རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ལས། ཚིག་བདུན་བླ་སྒྲུབ་མདོར་བསྡུས་བྱིན་རླབས་ཆར་འབེབས།

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-013
Wylie title rdzogs pa chen po gsang ba snying thig las/ tshig bdun bla sgrub mdor bsdus byin rlabs char 'bebs DKR-KABUM-10-THA-013.pdf
Location dil mgo mkhyen brtse bka' 'bum
Volume 10, Text 13, Pages 50-54 (Folios 1a to 5a6)
Author ཀློང་ཆེན་ཡེ་ཤེས་རྡོ་རྗེ་
Less details More details
Tertön ཀློང་ཆེན་ཡེ་ཤེས་རྡོ་རྗེ་ (Kangyur Rinpoche)
Associated People པདྨ་འབྱུང་གནས་ (pad+ma 'byung gnas)
Citation Kangyur Rinpoche. Rdzogs pa chen po gsang ba snying thig las tshig bdun bla sgrub mdor bsdus byin rlabs char 'bebs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 50-54. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor  ·  Sadhanas - Evocation Ritual - sgrub thabs
Cycle རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ (rdzogs pa chen po gsang ba snying thig)
Deity gu ru bde ba chen po
Colophon

།ཞེས་པའང་ཁུ་ནུའི་བཙུན་མ་བྷ་དྲ་བྷིཀྵུའི་བསྐུལ་བ་རྟེན་འབྱུང་དགེ་བར་སེམས་མདོ་ཁམས་ཀྱི་དགེ་སྦྱོང་ཀློང་ཆེན་ཡེ་ཤེས་རྡོ་རྗེས་བཀོད་པ་དགེ་ལེགས་ཀྱི་སྣང་བས་ཕྱོགས་མཐར་ཁྱབ་པའི་རྒྱུར་གྱུར་ཅིག །ཤུབྷ་མསྟུ་སརྦ་ཛ་ག་ཏཾ།།

/zhes pa'ang khu nu'i btsun ma b+ha dra b+hik+Shu'i bskul ba rten 'byung dge bar sems mdo khams kyi dge sbyong klong chen ye shes rdo rjes bkod pa dge legs kyi snang bas phyogs mthar khyab pa'i rgyur gyur cig__/shub+ha mastu sarba dza ga taM//

[edit]
༄༅། །རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ལས། ཚིག་བདུན་བླ་སྒྲུབ་མདོར་བསྡུས་བྱིན་རླབས་ཆར་འབེབས་བཞུགས།།

ན་མོ་གུ་རུ་པདྨཱ་ཀ་ར་ཡེ། དེ་ལ་འདིར་ཕྱོགས་དུས་རྒྱལ་བ་ཀུན་གྱི་གསང་གསུམ་བྱིན་རླབས་གཅིག་ཏུ་བསྡུས་པ་རྩ་གསུམ་ཀུན་འདུས་མ་ཧཱ་གུ་རུ་པདྨ་བདེ་བ་ཆེན་པོ་སྒྲུབ་པར་འདོད་པས། གུ་རུའི་སྐུ་ཚབ་རིན་པོ་ཆེ་སོགས་བྲིས་འབུར་གྱི་རྟེན་ཅི་རིགས་བཀྲམ་པའི་བདུན་སྨན་རཀ་གཏོར་གསུམ་ཕྱི་ནང་གསང་བའི་ཉེར་སྤྱོད་ཚོགས་ཀྱི་ཡོ་བྱད་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཚགས་སུ་ཚུད་པར་བྱས་ལ་འདོན་བསྒོམ་སྦྲགས་ཏེ། ན་མོཿ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ ཞེས་སྐྱབས་འགྲོ་དང༌། ཧོཿ སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་དོན་བྱེད་པར་སེམས་བསྐྱེད་དོ༔ ཞེས་སེམས་བསྐྱེད་ལན་གསུམ་སྔོན་དུ་འགྲོ་བས། ཨཿ སྣང་སྲིད་གདོད་ནས་ཀ་དག་མདངས༔ རང་སྣང་ཡེ་ཤེས་དག་པའི་ཞིང༔ མཁའ་སྤྱོད་འོག་མིན་གྲོང་ཁྱེར་དབུས༔ རང་རིག་རྡོ་རྗེ་རྣལ་འབྱོར་མ༔ དམར་གསལ་པདྨ་རཱ་གའི་མདངས༔ ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན༔ ཞབས་གཉིས་བརྐྱང་བསྐུམ་གར་སྟབས་ཀྱིས༔ པད་ཉི་བྃ་རོའི་སྟེང་དུ་འགྱིང༔ ཞི་ཆགས་གར་གྱི་ཉམས་བརྒྱའི་སྒེག༔ དར་དང་རིན་ཆེན་རུས་པས་བརྒྱན༔ གྲུ་མོར་ཐབས་ལྡན་ཁ་ཊྭཱྃ་ག༔ འཇའ་ཟེར་ཐིག་ལེ་འཁྲུགས་པའི་ཀློང༔ གསལ་སྟོང་ཡེ་རྫོགས་ཆེན་པོར་གསལ༔ སྤྱི་བོའི་གཙུག་གམ་མདུན་གྱི་མཁར༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རྒྱལ་ཀུན་སྤྱི་དཔལ་འདུས་པའི་གཟུགས༔ མ་ཧཱ་གུ་རུ་བདེ་བ་ཆེ༔ དཀར་དམར་མདངས་ལྡན་ཞི་ཞིང་འཛུམ༔ ཐེག་དགུའི་ཆས་རྫོགས་དབུར་པཎ་ཞྭ༔ ཕྱག་གཉིས་མཉམ་བཞག་བདེ་སྐྱོང་གིས༔ བདུད་རྩིའི་ཐོད་ཞལ་ཨེ་ཝྃ་མཚན༔ སྐུ་ལས་འོད་ཟེར་སྤྲོ་བསྡུ་ཡིས༔ རྒྱལ་ཀུན་ཞིང་ཁམས་རབ་འབྱམས་དང༔ རྩ་གསུམ་ཆོས་སྐྱོང་འཕྲོ་འདུ་འགྱེད༔ གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས༔ རབ་འབྱམས་ཞིང་ཁམས་རྒྱ་མཚོ་དང༔ རྔ་ཡབ་དག་པའི་ཞིང་ཁམས་ནས༔ སྲས་བཅས་རྒྱལ་བའི་ཐུགས་རྗེའི་རྩལ༔ གུ་རུའི་གསང་གསུམ་ཕྱག་རྒྱར་སད༔ ཆར་ལྟར་བབས་ནས་གཉིས་མེད་ཐིམ༔ ཧཱུྃ༔ འོག་མིན་རབ་འབྱམས་དག་པའི་ཞིང༔ རྔ་ཡབ་ཟངས་མདོག་དཔལ་རི་ནས༔ རིག་འཛིན་མ་ཧཱ་གུ་རུ་རྗེ༔ བདེ་བ་ཆེན་པོ་དབྱིངས་ནས་བཞེངས༔ ཕྱི་ནང་སྡུག་བསྔལ་ཀུན་ཞི་ཞིང༔ མཆོག་ཐུན་དངོས་གྲུབ་ཀུན་སྩོལ་བའི༔ གུ་རུ་གཙོ་འཁོར་སྤྲུལ་ཚོགས་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སཾ་བྷ་ཝ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ བཛྲ་ས་མ་ཡ་ཛཿ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ ཨོཾ་བཛྲ་ཨརྒྷཾ་ པདྱཾ་ པུཥྤེ་ དྷཱུ་པེ་ ཨཱ་ལོ་ཀེ་ གནྡྷེ་ ནཻ་ཝི་དྱ་ ཤབྡ་ རཱུ་པ་ ཤབྡ་ གནྡྷེ་ རཱ་ས་ སྤརྴེ་པྲ་ཏཱིཙྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ རཀྟ་ བ་ལིངྟ་ མ་ཧཱ་སུ་ཁ་ སརྦ་ཛྙཱ་ན་ དྷ་རྨ་དྷཱ་ཏུ་ ཨཏྨ་ཀོ྅ཧཾ༔ ཧྲཱིཿ མ་བཅོས་ཀ་དག་ཆོས་ཀྱི་སྐུ༔ མ་འགག་རང་གདངས་ལོངས་སྤྱོད་རྫོགས༔ མི་འགྱུར་ཐུགས་རྗེ་སྤྲུལ་པའི་སྐུ༔ སྐུ་གསུམ་བདེ་བ་ཆེན་པོར་བསྟོད༔ ཅེས་དང༌། ཁྱེད་ཤེས་ཀྱི་བློ་དང་མ་བྲལ་བར་གདུང་བའི་དབྱངས་དང་བཅས་ཏེ། ཧཱུྃ༔ ཨུ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་དམིགས་གནད་དང་བཅས་རྩེ་གཅིག་གསོལ་བ་བཏབ་ལ་གྲངས་བསགས་པས། འབུམ་ཕྲག་གིས་འགྲུབ་པར་ཞལ་གྱི་བཞེས་པ་ལྟར་ངེས་པའོ། ཐུན་མཐར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་གསོལ་འདེབས་ཀྱི་བསྙེན་པ་སྤྱི་དྲིལ་དང༌། ཡང་སྙིང༌། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་པའི་ཕན་ཡོན་ཡང༌། སིདྡྷི་བྱེ་བས་རིག་འཛིན་གནས་སུ་སྐྱེ༔ ཞེས་དང༌། བདུན་འབུམ་ཚེ་འདིར་པདྨ་འབྱུང་གནས་མཇལ༔ ཞེས་དང༌། གསུང་རབ་ཡན་ལག་བཅུ་གཉིས་འདུས་པའི་བཅུད༔ བྲིས་ཀློག་འཆང་དང་སྟོན་སྤེལ་བསོད་ནམས་ནི༔ ཚེ་འདིར་འཇིགས་དང་སྡུག་བསྔལ་བར་ཆད་ཞི༔ ཚེ་འཕོས་རིག་འཛིན་ཚོགས་བཅས་དཔལ་རིར་འཕོས༔ ས་མ་ཡ༔ ཞེས་པ་ལྟར་ལགས་པས་བརྩོན་འཚལ༔ རྒྱུན་དུ་འདི་ནས་དབང་བཞི་བླང་བ་ལ་འཇུག་པས་ཆོག་ཀྱང་དུས་བཟང་ལྟ་བུར་ཚོགས་མཆོད་བྱེད་པར་སྤྲོ་ན། ཐབས་ཤེས་ཀྱི་དམ་རྫས་ཚོགས་པར་བསགས་ལ་ནང་མཆོད་ཀྱིས་བྲན་ཏེ། རྃ་ཡྃ་ཁྃ༔ ཨོཾ་ཨཱཿཧཱུྃ༔ ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ སྲིད་བཅུད་ཡོངས་གྲུབ་ཚོགས་རྫས་བཤམས༔ གཉིས་འཛིན་རེ་དོགས་ཀུན་བསལ་ཏེ༔ ཀ་དག་ཡེ་ཤེས་བདུད་རྩིར་གྱུར༔ དམ་ཚིག་རྣམ་དག་དགྱེས་མཆོད་འདིས༔ རྩ་གསུམ་ཀུན་འདུས་པདྨ་འབྱུང༔ རབ་འབྱམས་དཀྱིལ་འཁོར་ལྷ་ལ་འབུལ༔ མཆོག་ཐུན་དངོས་གྲུབ་བསྩལ་དུ་གསོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནི་སརྦ་ག་ཎ་ཙཀྲ་པཱུ་ཛ་ཁ་ཧི༔ ཞེས་འབུལ་ཞིང་བསྐང་བ་ནི། ཧྲཱིཿ རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང༔ གུ་རུ་བདེ་བ་ཆེན་པོའི་ཚོགས༔ ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས༔ ཐུགས་དམ་ཆོས་ཀྱི་དབྱིངས་སུ་བསྐང༔ བསླབ་གསུམ་ཉེས་ལྟུང་ཕྲ་རགས་རྣམས༔ ཀ་དག་ཆོས་ཉིད་ཀློང་དུ་བཤགས༔ སྒྲིབ་བྲལ་མཆོག་ཐུན་དངོས་གྲུབ་སྩོལ༔ དབང་བཞིའི་བདག་རྒྱུད་བྱིན་གྱིས་རློབས༔ སརྦ་ས་མ་ཡ་ཤུདྡྷེ་ཨཱཿ ཞེས་ཚོགས་དང་པོ་ཕུལ་ཞིང༌། བར་པ་བརྡ་དང་བརྡའི་འབུལ་ལེན་གྱིས་ནང་གི་བསྲེག་བླུག་ཏུ་རོལ། ལྷག་མ་བསྡུས་ཏེ། ཧྲཱིཾཿཕེཾ༔ སྣང་སྲིད་ཀ་དག་སྤྲོས་བྲལ་གདངས༔ ཐབས་ཤེས་རོལ་པའི་གཙོ་དང་འཁོར༔ མ་མདུན་སྲིང་བཞིའི་ལྷ་ཚོགས་རྣམས༔ ལྷག་གཏོར་འདི་བཞེས་ཕྲིན་ལས་སྒྲུབས༔ ཨུཙྪིཥྚ་བྷཀྵ་ཁཱ་ཧི༔ ཆད་ཐོ་ནི། ཧཱུྃ་བྷྱོཿ འཕོ་མེད་ཀ་དག་དུས་ཀྱི་ཚེ༔ རང་རིག་གདོད་མའི་རང་མདངས་ཀྱི༔ འཁོར་ཚོགས་རྒྱ་མཚོའི་ཐ་ཚིག་ལས༔ སྒྲུབ་ཕྱིར་གཏོར་མ་འབུལ་གྱི་བཞེས༔ ས་མ་ཡ་རཀྵནྟུ༔ བརྟན་གཏོར་ནི། བྷྱོཿ སྔོན་ཚེ་པདྨའི་སྤྱན་སྔ་རུ༔ ཞལ་བཞེས་བོད་ཡུལ་བརྟན་སྐྱོང་སྟེ༔ བཤལ་ཆུའི་མཆོད་གཏོར་འདི་བཞེས་ལ༔ ཐ་ཚིག་བཞིན་དུ་ཕྲིན་ལས་སྒྲུབས༔ ས་མ་ཡ་ཧོཿ དེ་ནས་དབང་བླངས་ལ་ཐོག་མར་གདུང་ཤུགས་ཀྱིས་གསོལ་བ་འདེབས་པ་ནི༔ ཀྱཻ་ཀྱཻ་རྗེ་བཙུན་བླ་མ༔ སྙིགས་དུས་འགྲོ་བའི་སྐྱབས་གཅིག༔ བདག་སོགས་ཐར་པའི་ལམ་མཁན༔ དྲིན་ཆེན་བླ་མ་མཁྱེན་ནོ༔ ཞེས་པས་ཡང་ཡང་གསོལ་བ་བཏབ་ལ། གུ་རུ་མཁའ་འགྲོའི་ཚོགས་བཅས་ཀྱིས༔ བདག་ཅག་མོས་པའི་བུ་རྣམས་ལ༔ ལུས་ལ་སྐུ་ཡི་བྱིན་གྱིས་རློབས༔ ངག་ལ་གསུང་གི་བྱིན་གྱིས་རློབས༔ ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབས༔ དབང་བཞི་བསྐུར་ལ་བྱིན་གྱིས་རློབས༔ རྒྱུད་བཞི་དག་པར་བྱིན་གྱིས་རློབས༔ ལམ་བཞི་འབྱོང་བར་བྱིན་གྱིས་རློབས༔ སྐུ་བཞི་ཐོབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དེ་ཝ་ཌཱ་ཀི་ནི་ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་྄སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ ཞེས་དབང་བཞི་བླངས་ཏེ། རྩ་གསུམ་ལྷ་ཚོགས་ཨོ་རྒྱན་བླ་མར་ཐིམ༔ ཨོ་རྒྱན་བླ་མ་འོད་ཞུ་རང་དང་འདྲེས༔ རང་རིག་མ་བཅོས་གསལ་སྟོང་ངང་དུ་བཞག༔ བློ་འདས་བརྗོད་མེད་ཆོས་སྐུ་བདེ་བ་ཆེ༔ ཞེས་མ་བཅོས་པའི་ངང་དུ་བཞག་ཅིང༌། སྣང་གྲགས་རྟོག་ཚོགས་རང་སྣང་དག་པའི་ཞིང༔ སྐུ་གསུམ་བླ་མའི་རང་གདངས་ཨེ་མ་ཧོ༔ ཞེས་ལམ་དུ་ཁྱེར་ལ༔ དགེ་བ་འདི་ཡིས་མྱུར་དུ་བདག༔ ཨོ་རྒྱན་བླ་མ་འགྲུབ་འགྱུར་ནས༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ ཁྱེད་ཀྱི་གོ་འཕང་མྱུར་ཐོབ་ཤོག༔ ཅེས་བསྔོ་སྨོན་དང༌། ཧྲཱིཿ བརྒྱུད་གསུམ་བླ་མའི་བྱིན་རླབས་མཁའ་དབྱིངས་འཁྱིལ༔ ཡི་དམ་མཁའ་འགྲོ་ཆོས་ཉིད་རང་གདངས་སད༔ ཆོས་སྐྱོང་སྲུང་མས་ཅི་བཅོལ་ལས་བསྒྲུབས་ཏེ༔ ཚེ་གཅིག་རྫོགས་སངས་རྒྱས་པའི་བཀྲ་ཤིས་ཤོག༔ ཅེས་མེ་ཏོག་གི་ཆར་དུ་བསྙིལ་བར་བྱའོ། །ཞེས་པའང་ཁུ་ནུའི་བཙུན་མ་བྷ་དྲ་བྷིཀྵུའི་བསྐུལ་བ་རྟེན་འབྱུང་དགེ་བར་སེམས་མདོ་ཁམས་ཀྱི་དགེ་སྦྱོང་ཀློང་ཆེན་ཡེ་ཤེས་རྡོ་རྗེས་བཀོད་པ་དགེ་ལེགས་ཀྱི་སྣང་བས་ཕྱོགས་མཐར་ཁྱབ་པའི་རྒྱུར་གྱུར་ཅིག །ཤུབྷ་མསྟུ་སརྦ་ཛ་ག་ཏཾ།། །།

Footnotes

Other Information