དགྲ་འདུལ་ཝེར་མའི་སྙིང་ཏིག་ལས༔ ཞི་བྱེད་བསང་ཁྲུས་ཀྱི་ཆོ་ག་བཀྲ་ཤིས་བདུད་རྩིའི་མེ་ཏོག༔

From Khyentse Lineage - A Tsadra Foundation Project
DKR-KABUM-23-'A-020
Wylie title dgra 'dul wer ma'i snying tig las: zhi byed bsang khrus kyi cho ga bkra shis bdud rtsi'i me tog DKR-KABUM-23-A-020.pdf
Location dil mgo mkhyen brtse bka' 'bum
Volume 23, Text 20, Pages 363-373 (Folios 1a to 6a2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Dgra 'dul wer ma'i snying tig las zhi byed bsang khrus kyi cho ga bkra shis bdud rtsi'i me tog. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 363-373. Delhi: Shechen Publications, 1994.
Genre Cleansing Ritual - khrus chog
Cycle དགྲ་འདུལ་ཝེར་མའི་སྙིང་ཏིག་ (dgra 'dul wer ma'i snying tig)
Deity ge sar
[edit]
དྷཱིཿ།༔ དགྲ་འདུལ་ཝེར་མའི་སྙིང་ཏིག་ལས༔ ཞི་བྱེད་བསང་ཁྲུས་ཀྱི་ཆོ་ག་བཀྲ་ཤིས་བདུད་རྩིའི་མེ་ཏོག་བཞུགས་སོ༔

ཨོཾ་སྭསྟི་སིདྡྷཾ། འཛམ་གླིང་ཝེར་མ་སེང་ཆེན་རྒྱལ་པོའི་སྒོ་ནས་མི་མཐུན་རྒུད་པའི་ཚོགས་མཐའ་དག་ཞི་བར་བྱེད་པའི་བདུད་རྩིའི་བསང་ཁྲུས་ཀྱི་ཆོ་ག་རྒྱས་པར་བྱ་བ་ལ། གནས་གཙང་མར་བདུད་རྩིའི་ཤིང་སྣའི་བསང་དུད་དང༌། གཏོར་མ་དཀར་ཟླུམ་འཁོར་བཞི་ཅན། ཕྱེ་མར་འབྲུ་སྨན་རིན་ཆེན་དར་སྣས་བརྒྱན་པ། གསེར་སྐྱེམས་དཀར་སྔོན་དང་བཅས། སྤྲོ་ན་བུམ་པ་ཉེར་ལྔའི་བཅུད་ཀྱིས་གཏམས་པའམ། བསྡུ་ན་སྣོད་གཙང་མར་ཆུ་གཙང་བཅས་འདུ་བྱས་ལ། བདག་གི་རྣལ་འབྱོར་རྩ་གསུམ་གང་འོས་ཀྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས། རཾ་ཡཾ་ཁཾ། བསང་གི་མ་དག་ཉེས་སྐྱོན་ཀུན་བསྲེགས་གཏོར་བཀྲུས་ཏེ་བདུད་རྩི་ཤིང་གི་སྤོས་སྤྲིན་དྲི་ཚོར་བ་ཙམ་གྱིས་མི་གཙང་བའི་ཉེས་གྲིབ་ཀྱི་ཚོགས་མཐའ་དག་སེལ་བར་བྱེད་ཅིང༌། དུ་བ་ཉིད་བདུག་སྤོས་ཀྱི་ལྷ་མོ་སྐུ་ལས་ཕུན་ཚོགས་འདོད་ཡོན་གྱི་རོལ་མོ་བསམ་ཡས་མཁའ་ཁྱབ་ཏུ་སྤྲོ་བས་མགྲོན་ཀུན་དགྱེས་པ་སྐྱེད་པའི་མཐུ་དང་ལྡན་པ་དང༌། བསང་ཆུའི་སྟེང་དུ་ཟླ་བ་ལ་བཾ་ལས་དག་བྱེདཡེ་ཤེས་ཀྱི་བདུད་རྩི་མི་གཙང་བའི་ཉེས་སྐྱོན་མཐའ་དག་སྦྱོང་བའི་ནུས་པ་དང་ལྡན་པའི་རང་བཞིན་དུ་གྱུར། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་དང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཧཱུྃ། ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ། ཞེས་བརྒྱའམ་ཉེར་གཅིག་བཟླས་པས་བྱིན་བརླབས་ཏེ། རྔ་རོལ་དབྱངས་དང་བཅས་པས། ཀྱཻ། ཡེ་ཤེས་རང་སྣང་དག་པའི་མཁའ། །འོད་གསལ་མཐོང་བ་ཀུན་སྨོན་གླིང༌། །རིགས་གསུམ་རྒྱལ་བའི་ཡེ་ཤེས་སྐུ། །ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ། །ནག་ཕྱོགས་འཇོམས་ཕྱིར་སྐུར་བཞེངས་པ། །སེང་ཆེན་དགྲ་བླ་ཝེར་མའི་རྒྱལ། །དཔའ་ཐུལ་དྭངས་སྨན་རྒྱ་མཚོར་བཅས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ས་མ་ཡ་ཛ་ཛཿ ྈ༔༔ ཀྱཻ༔ དཀར་གསལ་ཞི་བ་དབྱིངས་ཀྱི་ངང༔ བདུད་རྩིའི་ཤིང་གི་མཛེས་པའི་དབུས༔ དུ་བ་དྷཾ་ལས་ལྷ་མོ་ནི༔ སྔོ་བསང་རིན་ཆེན་རྒྱན་གྱིས་སྒེག༔ མཛེས་འཛུམ་གར་གྱི་ཆོ་འཕྲུལ་བསྒྱུར༔ ཕྱག་གཉིས་རིན་ཆེན་བུམ་པ་ལས༔ དྲི་ཞིམ་སྤོས་ཀྱི་སྤྲིན་ཕུང་སྤྲོ༔ ཟེག་མ་འདོད་ཡོན་མཁོ་རྒུའི་གཏེར༔ མི་ཟད་ནམ་མཁའ་མཛོད་དུ་ཤར༔ ཞལ་ནས་བྱིན་རླབས་རླངས་སྤྲིན་འཁྲིགས༔ དག་བྱེད་བདུད་རྩིའི་ཆར་པ་འབེབས༔ ཤངས་ནས་ཡེ་ཤེས་རླུང་ལྔ་སྤྲོ༔ སྣོད་བཅུད་མནོལ་ཞིང་རྨུགས་པ་བསང༔ ངོ་མཚར་མཆོག་གི་རོལ་མོ་འདིས༔ སྐུ་རྗེ་འཛམ་གླིང་གེ་སར་བསང༔ འདོད་དགུའི་ཕྲིན་ལས་འགྲུབ་པར་མཛོད༔ དཀར་གསལ་ཟླ་མདོག་དུད་པ་ཡིས༔ རྡོ་རྗེའི་སྤྱན་གྱི་དགྲ་བླ་བསང༔ བདག་ཅག་མི་རྣམས་སོ་པ་མྱུར༔ ཡ་མཚན་ལྟད་མོ་མཐོང་བར་མཛོད༔ སྙན་བརྗིད་རོལ་མོ་གླིང་བུ་ཡིས༔ རྫུ་འཕྲུལ་སྙན་གྱི་དགྲ་བླ་བསང༔ བདག་ཅག་རྣོ་སོའི་ཐོས་པ་ལྡན༔ རྟག་ཏུ་སྙན་པའི་སྒྲ་ཐོས་མཛོད༔ སྦྱར་དང་ལྷན་སྐྱེས་སྤོས་ཀྱི་ངད༔ ངོ་མཚར་ཤངས་ཀྱི་དགྲ་བླ་བསང༔ རྟག་ཏུ་དྲི་ཞིམ་ངད་པ་ཡིས༔ ལུས་ལ་འཁྱུད་ཅིང་སིམ་པར་མཛོད༔ ཞིམ་མངར་ཕུད་ཀྱི་བཟའ་བཏུང་གིས༔ ཟླ་གམ་ལྗགས་ཀྱི་དགྲ་བླ་བསང༔ ཕུན་ཚོགས་འཆི་མེད་བཅུད་ལེན་གྱིས༔ རིང་འཚོའི་སྲོག་དང་ལྡན་པར་མཛོད༔ དར་གོས་ཟ་འོག་འཇམ་འཁྲིལ་གྱིས༔ ཆེ་བརྗིད་སྐུ་ཡི་དགྲ་བླ་བསང༔ སྲ་མཁྲེག་རྡོ་རྗེའི་གོ་ལྡན་པའི༔ མི་ཤིགས་སྲུང་བའི་རྫོང་ཐོབ་མཛོད༔ སྦ་ལྕག་བསམ་པའི་དོན་འགྲུབ་ཀྱིས༔ དངོས་གྲུབ་སྩོལ་བའི་དགྲ་བླ་བསང༔ དགོས་འདོད་ཆར་དུ་བསྙིལ་བ་ཡིས༔ བསམ་དོན་ཡིད་བཞིན་འགྲུབ་པར་མཛོད༔ མདུང་མོ་ཁམས་གསུམ་དགྲ་འདུལ་གྱིས༔ ཕྱོགས་ལས་རྣམ་རྒྱལ་དགྲ་བླ་བསང༔ ཕས་རྒོལ་ཆམ་ལ་འབེབས་ནུས་པའི༔ མཐུ་སྟོབས་ནུས་པའི་དཔལ་ཐོབ་མཛོད༔ དབུ་རྨོག་རྒྱལ་བའི་དོན་འགྲུབ་བསང༔ དབུ་འཕང་དགུང་ལས་མཐོ་བར་མཛོད༔ གོ་ཁྲབ་སིལ་མ་ཐོག་རྡུགས་བསང༔ འཇིགས་པ་བརྒྱད་ལས་སྲུང་བར་མཛོད༔ དགྲ་བླའི་ཚེ་གོས་སྨུག་པོ་བསང༔ དགྲ་བླ་མི་དང་མ་འབྲལ་མཛོད༔ སྟག་དོང་དགྲ་བླའི་རྫོང་ཆེན་བསང༔ ཕྲག་ལྷ་ལུས་དང་གྲིབ་བཞིན་མཛོད༔ གཟིག་ཤུབས་ཝེར་མའི་བླ་གནས་བསང༔ ཚེ་འཛིན་ལྷ་སྲུང་གཡེལ་མེད་མཛོད༔ ཤེས་རབ་འཕྲུལ་གྱི་མདའ་བརྒྱ་བསང༔ བློ་གྲོས་རིག་པའི་རྩལ་རྣོ་མཛོད༔ སྙིང་རྗེའི་མཆོག་དཀར་གཞུ་མོ་བསང༔ སྤོབས་པའི་གདིངས་དང་ལྡན་པར་མཛོད༔ རལ་གྲི་ལན་མེད་མཚོན་གཅིག་བསང༔ སྨྲ་བའི་ཚིག་མཐའ་བཙན་པར་མཛོད༔ འཇའ་རིས་སོག་ལྷམ་བརྗིད་ཆགས་བསང༔ ཆེ་རྒུའི་གཉའ་ནས་གནོན་ནུས་མཛོད༔ རྫུ་འཕྲུལ་རྐྱང་རྒོད་ཕེར་པོ་བསང༔ མགྱོགས་པ་རླུང་གི་བང་ཐོབ་མཛོད༔ འཕྲུལ་གྱི་སྒ་སྲབ་རྒྱན་ཆས་བསང༔ རྫུལ་འཕྲུལ་རྐང་བཞི་ལྡན་པར་མཛོད༔ ཞལ་དཀར་དགྲ་འདུལ་རྒྱལ་པོ་བསང༔ མཛེས་བརྗིད་སེང་དང་མཉམ་པར་མཛོད༔ སྐུ་སྲུང་སྒ་བདེའི་བེར་ནག་བསང༔ མཐུ་སྟོབས་རྡོ་རྗེའི་མཚོན་ལྡན་མཛོད༔ ཁྲོ་ཐུང་དབང་གི་རྒྱལ་པོ་བསང༔ བདེ་སྟོང་སྒྱུ་མའི་འཕྲུལ་ལྡན་མཛོད༔ དམག་དཔོན་འདན་མ་གཡུ་རྩེ་བསང༔ དཔའ་བོ་གཡུལ་གྱི་དབང་ཕྱུག་མཛོད༔ དཔའ་ཐུལ་གྲུབ་ཆེན་སུམ་ཅུ་བསང༔ ཚེ་བསོད་གཡང་གི་དཔལ་ལྡན་མཛོད༔ རྩེ་གྲོགས་དགྲ་བླ་བཅུ་གསུམ་བསང༔ སྟོབས་བཅུ་སྐུ་གསུམ་མཆོག་ཐོབ་མཛོད༔ སྣང་སྲིད་དགྲ་བླའི་དཀྱིལ་འཁོར་བསང༔ ཅིར་སྣང་ཡེ་ཤེས་འཆར་བར་མཛོད༔ འདི་ནས་ཁྲུས་ཆབ་བསང་གནས་ཡོ་བྱད་ལ་འཐོར་སྟེ། དག་བྱེད་སྨན་གྱི་ཁྲུས་ཆབ་ཀྱིས༔ ལུས་ལ་ཟུག་རྔུ་མེད་པར་མཛོད༔ བཅུད་ལྡན་རིན་ཆེན་ཁྲུས་ཆབ་འདིས༔ ཕྱྭ་གཡང་ཉམས་རྒུད་མེད་པར་མཛོད༔ རོ་ལྡན་འབྲུ་ཡི་ཁྲུས་ཆབ་འདིས༔ བཟའ་བཏུང་སྲོག་གི་བཅུད་ལེན་མཛོད༔ ཀུན་ཁྱབ་དྲི་ཡི་ཁྲུས་ཆབ་ཀྱིས༔ དཔའ་བོའི་དྭངས་མ་འཕེལ་རྒྱས་མཛོད༔ སྙིང་པོ་ལྔ་ལྡན་ཁྲུས་ཆབ་འདིས༔ ཚེ་དཔལ་མནོལ་གྲིབ་བསང་བར་མཛོད༔ དག་བྱེད་བདུད་རྩིའི་ཆུ་ཡི་རྫིང༔ ཡེ་ཤེས་ལྔ་ལྡན་ཕ་རོལ་ཕྱིན༔ ངོ་མཚར་ཐུགས་རྗེའི་ཆུ་རྒྱུན་གྱིས༔ སྡིག་སྒྲིབ་ཉེས་ལྟུང་དག་པར་མཛོད༔ དཀར་ཕྱོགས་ལྷ་ཞལ་ཟླ་ལྟར་དཀར༔ ཉམས་གྲིབ་མནོལ་བཙོག་ཐམས་ཅད་སངས༔ འཁོན་འགྲས་འཁྲུགས་པ་རང་སར་ཞི༔ ཐོགས་མེད་ཕྲིན་ལས་སྟོབས་རྩལ་རྒྱས༔ བདག་ཅག་དཔོན་སློབ་འཁོར་དང་བཅས༔ གྲིབ་དང་མི་གཙང་གཡུལ་ལས་སྐྱོབས༔ དགྲ་བླ་ལུས་དང་གྲིབ་བཞིན་འགྲོགས༔ ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད༔ རྟེན་འབྲེལ་ཉམས་གྲིབ་རྒུད་པ་སངས༔ ཚེ་བསོད་དཔལ་འབྱོར་གྲགས་པ་རྒྱས༔ འདོད་པའི་དོན་ཀུན་ལྷུན་གྱིས་གྲུབ༔ ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད༔ ཨ་ཨ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཞེས་བརྗོད་ཅིང་བསང་གཞུང་གཞན་དང་མ་འབྲེལ་ན་ནོངས་བཤགས་དང་མགྲོན་གཤེགས་པ་བསྔོ་སྨོན་ཤིས་བརྗོད་བཅས་བྱས་པས། གྲིབ་མནོལ་འཕྲལ་དུ་བསང་བར་བྱེད་ཐབས་རྨད་དུ་བྱུང་བ་དང༌། དགྲ་བླ་དགྱེས་ནས་ལུས་དང་གྲིབ་བཞིན་འགྲོགས་ཏེ་བྱ་ར་མཛད་པས་ཚེ་དཔལ་བསོད་ནམས་རླུང་རྟའི་དཔལ་གྱིས་འབྱོར་ཞིང་ཅི་འདོད་པའི་དོན་མཐའ་དག་ཐོགས་མེད་དུ་འགྲུབ་པར་འགྱུར་རོ། །ཅེས་པའང་ཐམས་ཅད་མཁྱེན་གཟིགས་རྗེ་བཙུན་བླ་མ་འཇམ་དབྱངས་དགའ་བའི་གོ་ཆའི་བཀའ་གསང་རིན་པོ་ཆེའི་ཅོད་པན་གྱིས་སྤུད་པ་བཞིན། གུས་སློབ་ཁྲག་འཐུང་ཡེ་ཤེས་རྡོ་རྗེ་གར་དབང་མདོ་སྔགས་གླིང་པས་ཕུན་ཚོགས་ལུགས་བརྒྱའི་འདུན་ས་དཔལ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོའི་ཕོ་བྲང་གི་བ་གམ་ནས་བྲིས་པ་འདིས་ཀྱང་ཕྱོགས་ལས་རྣམ་པར་རྒྱལ་བའི་མངའ་ཐང་གི་ཆབ་སྲིད་རྟག་བརྟན་འཕེལ་རྒྱས་ཀྱི་དཔལ་དུ་གྱུར་ཅིག། །། ༈ ྈ༔༔ རྩ་གསུམ་ཡོངས་རྫོགས་ལྷ་ལ་འདུད༔ བསྙེན་ཅིང་སྒྲུབ་པ་ལས་རུང་བས༔ སྐུ་འཁོར་དགྲ་བླ་ཝེར་མ་ཡི༔ དཀྱིལ་འཁོར་རྣམས་ལ་བརྟེན་ནས་སུ༔ གྲིབ་དང་མི་གཙང་མནོལ་བའི་ཚོགས༔ བསང་ཁྲུས་ཞི་བའི་ཆོ་ག་ནི༔ བདུད་རྩི་ཅན་གྱི་ཤིང་རྩི་དང༔ ཟས་སྣ་དར་རས་དཀར་མངར་ཕུད༔ གཙང་མའི་མེར་བསྲེགས་འཁྱིལ་པའི་ལྷས༔ བྱིན་བརླབས་ཁྲུས་ཀྱི་ཟེག་མ་འཐོར༔ ཀྱཻ༔ དཀར་གསལ་ཞི་བ་དབྱིངས་ཀྱི་ཐབ༔སོགས། ཨ་ཨ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ༔ ཅེས་བཟླས་འདིས་ནི་གྲིབ་ཀུན་བསང༔ དགེ་ལེགས་དཔལ་འབྱོར་ངེས་པར་འཕེལ༔ དཀར་ཕྱོགས་ལྷ་སྲུང་མི་འབྲལ་ཞིང༔ དགྱེས་པས་བྱ་ར་མཛད་པར་ངེས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ྈ༔༔ འབྱུང་ལྔའི་རླུང་རྟའི་ལྷར་འབྲེལ་ནས༔ རླུང་གི་ཀ་བ་གཟུག་འདོད་ན༔ རི་རབ་བང་རིམ་བཞི་པའི་སྟེང༔ རྣམ་རྒྱལ་ཁང་བཟང་མཛེས་པར་བཤམས༔ ཕྱོགས་མཚམས་འབྱུང་ལྔའི་འོད་ལྡན་གྱི༔ ཀ་བར་ལྷ་རྣམས་མཛེས་པར་བཀོད༔ མཐུན་བསྡེབས་མཆོད་པའི་ཚོགས་སྤྱི་དང༔ གཏོར་མ་སྐྱེམས་ཕུད་ཟས་གོས་དཔལ༔ ཁྱད་པར་ལྔ་ལྡན་དར་གྱི་ཕྲེང༔ ཅོད་པན་གྲངས་མེད་བཀོད་མཛེས་བསྟར༔ སྔགས་རྒྱས་བྱིན་བརླབས་མཁའ་ཁྱབ་སྤེལ༔ དབྱངས་ལྡན་སྨྲེང་གིས་འབུལ་བ་ནི༔ ཀྱཻ༔ བཀྲ་ཤིས་ཡིད་འོང་མཛེས་པའི་ཞིང༔སོགས། མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ༔ ཅེས་བརྗོད་ཕུན་ཚོགས་མཆོད་པ་སྟོབས༔ ཁྱད་པར་དཔའ་བོ་གོ་ལྡན་པས༔ མཚོན་ཆ་སྣ་ཚོགས་ངོ་མཚར་བའི༔ ཤིས་པའི་རྟགས་རྫས་དང་བཅས་ཏེ༔ སྙན་བརྗིད་དབྱངས་དང་རོལ་མོ་ཡིས༔ ཐུགས་དམ་བསྐུལ་ཞིང་སྒྱུ་རྩལ་བཤམས༔ ཀྱེ༔ མཐུ་ལྡན་དགྲ་བླ་ཝེར་མ་ནི༔སོགས། ཕྱོག་ལས་རྣམ་པར་རྒྱལ་གྱུར་ཅིག༔ དེ་ལྟར་འདོད་རྒུའི་ལས་བཅོལ་ཏེ༔ ཁྱད་པར་རིག་པའི་སྔགས་འདི་བཟླ༔ ཨོཾ་མཉྫུ་ཤྲཱ་ིཛྙཱ་ན་ཀཱ་ཡ་དྷརྨ་དྷཱ་ཏུ་ཨཱཿ ཨོཾ་པདྨ་ཙིནྟ་མ་ཎི་ཛྭ་ལ་ཧཱུྃ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་ྈྈྈ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཨརྠ་སིདྡྷི་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔ མ་མ་སརྦ་བི་ཛ་ཡ་སྭཱ་ཧཱ༔ ཨོཾ་ཧེ་ཧཻ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་དྷཱ་ར་ཡ་དྷཱ་ར་ཡ་ནི་རུནྡྷ་ནི་རུནྡྷ་ཨ་མུ་ཀ་ཨུརྞ་མ་ཎི་ཡེ་སྭཱ་ཧཱ༔ ཨོཾ་མ་ཧཱ་སེངྷ་མ་ཎི་རཱ་ཛ་ཧ་ཧཱ་ཧི་ཧཱི་ཧེ་ཧཱེ་ཧོ་ཧཱོ་ཧཱུྃ་སརྦ་བི་ཛ་ཡ་ཧཱུྃ༔ མཐར་ནི་དབྱངས་ཀྱི་འགྱུར་བ་བཅས༔ བསྒྲུབ་བྱ་ཁྲིར་བཀོད་མདའ་དར་གཡབ༔ ཤིས་པའི་ཚིག་གིས་མངའ་གསོལ་ཏེ༔ གྲུབ་པའི་རྫས་རྣམས་རིམ་པར་གཏད༔ ཀྱཻ༔ སྔོན་ཚེ་རི་བོ་རྩེ་ལྔའི་ཞིང༔སོགས། འཇིག་རྟེན་གསུམ་ན་མཛེས་པར་མཛོད༔ ལྷ་རྒྱལ་འབོད་ཅིང་བསང་གིས་བརྔན༔ དར་སྣའི་ཕྲེང་བ་ཕྱོགས་ཀུན་བསྟར༔ བ་དན་སྒྲེང་ཞིང་རོལ་མོ་ལྡིར༔ དུང་ཆེན་བསྒྲག་ལ་དགའ་སྟོན་བྱ༔ ཤིན་ཏུ་སྙིགས་མའི་དུས་ཀྱི་ཚེ༔ རྟེན་འབྲེལ་ཐབས་ཀྱི་ཆོ་ག་འདིས༔ དཀར་ཕྱོགས་དགེ་ལེགས་དཔལ་བསྐྱེད་ནས༔ བསྟན་པའི་དབུ་འཕང་དར་བར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དགེའོ། །མངྒ་ལཾ།། །།

Footnotes

Other Information