ནང་གསང་བ་བཅིངས། །ཕྲག་དོག་འཇོམས་མཛད་སྟག་ལྤགས་དབང་བསྐུར་བས། །ཞེ་སྡང་གནས་འཇོམས་ཕྲག་དོག་གནས་རྒྱལ་བའི། །དབང་མཆོག་དམ་པ་གནས་འདིར་ཐོབ་པར་ཤོག །ཨོཾ་བྱཱ་གྷྲ་ཝསྟྲ་ཨ་བྷི་ཥིཉྩ་ཧཱུྃ། སྟག་གི་ཤམ་ཐབས་ཀྱིས་སྨད་གཡོགས་སོ། ཧཱུྃ། རྡོ་རྗེ་ཕྱེད་པ་རལ་པའི་ཐོད། །ཁྱུང་གཤོག་སྣ་ཚོགས་ཕྱག་མཚན་མཚོན། །གོ་ཁྲབ་རོ་གདན་ཁྲག་ཞག་མཚོ། །བསྐལ་པའི་མེ་དཔུང་རབ་འབར་བ། །དཔལ་གྱི་ཆས་བརྒྱད་དབང་ཐོབ་ཤོག །ཨོཾ་ཤྲཱི་ཧེ་རུ་ཀ་ཨ་བྷི་ཥིཉྩ་མཾ་ཡ་ཤྲཱི་ཡེ་ཧཱུྃ་སྭཱ་ཧཱ། ཞེས་གནས་སོ་སོར་འཆིང་བ་དང་གཏོད་པའི་ཚུལ་བྱ། བྱེ་བྲག་དེ་དག་གི་ལག་ཆ་རྣམས་ཐོགས་པ་ལ་དཔལ་ཆེན་པོའི་ཕྱག་མཚན་དུ་བྱིན་གྱིས་བརླབས་ནས་སྦྱིན་པ་ནི། ཧཱུྃ། པདྨ་རྡོ་རྗེ་རིན་ཆེན་རལ་གྲི་དང༌། །ལྕགས་ཀྱུ་ཞགས་པ་ཐོ་བ་ལྕགས་སྒྲོག་ཉི། །བྷནྡྷ་དྲིལ་བུ་འཁོར་ལོ་རྩེ་གསུམ་མདུང༌། །མེ་དཔུང་བེ་ཅོན་གཏུན་ཤིང་ཟླ་བ་རྣམས། །བདུད་སྡེའི་གཡུལ་ལས་རྒྱལ་ཕྱིར་ཕྱག་མཚན་གྱི། །དབང་བསྐུར་སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ། །ཨོཾ་བཛྲ་ཛྭ་ལ་བི་ཤྭ་ཝསྟྲ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཕྱག་མཚན་རྣམས་གཏད་དོ། །དེ་ལྟར་དཔལ་གྱི་ཆས་སུ་ཞུགས་པ་ལ་དགོས་པ་གསུམ་ཡོད་དེ། དཔེར་ན་མི་དཔའ་བོ་གོ་ཆ་བཏབ་པས་དགྲ་བགེགས་ཚར་གཅོད་པ་ལྟར། རྣལ་འབྱོར་པ་དཔལ་གྱི་ཆས་སུ་ཞུགས་པས་བགེགས་ཟིལ་གྱིས་གནོན་ཅིང་ཚར་གཅོད་པའི་དགོས་པ་ཡོད་དོ། །རུ་མཚོན་འཕྱར་བ་ལྟར་ངོ་ཤེས་པའི་དགོས་པ་ཡོད་དེ། དཔེར་ན་དམག་སྟོང་དཔོན་མང་པོ་འགྲན་པའི་ཚེ། རང་རང་གི་དཔོན་པོས་རུ་མཚོན་འཕྱར་བས་ངོ་ཤེས་པ་བཞིན་རྣལ་འབྱོར་པ་དཔལ་གྱི་ཆས་སུ་ཞུགས་པས་མ་མོ་མཁའ་འགྲོས་རྗེ་བོར་ཤེས་པའི་དགོས་པ་ཡོད་དོ། །རྒྱལ་པོའི་བཀའ་རྟགས་ལྟར་ཟིལ་གྱིས་གནོན་ཏེ། དཔེར་ན་རྒྱལ་པོའི་ཕྱག་རྟགས་ཚོང་པ་སོགས་ཀྱིས་ཁྱེར་ཕྱིན་པས་གང་ཕྱིན་པར་གནོད་པ་གང་གིས་ཀྱང་འཇོམས་མི་ནུས་པ་ལྟར། རྣལ་འབྱོར་པ་དཔལ་གྱི་ཆས་སུ་ཞུགས་པས་བདུད་དང༌། སྲིན་པོ་སོགས་ཟིལ་གྱིས་གནོན་ཅིང་བར་ཆད་མི་ནུས་པའི་དགོས་པ་ཡོད་དེ། མདོར་ན་ཐ་མལ་གྱི་རྟོག་པ་བརྟུལ་ནས་ཁྲག་འཐུང་རིགས་ལྔའི་ང་རྒྱལ་ལ་ཞུགས་ཤིང་དབང་ཆེན་གྱི་ཁྱེར་སོ་གསུམ་བསྒོམ་པ་ལ་དབང་བ་ཡིན་ནོ། །རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་ནོ། །མཐའ་བརྟེན་མཐུ་རྩལ་གཏོར་མའི་དབང་བསྐུར་བ་ལ། མདུན་གྱི་གཏོར་མ་འདི་ཉིད་སྐད་ཅིག་གིས་ཀླུ་དང་དྲེགས་པ་ཟླ་བའི་གདན་སོགས་ནས། བསྐལ་པའི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་ཧཱུྃ་ཡིག་གི་བར་བྱིན་འབེབས་ལྟར་ལ། ཧཱུྃ་ལས་འོད་ཟེར་འཕྲོས་པས་དཔལ་རྟ་མཆོག་རོལ་པ་འཁོར་དང་བཅས་པ་བཛྲ་ས་མ་ཛཿ ཛཿཧཱུྃ་བྃ་ཧོཿ སླར་ཡང་ཐུགས་ཀའི་འོད་ཟེར་གྱིས་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་བཛྲ་ས་མ་ཛཿ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡེ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར། སྐུ་གང་དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོས་དབུ་བརྒྱན་པར་གྱུར། ཛཿཧཱུྃ་བྃ་ཧོཿ དབང་ལྷ་གཏོར་མའི་ལྷར་ཐིམ། བཛྲ་ཨརྒྷཾ་ནས་ཤཔྟ། སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་ཁཱ་ཧིཿ ཧྲཱིཿ འོད་གསལ་དབྱིངས་ལས་མ་གཡོས་ཀྱང༌། །ཟུང་འཇུག་བདེ་ཆེན་རྣམ་སྤྲུལ་པ། །སྣ་ཚོགས་སྤྲུལ་པའི་སྐུར་སྟོན་པ། །རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད། །སློབ་དཔོན་ལྷར་གསལ་བའི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བདེ་བར་གཤེགས་པ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ལ། གཏོར་མར་དབབ་པའི་དམ་ཚིག་པ་དང༌། ཡེ་ཤེས་ཀྱི་བདུད་རྩི་གཉིས་སུ་མེད་པར་གྱུར་པར་བསམ་ལ། ཨོཾ་པདྨཱནྟ་ཀྲྀ་ཏ་པདྨ་ཤྭ་རི་མ་ཧཱ་ཀྲོ་དྷ་ཧྱ་གྲཱྀ་ཝ་མ་མ་རཀྨོ་དུཾ་ཏྲི་ཧྲཱིཾ་ཧྲཱིཾ་ཧཱུྃ་ཛཿ པདྨ་ཀྲོ་དྷ་ཀཱ་ཡ་ཝཱཀ྄་ཙིཏྟ་སིདྡྷི་ཨ་ལ་ལ་ཧོཿ སློབ་མའི་སྤྱི་བོ་ནས་ལྷ་ཚོགས་ཐིམ་ལུས་ཐམས་ཅད་བདེ་བས་ཁེངས་ཏེ། མེ་ལོང་ཧས་བཏབ་པ་བསྡུས་པའི་ཚུལ་གྱིས་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ་ཐིམ་པས་རྡོ་རྗེ་ལུ་གུ་རྒྱུད་ཀྱིས་བསྡུས་ཏེ། བསྐལ་པ་དུ་མའི་རླུང་གིས་བཏེགས་ཀྱང་རྟག་ཏུ་བསྐྱོད་མི་ནུས་པར་གྱུར། སྨན་རཀ་གཏོར་མ་དམ་རྫས་ཀྱི་དབང་ནི། ཧཱུྃ། སྨན་རཀ་ཚོགས་ཀྱི་མཆོད་པ་ཡི། །དམ་རྫས་རྣམས་ཀྱི་དབང་བསྐུར་བས། །ལྷ་དང་དམ་ཅན་རྟེན་མཆོད་དང༌། །སྒོམ་སྒྲུབ་ཉན་བཤད་དབང་ཐོབ་ཤོག །ཨ་མྲྀ་ཏ་རཀྟ་གྷ་ཎ་ཙཀྲ་ས་མ་ཡ་ཨ་བྷི་ཥིཉྩ་ཨ་བེ་ཤ་ཡ་ཨ་ཨཿ ཞེས་ལག་ཏུ་གཏད། མཐའ་བརྟེན་འཆི་མེད་ཚེ་ཡི་དབང་བསྐུར་བ་ནི། ཚེ་ཡི་འབྲང་རྒྱས་སྤྱི་བོར་བཞག་སྟེ། ཧཱུྃ། བཀྲ་ཤིས་དངོས་གྲུབ་གྭའུ་རུ། །མི་འགྱུར་བརྟན་པའི་ཚེ་བསྐྱིལ་ནས། །རང་རྟགས་ཚེ་ཡི་དབང་བསྐུར་བས། །མི་འགྱུར་ཚེ་ཡི་དབང་ཐོབ་ཤོག །རྩ་སྔགས་མཇུག་ཏུ། ཨཱ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧོཿ ཞེས་མགོ་ཐོག་ཏུ་བཞག །དེ་ལྟར་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག །ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། བྱང་ཆུབ་ཀྱི་སྒྲིབ་པ་མཐའ་དག་དག །ས་ཀུན་ཏུ་འོད་དང༌། སྟུག་པོ་བཀོད། བདེ་བ་དགའ་བ། ལྟ་བ་སྣང་སྟོང༌། འབྲས་བུ་སྤྲུལ་སྐུ་ཐོབ་པ་སོགས་ཀྱི་རྟེན་འབྲེལ་འགྲིག་གོ །གསང་དབང་ངག་ལ་བསྐུར་བ་ནི། སློབ་མས་མཎྜལ་ཕུལ་ནས། །བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། རྡོ་རྗེ་སློབ་དཔོན་པདྨ་དབང་ཆེན་དུ་གསལ་བའི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ནོར་བུ་དང་ཨོཾ། རྩེ་མོར་ཕཊ་དང་བཅས་པ། ཕྱག་རྒྱ་ཡུམ་པདྨ་གར་གྱི་དབང་ཕྱུག་མར་གསལ་བའི་མཁའ་ཨཱཿལས་པདྨ་ཨཱཿས་མཚན་པ་ཡབ་ཡུམ་སྙོམས་པར་ཞུགས་པའི་སྦྱོར་མཚམས་ནས་བྱང་ཆུབ་སེམས་དཀར་པོ་སློབ་མའི་ལྕེ་ཐོག་ཏུ་བྱིན་པར་བསམ། བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། གསང་བར་ཐབས་དང་ཤེས་རབ་ལས། །པདྨ་ནོར་བུ་མཉམ་སྦྱར་ནས། །དགྱེས་པ་ཆེན་པོས་བདེ་ཆེན་ངང༌། །བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ། །པདྨ་སུ་ཁ་བོ་དྷི་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། གསུང་རྣམ་དག་འོད་དཔག་མེད་གསང་བའི་དབང་ཐོབ། ངག་གི་དྲི་མ་དག །གཏུམ་མོའི་ལམ་བསྒོམ་པ་ལ་དབང༌། བདེ་བ་མཆོག་དགའ། ས་པདྨ་ཅན། ལྟ་བ་རིག་སྟོང༌། འབྲས་བུ་ལོངས་སྐུ་ཐོབ་པ་སོགས་ཀྱི་རྟེན་འབྲེལ་འགྲིག་གོ །ཤེས་རབ་ཡེ་ཤེས་སེམས་ལ་བསྐུར་བ་ནི། མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། བླ་མས་བུ་མོ་མཚན་ཉིད་དང་ལྡན་པ་རྒྱན་གྱིས་བརྒྱན་པ་སློབ་མའི་ལག་པར་གཏད་པ་ནི། གཟུངས་མ་འདི་ནི་ཡིད་འོང་མ། །བསྟེན་བྱར་རྒྱལ་བ་རྣམས་ཀྱིས་གསུངས། །ཁྲོ་མོ་ཡུམ་དང་ལྡན་བྱས་ནས། །འཁོར་ལོ་རིམ་པའི་བདེ་བ་མྱོང༌། །ལྷ་མོས་སློབ་མ་ལ། ཤ་ཆེན་གཤང་གཅི་སོགས་དང་ནི། །བཙོག་ཟ་ལ་སོགས་པདྨར་འོ། །བུ་ཁྱོད་སྤྲོ་ན་ཕྱག་རྒྱ་ཡི། །དངོས་གྲུབ་དམ་པ་བདག་ལས་འབྱུང༌། །སློབ་མས་ལན་དུ། གསང་སྔགས་དངོས་གྲུབ་མཉམ་མེད་པ། །ཤེས་རབ་ཐབས་ཀྱི་སྦྱོར་ལས་བྱུང༌། །ཇི་ལྟར་ཆོ་ག་བཞིན་དུ་གསུངས། །ཐམས་ཅད་སྤྲོའོ་ལྷ་མོ་ཆེ། ཞེས་གཉིས་ཀ་དབང་ཆེན་དུ་གསལ་བའི་མཁའ་གསང་བྱིན་གྱིས་བརླབས། ཡེ་ཤེས་མངོན་དུ་བྱ་བསམ་པས། བསྲུབ་དང་བསྲུབས་པའི་སྦྱོར་བ་རུས་སྦལ་གྱི་འགྲོས་ལྟར་མཁས་པར་བྱས་ལ། མས་བརྟན་གྱི་དགའ་བ་བཞིའི་སྐད་ཅིག་གིས་དགའ་བ་བཞི་དང༌། རླུང་གིས་བསྡུས་པས་ཡར་ལྡོག་ནས་ལུས་ཀུན་ཏུ་བཀྲམ་ཞིང་བྱེར་བས། ལྷན་སྐྱེས་ཀྱི་དགའ་བ་དང༌། ཡེ་ཤེས་ཁྱད་པར་ཅན་གྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག །མགྱོགས་བྱེད་ཕོ་ཉ་བསྒོམ་པ་ལ་དབང༌། བདེ་བ་དགའ་བྲལ། ས་ཡི་གེ་འཁོར་ལོ་རྫོགས་ཆེན། ལྟ་བ་བདེ་སྟོང༌། སྐུ་ཆོས་སྐུ་ཐོབ་པའི་རྟེན་འབྲེལ་འགྲིག་གོ །ལུས་ངག་ཡིད་གསུམ་མཐའ་དག་ལ་དབང་བསྐུར་བ་བཞི་པའི་དབང་ནི། མཎྜལ་ཕུལ། བྱང་ཆུབ་རྡོ་རྗེས་གསོལ་བ་བཏབ། བླ་མས་སློབ་མ་ལ་མེ་ལོང་བསྟན་ལ། མེ་ལོང་ནང་དུ་ཤར་བ་ཡུལ་ཀུན་རྫོབ་དང་མཚུངས་ལ། གཟུགས་དེ་ལ་རྟོག་ན་ཕྱི་ནང་གང་དུའང་མ་གྲུབ། སྣང་བའི་ཕྱིར་མེད་པ་མ་ཡིན། བཙལ་བ་གང་ན་ཡང་མེད་པས། རྟེན་ཅིང་འབྲེལ་བར་འབྱུང་བ་མཐའ་དག་དང་བྲལ་བས། རྫོགས་པ་ཆེན་པོ་བརྗོད་དུ་མེད་པར་གསུམ་པའི་ཡུམ་གྱི་ཁམས་རྩ་དང་བཅས་པ་འཕྲད། རླུང་སེམས་གཅིག་ཏུ་འདྲེས། བརྗོད་བྲལ་གྱི་ཡེ་ཤེས་ངོ་སྤྲད་པ་ནི། མུ་ཏིག་དཀར་དང་ཙནྡན་སྨུག །ནམ་མཁའི་ཁམས་གསུམ་འདྲེས་པ་ལས། །རྟོག་མེད་མཉམ་ཉིད་ཆོས་ཀྱི་སྐུ། །བཟུང་དུ་མེད་པ་འཇའ་ཚོན་འདྲ། །མེད་པ་མ་ཡིན་སྙིང་པོའི་དོན། །ཡོད་མེད་གཉིས་ཀྱི་མཐའ་ལས་འདས། །རྫོགས་པ་ཆེན་པོའི་མན་ངག་ཡིན། །ཞེས་པས་ངོ་སྤྲད། དབང་བཞི་པ་ཐོབ། སྒོ་གསུམ་མཐའ་དག་གི་དྲི་མ་དག །ལམ་ཨ་ཏི་ཡོ་ག་བསྒོམ་པ་ལ་དབང༌། བདེ་བ་ལྷན་སྐྱེས། ལྟ་བ་མཐའ་བྲལ། ས་ཡེ་ཤེས་བླ་མ་ནོན། སྐུ་དོན་དམ་རྡོ་རྗེ་སྐུ་དང༌། ངོ་བོ་ཉིད་སྐུ་ཐོབ་པའི་རྟེན་འབྲེལ་འགྲིག་གོ །དམ་ཚིག་ཁས་བླང་བ་ནི། རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། བདག་གིས་རྩེ་གཅིག་གུས་གདུང་བས། །མ་ལུས་བདག་གིས་བསྒྲུབ་ལགས་ན། །བརྩེ་བས་རྗེས་བཟུང་བྱིན་གྱིས་རློབས། ཞེས་ལན་གསུམ་གྱི་རྗེས་ཟློས་དང༌། གཏང་རཀ་མཎྜལ། ལུས་འབུལ། དགེ་བསྔོས་མཐའ་བསྡུས་ཏེ་སློབ་མ་གྲོལ། སློབ་དཔོན་གྱིས་ཚོགས་ལྷག་མ། ཆད་བརྟན། སྨོན་ལམ། ཤིས་བརྗོད་སོགས་རྗེས་ཀྱི་རིམ་པ་རྣམས་སྤྱི་ལྟར་གཞུང་བཞིན་བྱའོ། །འཕོ་འགྱུརྃ་དང་བཅས་གཉིས་སྣང་རྒྱུ་འབྲས་སྦྱང༌། །གཞོམ་མེདྃ་པདྨ་གསུང་གི་གོ་འཕང་ཆེ། །མངོན་བྱེད་ཐེགྃ་མཆོྃག་བསྟནྃ་པའིྃ་རིང་ལུགས་ཀྱི། །སྨིན་བྱེད་རྒྱལྃ་མཚྃན་སྲིད་ཞིའི་མཛེས་རྒྱན་གྲུབ། །རྟ་མགྲིན་ཁམས་གསུམ་ཟིལ་གནོན་ལྷ་བཅུ་བདུན་མའི་དབང་དང་སྒྲུབ་ཐབས་བཅས་ཀྱི་ལེའུ་ཚན་ནོ།། །།

Footnotes

Other Information