པདྨ་ཚེ་ཡི་སྙིང་ཐིག་ལས། །ཡང་ཟབ་རིག་འཛིན་ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་འཆི་མེད་སྲོག་སྒྲུབ།

From Khyentse Lineage - A Tsadra Foundation Project
DKR-KABUM-19-DZA-008
Wylie title pad+ma tshe yi snying thig las/ /yang zab rig 'dzin tshe sgrub kyi rgyun khyer 'chi med srog sgrub DKR-KABUM-19-DZA-008.pdf
Location dil mgo mkhyen brtse bka' 'bum
Volume 19, Text 8, Pages 60-62 (Folios 1a to 3b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Pad+ma tshe yi snying thig las yang zab rig 'dzin tshe sgrub kyi rgyun khyer 'chi med srog sgrub. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 19: 60-62. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Longevity Rituals - tshe sgrub
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Deity pad+ma 'od 'bar
Colophon

།ཅེས་པའང་ཐེག་མཆོག་སྙིང་པོའི་བསྟན་དང་སྟོན་པ་ལ་མི་ཕྱེད་དད་པའི་གཡར་དམ་ཅན་བླ་མ་དམ་པ་དཀོན་མཆོག་འོད་ཟེར་ནས་བསྐུལ་ངོར་ལམ་འདིས་བཀའ་བབ་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་ལྷོ་འབྲུག་ཙནྡན་གྱི་སྨན་ལྗོངས་འཁྲིགས་པའི་རྒྱལ་ཁབ་བདེ་ཆེན་ཆོས་གླིང་གི་དབེན་གནས་མེ་ཏོག་བསིལ་ཚལ་དུ་ཁྲུམས་ཟླའི་དམར་ཕྱོགས་མཁའ་འགྲོའི་ཚོགས་མཆོད་ཀྱི་སྐབས་སུ་བྲིས་པ་འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་སྣང་བ་ལ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །དགེའོ།།

/ces pa'ang theg mchog snying po'i bstan dang ston pa la mi phyed dad pa'i g.yar dam can bla ma dam pa dkon mchog 'od zer nas bskul ngor lam 'dis bka' bab pad+ma gar dbang bde chen 'od gsal mdo sngags gling pas lho 'brug tsan+dan gyi sman ljongs 'khrigs pa'i rgyal khab bde chen chos gling gi dben gnas me tog bsil tshal du khrums zla'i dmar phyogs mkha' 'gro'i tshogs mchod kyi skabs su bris pa 'gro kun 'chi med ye shes kyi snang ba la 'dod rgur rtsen pa'i rgyur gyur cig_/dge'o//

[edit]
༄༅། །པདྨ་ཚེ་ཡི་སྙིང་ཐིག་ལས། །ཡང་ཟབ་རིག་འཛིན་ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་འཆི་མེད་སྲོག་སྒྲུབ་བཞུགས། །

༄༅། །ན་མོ་གུ་རུ་ཨཱ་ཡུ་དེ་ཝ་ཡེ། འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་གི་ཡང་ཟབ་རིག་འཛིན་ཚེ་སྒྲུབ་རྒྱུན་ཁྱེར་སྙིང་པོའི་བཅུད་དྲིལ་ཉམས་སུ་ལེན་པར་འདོད་པས། ཐོག་མར་སྐྱབས་སེམས་ནི། ཧྲཱིཿ རང་རིག་འོད་གསལ་སྐུ་གསུམ་དབྱིངས༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ ལན་གསུམ། གཉིས་པ་དངོས་གཞི་ལྷ་ཡི་གསལ་སྣང་བསྒྲུབ་པ་ནི། ཧྲཱིཿ རྣམ་ཐར་གསུམ་ལྡན་ཨེ་ཡི་དབྱིངས༔ ཀུན་སྣང་རང་ཤར་སྙིང་རྗེའི་གདངས༔ ཟུང་འཇུག་སྲིད་ཞིའི་དྭངས་མའི་བཅུད༔ འཁོར་འདས་སྟོང་སྲོག་ཧྲཱིཿདཀར་པོ༔ འོད་ཀྱིས་སྣོད་བཅུད་སྣང་ཤེས་ཀྱི༔ འཁྲུལ་པ་ལུག་རྒྱུད་རྟོག་པ་སྦྱངས༔ སྟོང་པའི་ངང་ལས་སྲུང་འཁོར་དབུས༔ ཡེ་ཤེས་དག་པའི་གཞལ་ཡས་ཁང༔ ཕྱི་ནང་ཟང་ཐལ་ཆོས་སྐུའི་དབྱིངས༔ ལྟེ་བར་སེང་ཁྲི་པད་ཟླའི་སྟེང༔ ས་བོན་ཡོངས་གྱུར་སྐད་ཅིག་གིས༔ མ་ཧཱ་གུ་རུ་ཚེ་དཔག་མེད༔ འཆི་མེད་པདྨ་འོད་འབར་རྩལ༔ སྐུ་མདོག་དཀར་གསལ་ཟླ་བའི་མདོག༔ གཞོན་ཚུལ་ལང་ཚོའི་བརྟན་པ་རྫོགས༔ གཅེར་བུ་བརྟུལ་ཞུགས་སྤྱོད་པའི་ཆས༔ ཧེ་རུ་ཀ་ཡི་རྒྱན་གྱིས་བརྗིད༔ ཕྱག་གཡས་རྡོ་རྗེའི་མདར་དར་གཡབ༔ འཁོར་འདས་དྭངས་བཅུད་དབང་དུ་སྡུད༔ གཡོན་པས་མཉམ་བཞག་བྷནྡྷའི་དབུས༔ སྲིད་ཞིའི་བཅུད་བསྐྱིལ་ཚེ་བུམ་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས༔ མཛེས་པའི་སྒེག་ཚུལ་འཆང་བས་འགྱིངས༔ པང་དུ་ཡུམ་མཆོག་མནྡ་ར༔ གཅེར་བུ་རུས་པའི་ཕྱག་རྒྱ་ཅན༔ མདར་དར་བུམ་འཛིན་གཉིས་མེད་སྦྱོར༔ བདེ་བའི་སྒྱུ་རྩལ་ཅིར་ཡང་སྟོན༔ དགྱེས་པའི་འོད་ཀྱི་སྣང་བ་ལས༔ འཆི་མེད་ཚེ་ལྷ་རིག་འཛིན་དང༔ དྲང་སྲོང་ཌཱ་ཀི་རྡུལ་ལྟར་འཁྲིགས༔ དམ་ཚིག་ཡེ་ཤེས་གཉིས་མེད་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཱཿ ཞེས་སྣང་སྲིད་རིག་འཛིན་བླ་མ་འཆི་མེད་སྐུ་གསུམ་སྒྱུ་འཕྲུལ་དྲྭ་བ་མཁའ་ཁྱབ་ཡེ་ཤེས་ཀྱི་འཁོར་ལོའི་གསལ་སྣང་ལ་རྩེ་གཅིག་ཏུ་བསླབ། གཉིས་པ་བོགས་འབྱིན་བཟླས་པའི་རྣལ་འབྱོར་ནི། བདག་གི་ཐུགས་ཀར་པད་ཟླའི་སྟེང༔ གསེར་གྱི་རྡོ་རྗེའི་ལྟེ་བར་ཧྲཱིཿ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར༔ སྤྲོ་བསྡུའི་འོད་ཀྱིས་དོན་གཉིས་སྒྲུབ༔ འཁོར་འདས་བརྟན་གཡོའི་དྭངས་མའི་དཔལ༔ ཡེ་ཤེས་བདུད་རྩི་སྙིང་པོའི་ཆར༔ དབང་མེད་བསྡུས་ཏེ་ཐུགས་ཀར་ཐིམ༔ སྲོག་གི་ས་བོན་ལས་བྱུང་བའི༔ འོད་ཀྱིས་ཟེགས་མ་དཔག་མེད་སྤྲོས༔ ལུས་གང་ནད་གདོན་སྡིག་ལྟུང་སྦྱངས༔ རྩ་རླུང་ཐིག་ལེ་རྒུད་པ་གསོས༔ བླ་ཚེ་སྲོག་དབུགས་ཉམས་པ་བསྡུས༔ འཆི་མེད་ཚེ་དང་རྡོ་རྗེའི་སྲོག༔ ཡེ་ཤེས་ཆེན་པོར་རོ་གཅིག་པས༔ སྐྱེ་འཆིའི་མཚན་རྟོག་དབྱིངས་སུ་དག༔ ཡེ་ཤེས་སྙིང་པོ་མི་འགྱུར་བའི༔ དེ་ཉིད་གཅིག་ཏུ་འཁྱིལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུརྫྙཱ་ན་སིདྡྷི་ཧཱུྃ༔ ཞེས་ཅི་ལྟར་ནུས་པ་བཟླ། གསུམ་པ་སྣང་མེད་འོད་གསལ་ཆེན་པོ་ཐུགས་ཀྱི་རྣལ་འབྱོར་ནི། ཐུན་ལས་ལྡང་བ་ན་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་རྣམས་བཟླས་ལ། མགོན་པོ་ཚེ་དཔག་མེད་ཀྱི་དགོངས་པ་སོགས། གསོལ་འདེབས་ལེའུ་བདུན་ནང་ལྟར་ཚིག་རྐང་དྲུག་པོའི་རྗེས། ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཚེ་ཡི་རིག་འཛིན་འགྲུབ་པར་བྱིན་གྱིས་རློབས༔ ཞེས་མོས་གུས་ཀྱིས་གསོལ་བ་བཏབ་པའི་ཤུགས་ཀྱིས། ཧྲཱིཿ སྣང་ཆ་སྒྱུ་མའི་ལྷ་སྔགས་སེམས༔ སྐྱེ་མེད་དབྱིངས་ཀྱི་ཐིག་ལེར་ཐིམ༔ ཟུང་འཇུག་རོལ་པའི་ཏིང་འཛིན་གྱིས༔ ཕྱག་རྒྱ་གཅིག་པའི་སྐུ་རུ་བཞེངས༔ ཨོཾ་ཨཱཿཧཱུྃ༔ ཞེས་པའི་ཚིག་གི་དོན་ལྟར་དག་པའི་ལྷ་དང་གཞལ་ཡས་ཀྱི་སྣང་ཆ་དམིགས་མེད་འོད་གསལ་གྱི་ཐིག་ལེར་བསྡུས་ལ་འཆི་མེད་གཉུག་མའི་གནས་ལུགས་ཀྱི་ངང་དུ་ཅི་གནས་སུ་མཉམ་པར་བཞག །སླར་ཡང་སྣང་གྲགས་རིག་པ་རིག་འཛིན་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་འཁོར་ལོར་ལམ་དུ་ཁྱེར་ལ། ཧྲཱིཿ སྣང་བཅས་བསོད་ནམས་དམ་པ་ཡིས༔ གཟུགས་སྐུ་འཆི་མེད་རྡོ་རྗེར་བཞེངས༔ རྣམ་ཀུན་མཆོག་ལྡན་འོད་གསལ་གྱིས༔ ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག༔ ཆོས་སྐུ་བཅོམ་ལྡན་སྣང་མཐའ་ཡས༔ འཆི་མེད་སྐུར་བཞེངས་པདྨ་འབྱུང༔ གསང་བ་གསུམ་དང་དབྱེར་མེད་པ༔ དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག༔ ཅེས་བརྗོད། ཐུན་མཚམས་སུ་ཚོགས་གཉིས་ཀྱི་བསགས་སྦྱང་རྒྱ་ཆེར་འབད་པས་མྱུར་དུ་རྡོ་རྗེ་ཡེ་ཤེས་ཆེན་པོའི་སྲོག་འགྲུབ་པར་འགྱུར་རོ། །ཅེས་པའང་ཐེག་མཆོག་སྙིང་པོའི་བསྟན་དང་སྟོན་པ་ལ་མི་ཕྱེད་དད་པའི་གཡར་དམ་ཅན་བླ་མ་དམ་པ་དཀོན་མཆོག་འོད་ཟེར་ནས་བསྐུལ་ངོར་ལམ་འདིས་བཀའ་བབ་པདྨ་གར་དབང་བདེ་ཆེན་འོད་གསལ་མདོ་སྔགས་གླིང་པས་ལྷོ་འབྲུག་ཙནྡན་གྱི་སྨན་ལྗོངས་འཁྲིགས་པའི་རྒྱལ་ཁབ་བདེ་ཆེན་ཆོས་གླིང་གི་དབེན་གནས་མེ་ཏོག་བསིལ་ཚལ་དུ་ཁྲུམས་ཟླའི་དམར་ཕྱོགས་མཁའ་འགྲོའི་ཚོགས་མཆོད་ཀྱི་སྐབས་སུ་བྲིས་པ་འགྲོ་ཀུན་འཆི་མེད་ཡེ་ཤེས་ཀྱི་སྣང་བ་ལ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །དགེའོ།། །།

Footnotes

Other Information