གཉིས་པ་རྒྱས་པའི་སྦྱིན་སྲེག།

From Khyentse Lineage - A Tsadra Foundation Project
DKR-KABUM-09-TA-026
Wylie title gnyis pa rgyas pa'i sbyin sreg DKR-KABUM-09-TA-026.pdf
Location dil mgo mkhyen brtse bka' 'bum
Volume 9, Text 26, Pages 229-239 (Folios 1a1 to 11a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Gnyis pa rgyas pa'i sbyin sreg. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 9: 229-239. Delhi: Shechen Publications, 1994.
Genre Fire Offerings - sbyin sreg
Cycle ཟབ་བདུན་རྩ་གསུམ་ཚེའི་ཟབ་པ་ (zab bdun rtsa gsum tshe'i zab pa)
Parent Cycle ཐུགས་དམ་ཟབ་པ་སྐོར་བདུན་ (thugs dam zab pa skor bdun)
[edit]
༄༅། གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། འདོན་བྱ་ཁོག་སྔར་སྨོས་པའི་ཞི་སྦྱིན་ལྟར་ལ། བྱེ་བྲག་གི་ཁྱད་པར། མེ་ཐབ་སྟེགས་བུའི་སྟེང་དུ་དྲི་བཟང༌། བ་བྱུང་བདུད་རྩི་ལྔ་དང་སྦྱར་བའི་ཆག་ཆག་བཏབ་ལ། ཚངས་ཟུར་གྱི་ཐིག་སྤྱི་མཐུན་དུ་བཏབ་པའི་དབུས་ནས་སོར་ཉེར་བཞིས་ཟླུམ་པོར་བསྐོར། དེའི་ཕྱི་རོལ་དུ་སོར་བརྒྱད་པའི་ཚད་ཅན་རིམ་པ་གཉིས་བསྐོར། དེ་ནས་ཟུར་ཐིག་རྣམས་ཀྱི་སྟེང་དུ་མཚན་མ་བྱས་པ་རེ་ཁཱ་བཅད་པས་གྲུ་བཞི་ཕྱི་ནང་གསུམ་འབྱུང་བ། དང་པོ་ཐབ་རྒྱ། གཉིས་པ་མུ་རན། གསུམ་པ་ཁ་ཁྱེར། དབུས་སུ་སོར་བརྒྱད་པ་གཅིག་བསྐོར་བ་པདྨའི་ལྟེ་བ། དེ་རྒྱབ་འདབ་བརྒྱད་དབུས་སུ་ནོར་བུ་མེ་འབར། མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དང༌། དེའི་ཕྱི་རིམ་ཁ་ཁྱེར་ལ་ནོར་བུའི་ཕྲེང་བ། ཟུར་བཞི་ལ་རིན་པོ་ཆེ་འབར་བས་མཚན་པ་བྲི། ཐམས་ཅད་ཁ་དོག་སེར་པོ། བཅད་ཚོན་སོགས་ཀྱང་ངུར་སྨྲིག་གིས་མཚོན་ཇི་ལྟར་རིགས་པ་ལས་ནག་པོ་སོགས་ཚོན་སེལ་གྱིས་མ་ཕོག་པ་གལ་ཆེའོ། །དེར་ཚེར་མ་མེད་པའི་འབྲས་བུ་དང་བཅས་པའི་ཤིང་གི་བར་ཆ་ལས་བྱུང་བའི་ཡམ་ཤིང་ཁྲུ་གང་པ་དྲི་དང་མངར་གསུམ་མར་ཁུས་སྦགས་པ། ཤིང་ཐོག་བིལ་བ་སོགས་སེར་པོ་དང་དར་སེར་སྤོས་ཤེལ་གསེར་སྦུག་སོགས་སྐུད་པ་སེར་པོ་ལ་བརྒྱུས་པ། ཁ་སྐོང་བྱེད་ན། འབྲུ་སྣ་རིན་པོ་ཆེ་སྣ་ཚོགས་པ་ཟས་བཟང་པོ། ཁྱད་པར་དུ་ཚེ་སྤེལ་པ་ལ་དཱུརྦ་ལྟ་བུ། གང་གཙོར་བྱེད་པའི་རྫས་མང་དུ་བསགས། སྣོད་དང་རྫས་དང་སྟེགས་ཐམས་ཅད་དབྱིབས་གྲུ་བཞི། ཁ་དོག་སེར་པོ། ཡར་ངོ་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་སྔ་དྲོའི་ཆ་ལ། སློབ་དཔོན་ཆས་རྒྱན་སེར་པོ་དགའ་བའི་སེམས་དང་བཟང་པོའི་སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་ཏེ་འཁོད་ནས་ལས་རིམ་ལ་འཇུག །དེ་ནས་སྦྱིན་སྲེག་ཁོལ་སྒྲུབ་ཀྱི་སྐབས་བདག་བསྐྱེད་རྒྱས་བསྡུས་ཇི་ལྟར་རིགས་པ་བསྒོམ་ཤིང་ལས་བུམ་བདུད་རྩི་འཁྱིལ་བའི་བསྐྱེད་བཟླས་བྱ། སྒྲུབ་མཆོད་དང་འབྲེལ་བའི་ཚེ་རྩ་བསྙེན་ལ། ཕཊ་ཛཿ བཏགས་པ་བརྗོད་པས། རང་ཉིད་དཀྱིལ་འཁོར་གྱི་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་གར་གྱི་དབང་ཕྱུག་ཚེ་དཔག་མེད་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ལ། རྡོར་དྲིལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ་ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་ལག་གཡས་ཀྱི་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང༌། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ། ཨོཾ་བཛྲ་གཎྜེ་ཨཱཿ གཡོན་པས་དྲིལ་བུ་དཀྲོལ་ཞིང་དཀུར་བརྟེན། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ཐུགས་ཀར་འཁྱུད་རྒྱ་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ། ཞེས་དམ་ཚིག་གསུམ་དྲན་པར་བྱས་ལ། ཆོ་ག་མ་གྲུབ་ཀྱི་བར་དུ་ཡིད་ཏིང་ངེ་འཛིན། ལག་རྡོར་དྲིལ་དང་མ་བྲལ་བར་བྱའོ། །དགང་བླུགས་བསང་སྦྱང༌། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའི་འོད་ཟེར་གྱི་ཚུལ་དུ་བཀུག་དགང་བླུགས་ལ་ཐིམ་པས་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར། མཆོད་བསྲེག་གི་རྫས་རྣམས་བསང་ཆུས་བྲན། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། ཏྲཱཾ་ལས་བདེ་བ་ཆེན་པོའི་ཞིང་ཁམས་དབུས༔ བྷྲཱུྃ་ལས་རིན་པོ་ཆེ་ཡི་གཞལ་ཡས་ཁང༔ རིན་ཆེན་སྣོད་དུ་ཧཱུྃ་ལས་མཆོད་ཡོན་དང༔ ཞབས་བསིལ་མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་ཀུན་བཟང་མཆོད་སྤྲིན་སྤྲོ༔ ཧྲཱིཿལས་རོལ་མོའི་གཞལ་ཡས་ཁང་དུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ པཱ་དྱཾ་སོགས། ཤཔྟ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཿ ཨོཾ་ཨཱཿཧཱུྃ་མ་ཧཱ་བྷ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཿ ཞེས་བྱིན་གྱིས་བརླབས། བསྲེག་རྫས་རྣམས་བདུད་རྩིས་བྲན་ལ། རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང༌། ཨོཾ་སྭཱ་ཧཱ། ཕྱག་རྒྱ་དེ་ཉིད་ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར། ཨོཾ་ཤྲཱིཾ་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་བསྲེག་རྫས་སོ་སོར་གྱུར་པས་ལྷ་རྣམས་མཉེས་ཤིང་ཚེ་དང་བསོད་ནམས་སོགས་འབྱོར་དྲུག་རྒྱས་པའི་མཐུ་དང་ལྡན་པར་གྱུར༔ ཨོཾ་ཨཱཿཧཱུྃ། གཅིག །ཨོཾ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ། གསུམ། དེ་བཞིན་དུ། ཨོཾ་ཨཱཿཧཱུྃ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་སརྦ་སམྦ་དེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་པུཥྚཱ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཥཱི་བ་ཡ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། གསུམ་རེ་བརྗོད་པས་བྱིན་གྱིས་བརླབས། མེ་རྒྱལ་རིགས་ཀྱི་ཁྱིམ་དང༌། རྩུབ་ཤིང་ལས་བྱུང་བས་སྦར། ཧཱུྃ། ཆོས་དབྱིངས་རྣམ་དག་སྐྱེ་མེད་ངང་ཉིད་ལས༔ སྐྱེ་བའི་ཆོ་འཕྲུལ་འབར་བའི་བྱིན་རླབས་ལས༔ ཡེ་ཤེས་རྣམ་པར་རོལ་པའི་མེ་སྦར་བས༔ རྒྱས་པའི་ཕྲིན་ལས་མ་ལུས་མྱུར་འགྲུབ་ཤོག༔ ཛྙཱ་ན་ཛྭ་ལ་རཾ། ཞེས་གཡས་བསྐོར་གྱིས་ཐབ་ཏུ་བཅུག །ཧཱུྃ་ཧཱུྃ་ཧཱུྃ། ཞེས་རླུང་གཡབ་ཀྱིས་བསྐུལ། དེ་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་ཆུས་བྲན། ཨ་མྲྀ་ཏས་བསང༌། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང༌། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཞེས་དང༌། སྭཱ་ཧཱ། ཞེས་ལན་ལྔ་བརྗོད་རིམ་བཞིན་དུ་ཀུ་ཤ་གཉིས་གཉིས་རྩེ་མོ་གཤིབས་པར་རང་གི་གཡོན་ནས་བརྩམས་ཏེ་ཐབ་ལ་གཡས་བསྐོར་གྱིས་ཤར་ལྷོ། ནུབ་བྱང་རྣམས་ལ་དགྲམ་པ། རྩེ་མོ་རྣམས་རིམ་པ་ལྟར་བྱང༌། ཤར། ལྷོ། ནུབ་ཏུ་བསྟན་པ་རྒྱབ་མ་རྣམས་ཀྱི་རྩེ་མོས་སྔོན་མ་རྣམས་ཀྱི་རྩ་བ་ནོན་པར་བྱའོ། །སླར་ཡང་རྩེ་མོ་བྱང་དུ་བསྟན་པ་བ་གླང་གི་རྣ་བ་ལྟ་བུའི་ཀུ་ཤ་ཧ་ཅང་མི་རིང་བས་སྟེང་ནས་གཡོགས་པར་བྱའོ། །ཐབ་བསྐྱེད་པ་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཏྲཱཾ་ལས་རྒྱས་པའི་ཐབ་ཁུང་སེར་པོ་གྲུ་བཞི་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། རིན་པོ་ཆེ་ཟུར་བརྒྱད་པ་དབུས་སུ་རིན་པོ་ཆེ་འབར་བ་ཏྲཱཾ་ཡིག་སེར་པོས་མཚན་པར་གྱུར། དེ་ལས་དྲང་སྲོང་མེ་ལྷ་སེར་པོ་ཤ་རྒྱས་པ་གཟི་བརྗིད་དང་ལྡན་པ༔ རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༔ ར་སྐྱེས་སེར་པོའི་ཁྲི་ལ་བཞུགས་པ༔ དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར༔ བདག་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་བསམ་ལ། གཡས་མི་འཇིགས་པའི་རྒྱས་སོར་མོ་བསྒྲེང་ཞིང་མཐེབ་བོང་གཡབ་པ་དང་བཅས་པས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས༔ ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ སྲེག་བླུག་མཆོད་པ་བཞེས་སླད་དུ༔ འདི་ཉིད་དུ་ནི་གཤེགས་སུ་གསོལ༔ ཨོཾ་ཨགྣ་ཡེ་ཨེ་ཧྱ་ཧི༔ ཞེས་སྤྱན་དྲངས། ཨོཾ་བིགྷྣཱནྟ་ཀྲྀཏ་ཕཊ༔ ཞེས་ཡུངས་ཀར་ཐབ་ཏུ་གཏོར་ལ་ཕྱི་འབྲང་གི་བགེགས་བསྐྲད། ཀུ་ཤ་རྒྱ་གྲམ་དུ་བཅིངས་པ་འཕང་ལ། ས་མ་ཡ་ཏིཥྛ་ལྷན། ཞེས་གདན་འབུལ། ཛཿཧཱུྃ་བྃ་ཧོཿདབྱེར་མེད་དུ་བསྟིམ། ན་མོ་ན་མཿ ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཡེ་སྭཱ་ཧཱཿ དང༌། ཤཔྟའི་བར་གྱི་མཆོད། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་ལ་རྃ་ཡིག་གིས་མཚན་པ་དང༔ གཟར་བུ་གཉིས་ཀྱི་ཁ་ལའང་རྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་མཆོད་པ་ཕུལ་བས་མཉེས་ཤིང་ཕྲིན་ལས་སྒྲུབ་པར་གྱུར༔ ལག་པ་གཉིས་ཁུ་ཚུར་བྱས་ལ་མཐེབ་མཛུབ་གཉིས་རྩེ་སྤྲད་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལན་བདུན་གྱིས་མར་ཁུས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་ཨཱ་དི་བྱཱ་བཧྣ་ཡ་ཧ་བྱ་ཀ་བྱཱ་བཧྣཱ་ཡེ་སྭཱ་ཧཱ༔ ཞེས་གཡས་བསྐོར་གྱིས་ལན་གསུམ་འབུལ། མཐར། ཧོ༔ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུགས་མཆོད་པ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ བསྙེན་སྒྲུབ་ལས་གསུམ་འགྲུབ་པའི་རྟགས༔ རིགས་སྔགས་སྦྱོར་བའི་སྟོབས་རྣམས་དང༔ ཉམས་དང་རྟོག་པ་ཡེ་ཤེས་རྩལ༔ བློ་གྲོས་ཡོན་ཏན་འཕེལ་བའི་སྟོབས༔ འཁོར་དང་རིགས་བརྒྱུད་ཕུན་སུམ་ཚོགས༔ ལོངས་སྤྱོད་དཔལ་འབྱོར་སྙན་གྲགས་དང༔ འབྲུ་ནོར་ཆོས་བརྒྱུད་འཛིན་པ་རྣམས༔ རབ་ཏུ་རྒྱས་པར་མཛད་དུ་གསོལ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལན་གཅིག་གིས་འབུལ་ཞིང་མེ་པྲ་བརྟག །དེ་ནས་རྫས་རྣམས་ལ་ཞུ་བའི་རང་བཞིན་ཅན་རྣམས་ཞལ་དང༌། ཡམ་ཤིང༌། དཱུརྦ། ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང༌། ཞོ་ཟན་དང་ཏིལ་སོགས་ཕྱག་ཏུ་འབུལ་བར་མོས་ཏེ། ལག་གིས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོད་སྦྱིན་གྱི་ཚུལ་དང༌། དེ་ལས་གཞན་རྣམས་བླུགས་གཟར་གྱིས་འབུལ། དེ་ནས་རྫས་རྣམས་རིམ་པ་བཞིན་དུ་འབུལ་ལ། ཡམ་ཤིང༌། ཨོཾ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ༔ མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ ཟས་མཆོག །ཨོཾ་སརྦ་སམྦ་དེ་སྭཱ་ཧཱ༔ འབྲས། ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ༔ སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ༔ ནས། ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ༔ སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ༔ གྲོ། ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ༔ དཱུརྦ། ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཀུ་ཤ། ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ ཤིང་ཐོག །ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ༔ རྫས་གཞན་ལ། ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ཞེས་ལན་བདུན་རེའི་མཐར། ཧོཿ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུགས་མཆོད་པ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ བསྙེན་སྒྲུབ་ལས་གསུམ་འགྲུབ་པའི་རྟགས༔ རིགས་སྔགས་སྦྱོར་བའི་སྟོབས་རྣམས་དང༔ ཉམས་དང་རྟོགས་པ་ཡེ་ཤེས་རྩལ༔ བློ་གྲོས་ཡོན་ཏན་འཕེལ་བའི་སྟོབས༔ འཁོར་དང་རིགས་བརྒྱུད་ཕུན་སུམ་ཚོགས༔ ལོངས་སྤྱོད་དཔལ་འབྱོར་སྙན་གྲགས་དང༔ འབྲུ་ནོར་ཆོས་བརྒྱུད་འཛིན་པ་རྣམས༔ རབ་ཏུ་རྒྱས་པར་མཛད་དུ་གསོལ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྱར། ཚུལ་འདིས་མཚོན་སྟེ་རྫས་ཐམས་ཅད་ལ་འདོད་གསོལ་འདི་ཁོ་ན་སྦྱར། རྫས་ཐམས་ཅད་རྫོགས་པ་དང༌། ན་མོ། རིག་པའི་རྒྱལ་པོ་ཁྱོད་ཀྱིས་ལས་ཐམས་ཅད་བྱེད་པས་སྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང༌། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པའི་ཚེ་བསོད་དབང་ཐང་ཆུས་སྲིད་ཉམས་རྟོགས་ཡོན་ཏན་ཡེ་ཤེས་ཐམས་ཅད་མྱུར་དུ་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་དག་གི་དམིགས་པ་ནི། བདེར་འདུས་གཞུང་ལས། བསྲེག་རྫས་བདུད་རྩི་འབུལ་བས་མེ་ལྷ་མཉེས་ཏེ། འོད་ཟེར་བྱུང་ནས་བདག་གི་ཐུགས་ཀར་ཕོག་པས། ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་བསྲེག་སྟེ། སླར་འོད་ཟེར་ཆུ་རྒྱུན་ལྟ་བུས་བཀྲུས་ནས། བཤང་བའི་ལམ་ནས་ཐོན་པར་བསམ་པའམ། ཡང་ན་མེ་ལྷའི་འོད་ཀྱིས་ལུས་ངག་ཡིད་གསུམ་གྱི་སྡིག་པ་ལ་སོགས་པ་སྙིང་ག་ནས་སམ། བ་སྤུའི་བུ་ག་ཐམས་ཅད་ནས་བཏོན་ཏེ། རྫས་ལ་བསྟིམ་པས་མཆོད་པ་ནི་མན་ངག་གོ །དེ་བཞིན་དུ་ནད་དང་དགྲ་དང་འབྱུང་པོའི་གདོན་ལ་སོགས་པ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གལ་ཏེ་ཕ་མའམ་སློབ་དཔོན་ལ་སོགས་པའི་ཆེད་དུ་བྱེད་ནའང་དེ་བཞིན་དུ་བྱའོ། །ཞེས་གསུངས། ནོངས་བཤགས་ནི། བདག་ཅག་དུས་ངན་པའི་སེམས་ཅན་དུ་གྱུར་པས་དུས་རྣམས་འཛོལ་བ་དང༌། རྫས་དང་ཡོ་བྱད་མ་ཚང་བ་དང༌། སྔགས་དང་ཆོ་ག་མ་དག་པ་དང༌། ལྷ་དང་ཏིང་ངེ་འཛིན་མ་གསལ་བ་ལ་སོགས་པ་ཉེས་པ་ཐམས་ཅད་དྲང་སྲོང་ཆེན་པོ་ཁྱེད་ཀྱིས་བཟོད་པར་མཛད་དུ་གསོལ། གཉིས་པ་འདས་པའི་མེ་ལྷ་མཆོད་པ་ལ་གཉིས། སྒྲུབ་མཆོད་དང་མ་འབྲེལ་བ་དང༌། འབྲེལ་བའོ། །དང་པོ་ལྟར་ན། བུད་ཤིང་ཅུང་ཟད་ཁ་གསོ་བསང་ཆུ་འཐོར་ལ་བསང་སྦྱང༌། མེ་ལྷ་ཡེ་ཤེས་པ་ཤར་ལྷོར་གཤེགས། དམ་ཚིག་པ་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་འཆི་མེད་ཚེ་དཔག་མེད་སྒྱུ་འཕྲུལ་དྲྭ་བའི་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་གསལ་ཞིང་ཡོངས་སུ་རྫོགས་པ། འོད་ཟེར་སེར་པོའི་ཕྲེང་བ་མཁའ་ཁྱབ་ཏུ་སྤྲོ་བར་གྱུར། ཅེས་པ་ཙམ་མམ། སྤྲོ་ན་གཞུང་གི་ལྷ་བསྐྱེད་ཡོངས་རྫོགས་སྦྱར། དེ་ནས་སྤྱན་འདྲེན། བཞུགས་གསོལ། ཕྱག་མཆོད། སྨན་རཀ་གཏོར་གསུམ་སྔགས་ཙམ་བསྟོད་པ་ཚང་བར་གྲུབ་ནས། །འོག་གི་དཀྱིལ་འཁོར་པ་དང་བཅས་པའི་ལྷ་ཐམས་ཅད་སོགས་བྱོན་སྐྱེམས་ལ་འཇུག་པ་ཡིན་ནོ། །གཉིས་པ་སྒྲུབ་མཆོད་དང་འབྲེལ་བའི་སྐབས་བུད་ཤིང་ཁ་གསོས་ལ། བཛྲ་མུཿ མེ་ལྷ་ཡེ་ཤེས་པ་ཐབ་ཀྱི་ཤར་ལྷོར་བཞུགས་ཤིང་ཕྲིན་ལས་མཛད་པར་བསམ། དམ་ཚིག་གི་མེ་ལྷ་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། འབྱུང་བ་རིམ་བརྩེགས་རི་རབ་མེ་དཔུང་ཀློང༔ སླར་ཡང་ཧཱུྃ་ལས་པྃ་བྷྲཱུྃ་ཧཱུྃ་འཕྲོས་པས༔ པདྨ་འདབ་སྟོང་རྡོ་རྗེའི་ས་གཞིའི་དབུས༔ རིན་ཆེན་གཞལ་ཡས་མཚན་ཉིད་ཡོངས་སུ་རྫོགས༔ ནང་དུ་པདྨ་རིན་ཆེན་འཇའ་འོད་འཁྲིགས༔ སེང་གེ་གླང་རྟ་རྨ་བྱ་ཤང་ཤང་ཁྲིར༔ པདྨ་ཉི་ཟླ་དར་ཟབ་ལྷོད་འབོལ་བརྩེགས༔ གཞལ་ཡས་གདན་བཅས་སྣང་སྟོང་འོད་དུ་འབར༔ བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཛྙཱ་ན་མཎྜ་ལ་བྷྲཱུྃ༔ རཏྣ་པདྨ་སཱུརྻ་ཙནྡྲ་མཎྜ་ལ་བྷྲཱུྃ༔ ཞེས་གཞལ་ཡས་ཁང་དང་གདན་གསལ་གདབ་ལ། དེ་ནས་སྤྱན་འདྲེན་པ་ནི། ཧཱུྃ་ཧྲཱིཿ འོག་མིན་ཆོས་དབྱིངས་ལྔ་ལྡན་ཞིང་ཁམས་ནས༔ བདེ་གཤེགས་ཚེ་བདག་རིགས་ལྔ་འཁོར་དང་བཅས༔ མོས་པའི་བུ་ལ་བྱིན་གྱིས་བརླབ་པའི་ཕྱིར༔ མྱུར་བ་ཉིད་དུ་གནས་འདིར་གཤེགས་ནས་ཀྱང༔ བྱིན་རླབས་དབང་དང་དངོས་གྲུབ་བསྩལ་བ་དང༔ འགྲོ་བའི་དོན་ཕྱིར་དགྱེས་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཛཿ ཞེས་པའི་བར་གྱི་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་གཙོ་འཁོར་རྣམས་ཀྱི་སྔགས་བརྗོད་ཅིང་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚན་པར་སྤྱན་དྲངས་པས་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་ཏེ་མེ་ཏོག་ཐབ་ཏུ་དོར་བ་དང་མཉམ་དུ་གཙོ་འཁོར་སོ་སོའི་སྔགས་ལ། ས་མ་ཡ་ཏིཥྛ་ལྷན༔ བཏགས་པ་བརྗོད་མཐར་གསལ་གདབ་ནི། གཞལ་ཡས་དབུས་ཀྱི་སེང་གེའི་ཁྲི་ཡི་སྟེང༔ བཅོམ་ལྡན་མགོན་པོ་རྣམ་སྣང་ཚེ་དཔག་མེད༔ དཀར་གསལ་ལོངས་སྤྱོད་ཡོངས་རྫོགས་ཆས་ཀྱི་སྤྲས༔ མཉམ་བཞག་ཕྱག་ན་ཚེ་བུམ་འཁོར་ལོ་འཛིན༔ རྡོ་རྗེ་སྐྱིལ་ཀྲུང་བཞུགས་པ་དེ་ཡི་པང༔ ཚེ་ཡི་བདག་མོ་དབྱིངས་ཕྱུག་དཀར་མོས་འཁྱུད༔ རིན་ཆེན་རྒྱན་ལྡན་མདའ་དར་ཚེ་བུམ་བསྣམས༔ སྙོམས་འཇུག་བདེ་རོལ་བྱང་སེམས་འཕྲོ་འདུ་ལས༔ རིགས་བཞི་ཚེ་བདག་མཐིང་སེར་དམར་ལྗང་མདོག༔ ཀུན་ཀྱང་ལོངས་སྐུའི་རྒྱན་རྫོགས་མཉམ་བཞག་སྟེང༔ ཚེ་བུམ་རིགས་ཀྱི་ཕྱག་རྒྱས་སྤྲས་པ་འཛིན༔ སྒོ་བཞིར་མགྱོགས་མ་རང་རྟགས་མཚན་མ་འཛིན༔ གཞན་ཡང་རབ་འབྱམས་ཚེ་ལྷ་འཁོར་དང་བཅས༔ སྣང་སྟོང་སྒྱུ་མ་ལྟ་བུའི་སྐུ་རུ་གསལ༔ ཕྱག་འཚལ་བ་ནི། ཧཱུྃ་ཧྲཱིཿ བཅོམ་ལྡན་ཚེ་བདག་རྒྱལ་བ་རིགས་ལྔའི་ལྷ༔ རང་བྱུང་སྐུ་གསུང་ཐུགས་དང་ཡོན་ཏན་ལྡན༔ ཕྲིན་ལས་མཛད་པའི་ཆོ་འཕྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ མཆོད་པ་ནི། ཧཱུྃ་ཧྲཱི༔ བླ་མེད་མཆོད་སྤྲིན་ནམ་མཁའི་དབྱིངས་ཁྱབ་པ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ་ལགས་ན༔ ཐུགས་རྗེའི་བརྩེ་བས་དགྱེས་པར་བཞེས་ནས་ཀྱང༔ མི་འགྱུར་མི་ཤིགས་ཚེ་དང་ལྡན་པར་མཛོད༔ ཨོཾ་བཛྲ་ཨརྒྷཾཔཱ་དྱཾ་སོགས་ཤཔྟ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོཿ བསྟོད་པ་ནི། ཧཱུྃ་ཧྲཱིཿ ཡེ་ཤེས་ལྔ་བདག་བཅོམ་ལྡན་ཚེ་ཡི་ལྷ༔ རིགས་ལྔ་ཡབ་ཡུམ་སྤྲུལ་པ་འཁོར་དང་བཅས༔ མ་ལུས་རྒྱལ་བ་ཐམས་ཅད་འདུས་པའི་དཔལ༔ སྐུ་བཞིའི་བདག་ཉིད་རྣམས་ལ་ཕྱག་འཚལ་བསྟོད༔ དེ་ནས། དཀྱིལ་འཁོར་པ་དང་བཅས་པས་ལྷ་ཐམས་ཅད་གསེར་གཙོ་མ་ལྟ་བུའི་འོད་ཟེར་སེར་པོའི་ཕྲེང་བ་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་རྒྱས་པའི་ཕྲིན་ལས་མཛད་པར་བསམ་ལ། བྱོན་སྐྱེམས་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང༌། གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་སྐུ་གསུང་ཐུགས་མཉེས་ནས་ཕྲིན་ལས་གང་འདོད་པ་སྩོལ་བར་གྱུར༔ ཨོཾ་བུདྡྷ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ ལན་བདུན་གྱིས་གཡས་པའི་བླུགས་གཟར་གྱིས་མར་ཁུས་གཡོན་པའི་དགང་གཟར་བཀང་ལ། མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཚར་གཅིག་གིས་གཡས་བསྐོར་གྱིས་ཐབ་ཏུ་འབུལ། མཐར། ཧཱུྃ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཐབ་ཁུང་དུ༔ དམ་རྫས་བདུད་རྩི་བདུད་རྩིའི་སྲེག་བླུགས་འདི་འབུལ་གྱིས༔ ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐང་བ་དང༔ སྒྲུབ་པའི་འབྲས་བུ་དུས་འདིར་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། ཚུལ་དེ་ལྟ་བུས་ལན་གསུམ་འབུལ། དེ་ནས་ཡམ་ཤིང་སོགས་བསྲེགས་རྫས་གཞན་རྣམས་གཙོ་སྔགས་ལན་རེའི་མཐར་རྫས་སྔགས་ཁོ་ནའི་བཅུ་ལ་སོགས་པ་ཇི་ལྟར་རིགས་པར་འབུལ་ཞིང༌། རྫས་སྔགས་སོ་སོའི་མཐར། ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་ལ༔ སྲེག་བླུགས་བདུད་རྩི་འདི་ཕུལ་བས༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ བསྙེན་སྒྲུབ་གསུམ་ལས་གསུམ་འགྲུབ་པའི་རྟགས༔ རིགས་སྔགས་སྦྱོར་བའི་སྟོབས་རྣམས་དང༔ ཉམས་དང་རྟོགས་པ་ཡེ་ཤེས་རྩལ༔ བློ་གྲོས་ཡོན་ཏན་འཕེལ་བའི་སྟོབས༔ འཁོར་དང་རིགས་བརྒྱུད་ཕུན་སུམ་ཚོགས༔ ལོངས་སྤྱོད་དཔལ་འབྱོར་སྙན་གྲགས་དང༔ འབྲུ་ནོར་ཆོས་བརྒྱུད་འཛིན་པ་རྣམས༔ རབ་ཏུ་རྒྱས་པར་མཛད་དུ་གསོལ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་སྦྱར། དེའང་གཙོ་བོ་ལ་བརྒྱ་སོགས། རིགས་བཞི་ལ་བཅུ་ཆའམ་ཕྱེད་ཕྱེད་ཀྱིས་དམན་པར་བྱ། རྫས་རྣམས་རྫོགས་ནས་ལས་བཅོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་རིན་པོ་ཆེ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ནོར་དང་ལོངས་སྤྱོད་ཐམས་ཅད་རྒྱས་པར་བསམ་པ་ཁོ་ནའམ། རྩ་སྔགས་ལ། པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་ཤམ་བུ་ཅན་བཟླ་བའང་འགའ་ཞིག་གི་ཕྱག་བཞེས་སུ་སྣང་བས་ལོངས་སྐབས་དང་སྦྱར་རོ། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་བའི་ལྗགས་དང་གཟར་བུ་གཉིས་ཁ་ལ་བྷྲཱུྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བས་སྐུ་གསུང་ཐུགས་མཉེས་ནས་ཕྲིན་ལས་གང་འདོད་པ་སྩོལ་བར་གྱུར༔ ཨོཾ་བུདྡྷ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ མཚན་བརྒྱ་རྩ་བརྒྱད་པའི་གཟུངས་མཐར། ཧཱུྃ༔ ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཐབ་ཁུང་དུ༔ དམ་རྫས་བདུད་རྩིའི་སྲེག་བླུགས་འདི་འབུལ་གྱིས༔ ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐང་བ་དང༔ སྒྲུབ་པའི་འབྲས་བུ་དུས་འདིར་བསྩལ་དུ་གསོལ༔ ཞེས་འདོད་གསོལ་སྦྱར། ལན་གསུམ་འབུལ། ཨོཾ་བཛྲ་ཏམྦུ་ལ་ཡ་སྭཱ་ཧཱ༔ སོ་རྩི་འབུལ། ཨོཾ་བཛྲ་ཝསྟྲཱ་ཡ་སྭཱ་ཧཱ༔ གོས་ཟུང་འབུལ། ཨོཾ་རཏྣ་ཨ་ལཾ་ཀཱ་ར་སྭཱ་ཧཱ༔ ཞེས་རིན་པོ་ཆེའི་རྒྱན་ཕུལ་བར་མོས། དེ་ནས་ཡེ་ཤེས་པའི་མཆོད་པ་ཁ་གསོ་ཞིང༌། ཨོཾ་བཛྲ་ཨརྒྷཾ་པཱ་དྱཱཾ་སོགས་ཤཔྟ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཱུ་ཛ་ཧོ༔ བསྟོད་པ་ནི། ཧཱུྃ་ཧྲཱིཿ ཡེ་ཤེས་ལྔ་བདག་བཅོམ་ལྡན་ཚེ་ཡི་ལྷ༔ རིགས་ལྔ་ཡབ་ཡུམ་སྤྲུལ་པ་འཁོར་དང་བཅས༔ མ་ལུས་རྒྱལ་བ་ཐམས་ཅད་འདུས་པའི་དཔལ༔ སྐུ་བཞིའི་བདག་ཉིད་རྣམས་ལ་ཕྱག་འཚལ་བསྟོད༔ མ་རྙེད་ཡོངས་སུ་མ་ཚང་དང༌། །གང་ཡང་ནུས་པ་མ་མཆིས་པ། །འདིར་ནི་བགྱིས་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་དང་ཡིག་བརྒྱ་ལན་གསུམ་གྱིས་ནོངས་པ་བཤགས། ཁྱེད་ཀྱི་སེམས་ཅན་སོགས་དང༌། ཨོཾ་ཨཱཿཧཱུྃ་མཱུཿཞེས་བརྗོད་ཅིང༌། སྒྲུབ་མཆོད་དང་འབྲེལ་བའི་ཚེ། དཀྱིལ་འཁོར་པའི་ལྷ་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་བསམ་ཞིང༌། མཎྜལ་མེ་ཏོག་སྤོས་དང་རོལ་མོས་མཚོན་པར་སྒྲུབ་དཀྱིལ་དུ་སྤྱན་དྲངས། གཞལ་ཡས་ཁང་གདན་དང་བཅས་པར་རང་ལ་ཐིམ་པར་བསམ་ཞིང༌། སྲེག་རྐྱང་གི་སྐབས་སུ་ཡེ་ཤེས་པ་ཆོས་དབྱིངས་སུ་གཤེགས་ཤིང་དམ་ཚིག་པ་རང་ལ་བསྡུ། འོན་ཀྱང་བླ་མེད་ཐུན་མོང་མ་ཡིན་པའི་སྐབས་འདིར་དམ་ཡེ་གཉིས་མེད་དབུགས་རྔུབ་པའི་སྦྱོར་བ་དང་བསྟུན། རང་ལ་བསྟིམས་པས་མི་ཤིགས་པའི་ཐིག་ལེ་དང་རོ་གཅིག་ཏུ་གྱུར་པར་བསམས་ཀྱང་ལེགས་སོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། ཐབ་བསང་ཆུས་བྲན་ལ། ཨ་མྲྀ་ཏས་བསང༌། བཛྲ་ས་མཱ་ཛཿ མེ་ལྷ་ཡེ་ཤེས་པ་སྤྱན་དྲངས་ནས་དམ་ཚིག་པ་དང་དབྱེར་མེད་དུ་གྱུར༔ མེ་ལྷའི་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་ལ་རྃ་ཡིག་གིས་མཚན་པ་དང༌། གཟར་བུ་གཉིས་ཀྱི་ཁ་ལའང་རྃ་ཡིག་གིས་མཚན་པས་སྲེག་བླུགས་ཀྱི་མཆོད་པ་ཕུལ་བས་མཉེས་ཤིང་ཕྲིན་ལས་སྒྲུབ་པར་གྱུར། དགང་བླུགས་བཟུང་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ལན་བདུན་གྱིས་དགང་གཟར་བཀང་ལ། ཨོཾ་ཨགྣ་ཡེ་ཨཱ་དི་བྱ་བཧྣཱ་ཡ་ཧ་བྱ་ཀ་བྱ་བཧྣཱ་ཡ་སྭཱ་ཧཱ༔ ཞེས་གཡས་བསྐོར་གྱིས་ལན་གསུམ་འབུལ། ཧོཿ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེགས་བླུགས་མཆོད་པ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ བསྙེན་སྒྲུབ་ལས་གསུམ་འགྲུབ་པའི་རྟགས༔ རིགས་སྔགས་སྦྱོར་བའི་སྟོབས་རྣམས་དང༔ ཉམས་དང་རྟོགས་པ་ཡེ་ཤེས་རྩལ༔ བློ་གྲོས་ཡོན་ཏན་འཕེལ་བའི་སྟོབས༔ འཁོར་དང་རིགས་བརྒྱུད་ཕུན་སུམ་ཚོགས༔ ལོངས་སྤྱོད་དཔལ་འབྱོར་སྙན་གྲགས་དང༔ འབྲུ་ནོར་ཆོས་བརྒྱུད་འཛིན་པ་རྣམས༔ རབ་ཏུ་རྒྱས་པར་མཛད་དུ་གསོལ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ལན་གཅིག་གིས་འབུལ། རྫས་ལྷག་རྣམས། ཨོཾ་བོ་དྷི་བྲིཀྵ་ཡ་སྭཱ་ཧཱ༔ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ༔ ཨོཾ་སརྦ་སམྦ་དེ་སྭཱ་ཧཱ༔ ཨོཾ་བཛྲ་པུཥྚཱ་ཡ་སྭཱ་ཧཱ༔ ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ༔ ཨོཾ་མ་ཧཱ་བེ་གཱ་ཡ་སྭཱ་ཧཱ༔ ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ༔ ཨོཾ་བཛྲ་གྷསྨ་རི་སྭཱ་ཧཱ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ ཨོཾ་བཛྲ་ཥཱི་བཱ་ཡ་སྭཱ་ཧཱ༔ ཨོཾ་ཨཱ་ཧ་ར་ཨཱ་ཧ་ར་སརྦ་བིདྱཱ་དྷ་ར་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ༔ ལན་རེས་འབུལ། ཧོཿ དྲང་སྲོང་མེ་ལྷའི་ལྷ་ཚོགས་རྣམས༔ སྲེག་བླུགས་མཆོད་པ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ བསྙེན་སྒྲུབ་ལས་གསུམ་འགྲུབ་པའི་རྟགས༔ རིགས་སྔགས་སྦྱོར་བའི་སྟོབས་རྣམས་དང༔ ཉམས་དང་རྟོགས་པའི་ཡེ་ཤེས་རྩལ༔ བློ་གྲོས་ཡོན་ཏན་འཕེལ་བའི་སྟོབས༔ འཁོར་དང་རིགས་བརྒྱུད་ཕུན་སུམ་ཚོགས༔ ལོངས་སྤྱོད་དཔལ་འབྱོར་སྙན་གྲགས་དང༔ འབྲུ་ནོར་ཆོས་བརྒྱུད་འཛིན་པ་རྣམས༔ རབ་ཏུ་རྒྱས་པར་མཛད་དུ་གསོལ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ རྫས་རྣམས་ལྷག་མ་བཞག་ཏུ་མི་རུང་བས། ཐམས་ཅད་ལྷག་མེད་དུ་དབུལ་བར་བྱའོ། །མེ་ལྷའི་གཏོར་མ་བྲན་ལ། ཨ་ཀཱ་རོས་བྱིན་གྱིས་བརླབས། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་གསུམ་གྱིས་འབུལ། མེ་ལྷ་འཁོར་དང་བཅས་པ་ཡིས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས༔ བསྙེན་སྒྲུབ་ལས་གསུམ་འགྲུབ་པའི་རྟགས༔ རིག་སྔགས་སྦྱོར་བའི་སྟོབས་རྣམས་དང༔ ཉམས་དང་རྟོགས་པའི་ཡེ་ཤེས་རྩལ༔ བློ་གྲོས་ཡོན་ཏན་འཕེལ་བའི་སྟོབས༔ འཁོར་དང་རིགས་བརྒྱུད་ཕུན་སུམ་ཚོགས༔ ལོངས་སྤྱོད་དཔལ་འབྱོར་སྙན་གྲགས་དང༔ འབྲུ་ནོར་ཆོས་བརྒྱུད་འཛིན་པ་རྣམས༔ རབ་ཏུ་རྒྱས་པར་མཛད་དུ་གསོལ༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་ཕྲིན་ལས་བཅོལ། ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་པུཥྤེ་དྷཱུ་པེ་སོགས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ༔ ཞེས་མཆོད་ལ་བསྟོད་པ་ནི། ཧཱུྃ། ཚངས་དབང་འཇིག་རྟེན་མགོན་གྱིས་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ མཐུ་སྟོབས་རྫུ་འཕྲུལ་བསམ་མི་ཁྱབ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཞེས་དང༌། སྲེགས་བླུགས་དམ་ཚིག་ལས་འདས་ཤིང༔ ཆོ་ག་ལྷག་ཆད་འགལ་འཁྲུལ་སོགས༔ ཉེས་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ བཟོད་པར་བཞེས་ནས་དངོས་གྲུབ་སྩོལ༔ ཞེས་དང་ཡིག་བརྒྱས་ནོངས་པ་བཤགས། ཨོཾ་བཛྲ་ཏམྦུ་ལ་སྭཱ་ཧཱ༔ སོ་རྩི་འབུལ། ཨོཾ་བཛྲ་ཝསྟྲཱ་སྭཱ་ཧཱ༔ གོས་ཟུང་འབུལ། བདག་གི་དོན་དང་གཞན་གྱི་དོན༔ སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས༔ ཇི་བཞིན་དུས་སུ་ཚུར་བྱོན་ལ༔ བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས༔ བཛྲ་མུཿ ཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་པ་རང་གི་ལྟེ་བའི་ཨ་ཤད་ལ་ཐིམ་པར་གྱུར། ལས་མཇུག་བྲོ་ཡི་བསྡུ་བ་ནི། རྒྱས་པའི་ཕུར་བུ་འདྲིལ་ལ། བྲོ་ར་གྲུ་བཞིའམ་དེར་མོས་ལ། ཧཱུྃ༔ གཏུམ་ཆེན་འབར་བ་ཁྲོ་བོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ ཡེ་ཤེས་བྲོ་དང་གླུ་ལ་བསྐུལ༔ སྙིང་པོའི་དཀྱིལ་འཁོར་ཆེན་པོ་འདིར༔ དཔལ་ཆེན་ཡབ་ཡུམ་འགྱིང་ཞིང་རོལ༔ ཁྲོ་བོའི་ཚོགས་རྣམས་སྤྲིན་ལྟར་གཏིབས༔ ཁྲོ་མོའི་ཚོགས་རྣམས་ལས་ལ་རྔམས༔ ཁྲོ་ཆུང་མང་པོ་སྤྲུལ་པར་འགྱེད༔ ཀཾ་ཀ་འདབ་ཆགས་སྐར་ལྟར་འཁྲུགས༔ གཅན་གཟན་མུ་ཁ་སྤྲིན་ལྟར་འཐིབས༔ དཔལ་གྱི་བྲོ་ཆེན་འདི་ལྟར་བརྡུངས༔ ལྷོ་རུ་རྒྱས་པའི་བྲོ་བརྡུངས་པས༔ ཚེ་བསོད་དཔལ་འབྱོར་ཡོན་ཏན་རྒྱས༔ རྒྱས་པར་མ་གྱུར་གང་ཡང་མེད༔ པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཆོས་ཀྱི་དབྱིངས་ཀྱི་བྲོ་ར་འདིར༔ རིག་པ་ཡེ་ཤེས་བྲོ་ཆེན་བརྡུངས༔ དབྱིངས་ཡེ་ཟུང་འཇུག་གླུ་བླངས་པས༔ བྲོ་ནི་སྐྱེ་བ་མེད་པའི་བྲོ༔ གླུ་ནི་འགག་པ་མེད་པའི་གླུ༔ སྐྱེ་འགག་གནས་བྲལ་བྲོ་བརྡུངས་པས༔ བདག་ཏུ་ལྟ་བའི་ཉོན་མོངས་འཇོམས༔ གསང་བའི་དགྲ་གསུམ་བསད་པའི་བྲོ༔ འཇིགས་པའི་བདུད་བཞི་བཅོམ་པའི་བྲོ༔ རྫོགས་པ་ཆེན་པོའི་བྲོ་བརྡུངས་པས༔ ཐམས་ཅད་ཆོས་ཀྱི་དབྱིངས་སུ་ཐིམ༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ ཅེས་བརྡུངས་ལ། མཐར་དགེ་བའི་རྩ་བ་བླ་མེད་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ། སྒྲུབ་མཆོད་སྲེག་རྐྱང་གང་ཡིན་ཀྱང་དཀྱིལ་འཁོར་རྗེས་ཀྱི་བྱ་བ་སྲུང་མའི་གཏོར་འབུལ་སོགས་ཕྱག་ལེན་དཀྱུས་མཐུན་བྱ་ཞིང༌། དེ་ལྟར་སྦྱིན་སྲེག་བྱས་པའི་མེ་ལ་དཀྲུགས་བདལ་ལ་སོགས་མི་བྱ་བར་མེ་ཡི་བྱ་བ་ཞི་བ་ལྟར་ལ་ཐལ་སོལ་མཛོད་དུ་སྦ། གལ་ཏེ་རབ་གནས་དང་འབྲེལ་བར་འོ་ཐུག་བསྒྲུབ་ན་ལག་ལེན་སོགས་སྤྱི་ལྟར་བྱའོ། དགེའོ།།

Footnotes

Other Information