རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ལས༔ བསྐང་བཤགས་ཡེ་ཤེས་རོལ་མོ༔

From Khyentse Lineage - A Tsadra Foundation Project
Revision as of 08:11, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)
Wylie title rdo rje snying po don gyi thol glu las: bskang bshags ye shes rol mo DKR-KABUM-18-TSHA-004.pdf
Location dil mgo mkhyen brtse bka' 'bum
Volume 18, Text 4, Pages 15-16 (Folios 1a1 to 2b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People ལྷ་བཙུན་ནམ་མཁའ་འཇིགས་མེད་ (lha btsun nam mkha' 'jigs med)
Citation Khyentse, Dilgo. Rdo rje snying po don gyi thol glu las bskang bshags ye shes rol mo. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 15-16. Delhi: Shechen Publications, 1994.
Genre Confessions - bshags pa  ·  Mending Rituals - bskang chog
Cycle རིག་འཛིན་ཌཱ་ཀིའི་སྲོག་ཏིག་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ (rig 'dzin da ki'i srog tig rdo rje snying po don gyi thol glu)
Colophon

པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བྲིས་ཤིང་སྤེལ་བ་སིདྡྷི་རསྟུ།།

pad+ma gar dbang 'od gsal mdo sngags gling pas bris shing spel ba sid+d+hi rastu//

[edit]
།རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ལས༔ བསྐང་བཤགས་ཡེ་ཤེས་རོལ་མོ་བཞུགས༔ ཧཱུྃ་ཧྲཱིཿ འོད་གསལ་དབྱིངས་སུ་ཆོས་ཀུན་ཀ་དག་པས༔ ཆོས་ཅན་མཚན་མའི་རྟོག་པ་ཀློང་དུ་ཟད༔ ལྷུན་གྲུབ་ཟང་ཐལ་རྒྱལ་བའི་སྐུ་གསུང་ཐུགས༔ ཕྱོགས་དུས་རབ་འབྱམས་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ གདོད་མའི་མགོན་པོ་བླ་མ་རིན་པོ་ཆེ༔ རིག་པ་སྐུར་སྨིན་ཁྱབ་བརྡལ་ཞི་ཁྲོའི་གར༔ གཞོམ་མེད་འོད་སྐུར་འཁྱིལ་བའི་གུར་ཁང་ནས༔ དགྱེས་པའི་གར་གྱིས་རྡོ་རྗེའི་ཞིང་འདིར་བྱོན༔ ཕྱི་སྣོད་ཡེ་ཤེས་ཀློང་ལྔ་འཁྱིལ་བའི་སྦུབས༔ ནང་བཅུད་ཟག་མེད་ཀུན་ཏུ་བཟང་པོའི་སྤྲིན༔ དགྱེས་དགུའི་དམ་རྫས་རྩོལ་མེད་ཡོངས་ཤར་བ༔ སྣང་ལ་རང་བཞིན་མ་གྲུབ་བཀོད་པའི་དཔལ༔ རྟག་ཏུ་འཆར་བ་ཡེ་ཤེས་རོལ་མོ་ཅན༔ ཟང་ཐལ་ཀུན་ཁྱབ་ཆོས་དབྱིངས་རྡོ་རྗེ་སྙིང༔ དྭངས་མ་འོད་སྐུར་འདུས་པའི་བདག་ཉིད་ཅན༔ ལྷུན་གྱིས་གྲུབ་པ་སྣང་བ་བཞིའི་ངོ་བོ༔ ཀུན་བཟང་གདོད་མའི་མགོན་པོ་ཆོས་ཀྱི་རྗེ༔ ཟབ་རྒྱས་ཐེག་པ་རྣམ་དགུའི་སྟོན་པ་མཆོག༔ ངོ་མཚར་གདུལ་བྱའི་མོས་ངོར་རྩོལ་མེད་ཀྱི༔ སྨིན་གྲོལ་རྒྱ་མཚོའི་གསང་བའི་མཛོད་ཆེན་པོ༔ འཁོར་བའི་སྡུག་བསྔལ་སྙིང་ལ་བརྣག་པ་ཡིས༔ བཟོད་མེད་ངེས་པར་འབྱུང་བའི་ཕ་མཐར་སོན༔ མཁའ་ཁྱབ་སྙིང་རྗེའི་ཚོགས་གཉིས་མཐའ་ཀླས་པའི༔ སྲིད་ཞིའི་འཇིགས་པ་སྐྱོབ་བྱེད་ཐེག་པའི་སྒོ༔ ཀུན་འབྱུང་འདྲེན་པའི་ལྷ་ཚོགས་ཐུགས་དམ་བསྐང༔ བསླབ་གསུམ་ཡོན་ཏན་གཞིར་རྫོགས་དངོས་གྲུབ་སྩོལ༔ ཟག་བཅས་འཁྲུལ་པའི་ལས་ཉོན་བདེ་ཆེན་དལ༔ རིགས་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པ་རུ༔ དག་པ་གསུམ་དང་གཙང་སྦྲའི་དཀའ་ཐུབ་ཀྱི༔ ལམ་སྟོན་ཕྱི་རྒྱུད་སྡེ་གསུམ་དཀྱིལ་འཁོར་ལྷ༔ བདེ་ཆེན་རོལ་པའི་སྤྲིན་གྱི་ཐུགས་དམ་བསྐང༔ འཛད་མེད་དངོས་གྲུབ་དགའ་སྟོན་དུས་འདིར་སྩོལ༔ གཞི་ལམ་འབྲས་བུ་གདོད་ནས་གཉིས་མེད་པའི༔ ཡེ་ཤེས་རྒྱན་གྱི་རོལ་མོ་ཚད་བཟུང་བྲལ༔ གདན་གསུམ་དག་པ་རབ་འབྱམས་ཆོས་ཉིད་ཀློང༔ བདེ་གཤེགས་ཞི་ཁྲོ་སྒྲུབ་སྡེ་བརྒྱད་ལ་སོགས༔ དབང་བསྒྱུར་ཐབས་ཀྱི་ཐེག་པའི་ཐུགས་དམ་བསྐང༔ རྡོ་རྗེའི་ལམ་གྱི་སྨིན་གྲོལ་ཡོངས་སུ་རྫོགས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་དཔལ༔ མི་ཟད་རྒྱན་གྱི་འཁོར་ལོའི་དབྱིངས་ཆེན་པོར༔ གཉིས་མེད་གཅིག་ཏུ་རྫོགས་པའི་དངོས་གྲུབ་དང༔ རིག་འཛིན་རྣམ་བཞིའི་ས་ལམ་ལྷུན་རྫོགས་མཛོད༔ ཧཱུྃ་ཧྲཱིཿ གདོད་ནས་གཞིར་གྲོལ་ཆོས་སྐུའི་ཡེ་ཤེས་ལ༔ མཚན་རྟོག་འཁྲུལ་པའི་ནོངས་པས་བསྒྲིབས་པ་ཡིས༔ གཉིས་སྣང་གློ་བུར་ཉམས་ཆག་མ་ལུས་པ༔ ཀ་དག་ཀློང་ཡངས་ཆེན་པོར་བཟོད་པར་གསོལ༔ འོད་གསལ་འཕོ་འགྱུར་མེད་པ་ཆོས་ཀྱི་དབྱིངས༔ ཀུན་ཏུ་བཟང་པོ་ཟག་མེད་ཆོས་ཁམས་གཏེར༔ སྐུ་གསུམ་འདུ་བྲལ་མེད་པའི་དེ་ཁོ་ན༔ མཉམ་ཉིད་དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ མེད་ཕྱལ་ལྷུན་གྲུབ་ཆེན་པོ་ཡེ་སྲུང་ཆེ༔ སྡོམ་དང་དམ་ཚིག་རྒྱ་མཚོའི་སྲོག་གི་གནད༔ བཅིང་གྲོལ་ལས་འདས་བརྡལ་ཁྱབ་གཉུག་མའི་གཞི༔ རྒྱ་ཡན་ཅོག་བཞག་ཆེན་པོའི་ཀློང་དུ་ཨ༔ རྩ་གསུམ་རྒྱལ་བ་དགྱེས་པའི་རོལ་རྩེད་ཀྱིས༔ མཆོག་ཐུན་དངོས་གྲུབ་མི་ཟད་ཡོངས་སུ་རྫོགས༔ རྒྱན་གྱི་འཁོར་ལོ་སྐུ་གསུང་ཐུགས་ཡེ་ཤེས༔ དོན་གཉིས་ལོངས་སྤྱོད་ཆེན་པོའི་དཔལ་དམ་པས༔ བག་ཆགས་འཁྲུལ་རྟོག་མ་ལུས་དབྱིངས་སུ་ཞི༔ གསལ་ཁྱབ་ཡོན་ཏན་དཔལ་ཀུན་ལྷུན་རྫོགས་རྒྱས༔ རླུང་སེམས་འགྲོ་འོང་དབུ་མར་དབང་དུ་བསྡུས༔ གློ་བུར་བདུད་བཞིའི་བར་ཆད་སྒྲོལ་བར་མཛོད༔ རྣམ་སྨིན་རིག་འཛིན་མཐར་ཕྱིན་ཆོས་ཉིད་དོན༔ མངོན་སུམ་ཚེ་དབང་སྒྲོན་དྲུག་སྣང་ཉམས་འཕེལ༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་ཚད་ལ་ཕེབས༔ ཆོས་ཟད་ལྷུན་གྱིས་གྲུབ་པའི་ས་ལ་སྐྱོལ༔ སྐུ་ལྔ་ཡེ་རྫོགས་ཡེ་ཤེས་འཕེལ་འགྲིབ་བྲལ༔ གཞོན་ནུ་བུམ་སྐུ་རྒྱལ་བའི་དགོངས་བཅུད་དུ༔ གཉིས་མེད་རོལ་པས་རྟག་ཏུ་མི་གཡོ་བས༔ ཀུན་བཟང་རིག་འཛིན་བླ་མའི་ས་ཐོབ་ཤོག༔ ཅེས་འདི་ཆོས་ཟད་སྒྱུ་མའི་རྣལ་འབྱོར་པ༔ ལྷ་བཙུན་ཌཱ་ཀིའི་དབང་ཕྱུག་བྱིན་ཐོབ་པའི༔ རྒྱལ་ཁམས་མུ་ཏོ་ཕྱོགས་ཀུན་རྒྱུ་བའི་ཚེ༔ རང་བྱུང་མཆོད་རྟེན་བྱ་རུང་ཁ་ཤོར་ནས༔ ལས་ཅན་དག་པའི་རིག་འཛིན་ཛྙཱ་ནའི་མཚན༔ རྡོ་རྗེའི་མཆེད་པོ་ཨཱ་ནནྡས་བསྐུལ་ནས༔ རིག་རྩལ་འགག་མེད་རོལ་པར་ཤར་བ་བཞིན༔ ཡི་གེར་བཏབ་པས་ཉམས་ཆག་རྟོག་སྒྲིབ་ཞི༔ རྡོ་རྗེའི་ཡེ་ཤེས་སྣང་བཞི་མཐར་སོན་ནས༔ ཚོམ་བུ་དང་བཅས་ཀུན་བཟང་ཆོས་སྐུའི་ཀློང༔ འབད་མེད་གྲོལ་བའི་དགའ་སྟོན་སྤྱོད་གྱུར་ཅིག༔ ས་མ་ཡ༔ གུ་ཧྱ༔ བརྡ་ཐིམ༔ པདྨ་གར་དབང་འོད་གསལ་མདོ་སྔགས་གླིང་པས་བྲིས་ཤིང་སྤེལ་བ་སིདྡྷི་རསྟུ།། །།
[edit]

skya__/rdo rje snying po don gyi thol glu las:_bskang bshags ye shes rol mo bzhugs:_hU~M hrIH_'od gsal dbyings su chos kun ka dag pas:_chos can mtshan ma'i rtog pa klong du zad:_lhun grub zang thal rgyal ba'i sku gsung thugs:_phyogs dus rab 'byams dkyil 'khor lhun gyis grub:_gdod ma'i mgon po bla ma rin po che:_rig pa skur smin khyab brdal zhi khro'i gar:_gzhom med 'od skur 'khyil ba'i gur khang nas:_dgyes pa'i gar gyis rdo rje'i zhing 'dir byon:_phyi snod ye shes klong lnga 'khyil ba'i sbubs:_nang bcud zag med kun tu bzang po'i sprin:_dgyes dgu'i dam rdzas rtsol med yongs shar ba:_snang la rang bzhin ma grub bkod pa'i dpal:_rtag tu 'char ba ye shes rol mo can:_zang thal kun khyab chos dbyings rdo rje snying:_dwangs ma 'od skur 'dus pa'i bdag nyid can:_lhun gyis grub pa snang ba bzhi'i ngo bo:_kun bzang gdod ma'i mgon po chos kyi rje:_zab rgyas theg pa rnam dgu'i ston pa mchog:_ngo mtshar gdul bya'i mos ngor rtsol med kyi:_smin grol rgya mtsho'i gsang ba'i mdzod chen po:_'khor ba'i sdug bsngal snying la brnag pa yis:_bzod med nges par 'byung ba'i pha mthar son:_mkha' khyab snying rje'i tshogs gnyis mtha' klas pa'i:_srid zhi'i 'jigs pa skyob byed theg pa'i sgo:_kun 'byung 'dren pa'i lha tshogs thugs dam bskang:_bslab gsum yon tan gzhir rdzogs dngos grub stsol:_zag bcas 'khrul pa'i las nyon bde chen dal:_rigs gsum lha sngags chos sku'i rol pa ru:_dag pa gsum dang gtsang sbra'i dka' thub kyi:_lam ston phyi rgyud sde gsum dkyil 'khor lha:_bde chen rol pa'i sprin gyi thugs dam bskang:_'dzad med dngos grub dga' ston dus 'dir stsol:_gzhi lam 'bras bu gdod nas gnyis med pa'i:_ye shes rgyan gyi rol mo tshad bzung bral:_gdan gsum dag pa rab 'byams chos nyid klong:_bde gshegs zhi khro sgrub sde brgyad la sogs:_dbang bsgyur thabs kyi theg pa'i thugs dam bskang:_rdo rje'i lam gyi smin grol yongs su rdzogs:_sku gsung thugs dang yon tan phrin las dpal:_mi zad rgyan gyi 'khor lo'i dbyings chen por:_gnyis med gcig tu rdzogs pa'i dngos grub dang:_rig 'dzin rnam bzhi'i sa lam lhun rdzogs mdzod:__hU~M hrIH_gdod nas gzhir grol chos sku'i ye shes la:_mtshan rtog 'khrul pa'i nongs pas bsgribs pa yis:_gnyis snang glo bur nyams chag ma lus pa:_ka dag klong yangs chen por bzod par gsol:_'od gsal 'pho 'gyur med pa chos kyi dbyings:_kun tu bzang po zag med chos khams gter:_sku gsum 'du bral med pa'i de kho na:_mnyam nyid dag tshangs mchog gi dngos grub stsol:_med phyal lhun grub chen po ye srung che:_sdom dang dam tshig rgya mtsho'i srog gi gnad:_bcing grol las 'das brdal khyab gnyug ma'i gzhi:_rgya yan cog bzhag chen po'i klong du a:_rtsa gsum rgyal ba dgyes pa'i rol rtsed kyis:_mchog thun dngos grub mi zad yongs su rdzogs:_rgyan gyi 'khor lo sku gsung thugs ye shes:_don gnyis longs spyod chen po'i dpal dam pas:_bag chags 'khrul rtog ma lus dbyings su zhi:_gsal khyab yon tan dpal kun lhun rdzogs rgyas:_rlung sems 'gro 'ong dbu mar dbang du bsdus:_glo bur bdud bzhi'i bar chad sgrol bar mdzod:_rnam smin rig 'dzin mthar phyin chos nyid don:_mngon sum tshe dbang sgron drug snang nyams 'phel:_phyag rgya chen po'i rig 'dzin tshad la phebs:_chos zad lhun gyis grub pa'i sa la skyol:_sku lnga ye rdzogs ye shes 'phel 'grib bral:_gzhon nu bum sku rgyal ba'i dgongs bcud du:_gnyis med rol pas rtag tu mi g.yo bas:_kun bzang rig 'dzin bla ma'i sa thob shog:_ces 'di chos zad sgyu ma'i rnal 'byor pa:_lha btsun DA ki'i dbang phyug byin thob pa'i:_rgyal khams mu to phyogs kun rgyu ba'i tshe:_rang byung mchod rten bya rung kha shor nas:_las can dag pa'i rig 'dzin dz+nyA na'i mtshan:_rdo rje'i mched po A nan+das bskul nas:_rig rtsal 'gag med rol par shar ba bzhin:_yi ger btab pas nyams chag rtog sgrib zhi:_rdo rje'i ye shes snang bzhi mthar son nas:_tshom bu dang bcas kun bzang chos sku'i klong:_'bad med grol ba'i dga' ston spyod gyur cig:_sa ma ya:_gu h+ya:__brda thim:_pad+ma gar dbang 'od gsal mdo sngags gling pas bris shing spel ba sid+d+hi rastu//__//

Footnotes

Other Information