རིགས་གསུམ་སྙིང་ཐིག་ལས། རྒྱུད་མ་ཧཱ་ཡོ་ག་འཇམ་དཔལ་རྡོ་རྗེ་ཕྱག་རྒྱ་གཅིག་པ་ཡེ་ཤེས་མཆོག་གི་དཔལ་སྟེར།

From Khyentse Lineage - A Tsadra Foundation Project
DKR-KABUM-09-TA-036
Wylie title rigs gsum snying thig las/ rgyud ma hA yo ga 'jam dpal rdo rje phyag rgya gcig pa ye shes mchog gi dpal ster DKR-KABUM-09-TA-036.pdf
Location dil mgo mkhyen brtse bka' 'bum
Volume 9, Text 36, Pages 275-277 (Folios 1a to 3b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Rigs gsum snying thig las rgyud ma hA yo ga 'jam dpal rdo rje phyag rgya gcig pa ye shes mchog gi dpal ster. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 275-277. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle རིགས་གསུམ་སྙིང་ཐིག་ (rigs gsum snying thig)
Parent Cycle དམ་ཆོས་རྫོགས་པ་ཆེན་པོ་སྡེ་གསུམ་ (dam chos rdzogs pa chen po sde gsum)
Deity 'jam dpal rdo rje
Colophon

།ཅེས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་སྐུའི་རིམ་གྲོ་བ་སྔགས་རིག་འཛིན་པ་ཚེའི་དྲང་སྲོང་དབང་གི་རྒྱལ་པོས་གསང་བ་ཟབ་མོའི་ཆོས་གཏེར་ཤིན་ཏུ་དཀོན་པའི་ཕྱག་དཔེ་ལེའུ་ཚན་དང༌། རིན་ཆེན་སའི་ཟླ་བའི་རྟེན་དང་བཅས་ཏེ་ཡི་གེའི་ལམ་ནས་གསུང་བསྐུལ་ལྟར་ལས་དང་པོ་པའི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་འདི་ཡང༌། འཇམ་མགོན་བླ་མ་དགྱེས་པའི་འབངས་བཀྲ་ཤིས་དཔལ་འབྱོར་དོན་ཐམས་ཅད་གྲུབ་པའི་སྡེས་འབྲུག་འབུམ་ཐང་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་དུ་བྲིས་ཏེ་ཕུལ་བས་བདག་གཞན་འབྲེལ་ཚད་མཁྱེན་གཉིས་ཀྱི་སྣང་བ་ལ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

/ces 'jam mgon chos kyi rgyal po'i sku'i rim gro ba sngags rig 'dzin pa tshe'i drang srong dbang gi rgyal pos gsang ba zab mo'i chos gter shin tu dkon pa'i phyag dpe le'u tshan dang*/_rin chen sa'i zla ba'i rten dang bcas te yi ge'i lam nas gsung bskul ltar las dang po pa'i rnal 'byor phyag rgya gcig pa 'di yang*/_'jam mgon bla ma dgyes pa'i 'bangs bkra shis dpal 'byor don thams cad grub pa'i sdes 'brug 'bum thang sku rjes rdo rje brtsegs pa'i ke'u tshang du bris te phul bas bdag gzhan 'brel tshad mkhyen gnyis kyi snang ba la 'dod rgur rtsen pa'i rgyur gyur cig_/dge legs 'phel//_//

[edit]
༄༅། །རིགས་གསུམ་སྙིང་ཐིག་ལས། རྒྱུད་མ་ཧཱ་ཡོ་ག་འཇམ་དཔལ་རྡོ་རྗེ་ཕྱག་རྒྱ་གཅིག་པ་ཡེ་ཤེས་མཆོག་གི་དཔལ་སྟེར་བཞུགས་སོ།

༄༅། །ན་མོ་མཉྫུ་ཤྲཱི་ཛྙཱ་ན་ཡེ། འདིར་འཇམ་དཔལ་ཕྱག་རྒྱ་གཅིག་པའི་རྒྱུན་གྱི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པའི་སྦྱོར་བ་སྐྱབས་སེམས་ནི། ན་མོཿ བླ་མ་དཀོན་མཆོག་གསུམ་གྱི་དངོས༔ དཔལ་ལྡན་འཇམ་པའི་རྡོ་རྗེ་ལ༔ བདག་དང་མཐའ་ཡས་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། རྒྱལ་སྲས་འཇམ་དཔལ་དཔའ་བོ་ཡིས༔ བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར༔ བདག་གིས་འགྲོ་ལ་ཕན་དོན་དུ༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ། ཧཱུྃ་ཧཱུྃ་ཧཱུྃ་གིས་བགེགས་བསྐྲད། བཛྲ་རཀྵ་རཀྵ་ཧཱུྃགིས་སྲུང་འཁོར་སྒོམ། དེ་ནས་དངོས་གཞི་རྟེན་དམ་ཚིག་པ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧྃ༔ མ་སྐྱེས་སྟོང་པ་ཆེན་པོ་ལས༔ སྙིང་རྗེ་སྒྱུ་མའི་རྣལ་འབྱོར་ནི༔ ཆོ་འཕྲུལ་ཆེན་པོའི་ཡི་གེར་ཤར༔ འབྱུང་བ་རིམ་བརྩེགས་གཞལ་མེད་ཁང༔ འཇའ་ཚོན་བྲེས་པ་ལྟ་བུའི་ནང༔ དབུས་སུ་པདྨ་ཟླ་བའི་གདན༔ དེ་སྟེང་ཐུགས་སྲོག་དྷཱིཿདང་ཧྲཱིཿ ཡོངས་གྱུར་རལ་གྲི་པི་ཝཾ་ནི༔ ས་བོན་གྱིས་མཚན་འོད་དུ་ཞུ༔ འཇམ་དཔལ་རྡོ་རྗེ་སྐུ་མདོག་སེར༔ ཞལ་གཅིག་ཕྱག་བཞི་སྐྱིལ་ཀྲུང་བཞུགས༔ ཨུཏྤལ་རལ་གྲི་གླེགས་བམ་འཛིན༔ ཐབས་ཤེས་དབྱེར་མེད་མདའ་གཞུ་འགེངས༔ གསང་བའི་ཡུམ་མཆོག་དབྱངས་ཅན་མ༔ ལང་ཚོ་རབ་རྒྱས་གསེར་གྱི་མདོག༔ རིན་ཆེན་པི་ཝཾ་འཛིན་པ་འཁྲིལ༔ རྡོ་རྗེ་པདྨ་བདེ་ཆེན་རོལ༔ སྐུ་གསུང་ཐུགས་ནི་རྡོ་རྗེའི་བདག༔ ཡེ་ཤེས་ལྔ་བདག་ཅོད་པན་འཆང༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཿ སྤྱན་འདྲེན་མཆོད་བསྟོད་སོགས་ལས་རིམ་སྤྲོ་ན།ཧཱུྃ་ཧྲཱིཿ རྣམ་དག་ཆོས་དབྱིངས་འོད་གསལ་ལས༔ ཡེ་ཤེས་ཐུགས་རྗེའི་སྐུར་སྣང་བ༔ སྒྱུ་འཕྲུལ་དྲ་བ་འཇམ་པའི་དབྱངས༔ མ་ལུས་འཁོར་བཅས་གཤེགས་སུ་གསོལ༔ ཨོཾ་ཨརྻ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ༔ རྣམ་དག་ལྷ་རྫས་ཕྱི་ཡི་མཆོད་པ་དང༔ རང་བྱུང་ཡེ་ཤེས་སྨན་རཀ་གཏོར་མའི་ཚོགས༔ གཉིས་མེད་ཟུང་འཇུག་བདེ་སྟོང་གསང་མཆོད་རྣམས༔ འབུལ་ལོ་དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་ནས། ཤཔྟ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་པཱུ་ཛ་ཧོཿ ཧྲཱིཿ མི་གཡོ་མཉམ་ཉིད་བདེ་ཆེན་དག་པའི་སྐུ༔ བརྗོད་བྲལ་འགག་མེད་ཚངས་པའི་གསུང་དང་ལྡན༔ སྤྲོས་པ་ཀུན་བྲལ་མཁྱེན་གཉིས་རྒྱས་པའི་ཐུགས༔ རྒྱལ་བ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི། ཐུགས་ཀར་པདྨ་ཟླ་བའི་གདན༔ དེ་དབུས་ཧྲཱིཿལ་སྔགས་ཀྱིས་བསྐོར༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ ཚུར་འདུས་དངོས་གྲུབ་བདག་ལ་ཐིམ༔ ཕར་འཕྲོས་འགྲོ་བའི་སྒྲིབ་གཉིས་སྦྱངས༔ སྣོད་བཅུད་སྐུ་དང་ཞིང་དུ་དག༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་རྫོགས༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿ ཞེས་ཏིང་འཛིན་རྩེ་གཅིག་པས་བཟླ། རྗེས་རིམ་ནི། ཐུན་དེ་ལས་ལྡང་བར་བརྩམ་པ་ན། དབྱངས་གསལ། རྟེན་སྙིང་གིས་སྔགས་ཀྱི་ལྷག་ཆད་ཁ་བཀང་ཞིང་བརྟན་པར་བྱ། མཆོད་བསྟོད་མདོར་བསྡུས་དང༌། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཧཱུྃ༔ སྣང་སྲིད་སྣོད་བཅུད་མ་ལུས་པ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེ༔ མཐའ་ཀླས་ནམ་མཁའི་མཐའ་མཉམ་པ༔ བདེ་ཆེན་ཐིག་ལེ་གཅིག་ཏུ་བསྡུ༔ བསྔོ་སྨོན་ནི། ཧཱུྃ༔ ཀུན་ཀྱང་སེམས་ཉིད་འོད་གསལ་བ༔ འགྲོ་བའི་ཡེ་ཤེས་མར་མེ་ཡིས༔ ཉོན་མོངས་མ་རིག་ཀུན་བསལ་ནས༔ ཡེ་ཤེས་ལྔ་ཡི་ས་ནོན་ཤོག༔ ཤིས་བརྗོད་ནི། ཨོཾ༔ མི་འགྱུར་སྐུ་དང་འགག་མེད་གསུང༔ འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་དུ༔ འཇམ་དཔལ་རྡོ་རྗེའི་སྣང་བས་ཁྱབ༔ བརྒྱུད་གསུམ་བླ་མའི་བཀྲ་ཤིས་ཤོག༔ ཅེས་སོགས་བསྔོ་སྨོན་དང་ཤིས་བརྗོད་ཀྱི་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ །ཅེས་འཇམ་མགོན་ཆོས་ཀྱི་རྒྱལ་པོའི་སྐུའི་རིམ་གྲོ་བ་སྔགས་རིག་འཛིན་པ་ཚེའི་དྲང་སྲོང་དབང་གི་རྒྱལ་པོས་གསང་བ་ཟབ་མོའི་ཆོས་གཏེར་ཤིན་ཏུ་དཀོན་པའི་ཕྱག་དཔེ་ལེའུ་ཚན་དང༌། རིན་ཆེན་སའི་ཟླ་བའི་རྟེན་དང་བཅས་ཏེ་ཡི་གེའི་ལམ་ནས་གསུང་བསྐུལ་ལྟར་ལས་དང་པོ་པའི་རྣལ་འབྱོར་ཕྱག་རྒྱ་གཅིག་པ་འདི་ཡང༌། འཇམ་མགོན་བླ་མ་དགྱེས་པའི་འབངས་བཀྲ་ཤིས་དཔལ་འབྱོར་དོན་ཐམས་ཅད་གྲུབ་པའི་སྡེས་འབྲུག་འབུམ་ཐང་སྐུ་རྗེས་རྡོ་རྗེ་བརྩེགས་པའི་ཀེའུ་ཚང་དུ་བྲིས་ཏེ་ཕུལ་བས་བདག་གཞན་འབྲེལ་ཚད་མཁྱེན་གཉིས་ཀྱི་སྣང་བ་ལ་འདོད་རྒུར་རྩེན་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།

Footnotes

Other Information