རྒྱལ་བ་ལྷ་བཙུན་ཆེན་པོར་བསྔགས་པ་ཟབ་དོན་རྡོ་རྗེའི་རྒྱུད་མང་།

From Khyentse Lineage - A Tsadra Foundation Project
DKR-KABUM-18-TSHA-003
Wylie title rgyal ba lha btsun chen por bsngags pa zab don rdo rje'i rgyud mang DKR-KABUM-18-TSHA-003.pdf
Location dil mgo mkhyen brtse bka' 'bum
Volume 18, Text 3, Pages 13-14 (Folios 1a1 to 2b4)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People ལྷ་བཙུན་ནམ་མཁའ་འཇིགས་མེད་ (lha btsun nam mkha' 'jigs med)
Citation Khyentse, Dilgo. Rgyal ba lha btsun chen por bsngags pa zab don rdo rje'i rgyud mang. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 13-14. Delhi: Shechen Publications, 1994.
Genre Verses of Praise - bstod pa
Cycle རིག་འཛིན་ཌཱ་ཀིའི་སྲོག་ཏིག་རྡོ་རྗེ་སྙིང་པོ་དོན་གྱི་ཐོལ་གླུ་ (rig 'dzin da ki'i srog tig rdo rje snying po don gyi thol glu)
Colophon

།མངྒ་ལས་སོ།

/mang+ga las so/

[edit]
རྒྱལ་བ་ལྷ་བཙུན་ཆེན་པོར་བསྔགས་པ་ཟབ་དོན་རྡོ་རྗེའི་རྒྱུད་མང་ཞེས་བྱ་བ་བཞུགས། ཆོས་དབྱིངས་ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱི། །དགོངས་ཀློང་རྩལ་རྫོགས་སྒྲིབ་བྲལ་རྡོ་རྗེའི་མཚོན། །སྲིད་ཞིའི་འཇིགས་མེད་དཔའ་ཆེན་ཧེ་རུ་ཀས། །བདག་བློ་ཡེ་ཤེས་འཆར་བའི་ཕོ་ཉ་མཛོད། །ཚུལ་གནས་ཐོས་བསམ་སྒོམ་པའི་ཡོན་ཏན་གྱིས། །རྒྱལ་བསྟན་རིན་ཆེན་བང་མཛོད་ཁེངས་བྱས་ནས། །འཁྲུལ་མེད་རྒྱལ་བ་དགྱེས་པའི་རྣམ་ཐར་གྱིས། །གངས་ཅན་མཛེས་པར་མཛད་ལ་དྭངས་བས་བསྔགས། །ཁྱད་པར་ལྷན་སྐྱེས་ཡེ་ཤེས་ཉི་མའི་གཟི། །སྨིན་གྲོལ་ནུས་པས་འཁྲུལ་རྟོག་སྦུབས་བརྟོལ་ཏེ། །རྡོ་རྗེ་ཐེག་པའི་སྤང་རྟོགས་སྣང་བ་བརྒྱས། །ཕྱོགས་དུས་ཞིང་མཐར་བརྡལ་ལ་ཁྱེད་མཚུངས་སུ། །ཚོགས་བརྒྱད་རུ་ཏྲ་བསྒྲལ་བའི་དུར་ཁྲོད་དུ། །རྡོ་རྗེའི་བརྟུལ་ཞུགས་གྲུབ་པའི་ཟིལ་ཆེན་པོས། །འབུམ་ཕྲག་ཌཱ་ཀིའི་ཚོགས་དང་དགྱེས་རོལ་པ། །གངས་ཅན་གྲུབ་བརྒྱའི་དབུས་ན་ཁྱོད་གཅིག་བསྔགས། །འདིར་སྣང་སྒྱུ་མར་གཟིགས་པའི་རྣལ་འབྱོར་ཡང༌། །ཆོས་བརྒྱད་ཐོག་བརྫིས་བཏང་བའི་རོ་སྙོམས་ཀྱིས། །ངེས་མེད་གནས་ཡུལ་དུར་ཁྲོད་ཐམས་ཅད་དུ། །སྐྱིད་སྡུག་མཉམ་ཡངས་ཆེན་པོས་གཤེགས་ལ་བསྟོད། །རི་བྲག་གངས་ལྗོངས་ནགས་ཁྲོད་དབེན་པ་རུ། །སྣང་བཞིའི་གཟིགས་མོར་ཡེངས་པའི་ངང་ཚུལ་གྱིས། །གདོས་བཅས་འོད་དེངས་སྣོད་བཅུད་འོད་གསལ་ཆེ། །སྒྲོན་དྲུག་དཀྱིལ་འཁོར་རྫོགས་པའི་དཔའ་བོར་བསྟོད། །དང་པོའི་སངས་རྒྱས་ཀུན་མཁྱེན་བླ་མ་རྗེའི། །རྒྱལ་ཐབས་སྤྱི་བླུགས་དགོངས་བརྒྱུད་དབང་བསྐུར་བས། །ཆོས་ཟད་གདོད་མའི་གྲོལ་གཞིར་འུབ་ཆུབ་པའི། །ཁྱབ་བརྡལ་དགོངས་པ་མཉམ་རྗེས་གྲོལ་ལ་འདུད། །རྩ་ཁམས་འོད་དུ་དེངས་པའི་ཡེ་ཤེས་རླུང༌། །རྡོ་རྗེ་ནཱ་དའི་རྒྱུད་མང་ཐོལ་བྱུང་གིས། །འོད་གསལ་གདོད་མའི་གསེང་ལམ་མཛུབ་ཚུགས་སུ། །བསྟན་པའི་ཡེ་ཤེས་རོལ་མོ་འཁྲོལ་ལ་བསྟོད། །དུས་ཀྱི་ཐ་མ་གངས་ཅན་བསྟན་འགྲོའི་དཔལ། །ཉམས་ཚེ་རང་བྱུང་གདོད་ནས་གྲུབ་པའི་གནས། །སྦས་ལུང་རིན་ཆེན་གསང་བའི་སྒོ་ཕྱེ་ནས། །གདུལ་བྱ་དབུགས་དབྱུང་མཛད་ལ་གསོལ་བ་འདེབས། །སྣང་སེམས་སྒྱུ་མར་རྟོག་པའི་རྫུ་འཕྲུལ་དང༌། །ཁྱབ་བརྡལ་ཆོས་སྐུའི་དགོངས་པ་མཁའ་མཉམ་པས། །གྲོལ་བ་དྲུག་ལྡན་ཀུན་བཟང་གདོད་མའི་ལམ། །འཕགས་བོད་ཡུལ་གྲུར་བསྟན་ལ་མཚུངས་ཟླ་བྲལ། །པཎ་གྲུབ་ལྔ་བརྒྱའི་རྣམ་དཔྱོད་ལྷ་དབང་གཙུག །ཞབས་སེན་ནོར་བུའི་གཟི་འབར་བི་མ་ལ། །བསམ་བཞིན་བྱོན་པའི་གྲགས་པ་དོན་ལྡན་ལ། །ཡིད་ཆེས་བསྟོད་པའི་བཀུར་སྟིས་ཅིས་མི་བསྙེན། །ཀུན་རྟོག་རྦ་རླབས་རབ་འཁྲུགས་ཡིད་ཀྱི་རྫིང༌། །འཁྲུལ་སྣང་རྙོགས་པས་དྲི་ང་བྱས་པ་ལ། །དག་ཆེན་ཡེ་ཤེས་ཀེ་ཏ་ཀ་ཆེན་པོ། །རང་གྲོལ་དགོངས་པའི་དབང་མཆོག་ད་ལྟ་སྩོལ། །བློས་བྱས་ཡིད་དཔྱོད་འཆིང་བའི་ཞགས་པ་བརྒྱས། །གནས་ངན་སྡིག་ཏོའི་གཡང་སར་བཅིངས་པ་གང༌། །མགོན་ཁྱོད་དགོངས་རྒྱུད་རལ་གྲིས་མ་བཅད་ན། །སྡུག་བསྔལ་རྦ་ལ་གཡེངས་འདི་སུས་སྒྲོལ་ནུས། །དེ་ཕྱིར་དད་དང་གུས་པའི་ཆུ་བའི་རྩེར། །བསྟོད་པའི་མེ་ཏོག་ཕྲ་མོ་མཛེས་བྱས་པར། །ཡེ་ཤེས་ཉིན་བྱེད་གཟིགས་པའི་ཟེར་ལྷུང་བས། །ཆོས་ཉིད་དབྱིངས་ཀྱི་དགོངས་པ་མངོན་གྱུར་མཛོད། །བདག་བློའི་ཐོག་མེད་མུན་སྤྲུལ་སྟུག་པོ་ཡང༌། །མགོན་ཁྱོད་དགྱེས་པའི་སྐྱ་རེངས་ཀྱིས་བསལ་ནས། །ཐེག་མཆོག་ལྟ་སྒོམ་སྤྱོད་འབྲས་སྣང་བའི་ཚོགས། །མངོན་སུམ་སྤྱོད་པའི་སྐལ་པ་དགེ་གྱུར་ཅིག །ཚེ་རབས་ཀུན་ཏུ་ཚེ་འདིའི་འཆིང་གྲོལ་ཏེ། །རོ་སྙོམས་སྤྱོད་པ་མུ་ཏོའི་བརྟུལ་ཞུགས་ཀྱིས། །ངེས་དོན་བཤད་སྒྲུབ་བསྟན་པའི་བྱ་བ་ཡིས། །ཐེག་མཆོག་སྙིང་པོའི་གྲོང་དུ་འཇུག་གྱུར་ཅིག །མགོན་ཁྱོད་དགོངས་བརྒྱུད་སྙིང་གི་དབུས་སིམས་པས། །སྣང་སྤྱོད་སྒྱུ་མས་བསྟན་འགྲོའི་དོན་བྱེད་ཅིང༌། །ཀློང་ཆེན་ནམ་མཁའི་རྣལ་འབྱོར་འཇིགས་མེད་པའི། །རྣམ་ཐར་བདག་གིར་བྱེད་པའི་སྐལ་ལྡན་ཤོག །དེ་སྐད་ཁྱོད་ཀྱི་ཡེ་ཤེས་སྒྱུ་མ་ཡི། །རྡོ་རྗེའི་གསུང་གསང་མཐོང་བས་ཉེར་བསྐུལ་ཏེ། །ཚིགས་སུ་བཅད་པའི་བསྟོད་ཕྲེང་འདི་དག་ཀྱང༌། །འཁོས་ཆུང་མངྒ་ལ་ཡིས་བྲིས་ནས་སོང༌། །ཚུལ་དེ་ཚིག་གི་སྦྱོར་བ་ཆེས་ཕྲ་ཡང༌། །བཅོས་མིན་མོས་གུས་ཆུ་གཏེར་ཆེར་གཡོ་བའི། །ནུས་པས་ཁྱོད་ཐུགས་བསྐུལ་ཏེ་བྱིན་སྣང་གི །ཉིན་བྱེད་སྙིང་གི་པདྨོར་འཕོ་གྱུར་ཅིག །མངྒ་ལས་སོ།

Footnotes

Other Information