JKW-KABUM-13-PA-018: Difference between revisions
WikiBot2015 (talk | contribs) (Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=mkhyen brtse'i bka' 'bum |collectiontitletib=མཁྱེན་བརྩེ...") |
m (Text replacement - "Khyentse Metadata" to "Text") |
||
(7 intermediate revisions by 2 users not shown) | |||
Line 1: | Line 1: | ||
{{ | {{Text | ||
|classification=Tibetan Publications | |sectionheading=Yes|classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib=སྒྲོལ་དཀར་སྒྲུབ་ཐབས་དབང་ཆོག་དང་བཅས་པ་འཆི་མེད་ཟླ་སྣང་། | |||
|fulltitle=sgrol dkar sgrub thabs dbang chog dang bcas pa 'chi med zla snang | |||
|citation=[['jam dbyangs mkhyen brtse'i dbang po]]. ''sgrol dkar sgrub thabs dbang chog dang bcas pa 'chi med zla snang''. In '''jam dbyangs mkhyen brtse'i dbang po'i bka' 'bum'', Vol. 13: 275-319. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |||
|collectiontitle=mkhyen brtse'i bka' 'bum | |collectiontitle=mkhyen brtse'i bka' 'bum | ||
|collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | |collectiontitletib=མཁྱེན་བརྩེའི་བཀའ་འབུམ་ | ||
|author='jam dbyangs mkhyen brtse'i dbang po | |author='jam dbyangs mkhyen brtse'i dbang po | ||
|sourcerevealer=Dalai Lama, 5th | |||
|editor= | |||
|authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |authortib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
| | |sourcerevealertib=ངག་དབང་བློ་བཟང་རྒྱ་མཚོ་ | ||
|editortib= | |editortib= | ||
|tibgenre=Activity Manual - las byang, Sadhanas - Evocation Ritual - sgrub thabs, Empowerment Ritual - dbang chog - dbang skur | |||
|terma=Yes | |||
|sabcadcategory=Five | |||
|deity=sgrol ma yid bzhin 'khor lo | |||
|cycle=rgya can sgrol dkar yid bzhin 'khor lo | |||
|cycletib=རྒྱ་ཅན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ | |||
|parentcycle=dag snang rgya can | |||
|parentcycletib=དག་སྣང་རྒྱ་ཅན་ | |||
|language=Tibetan | |language=Tibetan | ||
| | |volumenumber=013 | ||
| | |volnumtib=༡༣ | ||
| | |volyigtib=པ་ | ||
| | |totalvolumes=25 | ||
|textnuminvol=018 | |textnuminvol=018 | ||
|pagenumbers=275-319 | |||
|totalpages=45 | |||
|beginfolioline=1a | |||
|endfolioline=26a2 | |||
|totalfolios=26 | |||
|multivolumework=No | |||
|rectonotes=sde tshan 18 | |||
|versonotes=mkhyen brtse'i bka' 'bum | |||
|archivistnotes=The pdf of this text is extracted from an earlier printing of the bka' 'bum, so therefore the page numbers are slightly different and need to be revised once we have an updated version of this text in print. | |||
|colophontib=།ཅེས་པའང་ཀུན་མཁྱེན་ཆེན་པོ་ཉིད་ཀྱི་ལྗགས་བསྒྲིགས་ཀྱི་གཞུང་རྩ་བར་བཟུང་། ཁ་སྐོང་དགོས་རིགས་རྣམས་ལུང་འདིའི་ཁུང་དུ་གྱུར་པ་ཚར་ཆེན་རྡོ་རྗེ་འཆང་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི་གསུང་རབ་དང་ཕྱག་བཞེས་ཇི་ལྟ་བར་བཀླགས་པས་གྲུབ་པར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་བཤད་སྒྲུབ་ཀྱི་བསྟན་པ་དང་བཅས་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པ་དང་། འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་དགའ་སྟོན་ལ་འདོད་རྒུར་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག | |||
|colophonwylie=ces pa'ang kun mkhyen chen po nyid kyi ljags bsgrigs kyi gzhung rtsa bar bzung /__kha skong dgos rigs rnams lung 'di'i khung du gyur pa tshar chen rdo rje 'chang yab sras brgyud 'dzin dang bcas pa'i gsung rab dang phyag bzhes ji lta bar bklags pas grub par bya bral ba 'jam dbyangs mkhyen brtse'i dbang pos bris pa'i dge bas bstan 'dzin gyi skyes chen dam pa bshad sgrub kyi bstan pa dang bcas bskal pa rgya mtshor 'tsho zhing gzhes pa dang /__'gro kun tshe dang ye shes kyi dga' ston la 'dod rgur longs spyod pa'i rgyur gyur cig | |||
|pdflink=File:JKW-KABUM-13-PA-018.pdf | |pdflink=File:JKW-KABUM-13-PA-018.pdf | ||
}} | }} | ||
Line 20: | Line 43: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP| | {{TibP|༄༅། །ཨ མཱ ར ཙ ནྡྲ བྷཱ ཏཱ རཱ ཤུ ཀླ ཙི ནྟཱ ཙ ཀྲ ཛྱེ ཥྛ པ རི བཱ ར ཏི སྲྀ ཎཱཾ སཱ དྷཱ ནཱ ནུ ས མ ནུ ཛྙཱ ཙ སཱ ཀཾ ནཱ མཱ སྟི།། | ||
༄༅། །ཨ མཱ ར ཙ ནྡྲ བྷཱ ཏཱ རཱ ཤུ ཀླ ཙི ནྟཱ ཙ ཀྲ ཛྱེ ཥྛ པ རི བཱ ར ཏི སྲྀ ཎཱཾ སཱ དྷཱ ནཱ ནུ ས མ ནུ ཛྙཱ ཙ སཱ ཀཾ ནཱ མཱ སྟི།། | ༄༅། །སྒྲོལ་དཀར་ཡིད་བཞིན་འཁོར་ལོ་གཙོ་འཁོར་གསུམ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་འཆི་མེད་ཟླ་སྣང་ཞེས་བྱ་བ་བཞུགས་སོ། | ||
༄༅། །སྒྲོལ་དཀར་ཡིད་བཞིན་འཁོར་ལོ་གཙོ་འཁོར་གསུམ་མའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་འཆི་མེད་ཟླ་སྣང་ཞེས་བྱ་བ་བཞུགས་སོ། | |||
།ཨོཾ་སྭ་སྟི་སིདྡྷཾ། དྲན་པས་དངོས་གྲུབ་མཆོག་སྩོལ་བའི། །བླ་མ་ཡིད་བཞིན་འཁོར་ལོ་ལ། །བཏུད་ནས་དེ་ཡི་སྒྲུབ་ཐབས་དང་། །རྗེས་གནང་འཆི་མེད་ཟླ་སྣང་དབྱེ། །འདི་ལ་གསུམ། སྒྲུབ་པའི་ཐབས། རྗེས་གནང་གི་ཆོ་ག །འཕྲོས་དོན་གཞན་ཅུང་ཟད་བཤད་པའོ། །དང་པོ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །སྔོན་འགྲོ་ལ་གཉིས། ཐུན་མོང་དང་། ཁྱད་པར་རོ། །དང་པོ་ཐུན་མོང་གི་སྔོན་འགྲོ་ལ་གཉིས་ལས། དང་པོ་ལམ་ལོག་པ་ལས་ཁྱད་པར་དུ་བྱ་བ་སྐྱབས་སུ་འགྲོ་བའི་སླད་དུ། བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འདུག་སྟེ། སྐྱབས་ཡུལ་ཞིང་ཁམས་ཡོངས་སུ་དག་པའི་དབུས་སུ་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་དཔག་བསམ་གྱི་ཤིང་གི་སྡོང་པོའི་སྟེང་པདྨ་འདབ་མ་བཞི་པའི་དབུས་སུ་རྩ་བའི་བླ་མ་འོད་དཔག་མེད་ཀྱི་རྣམ་པ་ཅན་ལ་བརྒྱུད་པའི་བླ་མས་བསྐོར་བ། མདུན་གྱི་འདབ་མ་ལ་སྒྲོལ་དཀར་སོགས་ཡི་དམ། གཡས་སུ་སངས་རྒྱས་ཐུབ་པའི་དབང་པོ་སོགས་སྤྲུལ་སྐུའི་རྣམ་པ། རྒྱབ་ཏུ་གསུང་རབ་པུ་སྟི་བརྩེགས་པ། གཡོན་དུ་ཉེ་བའི་སྲས་བརྒྱད་སོགས་དགེ་འདུན། གཞན་ཡང་སྐྱབས་ཡུལ་རྣམས་ཀྱིས་དཔག་བསམ་ཤིང་གི་ཡལ་ག་ལོ་མ་མེ་ཏོག་གི་ཁྲོད་ཐམས་ཅད་གང་བ་ལ་དམིགས་ནས་བདག་གཞན་ཐམས་ཅད་ལུས་ངག་ཡིད་གསུམ་འཇུག་པ་གཅིག་ཏུ་དྲིལ་ནས། ངག་ཏུ། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཉེར་གཅིག་སོགས། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། གཉིས་པ་ལམ་དམན་པ་ལས་ཁྱད་པར་དུ་བྱ་བ་སེམས་བསྐྱེད་པ་ནི། སྨོན་འཇུག་གི་དོན་དྲན་བཞིན་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་གཉིས། བསོད་ནམས་ཀྱི་ཚོགས་བསག་པ་དང་། ཡེ་ཤེས་ཀྱི་ཚོགས་བསག་པའོ། །དང་པོ་ལ་གཉིས། ཡུལ་དག་པ་ལ་བརྟེན་ནས་ཚོགས་བསག་པ་དང་། མ་དག་པ་ལ་བརྟེན་ནས་ཚོགས་བསག་པའོ། །དང་པོ་ལ་བཞི། ཚོགས་ཞིང་སྤྱན་དྲང་བ། ཕྱག་བྱ་བ། མཆོད་པ་འབུལ་བ། སྡོམ་པ་བཟུང་བའོ། །དང་པོ་ནི། རང་སྐད་ཅིག་གིས་རྗེ་བཙུན་མར་གསལ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མ་ལ་བླ་མ་འོད་དཔག་མེད་ཀྱིས་དབུ་བརྒྱན་པ་གཙོ་འཁོར་གསུམ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་ཚོགས་ཞིང་སྤྱན་དྲང་། གཉིས་པ་ནི། ན་མོ་གུ་རུ་བྷྱཿ ན་མཿཨཱཪྻ་ཏཱ་རཱ་ས་པ་རི་ཝཱ་རེ་བྷྱཿ ཞེས་པས་ཕྱག་བྱ། གསུམ་པ་ནི། རང་གི་སྙིང་ག་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མངོན་པར་མཆོད་པར་བསམས་ལ། ཨོཾ་གུ་རུ་ཨཱཪྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཾ། ཤབྡ་ཨཱཿཧཱུྃ། ཞེས་པས་མཆོད། བཞི་པ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྱིས་སྡོམ་པ་གཟུང་ངོ་། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་སོགས་ཚད་མེད་བཞི་སྤྱི་ལྟར་བསྒོམ། གཉིས་པ་ཡེ་ཤེས་ཀྱི་ཚོགས་བསག་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཉཾ། ཞེས་པའི་སྔགས་བརྗོད་པས་སྣོད་བཅུད་ཀྱིས་བསྡུས་པའི་གཟུང་འཛིན་ཐམས་ཅད་འོད་གསལ་སྟོང་ཉིད་ཀྱི་དབྱིངས་སུ་སྦྱངས་ཏེ། རང་གི་སེམས་ཉིད་གདོད་མ་ནས་རྣམ་པར་དག་པའི་ངང་དུ་ངལ་བསོ། གཉིས་པ་དངོས་གཞི་ལ་གཉིས། ཐུན་མོང་དུ་ལྷ་བསྒོམ་པ་དང་། ཐུན་མོང་མ་ཡིན་པ་འདིའི་ཁྱད་པར་གྱི་དམིགས་པ་རྣམས་བསྒོམ་པའོ། །དང་པོ་ལའང་བཞི་ལས། དང་པོ་དམ་ཚིག་པ་བསྐྱེད་པ་བསྙེན་པའི་ཡན་ལག་ནི། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྣམ་ཤེས་ཀྱི་ངོ་བོ་ཏཱྃ་ཡིག་དཀར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་རྗེ་བཙུན་མ་ཡིད་བཞིན་གྱི་འཁོར་ལོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ནོར་བུ་ཆུ་ཤེལ་དྲི་མ་མེད་པ་ལྟར་དྭངས་ཤིང་འོད་འཕྲོ་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ལང་ཚོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་པ་ཨུཏྤལ་དཀར་པོའི་ཡུ་བ་མཐེབ་སྲིན་གྱིས་ཐུགས་ཀར་བཟུང་བའི་འདབ་མ་སྙན་གྱི་ཐད་ཀར་དུས་གསུམ་གྱི་སངས་རྒྱས་མཚོན་པའི་བརྡར་རྩ་བ་གཅིག་ལ་རྩེ་མོ་གསུམ་དུ་གྱེས་པའི་དབུས་ཀྱི་མེ་ཏོག་ཁ་བྱེ་བ། གཡས་འབྲས་བུ། གཡོན་གོང་བུའི་རྣམ་པར་ཡོད་པ། དབུ་སྐྲ་མཐོན་མཐིང་རལ་པའི་ཟུར་ཕུད་ལྟག་པར་བཅིངས་ཤིང་ལན་བུ་རིང་དུ་འཕྱང་བ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་། དར་དམར་པོའི་ཤམ་ཐབས་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་ཞབས་ཀྱི་མཐིལ་རྣམས་ལ་སྤྱན་རེ་རེ་སྟེ་ཡེ་ཤེས་ཀྱི་སྤྱན་བདུན་མངའ་བ། ཟླ་བའི་རྒྱབ་ཡོལ་དང་འོད་ཀོར་ཅན། དེའི་གཡོན་དུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་སྟེང་དུ་ཏཱྃ་ལས་ཨུཏྤལ་ཏཱྃ་གྱིས་མཚན་པ་དེ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། ཚུར་འདུས་པ་ལས་རྗེ་བཙུན་མ་སྒྲོལ་མ་སྐུ་མདོག་ལྗང་དགུང་གུ་ལོ་བཅུ་དྲུག་ལོན་པ་ལྟ་བུའི་ཆ་ལུགས་ཅན། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དར་རྣམ་པ་སྣ་ཚོགས་ཀྱི་ཤམ་ཐབས་ཅན། སྟོད་གཡོགས་དར་སྲབ་མོས་ནུ་མ་བཀབ་པ། དབུ་སྐྲ་ལི་བ་གཡོན་ཕྱོགས་གྱེན་དུ་བརྫེས་པ་གཡས་ཕྱོགས་ན་མར་ལ་ཅུང་ཞིག་འཕྱང་བ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་བདུད་རྩིས་གང་བའི་བུམ་པ་འཛིན་པ། གཡོན་ཐུགས་ཀར་ཨུཏྤ་ལའི་རྩ་བ་བཟུང་ནས་མེ་ཏོག་རྣ་བའི་ཐད་ཀར་སླེབས་པའི་སྟེང་ན་རྒྱལ་སྲིད་སྣ་བདུན་གྱིས་མཚན་པ། ཟླ་བའི་རྒྱབ་ཡོལ་ཅན་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། གཡས་སུ་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་ལ་བྷྲིཾ་ལས་ཁྲོ་གཉེར་ཅན་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་དང་ལྡན་པ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་སྐྱེ་བ་ལྔ་པའི་དུང་དཀར་དང་། གཡོན་པ་ཐུགས་ཀར་མཐེབ་སྲིན་གྱིས་ཨུཏྤ་ལའི་རྩ་བ་ནས་བཟུང་བའི་འདབ་མ་སྙན་ཐད་དུ་སླེབས་པའི་སྟེང་ན་བཀྲ་ཤིས་རྟགས་བརྒྱད་ཀྱིས་མཛེས་པ། དབུ་སྐྲ་མཐོན་མཐིང་ཐོར་ཚུགས་ཀྱི་ལྷག་མའི་ཟར་བུ་རིང་དུ་འཕྱང་བ། རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་དར་གྱི་སྟོད་གཡོགས་དང་ཤམ་ཐབས་ཅན། ཞབས་སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གསལ་གདབ། གཉིས་པ་གནས་གསུམ་བྱིན་གྱིས་བརླབ་པ་ཉེ་བར་སྒྲུབ་པའི་ཡན་ལག་ནི། གཙོ་འཁོར་གསུམ་ཀའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསམ། གསུམ་པ་ཡེ་ཤེས་པ་བཅུག་པ་སྒྲུབ་པའི་ཡན་ལག་ནི། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་རྗེ་བཙུན་སྒྲོལ་དཀར་གཙོ་འཁོར་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་ཐིམ་པར་མོས། བཞི་པ་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་འདེབས་པ་སྒྲུབ་པ་ཆེན་པོའི་ཡན་ལག་ནི། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་གཙོ་མོ་དང་ཁྲོ་གཉེར་ཅན་ལ་འོད་དཔག་མེད། སེང་ལྡེང་ནགས་སྒྲོལ་ལ་དོན་ཡོད་གྲུབ་པས་དབུ་བརྒྱན་པར་གྱུར་པར་བསམ། དེ་ལྟར་ཡན་ལག་བཞི་རྫོགས་ཀྱིས་རང་ཉིད་ལྷའི་སྐུར་གྱུར་པ་ལ། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་བསམས་ལ། །ཨོཾ་ཨཱཪྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སམ་ཚིགས་བཅད་ཚང་བས་གཙོ་མོ་དང་། ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་པས་འཁོར་གཉིས་ལ་བསྟོད་ཅིང་མཆོད་པའི་ལྷ་མོ་རང་ལ་བསྡུ། ལྷ་སྐུའི་གསལ་སྣང་ལ་སེམས་གཟུང་། གཉིས་པ་ལ་ལྔ། ཐུགས་ཀའི་འཁོར་ལོ་གསལ་གདབ་པ། རིགས་བདག་གནས་བསྒྱུར་བ། སྲུང་བའི་འཁོར་ལོ་བསྒོམ་པ། ཚེ་བཅུད་བསྡུ་བསྟིམ། བཟླས་པ་བྱ་བ་དངོས་སོ། །དང་པོ་ནི། གཙོ་མོའི་ཐུགས་ཀར་ཟླ་བའི་རང་བཞིན་གྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མུ་ཁྱུད་ལྔ་དང་ལྡན་པའི་ལྟེ་བར་ཏཱྃ་ཡིག་དཀར་པོ། དེའི་མཐའ་སྐོར་དུ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྟིཾ་ཀུ་རུ་ཞེས་པས་བསྐོར་བ། དེའི་མདུན་དུ་ཨོཾ། རྒྱབ་ཏུ་ཧཱ། རྩིབས་བརྒྱད་ལ་མདུན་ནས་བརྩམས་ཏེ་གཡས་སྐོར་དུ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ། ཞེས་པའི་ཡིག་འབྲུ་རེ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ནང་མ་ལ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པ་གཡོན་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧཀྵཿ ཞེས་པ་གཡས་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེཥཱནྟ་ཐཱ་ག་ཏོ་ཧྱ་ཝ་ད་ཏ། ཏེཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཞེས་པ་གཡས་སྐོར་དུ་ཡོད་པ། དེའི་ཕྱི་རོལ་གྱི་མུ་ཁྱུད་ལ་རྡོ་རྗེ་སྔོན་པོའི་ཕྲེང་བས་བསྐོར་བ། དེའི་ཕྱི་རོལ་དུ་འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པར་བསམ། གཉིས་པ་ནི། སྤྱི་བོའི་བླ་མ་འོད་དཔག་མེད་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞལ་གཅིག་ཕྱག་གཉིས་ཀྱིས་གསེར་གྱི་བུམ་པ་འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་མཉམ་གཞག་གི་སྟེང་ན་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པར་གསལ་གདབ། གསུམ་པ་ནི། རང་ཉིད་ཀྱི་ཕྱི་རོལ་ཏུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་སྦུབས་ཅན་ཞྭ་ཐེབས་ཁ་སྦྱར་བ་ལྟ་བུ་གཡས་སྐོར་དུ་འཁོར་བ། མེ་ཕུང་འབར་ཞིང་འཁྲུགས་པས་གདོན་བགེགས་གནོད་བྱེད་ཐམས་ཅད་བྱ་སྒྲོ་མགར་གྱི་སོལ་མལ་དུ་བབས་པ་ལྟར་གཞོབ་ཐུལ་ཐུལ་ཚིག་པར་བསམ། ཡང་སྙིང་གའི་ཏཱྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་དཀར་པོ་ཟླ་བ་སྟོང་དུས་གཅིག་ཏུ་ཤར་བ་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག །བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འཁོར་ལོའི་ཕྱི་རོལ་འདོམ་གང་ཙམ་དུ་འོད་དཀར་པོའི་གུར་ཁང་དུ་གྱུར། ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་སེར་པོ་གསེར་ཞུན་མ་ལྟ་བུ་འཕྲོས། །ལུས་ཀྱི་ནང་ཐམས་ཅད་གང་། ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་དཀར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་སེར་པོའི་གུར་ཁང་དུ་གྱུར། རྒྱས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་དམར་པོ་བྱེ་རུའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། བརྟན་གཡོ་སྣོད་བཅུད་ཐམས་ཅད་དབང་དུ་བསྡུས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་སེར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་དམར་པོའི་གུར་ཁང་དུ་གྱུར། དབང་གི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་མཐིང་ག་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། མི་མཐུན་པའི་ཕྱོགས་ཐམས་ཅད་ཚར་བཅད། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་དམར་པོའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཐིང་གའི་གུར་ཁང་དུ་གྱུར། དྲག་པོའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་ལྗང་གུ་མརྒད་ཞུན་མའི་མདོག་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་གཅིག་ཅར་དུ་འགྲུབ་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་མཐིང་གའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་ལྗང་གུའི་གུར་ཁང་དུ་གྱུར། ཕྲིན་ལས་ཐམས་ཅད་འགྲུབ་པར་བསམ། ཡང་སྙིང་གའི་སྔགས་ཕྲེང་ལས་འོད་ཟེར་མཆིན་ཁ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང་། དངོས་གྲུབ་ཐམས་ཅད་བརྟན་པར་བྱས། བ་སྤུའི་བུ་ག་ནས་ཕྱིར་འཕྲོས། འོད་ལྗང་གུའི་གུར་ཁང་གི་ཕྱི་རོལ་འདོམ་གང་ཙམ་དུ་འོད་མཆིན་ཁའི་གུར་ཁང་དུ་གྱུར། བྱིན་རླབས་དང་ཕྲིན་ལས་ཐམས་ཅད་བརྟན་པར་བསམ། འོད་ཀྱི་གུར་ཁང་དྲུག་པོ་ཐམས་ཅད་ཀྱང་དབྱིབས་སྒོ་ངའི་རྣམ་པ་ལྟ་བུ་དུམ་བུ་གཅིག་ཏུ་གྱུར་པ་སྲ་ཞིང་མཁྲེགས་པ། བསྐལ་པའི་རླུང་གིས་ཀྱང་གཞིག་པར་མི་ནུས་པ། བར་མཚམས་ཐམས་ཅད་ཨུཏྤལ་སྔོན་པོའི་མེ་ཏོག་ཁ་བྱེ་མ་ཐག་པ་གསར་ཞིང་མཉེན་ལྕུག་དང་ལྡན་པས་བུན་ལོང་གིས་གཏམས་པར་བསམ། རང་ཉིད་རྗེ་བཙུན་མར་གསལ་བ་ནས་བཟུང་འོད་ཟེར་མཆིན་ཁའི་གུར་ཁང་གི་བར་དུ་སེམས་འཛིན་ཅིང་སྣང་སྟོང་གི་ངང་དུ་མཉམ་པར་འཇོག །དེ་བཞིན་དུ་ཕྱི་ནས་རིམ་བཞིན་དུ་ཐུགས་ཀའི་ཏཱྃ་ཡིག་གི་བར་དུ་སེམས་འཛིན་ཅིང་སྣང་སྟོང་དབྱེར་མེད་ཀྱི་ངང་དུ་མཉམ་པར་འཇོག །བཞི་པ་ནི། སྤྱི་བོའི་ཚེ་དཔག་མེད་ཀྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཚེ་དང་བསོད་ནམས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་བུམ་ནང་དུ་སོང་པས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དུ་གྱུར། དེ་ཉིད་གྱེན་དུ་འཕྱུར་ཞིང་ཁ་ནས་ལུད་པས་རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་སྦྱངས། འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམས་ལ། རླུང་བུམ་པ་ཅན་ཉེར་གཅིག་གམ་བདུན་ནམ་གསུམ་གྱི་བར་དུ་འཛིན། །ལྔ་པ་ལ་གཉིས། གཙོ་མོའི་བཟླས་པ་བྱ་ཚུལ་དང་། འཁོར་གཉིས་ཀྱི་བཟླས་པ་བྱ་ཚུལ་ལོ། །དང་པོ་ནི། རང་གི་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་ཀྱང་འཆི་མེད་བདུད་རྩིའི་ཟིལ་དངར་གྱི་རྒྱུན་དང་འོད་ཟེར་དཀར་པོ་སྔགས་ཀྱི་སྒྲ་སྒྲོགས་པའི་ཚོགས་དཔག་ཏུ་མེད་པ་འཕྲོས། རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་མེར་གྱིས་ཁེངས་པས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བྱང་ཞིང་དག །འཆི་མེད་ཚེའི་དངོས་གྲུབ་ཐོབ། ལུས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ཀྱང་བདུད་རྩིའི་ཟིལ་པ་ཕྲོམ་མེར་ཡོད་པར་བསམས་ལ། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུ་ཎྱེ་ཛྙཱ་ན་པུཥྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ཅི་ནུས་བཟླས། དམིགས་པ་ནམ་མི་གསལ་བའི་དུས་སྙིང་གའི་འཁོར་ལོ་སྔགས་ཕྲེང་བཅས་པ་ལས་བདུད་རྩི་འབེབས་ཤིང་འོད་ཟེར་སྤྲོ་བསྡུའི་ཚིག་གོང་བཞིན་བརྗོད་ལ། སྔགས་དང་དམིགས་པ་སྤྲད་དེ་ཡེ་མ་ཡེངས་པར་བཟླ། གཉིས་པ་ནི། སེང་ལྡེང་ནགས་སྒྲོལ་གྱི་ཐུགས་ཀར་ཟླ་གདན་ལ་ཏཱྃ་ཡིག་གི་མཐར་ཡི་གེ་བཅུ་པ་ཁ་དོག་དཀར་པོས་བསྐོར་བ་ལས་འོད་ཟེར་གྱི་སྣེ་ལ་རྗེ་བཙུན་མ་དཔག་ཏུ་མེད་པ་འཕྲོས་ཏེ། འཇིགས་པ་བརྒྱད་སོགས་བར་དུ་གཅོད་པ་ཐམས་ཅད་ཞི་བར་བསམ་པའི་དམིགས་པ་དང་བཅས་བཟླ། ཁྲོ་གཉེར་ཅན་མའི་ཐུགས་ཀར་ཟླ་གདན་ལ་བྷྲིཾ་གི་མཐར་སྔགས་ཕྲེང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། དོན་གཉིས་བྱས། བདག་གི་ནད་གདོན་བར་ཆད་ཐམས་ཅད་ཞི་བར་བསམ་པའི་དམིགས་པ་དང་བཅས། ཨོཾ་བྷྲིཾ་སྭཱ་ཧཱ། ཨོཾ་ཨཱཪྻཱ་བྷྲིཾ་ཀུ་ཊཱི་སྭཱ་ཧཱ། ཞེས་བཟླའོ། །གསུམ་པ་རྗེས་ལ་ལྔ། བཟླས་པའི་མཇུག་གི་བྱ་བ། འོད་གསལ་དུ་བསྡུ་བ། སྤྱོད་ལམ་འཇུག་པ། བསྔོ་སྨོན་བྱ་བ། ཤིས་པ་བརྗོད་པའོ། །དང་པོ་ནི། ཐུན་དེ་ལས་ལྡང་བར་བརྩམ་པ་ན། སྔར་ལྟར་མཆོད་བསྟོད་དང་། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་ཏུ་གསོལ། །ཨཱ་ལི་ཀཱ་ལི་ཡེདྷརྨཱ་ཡིག་བརྒྱ་རྣམས་ཚར་གསུམ་རེས་བྱིན་རླབས་བརྟན་ཞིང་ལྷག་ཆད་ཁ་བསྐང་། གཉིས་པ་ནི། དེ་ནས་ཐུགས་ཀའི་ཏཱྃ་ཡིག་ལས་འོད་ཟེར་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་པས་དེ་རྣམས་འོད་དུ་ཞུ་ནས་འོད་མཆིན་ཁའི་གུར་ཁང་ལ་ཐིམ། དེ་འོད་ལྗང་གུའི་གུར་ཁང་ལ་ཐིམ། དེ་འོད་མཐིང་གའི་གུར་ཁང་ལ་ཐིམ། དེ་འོད་དམར་པོའི་གུར་ཁང་ལ་ཐིམ། དེ་འོད་སེར་པོའི་གུར་ཁང་ལ་ཐིམ། དེ་འོད་དཀར་པོའི་གུར་ཁང་ལ་ཐིམ། དེ་འཁོར་ལོའི་གུར་ཁང་ལ་ཐིམ། དེ་འཁོར་གཉིས་ལ་ཐིམ། དེ་རང་རྗེ་བཙུན་མར་གསལ་བ་ལ་ཐིམ། དེ་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལ་ཐིམ། དེ་ཏཱྃ་ཡིག་ལ་ཐིམ། དེའི་ཁོག་པ་མགོ་བོ་ལ་ཐིམ། མགོ་བོ་ཟླ་ཚེས་ལ་ཐིམ། ཟླ་ཚེས་ཐིག་ལེ་ལ་ཐིམ། ཐིག་ལེ་ནཱ་ད་ལ་ཐིམ། ནཱ་ད་ཡང་མི་དམིགས་ཏེ་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་གྱུར་པར་བསམས་ལ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག །གསུམ་པ་ནི། རྟོག་པ་འཕྲོ་ན། སླར་ཡང་རང་སྐད་ཅིག་གིས་རྗེ་བཙུན་མ་སྒྲོལ་མའི་སྐུར་གྱུར། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསམ། བཞི་པ་ནི། དགེ་བ་འདི་ཡིས་མྱུར་དུ་བདག །ཡིད་བཞིན་འཁོར་ལོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འགོད་པར་ཤོག །ལྔ་པ་ནི། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཅེས་སོགས་ཤིས་པ་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་ཏེ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ །གཉིས་པ་རྗེས་གནང་གི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་གཙང་ཞིང་ཡིད་དང་མཐུན་པར་བཀོད་པས་མཛེས་པའི་སྟེགས་ཀྱི་ཁར་མཎྜལ་ལ་འབྲས་ཀྱི་ཚོམ་བུ་གསུམ་དགོད། གཡས་སུ་ཤེལ་ལམ་དངུལ་ལྟ་བུའི་ཕོར་པར་ཀ་རས་ཁ་བསྒྱུར་བའི་འོ་མའི་ཚེ་ཆང་། གཡོན་དུ་ཚེ་རིས། མདུན་དུ་བཅུད་ལེན་གྱི་སྨན་ཁྲོལ་བུ་ཕྱེ་མ་རིལ་བུ་གང་ཡང་རུང་བ། རིན་ཆེན་སྣ་བདུན་དང་བཀྲ་ཤིས་རྫས་རྟགས། ཆུ་གཉིས་སྔོན་དུ་འགྲོ་བའི་སྒེར་མཆོད། དཀར་གཏོར་གསུམ། རྡོར་དྲིལ། མེ་ཏོག །ཁྲུས་བུམ། རོལ་ཆེན་སོགས་མཁོ་བའི་རྫས་དང་ཡོ་བྱད་རྣམས་མངོན་པར་འདུ་བྱ། གཉིས་པ་ལ་གཉིས། སློབ་དཔོན་གྱི་བྱ་བ་དང་། སློབ་མ་ལ་བྱ་བའོ། །དང་པོ་ལ་གཉིས། བདག་བསྐྱེད་དང་། མདུན་བསྐྱེད་དོ། །དང་པོ་ནི། གནས་དང་མཆོད་པའི་ཡོ་བྱད་ལ་དམིགས་ཏེ། ཨོཾ་བཛྲ་ཡཀྵ་ཧཱུྃ་གིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་གནས་ཁང་བྷྲཱུྃ་ལས་ནོར་བུ་ཆུ་ཤེལ་གྱི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཅེས་དང་། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྡ་ཨཱཿཧཱུྃ་གི་བར་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། རོལ་མོ་དང་བཅས། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ་སནྟོཥ་ཎི། ཧཱུྃ་ཧཱུྃ་ཧཱུྃ། ཧོ་ཧོ་ཧོ། ཨ་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བྱིན་དབབ། སྐྱབས་སེམས་ནས་བཟུང་། སླར་ཡང་རང་སྐད་ཅིག་གིས་རྗེ་བཙུན་སྒྲོལ་མའི་སྐུར་གྱུར། ཅེས་ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་གོང་ལྟར་ཉམས་སུ་བླང་ངོ་། །གཉིས་པ་ནི། མདུན་གྱི་ཚོམ་བུ་བསང་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཏཱྃ་ཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རྗེ་བཙུན་སྒྲོལ་མ་སོགས་ནས། དོན་ཡོད་གྲུབ་པས་དབུ་བརྒྱན་ཞེས་པའི་བར་བདག་བསྐྱེད་ལྟར་ལ། བདག་ལ་མངོན་པར་དབང་བསྐུར་བ་ཞེས་པའི་ཚབ་ཏུ། འདི་ལ་ཞེས་བསྒྱུར། མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་སོགས་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་བརླབ། སྤྲོ་ན་ཐལ་མོ་སྦྱར་ཤིང་། རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་རྣམས། །འཕགས་མ་འཁོར་དང་བཅས་ལ་འབུལ། །ཚེ་དང་ཡེ་ཤེས་སྩལ་དུ་གསོལ། །ཨོཾ་ཨཱཪྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དང་། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱཱ། ཤབྡ་རྣམས་བཅུག་སྟེ་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད་ཅིང་། དྷརྨ་ར་ཎི་ཏ་སོགས་བརྗོད་ལ་རོལ་མོ་བྱ། བསྡུ་ན་སྔགས་ཙམ་གྱིས་ཆོག །བསྟོད་པ་ནི་རྡོ་རྗེ་དྲིལ་བུ་འཛིན་པས། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་གྱི་གདན་སྟེང་དུ། །རྡོ་རྗེའི་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང་། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་བསྟོད། མདུན་བསྐྱེད་ཀྱི་ཐུགས་ཀར་ཟླ་བའི་རང་བཞིན་གྱི་སོགས་ནས། འོད་ཟེར་སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པ་ཞེས་འཁོར་ལོ་གསལ་གདབ། སྤྱི་བོའི་བླ་མ་སོགས་ནས། སྐྱིལ་ཀྲུང་གིས་བཞུགས་པ་ཞེས་པའི་བར་གྱིས་རིགས་བདག་གནས་བསྒྱུར། །དེའི་ཐུགས་ཀའི་ཧྲཱིཿལས་སོགས་ནས། ཆུ་རྒྱུན་དུ་གྱུར་ཅེས་ཚེ་བཅུད་བསྡུ་བ་རྣམས་བདག་བསྐྱེད་ལྟར་བརྗོད་ལ། དེ་ཉིད་གྱེན་དུ་འཕྱུར་ཞིང་ཁ་ནས་ལུད་པ་དང་། མདུན་བསྐྱེད་ཀྱི་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་སོགས་ནས། བདུད་རྩིའི་ཟིལ་པ་ཕྲོམ་མེར་ཡོད་པར་གྱུར་ཅེས་གསལ་བཏབ་ལ་ཡི་གེ་བཅུ་པ་སྤེལ་ཚིག་ཅན་ཅི་ནུས་བཟླ། ཞར་བྱུང་བཅུད་ལེན་གྱི་སྨན། ཚེའི་བདུད་རྩི། ཚེའི་རིལ་བུ་རྣམས་ལའང་ཚེ་བཅུད་བསྟིམ་པའི་དམིགས་པ་བྱ། སེང་ལྡེང་ནགས་སྒྲོལ་གྱི་ཐུགས་ཀར་སོགས་བཟླས་དམིགས་བདག་བསྐྱེད་ལྟར་གསལ་བཏབ་ལ་འཁོར་སྔགས་ཀྱང་ཅི་ནུས་སུ་བཟླས་མཐར་མཆོད་བསྟོད། གསོལ་འདེབས། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླ་བ་རྣམས་བདག་བསྐྱེད་ལྟར་བྱ། གཏོར་མ་དང་པོ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་དང་། ཨ་ཀཱ་རོ་ལན་གསུམ་གྱིས་བརླབ། ལྷའི་ཞལ་ནས་འོད་ཀྱི་སྦུ་གུས་གཏོར་མ་ལ་ཟུག་སྟེ་དྲངས་བར་བསམས་ལ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་། ན་མསྶརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤ་ས་ནཱ་ནཱཾ། ཧེ་ཧེ་བྷ་ག་ཝ་ཏེ་མ་ཧཱ་ས་ཏྭ། སརྦ་བུདྡྷ་ཨ་བ་ལོ་ཀི་ཏེ། མཱ་བི་ལམྦ། མཱ་བི་ལམྦ། ཨི་དཾ་བ་ལིཾ་གྲྀཧྞཱ་པ་ཡ། ཧཱུཾ་ཧཱུྃ་སརྦ་བིསཉྩ་རེ་སྭཱ་ཧཱ། ཞེས་སེ་གོལ་བཏོགས་པ་དང་བཅས་པ་ལན་གསུམ་གྱིས་ཕུལ། ཨོཾ་ཨཱཪྻཱ་ཏཱ་རཱ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། རྡོར་དྲིལ་འཛིན་པས། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །སོགས་སམ། ལྷ་དང་ལྷ་མིན་སོགས་གང་རུང་གིས་བསྟོད། ཐལ་མོ་སྦྱར་ཏེ། རྗེ་བཙུན་འཕགས་མ་སྒྲོལ་མས་བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལས་བསྐྱབ་ཏུ་གསོལ། འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་བསྒྲལ་དུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། །ཅེས་སོགས་ཡིད་ལ་གང་འདོད་པ་གསོལ་བ་གདབ། གཏོར་མ་གཉིས་པ། ཨོཾ་ཨཱཿཧཱུྃ་གིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་ཕུལ། ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་ཐོབ་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྲུང་རྣམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཆོས་སྐྱོང་སྲུང་མ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །ཞེས་སོགས་ཀྱིས་ཕྲིན་ལས་གསོལ། །གཏོར་མ་གསུམ་མ། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨཱ་ཀཪྵཱ་ཡ་ཛཿས་མགྲོན་དགུག །ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ཀྱིས་ཕུལ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། གཞི་བདག་གནས་བདག་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཕྲིན་ལས་གསོལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪས་གཤེགས་སུ་གསོལ་བར་བྱའོ། །གཉིས་པ་སློབ་མ་ལ་བྱ་བ་ནི། སློབ་མ་རྣམས་ཕྱི་རོལ་ཏུ་ཁྲུས་བྱ། ནང་དུ་འོངས་ཏེ་སོ་སོའི་གྲལ་ལ་འཁོད་པར་མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་པ་དང་། ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་འདིར་ཐ་མལ་གྱི་སྣང་ཞེན་དང་བཅས་པས་ཆོས་གསན་པའི་སྣོད་དུ་མི་རུང་བས། སྐུ་ལུས་ཀྱི་འདུག་སྟངས་དྲང་པོར་གནས་པ་དང་། ཐུགས་ཀྱི་བསམ་པར་གནས་ཁང་འདི་ཉིད་ཀྱང་ཐ་མལ་གྱི་རྣམ་པ་འདི་ལྟ་བུ་མ་ཡིན་པར་དག་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་ནོར་བུ་ཆུ་ཤེལ་གྱི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། ད་ལྟར་ཆོས་སྟོན་པའི་སློབ་དཔོན་ཀྱང་ཐ་མལ་གྱི་རྣམ་པ་འདི་ལྟ་བུ་མ་ཡིན་པར་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་གྱུར་འཆི་མེད་འཕགས་མ་ཡིད་བཞིན་འཁོར་ལོ་དངོས་ཡིན་སྙམ་པ་དང་། ཁྱེད་རང་རྣམས་ཀྱང་དེ་ལྟ་བུའི་ཐུན་མཚམས་ཀྱི་ལྷག་པའི་ལྷ་གང་ཡང་རུང་བའི་ང་རྒྱལ་དང་ལྡན་པའི་སྒོ་ནས། ཆོས་ཀྱི་སྒྲ་དབྱངས་གྲགས་སྟོང་སྐྱེ་བ་མེད་པར་སྒྲོགས་པས་སྲིད་ཞིའི་རྒུད་པ་ཐམས་ཅད་འཇིག་པར་མཛད་པའི་སྒྲ་ལྷང་ལྷང་ཡོད་སྙམ་པ་དང་བཅས། གསལ་སྟོང་འཛིན་མེད་ཀྱི་ངང་དུ་ཡེངས་པ་མེད་པའི་ཚུལ་གྱིས་གསན་པར་ཞུ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། པདྨའི་རིགས་ཀྱི་ཡུམ་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོའི་སྐོར་ལ་གསར་རྙིང་བཀའ་གཏེར་དག་སྣང་དང་རྗེས་སུ་འབྲེལ་བའི་གདམས་སྐོར་བསམ་གྱིས་མི་ཁྱབ་པ་ཞིག་བཞུགས་པ་ལས། ཡོངས་སུ་གྲགས་པའི་བཀའ་བབས་བཞི་སོགས་རིང་བརྒྱུད་རྣམ་པར་དག་པའི་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པའི་སྟེང་། ཉེ་བརྒྱུད་ཀུན་མཁྱེན་ཆེན་པོ་རྒྱལ་བའི་དབང་པོ་ངག་དབང་བློ་བཟང་རྒྱ་མཚོ་ཞེས་མཁས་པ་དང་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་གང་གི་དག་པ་ཡེ་ཤེས་ཀྱི་གཟིགས་ངོར་ཤར་བའི་ཡང་གསང་རྒྱ་ཅན་གྱི་ཆོས་སྡེ་ཉི་ཤུ་རྩ་ལྔའི་ནང་ཚན་རྟ་ཞལ་ཡིད་བཞིན་རྒྱ་ཅན་ལས་བྱུང་བའི་སྒྲོལ་མ་དཀར་མོ་གཙོ་འཁོར་གསུམ་མའི་རྗེས་སུ་གནང་བ་ཚེ་དབང་དང་བཅས་པ་བསྒྲུབ་པའི་སྐབས་ཡིན་ཏེ། དེའང་ཀུན་མཁྱེན་བླ་མ་དེ་ཉིད་ལ་བག་ཡོད་ཅེས་པ་ཆུ་མོ་གླང་གི་ལོར་ལྷ་སྲས་རྒྱལ་པོའི་རྣམ་པར་འཕྲུལ་པ་མི་དབང་སངས་རྒྱས་རྒྱ་མཚོས་ཡོན་སྦྱར་ཏེ་རང་བྱུང་འཕགས་པའི་ཞིང་ཁམས་ཕོ་བྲང་ཆེན་པོ་པོ་ཏ་ལའི་ཚོམ་ཆེན་དུ་རྣམ་པར་རྒྱལ་བ་ཕན་བདེ་ལེགས་བཤད་གླིང་པ་རྣམས་ཀྱིས་ཚེ་དཔག་མེད་འཆི་མེད་འོད་སྣང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་འབྲེལ་བར་ཞབས་བརྟན་རྟེན་འབྲེལ་བསྒྲིགས་པའི་ཚོགས་ཀྱི་འཁོར་ལོར་ལོངས་སྤྱོད་པར་མཛད་པའི་དུས་ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པའི་འོད་གསལ་ཀྱི་གཟིགས་ངོར་མདུན་གྱི་ནམ་མཁར་རྗེ་བཙུན་སྒྲོལ་མ་དཀར་མོ་གཙོ་འཁོར་གསུམ་མངོན་རྟོགས་ཇི་ལྟ་བ་བཞིན་ཞལ་མངོན་སུམ་དུ་བསྟན་ཏེ་བྱིན་གྱིས་བརླབས་ཤིང་ལུང་བསྟན་གྱིས་དབུགས་དབྱུང་བས་རྗེ་ཉིད་ཀྱང་སྒྲོལ་དཀར་གྱི་སྐུར་གྱུར་པ་ལ། སླར་ཡང་ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་རྣམ་འཕྲུལ་གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་ཡེ་ཤེས་ཀྱི་སྐུས་རྡོ་རྗེའི་སློབ་དཔོན་གྱི་བྱ་བ་མཛད་པའི་མདུན་གྱི་གཡོན་ཟུར་དུ་རྗེ་བཙུན་མའི་སྐུའི་གསལ་སྣང་དང་བཅས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་དང་སྔགས་ཀྱི་བཟླས་ལུང་། དངོས་གྲུབ་ཀྱི་རྫས་དང་བཀྲ་ཤིས་པའི་ཡོ་བྱད་ཀྱིས་མངའ་དབུལ་བ་རྣམས་དབང་ཆོག་ནས་ཇི་ལྟར་འབྱུང་བ་བཞིན་སྩལ་ཏེ་བྱིན་གྱིས་བརླབས་པ་ལྟར། རིག་འཛིན་སྤྲུལ་པའི་སྐུ་པདྨ་ཕྲིན་ལས་དང་། ཆོས་རྒྱལ་གཏེར་བདག་གླིང་པ་སོགས་ལུང་ཟིན་གྱི་སྐལ་ལྡན་མཁས་པ་དང་གྲུབ་པའི་ཁྱུ་མཆོག་ཆེན་པོ་རྣམས་ལ་སྩལ་བ་ནས་བཟུང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བྱོན་པའི་རྗེས་སུ་གནང་བ་ཟབ་མོ་འབུལ་བ་ལ། སློབ་དཔོན་གྱི་བྱ་བ་གྲུབ་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་རྗེས་སུ་གནང་བ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་གཙོ་འཁོར་གསུམ་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་གྱི་སྒོ་ནས་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ། སླར་ཡང་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། །བླ་མ་རིན་པོ་ཆེ་བདག་གི་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་བསལ་ནས། རྗེ་བཙུན་བཅོམ་ལྡན་འདས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་གྱི་འཁོར་ལོ་ཚེ་སྦྱིན་མ་གཙོ་འཁོར་གསུམ་གྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ལན་གསུམ། དེ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ། ཐོག་མར་བྱིན་རླབས་ཀྱི་གཞི་བསྒྲུབ་པའི་ཆེད་དུ། སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་སོགས། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་ཡི་གེ་ཏཱྃ་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་རེ་རེ་ནས་སྐད་ཅིག་གིས་རྗེ་བཙུན་མ་ཡིད་བཞིན་གྱི་འཁོར་ལོ་སོགས་ནས། ཞབས་སེམས་མའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞེས་པའི་བར་དང་། གཙོ་མོའི་ཐུགས་ཀར་ཟླ་བའི་རང་བཞིན་སོགས་ནས། སྣ་ལྔའི་ཕྲེང་བ་གཡས་སྐོར་དུ་ཡོད་པ་ཞེས་པའི་བར་སྒྲུབ་ཐབས་ལྟར་གསལ་གདབ། གཙོ་འཁོར་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་མོས་ནས། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀའི་འོད་ཀྱིས་སངས་རྒྱས་བྱང་སེམས་ཐམས་ཅད་དང་ཁྱད་པར་རྗེ་བཙུན་མ་གཙོ་འཁོར་གསུམ་གྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལྟེ་བ་ཡིག་འབྲུ་དང་བཅས་པ་སྔགས་ཀྱི་རང་སྒྲ་སྒྲོག་ཅིང་འཆི་མེད་བདུད་རྩིའི་ཆར་འབེབས་བཞིན་པའི་རྣམ་པས་ནམ་མཁའ་གང་བར་བྱོན་པ་དང་། མདུན་བསྐྱེད་དང་སློབ་དཔོན་ལས་ཀྱང་དེ་འདྲ་བའི་འཁོར་ལོ་དཔག་ཏུ་མེད་པ་ཆད། ཁྱེད་རང་རྣམས་ཀྱི་བ་སྤུའི་བུ་ག་ཐམས་ཅད་ནས་ཐོགས་མེད་དུ་ཞུགས། ཐུགས་ཀའི་འཁོར་ལོ་ལ་ཐིམ་པས། དེ་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་སྐྱ་ཆི་ལི་ལི་བབས། ལུས་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་ཁེངས། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་སངས་ཀྱིས་དག །ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་གྱུར་པའི་ཐུགས་མོས་བརྟན་པོ་གནང་བར་ཞུ་ཞེས་དང་། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ཡི་གེ་བཅུ་པའི་མཐར། ཨོཾ་བཛྲ་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བྃ་ཧོཿ ཞེས་བཏགས་པ་ཅི་མང་བརྗོད་ཅིང་རྡོར་དྲིལ་གསོར་དཀྲོལ་དང་། རོལ་ཆེན་བྱ། སྦྱར་སྤོས་ཀྱིས་བདུག །དེས་གཞི་བསྒྲུབ་པའི་རིམ་པ་སོང་ནས། དེ་ལ་བརྟེན་ནས་རྗེས་གནང་དངོས་ལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་སྒོ་ནས་ལྷ་བསྒོམ་པའི་རྗེས་གནང་དང་། ཁྱད་པར་བཟླས་པའི་ལུང་སྦྱིན་པས་སྔགས་བཟླ་བའི་རྗེས་གནང་དང་། དམ་བཅའ་ཞིང་བྱིན་གྱིས་བརླབས་པས་སྔགས་ཀྱི་དངོས་གྲུབ་བརྟན་པར་བྱ་བ་རྣམས་སུ་ཡོད་པ་ལས། ཐོག་མར་སྐུའི་རྗེས་གནང་གི་སླད་དུ། གཙོ་མོའི་དཔྲལ་བའི་ཨོཾ་ལས་རང་འདྲའི་སྐུ་གྲངས་མེད་པ་དང་། འཁོར་གཉིས་ཀྱི་དཔྲལ་བ་ནས་ཀྱང་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་ལུས་ཐམས་ཅད་ཟླ་བ་ཤར་བ་བཞིན་དུ་དཀར་སངས་ཀྱིས་སོང་། ལུས་ཀྱི་སྒོ་ནས་བསགས་པའི་ཚེའི་སྡིག་སྒྲིབ་བར་ཆད་ཐམས་ཅད་དག །སྐུའི་རྗེས་གནང་ཐོབ། ལུས་ལྷ་བསྒོམ་པ་ལ་དབང་བར་བྱས་པའི་མོས་པ་མཛོད། །ཡང་མགྲིན་པའི་ཨཱཿལས་སྒྲོལ་མ་དམར་མོ་ལྕགས་ཀྱུ་དང་ཞགས་པ་འཛིན་པ་གྲངས་མེད་པ་དང་། འཁོར་གཉིས་ཀྱི་མགྲིན་པ་ནས་ཀྱང་འོད་ཟེར་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ལུས་ཐམས་ཅད་མཚལ་ཅོག་ལ་མའི་མདངས་བཞིན་དམར་པོར་སོང་། ངག་གི་སྒོ་ནས་བསགས་པའི་ཚེའི་སྡིག་སྒྲིབ་བར་ཆད་ཐམས་ཅད་དག །གསུང་གི་རྗེས་གནང་ཐོབ། ངག་སྔགས་བཟླ་བ་ལ་དབང་བར་བྱས་པའི་མོས་པ་མཛོད། ཡང་གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་སྒྲོལ་མ་སྔོན་མོ་རལ་གྲི་དང་ཞགས་པ་འཛིན་པ་དཔག་ཏུ་མེད་པ་དང་། འཁོར་གཉིས་ཀྱི་ཐུགས་ཀ་ནས་ཀྱང་འོད་ཟེར་སྔོན་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ལུས་ཐམས་ཅད་མཐིང་ཞུན་གྱི་མདོག་བཞིན་སྔོན་པོར་སོང་། ཡིད་ཀྱི་སྒོ་ནས་བསགས་པའི་ཚེའི་སྡིག་སྒྲིབ་བར་ཆད་ཐམས་ཅད་དག །ཐུགས་ཀྱི་རྗེས་གནང་ཐོབ། ཡིད་ཏིང་ངེ་འཛིན་བསྒོམ་པ་ལ་དབང་བར་བྱས་པའི་མོས་པ་མཛོད། ཡང་གཙོ་མོའི་ལྟེ་བའི་ཏཱྃ་ལས་སྒྲོལ་མ་སེར་མོ་རིན་པོ་ཆེ་དབང་རྒྱལ་དང་། ནོར་གཞོང་འཛིན་པ་དཔག་ཏུ་མེད་པ་དང་། འཁོར་གཉིས་ཀྱི་ལྟེ་བ་ནས་ཀྱང་འོད་ཟེར་སེར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པས་ལུས་ཐམས་ཅད་གསེར་ཞུན་མའི་མདོག་བཞིན་སེར་པོར་སོང་། བྱ་སྤྱོད་ཀྱི་སྒོ་ནས་བསགས་པའི་ཚེའི་སྡིག་སྒྲིབ་བར་ཆད་ཐམས་ཅད་དག །ཡོན་ཏན་གྱི་རྗེས་གནང་ཐོབ། སྲིད་ཞིའི་ལེགས་ཚོགས་སྤེལ་བ་ལ་དབང་བར་བྱས་པའི་མོས་པ་མཛོད། སླར་ཡང་གཙོ་མོའི་གསང་གནས་ཀྱི་ཧྲཱིཿལས་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྐུ་དཔག་ཏུ་མེད་པ་དང་། འཁོར་གཉིས་ཀྱི་གསང་གནས་ནས་ཀྱང་འོད་ཟེར་ལྗང་གུའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གསང་གནས་སུ་ཐིམ་པས་ལུས་ཐམས་ཅད་མརྒད་ཞུན་མའི་མདོག་ལྟ་བུར་གྱུར། ལས་སྣ་ཚོགས་ཀྱི་སྒོ་ནས་བསགས་པའི་ཚེའི་སྡིག་སྒྲིབ་བར་ཆད་ཐམས་ཅད་དག །ཕྲིན་ལས་ཀྱི་རྗེས་གནང་ཐོབ། འཇིགས་པ་བརྒྱད་ཞི་བ་སོགས་ཕྲིན་ལས་ཐམས་ཅད་བསྒྲུབ་པ་ལ་དབང་བར་བྱས་པ་ཡིན་སྙམ་དུ་མོས་པ་མཛོད། ཅེས་བརྗོད། སྤྲོ་ན་སྡེ་ཚན་རེ་རེའི་མཐར་སྔགས་དང་སྦོས་རོལ་བྱ། དེ་ནི་ལྷ་བསྒོམ་པའི་རྗེས་གནང་ངོ་། །སྔགས་བཟླ་བའི་རྗེས་གནང་གི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་ཀྱི་གཙོ་མོའི་ཐུགས་ཀའི་འཁོར་ལོ་ལས་སྔགས་ཕྲེང་གཉིས་པ་དང་། མདུན་བསྐྱེད་ཀྱི་འཁོར་གཉིས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་ཀྱང་སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གའི་ཡིག་འབྲུ་ལ་ཐིམ་པའི་མོས་པས་སྔགས་འདིའི་རྗེས་ཟློས་ལན་བརྒྱ་རྩ་བརྒྱད་གནང་བར་ཞུ། ཞེས་དང་། གཙོ་མོའི་སྔགས་སྤེལ་ཚིག་ཅན་བརྒྱ་རྩ་བརྒྱད་བཟླར་གཞུག །སླར་ཡང་འཁོར་གཉིས་ཀྱི་སྔགས་ཀྱང་ལན་གསུམ་གྱི་རྗེས་ཟློས་མཛོད། ཅེས་དང་འཁོར་སྔགས་བཟླར་གཞུག །དེ་ནས་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་སྙིང་གའི་སྔགས་ཕྲེང་བརྟན་ཅིང་ནུས་ལྡན་དུ་གྱུར་པའི་མོས་པ་མཛོད། ཅེས་དང་། མེ་ཏོག་སྤྱི་བོར་བཞག་ཅིང་། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ལན་གསུམ་བརྗོད། དེ་ནི་སྔགས་བཟླ་བའི་རྗེས་གནང་ངོ་། །དམ་བཅའ་བའི་སླད་དུ། དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། རྗེ་བཙུན་མ་གཙོ་འཁོར་ཡི་དམ་དུ་གཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྗེ་བཙུན་ཡིད་བཞིན་འཁོར་ལོ་གཙོ་འཁོར་གསུམ་པོ་ཡི་དམ་གྱི་ལྷར་གཟུང་བར་བགྱིའོ། །ཞེས་ལན་གསུམ། བརྟན་པར་བྱ་བའི་སླད་དུ་སློབ་དཔོན་གྱིས་མེ་ཏོག་གི་ཆར་འབེབས་ཤིང་བདེན་པའི་ཚིག་གིས་ཀྱང་དབུགས་དབྱུང་བའི་མོས་པ་མཛོད། བཅོམ་ལྡན་འདས་ཀྱི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་བ་དང་། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྗེ་བཙུན་ཡིད་བཞིན་གྱི་འཁོར་ལོ་གཙོ་འཁོར་གསུམ་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་འཇུག་ཅིང་བརྟན་པར་གྱུར་ཅིག །ཛཿཧཱུྃ་བྃ་ཧོཿ ཞེས་མེ་ཏོག་འཐོར་རོ། །དེས་རྗེས་གནང་གི་དངོས་གཞི་གྲུབ་ནས། མཐའ་རྟེན་ཚེའི་དགའ་སྟོན་སྤེལ་བའི་སླད་དུ། བཅུད་ལེན་གྱི་སྨན་ཕྱག་ཏུ་གཏད་ཅིང་མྱངས་པས་དུག་གསུམ་རྒྱུ་འབྲས་དང་བཅས་པ་ཞི་ཞིང་། ཚེ་དང་ལང་ཚོའི་བཅུད་ལེན་གྲུབ་པའི་མོས་པ་མཛོད། བཞི་བརྒྱ་རྩ་བཞིའི་ནད་རྣམས་ཀུན། །དྲུང་ནས་འབྱིན་པར་བྱེད་པའི་སྨན། །བཅུད་ལེན་རྫས་ཀྱི་རྟེན་འབྲེལ་འདིས། །དུག་གསུམ་རྩད་ནས་ཆོད་པར་ཤོག །ཡི་གེ་བཅུ་པ་བརྗོད་ཅིང་སྨན་གྱི་སྣོད་ལག་ཏུ་གཏད་ནས་སྨན་ཅུང་ཟད་མྱང་དུ་གཞུག །འཁོར་འདས་ཀྱི་ཚེ་བཅུད་མ་ལུས་པ་འདུས་པའི་ངོ་བོ་འཆི་མེད་ཚེའི་བདུད་རྩི་དང་། ཚེའི་རིལ་བུ་འདི་དག་ཀྱང་ཞལ་དུ་གསོལ་བ་ལ་བརྟེན་ནས་རིང་འཚོའི་དགེ་མཚན་ལྷག་པར་རྒྱས་པའི་མོས་པ་མཛོད། །འཁོར་འདས་ཚེ་བཅུད་མ་ལུས་པ། །བསྡུས་པའི་འཆི་མེད་བདུད་རྩི་དང་། །འཆི་མེད་རིལ་བུ་འདི་སྦྱིན་པས། །ལོ་བརྒྱའི་བར་དུ་འཚོ་བར་ཤོག །ཡི་གེ་བཅུ་པ་བརྗོད་ཅིང་རིམ་པ་བཞིན་བྱིན། ཤིས་པར་བྱ་བའི་སླད་དུ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་དང་། བཀྲ་ཤིས་པའི་རྟགས་བརྒྱད་དང་། རྫས་བརྒྱད་རྣམས་སོ་སོའི་བྱེད་ལས་གྲུབ་པའི་དངོས་པོ་ཅན་ཕྱག་ཏུ་གཏད་པ་ལ་བརྟེན་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་དབུལ་བའི་མོས་པ་མཛོད། རྒྱལ་སྲིད་རིན་ཆེན་སྣ་བདུན་པོ། །སྐལ་ལྡན་ཁྱེད་ལ་སྦྱིན་པ་ཡིས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། །མཚུངས་པའི་བསོད་ནམས་ཐོབ་པར་ཤོག །ཨོཾ་སཔྟ་རཏྣ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རིན་ཆེན་སྣ་བདུན་སྦྱིན། གདུགས་དང་གསེར་ཉ་བུམ་པ་བཟང་། །པདྨ་དུང་དཀར་དཔལ་བེའུ། །རྒྱལ་མཚན་འཁོར་ལོ་འདི་སྦྱིན་པས། །དུས་རྣམས་ཀུན་ཏུ་ཤིས་པར་ཤོག །ཨོཾ་ཨཥྟ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྟགས་བརྒྱད་སྦྱིན། སྔོན་དུས་ཤཱཀྱ་ཐུབ་པ་ཡིས། །བྱིན་གྱིས་བརླབས་པའི་རྫས་མཆོག་འདི། །སྐལ་ལྡན་ཁྱོད་ལ་སྦྱིན་པ་ཡིས། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །ཨོཾ་མངྒ་ལ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་རྫས་བརྒྱད་སྦྱིན། དེ་རྣམས་ནི་མཐའ་རྟེན་གྱི་རྗེས་སུ་གནང་བའོ། །སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དུ་མས་ཀྱང་མངའ་གསོལ་བས་དགེ་ལེགས་ཀྱི་འབྱོར་པ་ཁྱབ་ཅིང་རྟག་པར་སྤེལ་བའི་མོས་པ་མཛོད། ཅེས་དང་བཀྲ་ཤིས་ཇི་ལྟར་རིགས་པ་བརྗོད། དེས་རྗེས་གནང་གི་དངོས་གཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་ནས། གནས་སྐབས་དེ་དག་ཏུ་ཐོབ་ཅིང་ཞལ་གྱིས་བཞེས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། བཀའ་དྲིན་གཏང་རག་གི་སླད་དུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་འབུལ་ན་ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་སོགས། དེ་རྣམས་ཀྱིས་རྗེ་བཙུན་སྒྲོལ་མ་དཀར་མོ་གཙོ་འཁོར་གསུམ་གྱི་རྗེས་སུ་གནང་བ་ཐུན་མོང་མ་ཡིན་པ་ལེགས་པར་གསན་པ་ཡིན་པས་འདིའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པ་དང་། དགེ་བའི་རྩ་བ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་གྱེས། གསུམ་པ་ནི། སློབ་དཔོན་གྱིས་མཆོད་པ་ཁ་གསོས་བསང་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་སོགས་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་བརླབ། སྔགས་ཙམ་གྱིས་མཆོད། འཁོར་བ་ལས་སྒྲོལ་སོགས་ཤློ་ཀ་གཅིག་དང་། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། བཅོམ་ལྡན་འདས་མས་སོགས་འདོད་དོན་གསོལ། ཡི་གེ་བརྒྱ་པ་ལན་གསུམ་དང་། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ནོངས་པ་བཤགས། མདུན་བསྐྱེད་རྟེན་བྲིས་སྐུ་སོགས་ཡོད་ན་བརྟན་བཞུགས་བྱ། མེད་ན། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་གནས་གསུམ་བསྲུང་། བསྔོ་སྨོན་བཀྲ་ཤིས་བྱའོ། །གསུམ་པ་ལ་ལྔ། བསྙེན་པ་བྱ་ཚུལ། ཁྲུས་ཀྱི་ཆོ་ག །སྦྱིན་སྲེག་གི་ཆོ་ག །བཅུད་ལེན་གྱི་རིལ་བུ་དང་། བྲིས་པའི་འཁོར་ལོས་རང་གཞན་ལ་ཕན་གདགས་པའི་ཚུལ་ལོ། །དང་པོ་ནི། གནས་དབེན་ཞིང་ཉམས་དགའ་བར་ཕྱག་དར་ལེགས་པར་བྱ། འདི་ཉིད་ཀྱི་སྐུ་བྲིས་འབུར་སོགས་ཡོད་ན་བཀྲམ་པའི་སྤྱན་སྔར་གཏོར་ཟླུམ་དཀར་པོ་གཉིས་དང་། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། གཞི་བདག་གཏོར་མ་སོགས་བཤམ། གཟའ་ཚེས་བཟང་བའི་སྔ་དྲོར་ཁྲུས་དང་གཙང་སྦྲ་ལ་གནས་པས་མཚམས་ལེགས་པར་བཅད། སྒྲུབ་ཐབས་ལྟར་བདག་བསྐྱེད་ཐུན་བཞིར་བསྒོམ། སྔ་ཐུན་གྱི་མཇུག་ཏུ་གཏོར་མ་འབུལ་ན། རང་སྐད་ཅིག་གིས་རྗེ་བཙུན་སྒྲོལ་མའི་སྐུར་གྱུར་ཅེས་པའི་རྗེས་སུ་མཆོད་པ་དང་གཏོར་མ་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྗེ་བཙུན་སྒྲོལ་མ་དཀར་མོ་གཙོ་འཁོར་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང་། རྟེན་ཡོད་ན་ཛཿཧཱུྃ་བྃ་ཧོཿས་བསྟིམ། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་ཕུལ། གཏོར་མ་འབུལ་བ། མཆོད་བསྟོད། འདོད་གསོལ་རྣམས་དང་། གཏོར་མ་གཉིས་པའང་གོང་རྗེས་གནང་སྐབས་ལྟར་ཕུལ། གཞི་བདག་གཏོར་མ་རྒྱུན་དུ་མ་ཕུལ་ཀྱང་ཆོག །འབུལ་ན་གོང་བཞིན་དང་། གཏོར་མ་ཚར་རེ་བཞིན་གཤེགས་དགོས། ལྷ་དང་། ཆོས་སྐྱོང་གི་གཏོར་མ་ནི་ཐེབ་ཀྱུ་གསོས་པས་ཆོག །གང་ལྟར་ཡང་གཏོར་མགྲོན་ལ་དམིགས་ཏེ་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ། གནས་སྲུང་། བསྔོ་སྨོན། བཀྲ་ཤིས་བྱ། བསྙེན་ཚད་རབ་མཚན་མའི་བསྙེན་པ་སྐུ་མཐོང་བ་སོགས་རྟགས་མཚན་རྙེད་པ་དང་། འབྲིང་དུས་བསྙེན་ཟླ་བ་དྲུག་གམ། གྲངས་བསྙེན་ཡི་གེ་བཅུ་པ་འབུམ་ཕྲག་བརྒྱ། སྤེལ་ཚིག་ཅན་འབུམ་ཕྲག་བཅུ། འཁོར་གཉིས་ཀྱི་བསྙེན་པའང་འབུམ་ཕྲག་བཅུ་སོགས་གང་ནུས། ཐ་མ་གྲངས་བསྙེན་ཡི་གེ་བཅུ་པ་འབུམ་ཕྲག་བཞི། སྤེལ་ཚིག་ཅན་དང་། འཁོར་སྔགས་ཀྱང་ཁྲི་ཙམ་བཟླས་པས་ལས་རུང་དུ་འགྱུར་བ་ཡིན་ལ། བསྙེན་པ་གྲུབ་ནས། སྒྲུབ་བསྙེན་གྱི་ཚུལ་དུ་མདུན་བསྐྱེད་ཀྱི་རྟེན་རྗེས་གནང་གི་སྐབས་ལྟར་བཤམ། བདག་བསྐྱེད་བཟླས་བ་ཅུང་ཟད་དང་བཅས་སྔོན་དུ་འགྲོ་བས་མདུན་བསྐྱེད་སྒྲུབ་མཆོད་དང་བཟླས་པ་གཙོ་བོར་བཏོན། དེ་ལྟ་བུའི་རིམ་པས་ཞག་བདུན་ནམ། གསུམ་སོགས་གང་རིགས་སུ་བྱ། གྲོལ་རྒྱུའི་ཐུན་ཐ་མའི་རྗེས་ཆོག་གི་མཆོད་བསྟོད་འདོད་གསོལ་གྱི་མཇུག་ཏུ། ཚེ་རྫས་རྣམས་དངོས་གྲུབ་ཀྱི་ཚུལ་དུ་ལོངས་སྤྱད། དེ་ནས་བཟོད་གསོལ་སོགས་དཀྱུས་ལྟར་དང་། ཞི་བའི་སྦྱིན་སྲེག་སྔགས་ཀྱི་བཅུ་ཆ་སོགས་གང་གྲུབ་ཀྱང་བྱ། མཚམས་ཁད་ཀྱིས་གྲོལ། གཞན་མཚམས་ཀྱི་སྤང་བླང་སོགས་སྤྱི་ལྟར་ཤེས་པར་བྱའོ། །གཉིས་པ་ནི། སྟེགས་བུའི་ཁར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དུང་ཆོས་གཟུངས་རྡོར་དང་བཅས་པ་དང་། གཏོར་མ་གཅིག་དང་། ཉེར་སྤྱོད་བཅས་བཤམ། མཆོད་པ་བྱིན་རླབས་དང་། བདག་བསྐྱེད་ཐུན་མཚམས་ཀྱི་ལྷར་ལྡང་པའི་བར་སྔོན་ཏུ་འགྲོ་བས། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང་། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་དབུས་སུ་པྃ་ལས་པདྨ་དཀར་པོ་སོགས་ནས་མཆོད་བསྟོད་བར་དང་། བུམ་པའི་ལྷའི་ཐུགས་ཀར་སོགས་ནས། ཕྲེང་བ་གཡས་སྐོར་དུ་ཡོད་པ་ཞེས་པའི་བར་མདུན་བསྐྱེད་ལྟར་བྱ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་། བུམ་པའི་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། གཙོ་འཁོར་ཐམས་ཅད་ཀྱི་སྐུ་དང་སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པ་གང་བར་གྱུར་པར་བསམས་ལ། ཡི་གེ་བཅུ་པ་གཙོ་བོར་བཟླ་ཞིང་། སྤེལ་ཚིག་ཅན་དང་། འཁོར་གཉིས་ཀྱི་སྔགས་ཀྱང་ཅུང་ཟད་བཟླས་མཐར། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླ། མཆོད་བསྟོད་དང་འདོད་དོན་གསོལ། གཏོར་མ་ཕུལ་བའི་འདོད་གསོལ་གྱི་རྗེས་སུ། ཡི་གེ་བརྒྱ་པ་ལན་གསུམ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་པའི་ལྷ་འོད་དུ་ཞུ་བ་ལས་ཆུ་བདུད་རྩིར་གྱུར་པར་བསམ། བུམ་ཆོག་ཁོ་ནའི་སྐབས་གཏོར་འབུལ་མ་གྲུབ་ཀྱང་རུང་། དེ་ནས་བསྒྲུབ་བྱ་མདུན་དུ་འཁོད་པ་ལ། སྤྲོ་ན་སྦྱོང་པ་གསུམ་སྤྱི་ལྟར་བྱ། འོ་ཁྱེད་རང་རྣམས་ལ་རྗེ་བཙུན་སྒྲོལ་མ་དཀར་མོའི་ཁྲུས་ཀྱི་སྒོ་ནས་རྗེས་སུ་འཛིན་པ་ལ། བགེགས་ཞི་བར་བྱ་བའི་ཕྱིར་བཀྲུ་བྱབས་སྲུང་གསུམ་བྱ་བ་དང་། བདེན་པའི་སྟོབས་བརྗོད་པ་དང་། ཤིས་པར་བྱ་བ་རྣམས་སུ་ཡོད་པ་ལས། ཐོག་མར་བཀྲུ་བའི་སླད་དུ་སློབ་དཔོན་གྱིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་ཁྲུས་བགྱིས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ། དེས་བསྐྱེད་པའི་ནད་གདོན་བགེགས་དང་བར་དུ་གཅོད་པ་ཐམས་ཅད་བྱང་ཞིང་དག་པའི་མོས་པ་མཛོད། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དང་། སྤྲོ་ན། འདི་ནི་ཁྲུས་མཆོག་སོགས་ཚིགས་བཅད་ཇི་ལྟར་རིགས་པའི་མཐར་ཡི་གེ་བཅུ་པ་དང་། རྡོ་རྗེ་སློབ་མ་འམ་སྦྱིན་པའི་བདག་པོའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཤཱིཾནྟ་ཀུ་རུ་སྭཱ་ཧཱ། ནད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། གདོན་ཐམས་ཅད༴ རིམས་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ དུས་མ་ཡིན་པའི་འཆི་བ་ཐམས་ཅད༴ འཁོན་དང་གྲིབ་དང་མི་གཙང་བ་ཐམས་ཅད༴ བྱད་དང་བྱུར་དང་སྐལ་བ་ངན་པ་ཐམས་ཅད༴ བཀྲ་མི་ཤིས་པ་ཐམས་ཅད༴ མཚན་མོ་ནག་མོ་དང་དུས་ཀྱི་ཞགས་པ་ཐམས་ཅད༴ གཤིན་རྗེའི་ཕོ་ཉ་ཐམས་ཅད༴ བགེགས་དང་ལོག་པར་འདྲེན་པ་ཐམས་ཅད༴ རྒྱལ་པོ་དང་ཐེའུ་རང་གི་གནོད་པ་ཐམས་ཅད༴ ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད༴ བཙན་དང་དམུའི་གནོད་པ་ཐམས་ཅད་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲུ། བྱབས་པའི་སླད་དུ་རྨ་བྱའི་མདོངས་ཀྱི་ཐིག་ལེའི་དབུས་སུ་ཟླ་བའི་གདན་ལ་ཏཱྃ་ཡིག་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས། བཀྲུས་པས་མ་དག་པའི་ནད་གདོན་ཉེར་འཚེ་ལྷག་མ་ཐམས་ཅད་རྡོ་ཁབ་ལེན་གྱིས་ཁབ་ལེན་པ་ལྟར་བླངས་ཏེ་རྒྱ་མཚོ་ཆེན་པོར་ཕྱིར་དོར་བའི་མོས་པ་མཛོད། །རྡོ་རྗེ་དང་བཅས་པའི་རྨ་བྱའི་སྒྲོས་བསྐོར་ཞིང་བྱབས་ཏེ་སྔགས་ཀྱི་མཐར། རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོའི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ཨ་པ་ནཱ་ཡ་སྭཱ་ཧཱ། ཞེས་སོགས་བཏགས་པ་བརྗོད། བསྲུང་བར་བྱ་བའི་སླད་དུ། ཁྱེད་རང་རྣམས་ཀྱི་སྤྱི་བོ་དང་མདུན་རྒྱབ་གཉིས། དཔུང་པ་གཉིས། པུས་མོ་གཉིས་ཏེ་གནས་བདུན་དུ་རྡོ་རྗེས་རེག་པས། རྡོ་རྗེ་དེ་ལས་དེ་འདྲ་བ་དཔག་ཏུ་མེད་པ་བྱུང་སྟེ། ལུས་ལ་རྡོ་རྗེའི་གོ་ཆ་བཞུ་བླུགས་སུ་གྱུར་པས་ནད་གདོན་ཉེར་འཚེ་སོགས་གང་གིས་ཀྱང་མི་ཚུགས་པར་བསྲུང་བར་བྱས་པའི་མོས་པ་མཛོད། སྔགས་ཀྱི་མཐར། རྡོ་རྗེ་སློབ་མའི་སོགས་ནས། སྡིག་པ་དང་སྒྲིབ་པ་ཐམས་ཅད་རཀྵ་རཀྵཿ ཞེས་སོགས་བཏགས་པ་བརྗོད་ཅིང་གནས་རྣམས་སུ་རྡོ་རྗེ་རྒྱ་གྲམ་དུ་བཞག །བདེན་པའི་སྟོབས་བརྗོད་པའི་སླད་དུ། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་སྤྱི་བོར་བཞག་ཅིང་བདེན་པའི་ཚིག་གིས་དབུགས་དབྱུང་བའི་མོས་པ་མཛོད། །རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །རྗེ་བཙུན་འཕགས་མ་སྒྲོལ་མའི་ནུས་མཐུ་ཡིས། །རྡོ་རྗེ་སློབ་མ་འདི་ནི་བསྲུངས་ཟིན་གྱི། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཅེས་བརྗོད། ཤིས་པར་བྱ་བའི་སླད་དུ། སློབ་དཔོན་དང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཕུན་སུམ་ཚོགས་པའམ། ཆེ་བའི་ཆེ་མཆོག་ལྟ་བུའི་ཞལ་ནས་གསུངས་པའི་ཤིས་བརྗོད་ཇི་ལྟར་རིགས་པ་བྱས་ལ་བསྒྲུབ་བྱ་རྣམས་རང་གནས་སུ་གཏང་། སློབ་དཔོན་གྱིས་གནས་གསུམ་བསྲུང་བ། བསྔོ་སྨོན། བཀྲ་ཤིས་བཅས་བྱའོ། །རྗེས་གནང་དང་འབྲེལ་བར་བྱེད་ན་མདུན་བསྐྱེད་ཀྱི་རྗེས་སུ་བུམ་པ་བསྒྲུབ། རྗེས་གནང་གི་ཚེ་རྫས་སྦྱིན་པ་ཡན་གྲུབ་ནས། བགེགས་ཞི་བར་བྱ་བའི་སླད་དུ་བཀྲུ་བྱབས་སྲུང་གསུམ་བྱ་བ་ལ། ཐོག་མར་བཀྲུ་བའི་སླད་དུ་སོགས་གོང་ལྟར་བདེན་པའི་སྟོབས་བརྗོད་པའི་བར་བྱས་རྗེས། ཤིས་པར་བྱ་བའི་སླད་དུ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་དང་སོགས་རྗེས་གནང་ལྟར་སྦྲེལ་ལོ། །གསུམ་པ་ནི། འདི་ཉིད་ཀྱི་སྦྱིན་སྲེག་ཚེ་དང་བསོད་ནམས་ཉི་མ་བདུན་འབར་ཞེས་གནས་གསར་བ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ་ལྟར་བྱ། དེའི་དཔེ་མ་འབྱོར་ན་ཁོ་བོས་བྱས་པའི་ཚེ་དཔག་མེད་དྭང་མ་བཅུད་འདྲེན་སྦྱིན་སྲེག་གཞིར་བཞག་ལ། སྦྱོར་བའི་སྐབས་འདས་ལྷའི་མཆོད་པར་མར་ལས་བྱས་པའི་གཏོར་མ་ཟླུམ་པོ་ཆུང་ངུ་དང་ཉེར་སྤྱོད་སོགས་བཤམ། རང་གི་མདུན་དུ་ཌ་མ་རུ་དང་ནང་མཆོད་མི་དགོས། བདག་བསྐྱེད་ཐུན་མཚམས་ཀྱི་ལྷར་ལྡང་བའི་བར་གྲུབ་ནས། བསང་ཆུ་ཡཀྵས་བརླབ། དམ་ཚིག་གསུམ་བཟུང་བ་མི་དགོས། གནས་དང་མཆོད་པའི་ཡོ་བྱད་རྗེས་གནང་གི་སྐབས་ལྟར་བརླབ། བསྲེག་རྫས་བྱིན་རླབས་ནས་བཟུང་དཀྱུས་ལྟར་ལ། ལྷ་དང་། སྔགས་དང་། མཆོད་བསྟོད་སོགས་དམིགས་གསལ་རྣམས་འདི་ཉིད་ལྟར་བྱ། རྗེས་ཆོག་འདས་ལྷའི་གཤེགས་སྐྱེམས་ཀྱི་རྗེས་མཆོད་བསྟོད་དང་། གཏོར་མ་བྱིན་རླབས་ནས་བཟུང་གསོལ་གདབ་ཀྱི་བར་རྗེས་གནང་གི་སྐབས་ལྟར་བྱ། གཏོར་སྔགས་བརྗོད་སྐབས་གཏོར་མ་བླུགས་གཟར་གྱིས་བླངས་ཏེ་ཐབ་ཏུ་འབུལ། ནོངས་བཤགས་མན་སྦྱིན་སྲེག་གི་དཀྱུས་ལྟར་བྱས་པས་གྲུབ་བོ། །དེའང་ནད་པའི་རིམ་གྲོ་ལྟ་བུའི་ཚེ། སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས། ཞོ་དང་སྦྲང་རྩིས་ངར་བཏགས་པའི། །དྡུཪྺའི་མྱུ་གུ་ཤར་དང་ནི། །བྱང་དུ་རྩེ་བསྟན་སྦྱིན་སྲེག་བྱ། །སྔོན་གྱི་མཐུ་ལས་བྱུང་བ་ཡི། །འཆི་བ་ངེས་པར་ཟློག་པར་བྱེད། །ཅེས་གསུངས་པས། །དྡུཪྺའི་མྱུ་གུ་རྩེ་མོ་མ ་ཉམས་པའམ། མ་འབྱོར་ན་དུམ་བུར་བྱས་པ་ཞོ་དང་སྦྲང་རྩི་དང་འབྲས་བསྲེས་པ་འབའ་ཞིག་ལྷ་སྔགས་ཁོ་ནས་ཁྲི་ཕྲག་སོགས་ཕུལ་ན་ཆེད་དུ་བསྔགས་པར་མངོན་ནོ། །རྒྱས་པ་དང་། དབང་གི་སྦྱིན་སྲེག་ཀྱང་ཡིག་ཆའི་དཀྱུས་སུ་གསལ་བ་ལྟར་ཁ་བསྒྱུར་ཏེ་བྱའོ། །བཞི་པ་ནི། སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས། འབྲས་བུ་གསུམ་ནི་སྤྱིར་བསྡུས་པའམ། །སོ་སོ་བྷྲྀངྒ་རཱ་ཛར་བཅས། ཞེས་གསུངས་པ་ལྟར། གཙོ་བོ་ཨ་རུ་ར་གསེར་མདོག །དེའི་ཕྱེད་སྐྱུ་རུ་ར། །དེའི་ཕྱེད་བ་རུ་ར། དེ་དང་མཉམ་པའི་བྷྲིངྒ་རཱ་ཛ་དངོས་སམ། མ་རྙེད་ན་ར་མོ་ཤག་གི་རྩ་བ་འོ་མར་བཙོས་པ་བཅས་སྨན་སྣ་བཞིའམ། དེ་སྟེང་ཁ་ཚར་གྱི་ཚུལ་དུ་གསོ་དཔྱད་ཀྱི་གཞུང་ལས་འབྱུང་བའི་ཕོ་ཅོང་། བྲག་ཞུན། བུར་དཀར། སྦྲང་དཀར་ལྷད་མེད། མར་གསར་བཅས་དྭང་མ་ལྔ། ཤུག་འབྲས། བ་ལུ། མཚེ། མཁན་དཀར་རྣམས་ཀྱི་ལོ་མ་བཅས་རྩི་བཞི་སྟེ། དེ་རྣམས་ཆ་མཉམ་དང་། གཞན་ཡང་བཟང་པོ་དྲུག་ཀྱང་ཅུང་ཟད་བཅས་བཏབ་ལ་འདུར་དུ་རུང་བ་རྣམས་རྩི་བཞིན་དུ་བཏགས། ཚུལ་བཞིན་བསྒྲུབས་པའི་བུམ་ཆུ་དང་། བུ་རམ། སྦྲང་རྩི་བཅས་སྦྱར་བས་རིལ་བུ་སྲན་འཕོས་ཙམ་དུ་དྲིལ་བ་གྲིབ་སྐམ་བྱས་པ་གཡའ་མེད་པའི་རིན་པོ་ཆེའི་བུམ་པར་བླུགས་པ་དང་བཅས་ཏེ་མདུན་དུ་བཤམ། མཆོད་གཏོར་སོགས་འདྲ། མཆོད་པ་བྱིན་རླབས་དང་། བདག་བསྐྱེད་སྔོན་དུ་འགྲོ་བས་བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་གདན་གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པྃ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རིལ་བུ་རྣམས་ཏཱྃ་ཡིག་དཀར་པོ་སོགས་ནས་མཆོད་བསྟོད་བར་མདུན་བསྐྱེད་ལྟར་བྱ། བུམ་པའི་ལྷའི་ཐུགས་ཀར་སོགས་འཁོར་ལོ་གསལ་གདབ སྤྱི་བོའི་བླ་མ་སོགས་རིགས་བདག་ནས་བསྒྱུར། རང་གི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་། བུམ་པའི་ལྷའི་ཐུགས་རྒྱུད་བསྐུལ། སྤྱི་བོའི་ཚེ་དཔག་མེད་ཀྱི་སོགས་ནས། བདུད་རྩིའི་ཆུ་རྒྱུན་དུ་གྱུར། ཅེས་པའི་བར་མདུན་བསྐྱེད་ལྟར་ལ། དེ་ཉིད་གྱེན་དུ་འཕྱུང་ཞིང་ཁ་ནས་ལུད་པ་རིལ་བུ་ལྷའི་རྣམ་པར་གསལ་བའི་སྤྱི་བོ་ནས་ཞུགས། སྐུ་ལུས་ཀྱི་ནང་ཐམས་ཅད་གང་། སླར་ཡང་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལས་ཀྱང་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་བཞིའི་བཅུད་དང་དྭང་མ། ནང་ཁམས་གསུམ་གྱི་སེམས་ཅན་ཀུན་གྱི་ཚེ་དཔལ་བསོད་ནམས། གསང་བ་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་འཆི་མེད་བདུད་རྩིའི་རྣམ་པར་སྤྱན་དྲངས། བུམ་པའི་ལྷའི་ཐུགས་ཀའི་འཁོར་ལོ་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་འཁོར་འདས་བརྟན་གཡོའི་དྭང་བཅུད་མ་ལུས་པ་འདུས་པའི་ངོ་བོར་གྱུར་པར་བསམས་ལ། ཡི་གེ་བཅུ་པ་སྤེལ་ཚིག་ཅན་ཁོ་ན་བཟླ། སྒྲུབ་གྲོགས་གཞན་ཡོད་ན་གཟུངས་ཐག་རེས་མོས་སུ་བཟུང་ནས་འཁོར་ཡུག་ཏུ་བཟླས་པ་རྒྱུན་མི་འཆད་པ་བྱུང་ན་ལེགས། མཐར་མཆོད་བསྟོད། གསོལ་འདེབས། དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་བཟླ་བ། གཏོར་མ་འབུལ་བ། རྗེས་ཆོག་གི་ནོངས་བཤགས་ཀྱི་བར་གོང་ལྟར་ལ། ནོངས་བཤགས་རྗེས། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། །ཞེས་བརྗོད་ཅིང་མེ་ཏོག་འཐོར་བ་དང་བཅས་བརྟན་བཞུགས་བྱ། གནས་སྲུང་། བསྔོ་སྨོན་བཀྲ་ཤིས་རྣམས་དཀྱུས་ལྟར། དེ་ལྟ་བུའི་རིམ་པས་ཞག་བདུན་སོགས་སུ་རྨི་ལམ་དགེ་བ་སོགས་རྟགས་མཐོང་བའི་བར་དུ་བསྒྲུབ། སྒྲུབ་པ་གྲོལ་རྒྱུའི་ཐུན་ཐ་མའི་རྗེས་ཆོག་གི་ནོངས་བཤགས་གྲུབ་རྗེས། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་སྨན་གྱི་རིལ་བུ་འོད་འབར་བའི་རྣམ་པ་མཐོང་ཐོས་དྲན་རེག་ཐམས་ཅད་རྡོ་རྗེའི་ཚེ་དང་ལང་ཚོའི་དངོས་གྲུབ་ཐོགས་པ་མེད་པར་སྟེར་བའི་བཅུད་ལེན་གྱི་རིལ་བུ་མཆོག་ཏུ་གྱུར་པར་བསམས་ལ། བརྟན་བཞུགས་དང་རྟེན་འབྲེལ་སྙིང་པོ་བརྒྱ་རྩ་སོགས་བཟླ་ཞིང་མེ་ཏོག་འཐོར། གནས་སྲུང་། བསྔོ་སྨོན། ཤིས་བརྗོད་སོགས་རྒྱས་པར་བྱའོ། །དེ་ལྟར་བསྒྲུབས་པའི་རིལ་བུ་ཉིད་རླུང་མི་འཆོར་པའི་སྣོད་བཟང་པོར་ཚགས་བྱས་པ་ལྷའི་རྣལ་འབྱོར་དང་བཅས་དུས་དང་རྒྱུན་དུ་བསྟེན་པའི་ཕན་ཡོན་ནི། ངག་གི་དབང་ཕྱུག་གྲགས་པས། རྣལ་འབྱོར་པ་ཡིས་རྟག་སྤྱད་ན། །ཕན་ཞིང་བདུད་རྩིར་འགྱུར་བ་སྟེ། །གཉེར་མ་སྐྲ་དཀར་རྣམས་དང་བྲལ། །རྡོ་རྗེའི་ལུས་ནི་གཟུགས་བཟང་ལྡན། །བསྐལ་བ་ཡི་ནི་གྲངས་སྙེད་དུ། །འཆི་བ་ངེས་པར་ཟློག་པ་ཡིན། །ཞེས་དང་། གསོ་དཔྱད་ཀྱི་གཞུང་ལས། རྒས་པའི་རྟགས་ནུབ་བཅུ་དྲུག་ལྟ་བུའི་ལུས། །སེང་གེའི་རྩལ་ལ་གླང་པོ་ལྟ་བུའི་སྟོབས། །རྨ་བྱའི་མདངས་ལྡན་མགྱོགས་པ་ཅང་ཤེས་རྟ། །ཚེ་སྲོག་ཉི་ཟླ་གཉིས་དང་མཉམ་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། །ལྔ་པ་ནི། དར་རས་སམ་རྒྱ་ཤོག་གཙང་མར། ཐུགས་ཀར་བསྒོམ་བའི་འཁོར་ལོ་ཇི་ལྟར་ལ། གཞན་ལ་སྟེར་ན། སྤེལ་ཚིག་གི་མ་མེའི་ཚབ་ཏུ། དྷཱ་ར་ག་སྱ་ཞེས་བྲིས་པ་ལ་ཚེ་རྫས་དང་དྲི་བཟང་གིས་བྱུགས། མདུན་དུ་མཎྜལ་གྱི་སྟེང་དུ་བཞག །མཆོད་པ་བཤམ། མཆོད་པ་བྱིན་རླབས་དང་། བདག་བསྐྱེད་སྔོན་དུ་འགྲོ་བས་གྲུབ་ན་བུམ་པ་བསྒྲུབ། འཁོར་ལོ་ལ་སྦྱོང་ཁྲུས་སྤྱི་ལྟར་བྱ། གང་ལྟར་ཡང་བསང་སྦྱང་ལྷར་བསྐྱེད་པ་ནས། མཆོད་བསྟོད་བར་མདུན་བསྐྱེད་ལྟར་བྱ། རྡོ་རྗེའི་རྩེས་སྤྱན་དབྱེ་བའི་ཚུལ་དང་། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང་། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པ་དང་ལྡན་ཞིང་། སེམས་ཅན་གྱི་དོན་ལ་འཇུག་པའི་མཐུ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །ཅེས་དང་། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་ཞིང་ཞི་བ་དང་། ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་དེ་བཞིན་དུ་བགྱིའོ་ཞེས་དགྱེས་པ་ཆེན་པོས་ཞལ་གྱིས་བཞེས་ཏེ་བསྐྱེད་པའི་ལྷ་འོད་དུ་ཞུ་བ་ལས་བྱིན་རླབས་ཀྱི་གཟི་བྱིན་འབར་བའི་བྲིས་པའི་འཁོར་ལོའི་རྣམ་པ་ཇི་ལྟ་བར་གྱུར་པར་བསམ། སྔགས་སྤེལ་ཚིག་ཅན་དང་། དབྱངས་གསལ་རྟེན་སྙིང་བཅས་འཁོར་ལོ་ལ་བཀོད་པའི་སྔགས་རྣམས་བརྒྱ་རྩ་སོགས་བཟླས་པས་བརྟན་པར་བྱ། སླར་ཡང་བརྟན་བཞུགས་རྒྱས་པར་བྱ་ཞིང་རྟེན་སྙིང་དང་བཅས་མེ་ཏོག་འཐོར། བཀྲ་ཤིས་རྒྱས་པར་བརྗོད། བདག་བསྐྱེད་ཀྱི་མཇུག་གི་བྱ་བ་གནས་སྲུང་སོགས་དཀྱུས་ལྟར་བྱས་ལ་འཁོར་ལོ་ལྟེ་བ་མ་ཉམས་པར་ལྟེབ། ཚོན་སྐུད་ཀྱིས་དཀྲིས། གྲུབ་ན་སླར་ཡང་བརྟན་བཞུགས་དང་ཤིས་བརྗོད་བྱ། རང་ངམ་བསྒྲུབ་བྱའི་མགུལ་དུ་བརྟགས་པས་མི་མཐུན་པའི་ཕྱོགས་སྤྱི་དང་། དུས་མ་ཡིན་པའི་འཆི་བའི་འཇིགས་པ་མཐའ་དག་སྲུང་ཞིང་། ཚེ་དང་བསོད་ནམས་སོགས་ལེགས་པའི་ཡོན་ཏན་ཐམས་ཅད་རྒྱས་པར་འགྱུར་བ་ནི་ངེས་པའོ། །འཕགས་མ་ཡིད་བཞིན་འཁོར་ལོ་ཡི། །སྒྲུབ་ཐབས་རྗེས་གནང་ཉེར་མཁོ་བཅས། །འཆི་མེད་བདུད་རྩིའི་ཟླ་སྣང་འདིས། །གྲུབ་གཉིས་ཆུ་གཏེར་འཕེལ་གྱུར་ཅིག །ཅེས་པའང་ཀུན་མཁྱེན་ཆེན་པོ་ཉིད་ཀྱི་ལྗགས་བསྒྲིགས་ཀྱི་གཞུང་རྩ་བར་བཟུང་། ཁ་སྐོང་དགོས་རིགས་རྣམས་ལུང་འདིའི་ཁུང་དུ་གྱུར་པ་ཚར་ཆེན་རྡོ་རྗེ་འཆང་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི་གསུང་རབ་དང་ཕྱག་བཞེས་ཇི་ལྟ་བར་བཀླགས་པས་གྲུབ་པར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་བཤད་སྒྲུབ་ཀྱི་བསྟན་པ་དང་བཅས་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པ་དང་། འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་དགའ་སྟོན་ལ་འདོད་རྒུར་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག། །།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Latest revision as of 16:01, 1 June 2024
Wylie title | sgrol dkar sgrub thabs dbang chog dang bcas pa 'chi med zla snang | |
---|---|---|
Location | mkhyen brtse'i bka' 'bum Volume 13, sde tshan 18, Pages 275-319 (Folios 1a to 26a2) | |
Author | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |
Less details More details | ||
Tertön | ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th) | |
Citation | 'jam dbyangs mkhyen brtse'i dbang po. sgrol dkar sgrub thabs dbang chog dang bcas pa 'chi med zla snang. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 13: 275-319. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020. | |
Genre | Activity Manual - las byang · Sadhanas - Evocation Ritual - sgrub thabs · Empowerment Ritual - dbang chog - dbang skur | |
Cycle | རྒྱ་ཅན་སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ (rgya can sgrol dkar yid bzhin 'khor lo) | |
Parent Cycle | དག་སྣང་རྒྱ་ཅན་ (dag snang rgya can) | |
Deity | sgrol ma yid bzhin 'khor lo | |
Colophon |
།ཅེས་པའང་ཀུན་མཁྱེན་ཆེན་པོ་ཉིད་ཀྱི་ལྗགས་བསྒྲིགས་ཀྱི་གཞུང་རྩ་བར་བཟུང་། ཁ་སྐོང་དགོས་རིགས་རྣམས་ལུང་འདིའི་ཁུང་དུ་གྱུར་པ་ཚར་ཆེན་རྡོ་རྗེ་འཆང་ཡབ་སྲས་བརྒྱུད་འཛིན་དང་བཅས་པའི་གསུང་རབ་དང་ཕྱག་བཞེས་ཇི་ལྟ་བར་བཀླགས་པས་གྲུབ་པར་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པའི་དགེ་བས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་བཤད་སྒྲུབ་ཀྱི་བསྟན་པ་དང་བཅས་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་པ་དང་། འགྲོ་ཀུན་ཚེ་དང་ཡེ་ཤེས་ཀྱི་དགའ་སྟོན་ལ་འདོད་རྒུར་ལོངས་སྤྱོད་པའི་རྒྱུར་གྱུར་ཅིག | |
ces pa'ang kun mkhyen chen po nyid kyi ljags bsgrigs kyi gzhung rtsa bar bzung /__kha skong dgos rigs rnams lung 'di'i khung du gyur pa tshar chen rdo rje 'chang yab sras brgyud 'dzin dang bcas pa'i gsung rab dang phyag bzhes ji lta bar bklags pas grub par bya bral ba 'jam dbyangs mkhyen brtse'i dbang pos bris pa'i dge bas bstan 'dzin gyi skyes chen dam pa bshad sgrub kyi bstan pa dang bcas bskal pa rgya mtshor 'tsho zhing gzhes pa dang /__'gro kun tshe dang ye shes kyi dga' ston la 'dod rgur longs spyod pa'i rgyur gyur cig | ||
Notes | The pdf of this text is extracted from an earlier printing of the bka' 'bum, so therefore the page numbers are slightly different and need to be revised once we have an updated version of this text in print. |
1 Texts in this Section (sde tshan or chos tshan)
Footnotes
Other Information
- JKW-KABUM-13-PA-018
- Tibetan Publications
- Tibetan Texts
- mkhyen brtse'i bka' 'bum
- rgya can sgrol dkar yid bzhin 'khor lo
- dag snang rgya can
- sgrol ma yid bzhin 'khor lo
- Activity Manual - las byang
- Sadhanas - Evocation Ritual - sgrub thabs
- Empowerment Ritual - dbang chog - dbang skur
- 'jam dbyangs mkhyen brtse'i dbang po
- Dalai Lama, 5th
- Section (sde tshan) pages
- JKW-KABUM-Volume-13-PA
- Khyentse Lineage Project