ཉི་ཟླའི་རྒྱ་ཅན་ལས། གུ་རུ་ཞི་དྲག་གི་ཐུགས་སྒྲུབ་ཡིད་བཞིན་ཆར་འབེབས་ཀྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་དངོས་གྲུབ་འདོད་དགུའི་གཏེར་བུམ།

From Khyentse Lineage - A Tsadra Foundation Project
Revision as of 09:02, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-05-CA-033
Wylie title nyi zla'i rgya can las/ gu ru zhi drag gi thugs sgrub yid bzhin char 'bebs kyi sgrub thabs dbang bskur dang bcas pa dngos grub 'dod dgu'i gter bum DKR-KABUM-05-CA-033.pdf
Location dil mgo mkhyen brtse bka' 'bum
Volume 5, Text 33, Pages 223-233 (Folios 1a to 11a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Nyi zla'i rgya can las gu ru zhi drag gi thugs sgrub yid bzhin char 'bebs kyi sgrub thabs dbang bskur dang bcas pa dngos grub 'dod dgu'i gter bum. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 223-233. Delhi: Shechen Publications, 1994.
Genre Activity Manual - las byang  ·  Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle ཉི་ཟླའི་རྒྱ་ཅན་ (nyi zla'i rgya can)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity gu ru zhi drag
Colophon

།བདེ་ཆེན་འགྱུརྃ་མེདྃ་ཡེ་ཤེས་གཅིག་པུ་ཉིད། །མཐའ་ཀླས་གདུལ་བྱའི་རྗེས་འགྲོའི་སྒྱུ་འཕྲུལ་གར། །སྔ་འགྱུར་ཐེགྃ་མཆོགྃ་བསྟནྃ་པའིྃ་བཀའ་སྲོལ་བཞིན། །དངོས་གྲུབ་རྒྱལྃ་མཚནྃ་མཛེས་པའི་ཏོག་ཏུ་གྲུབ། །གུ་རུ་ཞི་དྲག་གི་ཐུགས་སྒྲུབ་ཡིད་བཞིན་ཆར་འབེབས་ཀྱི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།།

/bde chen 'gyura~M meda~M ye shes gcig pu nyid/_/mtha' klas gdul bya'i rjes 'gro'i sgyu 'phrul gar/_/snga 'gyur thega~M mchoga~M bstana~M pa'i~M bka' srol bzhin/_/dngos grub rgyala~M mtshana~M mdzes pa'i tog tu grub/_/gu ru zhi drag gi thugs sgrub yid bzhin char 'bebs kyi sgrub thabs dbang dang bcas pa'i le'u tshan no//

[edit]
༄༅། ཉི་ཟླའི་རྒྱ་ཅན་ལས། གུ་རུ་ཞི་དྲག་གི་ཐུགས་སྒྲུབ་ཡིད་བཞིན་ཆར་འབེབས་ཀྱི་སྒྲུབ་ཐབས་དབང་བསྐུར་དང་བཅས་པ་དངོས་གྲུབ་འདོད་དགུའི་གཏེར་བུམ་ཞེས་བྱ་བ་བཞུགས་སོ།།


༄༅། །ཆོས་དབྱིངས་ཀུན་ཁྱབ་ཡེ་ཤེས་རོལ་པ་ཆེའི། །སྲིད་ཞིའི་རྒྱན་དུ་ཅིར་ཡང་འཆར་བའི་ཕུལ། །རིག་འཛིན་མཆོག་སྒྲུབ་ཡིད་བཞིན་ཆར་འབེབས་ཀྱི། །ཕྲིན་ལས་དབང་གི་ཆོ་ག་འདིར་གསལ་བྱ། །འདིར་སྙིགས་འགྲོའི་སྐྱབས་གཅིག་མཚོ་སྐྱེས་མ་ཧཱ་གུ་རུ་ཞི་དྲག་ཆིག་བསྒྲིལ་ཡིད་བཞིན་ཆར་འབེབས་ཉམས་སུ་ལེན་པར་འདོད་པས། གང་དུ་བྱ་བའི་གཞིར་སྟེགས་ཀྱི་ཁར་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ་ཐོད་པ་མཚན་ལྡན་བདུད་རྩིས་བཀང་བའི་ཁར་མཉྫིའི་སྟེང་གཏོར་མ་ཡིད་བཞིན་ནོར་བུ་རིགས་ལྔའི་ཕྱག་མཚན་ཅན་ཁ་དོག་སེར་པོ་འབའ་ཞིག་གིས་མཚན་པ་དང༌། རིག་ཙཀ་ཕྱག་རྒྱ་ལྔས་བརྒྱན་པ་བཀོད། མཐའ་བསྐོར་དུ་ཉེར་སྤྱོད་མཆོད་པ། སྨན་གཏོར་རཀྟ་ཚོགས་མཆོད། དཀར་བགེགས། ཆོས་སྲུང་གི་འབུལ་གཏོར་ཆད་བརྟན་དང༌། སྒྲུབ་པ་པོའི་མདུན་དུ་ཌཱ་དྲིལ། ལས་བུམ་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། ཆོ་གའི་རིམ་པས་ཉམས་ལེན་དངོས་ལ་གསུམ་ལས། དང་པོ་སྔོན་འགྲོས་ལས་རིམ་ལ་བརྒྱད་ལས། དང་པོ་སྔོན་འགྲོའི་རྒྱུད་སྦྱོང་བ་ནི། བླ་མ་ཞི་ཁྲོ་ཀུན་འདུས་ཡིད་བཞིན་ཆར་འབེབས་ཀྱི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སད་པར་བལྟས་ལ། སྐྱབས་སུ་འགྲོ་བ་ནི། བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ། །རྩ་བ་གསུམ་གྱི་དཀྱིལ་འཁོར་ལྷ་ཚོགས་ལ། །རང་རིག་དཔལ་ལྡན་བླ་མའི་ཡེ་ཤེས་ཞལ། །རང་ངོ་མ་འཕྲོད་དེ་སྲིད་སྐྱབས་སུ་མཆི། །སེམས་བསྐྱེད་ནི། རང་ལ་གདོད་ནས་ཡོད་པའི་རྫོགས་སངས་རྒྱས། །གཅེར་མཐོང་ངོ་སྤྲད་འགྲོ་ཀུན་གྲོལ་བའི་ཆེད། །བདག་གིས་བླ་ན་མེད་པའི་རྣལ་འབྱོར་མཆོག །ཉམས་བླངས་གཞན་དོན་བྱེད་པར་སེམས་བསྐྱེད་དོ། །ཚོགས་བསགས་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་ཐམས་ཅད་བཤགས། །གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༌། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདར་བཞུགས་གསོལ་བ་འདེབས། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེའི་དོན་རྟོགས་ཤོག །ཛཿཧཱུྃ་བཾ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། གཉིས་པ་ལ་ཐོག་མར་མཚམས་ལྷ་བསྐྱེད་པ་ནི། ཧྲཱིཿ རང་སེམས་སྐད་ཅིག་ཧྲཱིཿཡིག་ཡོངས་གྱུར་ལས། །ཁྲོ་རྒྱལ་རྟ་མགྲིན་ཞལ་གཅིག་ཕྱག་གཉིས་པ། །བེ་ཅོན་སྡིགས་མཛུབ་རྩེ་ལས་མེ་ཕུང་འབར། །དུར་ཁྲོད་ཆས་རྫོགས་རྟ་སྐད་ཕྱོགས་བཅུར་སྒྲོགས། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་ང་རྒྱལ་བཟུང་ལ། གཏོར་མ་དཀར་དམར་གཉིས་རྃ་ཡྃ་ཁྃ་གིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་མགྲོན་དགུག །རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ཞིང་སེ་གོལ་གཏོགས་པ་དང་བཅས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བསྔོས་ལ། ས་བདག་ལྷ་ཀླུ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་གིས་སྒྲུབ་པ་མ་ཐོན་བར། །ཁྱེད་ལ་གནས་འདི་བདག་གཡར་གྱིས། །གནང་བ་ལེགས་པར་བསྩལ་ནས་ཀྱང༌། ཅི་བདེ་བར་ནི་གཞན་དུ་སོང༌། །ཞེས་ཕྲིན་ལས་གསོལ་ལ། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪས་རང་གནས་སུ་གཤེགས་པར་བསམ། གཏོར་མ་གཉིས་པ། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱ་དི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་བསྔོས་ལ། ཧཱུྃ། ཡང་དག་གསང་བའི་དཀྱིལ་འཁོར་འདིར། །འདུ་བའི་ལྷ་རྣམས་མ་གཏོགས་པ། །མི་དང་མི་མིན་འབྱུང་པོའི་ཚོགས། །འདི་རུ་མ་འདུག་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་གྱུར་ན། །རྟ་མཆོག་རྒྱལ་པོས་རྡུལ་དུ་རློག །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། གནོད་བྱེད་འབྱུང་པོ་ཨུཙྪ་ཊཱ་ཡ་ཕཊ། གསུམ་པ་ནི། ཧྲཱིཿ དབང་གི་རྟ་སྐད་རབ་འཚེར་ཞིང༌། །འཁོར་ལོ་རྡོ་རྗེ་མེ་དཔུང་གིས། །སྟེང་འོག་ཕྱོགས་མཚམས་མེད་པར་གཏམས། །སྲུང་བའི་གུར་ཁང་ཆེན་པོར་གྱུར། །ཨོཾ་བཛྲ་ཙཀྲ་ཛྭ་ལ་རྃ་ཧཱུྃ་བྷྲཱུྃ་ཧཱུྃ། བཞི་པ་ནི། ཧྲཱིཿ ཀུན་སྣང་ཡེ་ཤེས་ཞིང་ཁམས་ལ། །འཁྲུལ་རྟོག་སྒོ་བཅད་ཀུན་ཏུ་དྲལ། །རང་ཤར་རང་ངོ་ཤེས་པ་ཡིས། །ཀློང་ཡངས་ཞིང་ཁམས་སྒོ་དབྱེའོ། ཧཱུྃ་པྲ་བེ་ཤ་ཡ་ཕཊ། ལྔ་པ་ནི། ཧྲཱིཿ ཟང་ཐལ་ཀུན་བཟང་ཡེ་ཤེས་ཆེ། །ཐིག་ལེ་ཀུན་ཁྱབ་ཀུན་ཏུ་སྣང༌། རྟག་ཆད་བྲལ་བའི་དོན་གྱི་མཆོག །རང་ངོ་ཤེས་ལ་ཕྱག་འཚལ་ལོ། ཨ་ལ་ལ་ཧོ་ན་མཿ དྲུག་པ་ནི། ཧྲཱིཿ འཆར་དང་ནུབ་པ་མེད་པ་ལ། །སྤང་བླང་བྱས་པས་གོལ་སར་ལྷུང༌། རེ་དོགས་བྲལ་བའི་བྱང་ཆུབ་སེམས། །སྲོག་གི་ཐིག་ལེར་བཟུང་བར་བགྱི། །ཨོཾ་བཛྲ་ས་མ་ཡ་སྟྭཾ། བདུན་པ་ནི། སྤོས་རོལ་དང་དབྱངས་ཀྱི་འགྱུར་བ་སྙན་པོ་དང་བཅས། ཧྲཱིཿ ཆོས་དབྱིངས་རྣམ་དག་དཀྱིལ་འཁོར་ནས། །བླ་མ་ཞི་ཁྲོའི་ལྷ་ཚོགས་རྣམས། །འགྲོ་བའི་དོན་དུ་སྐུ་བཞེངས་ལ། །དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ། ཨོཾ་མ་ཧཱ་གུ་རུ་ཀྲོ་དྷ་བཛྲ་ཨ་བེ་ཤ་ཡ་ཨ་ཨཿ བརྒྱད་པ་ནི། མཆོད་རྫས་རྣམས། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་སརྦ་དྷརྨཱ་བི་ཤུདྡྷོ྅ཧཾ། རྃ་ཡྃ་ཁྃ། ཐུགས་ནས་རྃ་ཡྃ་ཁྃ་འཕྲོས་པས། །ཕྱི་ནང་གསང་བའི་མཆོད་རྫས་ཀྱི། །མ་དག་ཉེས་སྐྱོན་ཀུན་སྦྱངས་ནས། །མི་ཟད་ནམ་མཁའི་མཛོད་དུ་གྱུར། །ཅེས་དང༌། ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ། བྱེ་བྲག་སོ་སོའི་ཕྱག་རྒྱ་དང་བཅས། ཨོཾ་བཛྲ་པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝིདྱཱ། ཤཔྟ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་མ་ཧཱ་པཉྩ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ག་ཎ་གུ་ཧྱ་མ་ཧཱ་པཱུ་ཛ་ཧོཿ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཧཱུྃ་ཧྲཱིཿཋ། གཉིས་པ་དངོས་གཞི་ལ། ལྷ་བསྐྱེད་སྤྱན་འདྲེན་བཞུགས་སུ་གསོལ། ཕྱག་འཚལ་མཆོད་བསྟོད་བཟླས་པ་བྱ། །ཐུན་ལས་ལྡང་བའི་རིམ་པའོ། །ཞེས་བརྒྱད་ལས། དང་པོ་ནི། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པད་ཉི་རུ་ཏྲའི་གདན་ལ་རྟ་མགྲིན་དམར་པོ་བེ་ཅོན་དང་སྡིགས་མཛུབ་མཛད་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ། ཞབས་དོར་སྟབས་སུ་བགྲད་པའི་ལྟོ་བ་ཡངས་པའི་ནང་དུ་གཞལ་ཡས་ཁང་ཟླུམ་པོ་རྒྱ་སྐྱེགས་ཀྱི་མདོག་ལྟ་བུ་འོད་ཟེར་ཁ་དོག་ལྔ་འཕྲོ་བ། དེའི་ནང་པདྨ་ཉི་ཟླའི་གདན་ལ་ཨོ་རྒྱན་ཟ་ཧོར་མ་བཅུ་དྲུག་ལོན་པའི་ལང་ཚོའི་རྣམ་པ་ཅན། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང༌། གཡོན་མཉམ་བཞག་གི་སྟེང་མཚན་ལྡན་བྷནྡྷའི་དབུས་སུ་འཆི་མེད་ཚེ་ཡི་བུམ་པ་བདུད་རྩིས་གང་བ་བསྣམས་པ། སྐུ་ཡི་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ་ཕོད་ཆེན་མཐིང་ག་ཟ་འོག་གི་བེར། ཆོས་གོས་རྣམ་པ་གསུམ་ཐམས་ཅད་གསེར་གྱི་མདོག་ཅན་དབུ་ལ་པདྨའི་མཉེན་ཞུ་གསོལ་བ། སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པ། དཔྲལ་བར་ཨོཾ་དཀར་པོ། །མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གས་མཚན་པ། དེ་ལས་འོད་འཕྲོས་པས་མཁའ་ཁྱབ་ཀྱི་རྒྱལ་བ་ཐམས་ཅད་བླ་མ་ཞི་ཁྲོའི་ཡེ་ཤེས་ཀྱི་འཁོར་ལོའི་རྣམ་པར་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ ཧཱུྃཿ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱིས༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿཛཿ གཉིས་པ་ནི། ཧྲཱིཿ །ཆོས་དབྱིངས་ལྷུན་གྲུབ་བདེ་ཆེན་གཞལ་ཡས་འདིར། །དབྱིངས་ཀྱི་ཐིག་ལེ་འོད་ཕུང་འཁྱིལ་བའི་དབུས། །རིག་པ་རང་ཤར་བླ་མ་ཞི་ཁྲོའི་ལྷ། །མཉམ་ཉིད་དོན་གྱི་དབྱིངས་སུ་བརྟན་པར་བཞུགས། །ཨོཾ་བཛྲ་ས་མ་ཡ་ཏིཥྛནྟུ། གསུམ་པ་ནི། ཧྲཱིཿ རང་རིག་བླ་མ་ཞི་ཁྲོའི་ལྷ་ཚོགས་ལ། །སྣང་སྟོང་སྐྱེ་འགག་མེད་པའི་དབྱིངས་ཉིད་དུ། །བཟང་ངན་གཉིས་འཛིན་ཡེ་ནས་བྲལ་བ་ཡི། །མཉམ་ཉིད་དོན་གྱི་ངང་དུ་ཕྱག་འཚལ་ལོ། །ན་མོ་པུ་རུ་ཤ་ཡ་ཧོཿ བཞི་པ་ནི། ཧྲཱིཿ བླ་མ་ཞི་ཁྲོའི་ལྷ་ཚོགས་ལ། །མཆོད་པའི་བྱེ་བྲག་འབུལ་བ་ནི། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་སྒྲ་སྙན་ལྷ་མོ་རྣམས། །སོ་སོའི་ཁ་དོག་ཕྱག་རྒྱ་སྒྱུར། རབ་འབྱམས་ནམ་མཁའི་ཁམས་བཀང་ནས། །རྒྱལ་བའི་དཀྱིལ་འཁོར་མཆོད་པར་བྱ། །ཨོཾ་ཨཱཿཧཱུྃ་བཛྲ་པུཥྤེ་ནས་ཤཔྟ་པཱུ་ཛ་ཧོཿ ཧྲཱིཿ བླ་མ་ཞི་ཁྲོའི་ལྷ་ཚོགས་ལ། །རང་བྱུང་བདུད་རྩི་རྣམ་ལྔ་དང༌། ཤ་ལྔ་དམ་ཚིག་མཆོག་གི་རྫས། །ནང་གི་བདག་ཉིད་དག་པར་བཞེས། །མ་ཧཱ་ཨ་མྲྀ་ཏ་མཱཾ་ས་པཉྩ་པཱུ་ཛ་ཧོཿ ཧྲཱིཿ བླ་མ་ཞི་ཁྲོའི་ལྷ་ཚོགས་ལ། །སྣང་སྟོང་བདེ་ཆེན་ཡབ་ཡུམ་མཁར། །དགའ་བཞི་ཡེ་ཤེས་ཐིག་ལེར་འཁྱིལ། །ཟུང་འཇུག་བདེ་ཆེན་མཆོད་པར་བཞེས། །ཨོཾ་བོ་དྷི་ཙིཏྟ་པཱུ་ཛ་ཧོཿ ཧྲཱིཿ བླ་མ་ཞི་ཁྲོའི་ལྷ་ཚོགས་ལ། །རྩ་བརྒྱད་བདུད་རྩིའི་མཆོད་པ་དང༌། །བདེ་ཆེན་རཀྟའི་མཆོད་པ་དང༌། །དམ་རྫས་གཏོར་མའི་མཆོད་པ་རྣམས། །དོན་དམ་དབྱིངས་ཀྱི་མཆོད་པ་འབུལ། །མཐུན་འཇུག་མཆོག་གི་མཆོད་པར་བཞེས། །ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། སྤྲོ་ན། སྣང་མཐའ་སྤྱན་རས་གཟིགས་དབང་པདྨ་འབྱུང༌། །གུ་རུ་ཞི་དྲག་རྡོ་རྗེ་ཐོགས་མེད་རྩལ། །སྨིན་གྲོལ་མཆོག་སྩོལ་རྩ་བརྒྱུད་བླ་མ་ལ། སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞི་དང་ཁྲོ་བོའི་དཀྱིལ་འཁོར་རབ་འབྱམས་ཀྱི། །སྤྱི་གཟུགས་རིག་འཛིན་བླ་མ་ཡིད་བཞིན་དབང༌། དཀྱིལ་འཁོར་འཁོར་ལོར་བཅས་པ་ཐམས་ཅད་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཟབ་ལམ་གདམས་པའི་བཀའ་སྲུང་མཐུ་སྟོབས་བདག །དམ་ཅན་རྒྱུད་གསུམ་དྲེགས་པའི་ཚོགས་བཅས་ལ། །རྣམ་བཞིའི་ཕྲིན་ལས་སྒྲུབ་པར་མཛད་རྣམས་ལ། །སྨན་མཆོད་འབུལ་ལོ་མཐུ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཞེས་འབུལ། རྗེས་འབྲེལ་དུ་དངོས་གྲུབ་བླང་བ་ནི། ཧཱུྃ། ལྕེ་ཡི་དམ་ཚིག་རྡོ་རྗེ་ལ། །དམ་ཚིག་ཅན་གྱིས་ཧཱུྃ་བསྒོམས་ཏེ། །མཐེབ་སྲིན་ཐབས་ཤེས་ཕྱག་རྒྱ་ཡིས། །མྱངས་ན་དངོས་གྲུབ་ཐོབ་པར་འགྱུར། །ཀཱ་ཡ་སིདྡྷི་ཨོཾ། ཝཱཀ྄་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ དྲུག་པ་ནི། ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །བདུན་པ་བཟླས་པ་ནི། རང་བྱུང་དག་པའི་གཞལ་ཡས་འདིར། །བླ་མ་ཞི་དང་ཁྲོ་བོ་ཡི། །སྣ་ཚོགས་སྐུ་དང་ཆ་ལུགས་ལ། །ཐུགས་སྲོག་ཛཔ྄་ཀྱི་རང་སྒྲ་སྒྲོགས། །མི་འགྱུར་ཐུགས་ལས་འོད་ཟེར་འཕྲོས། །ཕར་འཕྲོས་སེམས་ཅན་དོན་རྣམས་རྫོགས། །ཚུར་འདུས་དངོས་གྲུབ་བཅུད་ཀུན་བསྡུས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སིདྡྷི་ཕ་ལ་ཧཱུྃ་ཨཿ དབང་དང་འབྲེལ་ན། རང་བྱུང་བྷནྡྷའི་གཞལ་ཡས་ཁང་དུ་གུ་རུ་ཞི་ཁྲོ་ཡིད་བཞིན་འཁོར་ལོར་དངོས་སུ་བཞུགས་པར་གསལ་བའི་སྐུ་ལས་ཡེ་ཤེས་བདུད་རྩི་ཆར་ལྟར་བྲུལ་བ་ཐོད་པའི་བདུད་རྩི་དང་རོ་གཅིག་ཏུ་འདྲེས་པར་བསམ་ལ། རྩ་སྔགས་ཇི་ལྟར་འོས་པ་བཟླ། ལས་བུམ་རྟ་སྔགས་བརྗོད་པས་བྱིན་རླབས་བྱ། བདག་གི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་འཕྲོས། མདུན་བསྐྱེད་ལྷ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དེ་དག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པ་བདག་གི་སྙིང་གར་ཐིམ་པར་བསམ་ལ་སྔགས་ཅུང་ཟད་བཟླས་པས། དབང་ལེན་དང༌། སློབ་མ་འཇུག་པར་གསོལ་བ་གདབ་པས་བདག་འཇུག་བླང་ལ། སློབ་མ་རྣམས་ཁྲུས་ནས་དབྱུང༌། བགེགས་བསྐྲད། སྲུང་འཁོར་བསྒོམ་ལ། སེམས་བསྐྱེད་གསལ་གདབ་པས། དེ་ཡང་བྱིན་རླབས་དངོས་གྲུབ་ཀུན་གྱི་རྩ་བ་ནི་བླ་མ་སྒྲུབ་པ་སྟེ། དེ་ལའང་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ། ནང་བླ་མ་སྐུ་གསུམ་དུ་སྒྲུབ་པ། གསང་བ་བླ་མ་དྲག་པོར་སྒྲུབ་པའི་རྣམ་བཞག་གསུམ་དུ་མཆིས་པ་ལས། འདི་ནི་ཕྱི་ནང་གསང་བའི་སྒྲུབ་ཚུལ་གསུམ་ཀ་གཅིག་འདུས་ཡིད་བཞིན་འཁོར་ལོ་ཞེས་བྱ་བ་སྟེ། དེ་ལ་བཀའ་གཏེར་དག་སྣང་གསུམ་གྱི་བབས་སོ་ལས་གསང་བ་དག་སྣང་གི་ཆོས་སྐོར་ཏེ། སྔོན་བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་འཕགས་ཀྱིས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ལ་རྒྱ་བདུན་གྱིས་རྒྱས་བཏབ་ཏེ་གཙིགས་སུ་མཛད་པ་བཞིན། ཀུན་མཁྱེན་རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་ལ་ཉམས་དང་རྨི་ལམ་ཙམ་མ་ཡིན་པར་རྩ་བ་གསུམ་གྱི་ལྷ་ཚོགས་དངོས་སུ་གཟིགས་པའི་དག་པ་རབ་འབྱམས་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཤར་བ་འཕགས་ཆེན་རྣམས་ཀྱི་ཞིང་ཡོངས་སུ་སྦྱངས་བའི་རྣམ་ཐར་དང་རྗེས་སུ་མཐུན་པའི་ཟབ་ཆོས་རྒྱ་ཅན་ཉི་ཤུ་རྩ་ལྔར་ཡོངས་སུ་གྲགས་པ་ལས། ཐབས་ཤེས་ཉི་ཟླའི་རྒྱ་ཅན་ལས་བྱུང་བའི་བླ་མ་ཞི་ཁྲོ་གཅིག་དྲིལ་ཡིད་བཞིན་འཁོར་ལོའི་བྱིན་རླབས་དབང་བསྐུར་གསན་པའི་ཆེད་དུ་མཎྜལ་ཕུལ། ས་ཕྱོགས་འདི་ཉིད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་དཀྱིལ་འཁོར་དབུས་སུ་སློབ་དཔོན་གུ་རུ་ཡིད་བཞིན་ཆར་འབེབས་དངོས་སུ་གསལ་བས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། །རབ་འབྱམས་རྩ་གསུམ་འདུས་པའི་དངོས། །བླ་མ་ཞི་ཁྲོའི་དཀྱིལ་འཁོར་དུ། །བདག་སོགས་སྣོད་ལྡན་ལེགས་དྲངས་ནས། །སྨིན་ཅིང་གྲོལ་བར་མཛད་དུ་གསོལ། ལན་གསུམ། སྐྱབས་སུ་འགྲོ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པ་བླ་མ་ཞི་ཁྲོའི་རྣམ་པར་བཞུགས་པ་ལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་བསྐོར་བ་མངོན་སུམ་དུ་སད་པའི་སྤྱན་སྔར་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོའོ་སྙམ་པས་འདིའི་རྗེས་ཟློས་མཛོད། བདག་སོགས་མཁའ་མཉམ་སོགས་ལན་གསུམ། མཁའ་མཉམ་གྱི་སེམས་ཅན་སྡུག་བསྔལ་གྱི་རྒྱུ་འབྲས་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ནས་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། རང་ལ་གདོད་ནས་སོགས་ལན་གསུམ། དེ་ནས་ཚོགས་བསགས་པའི་ཕྱིར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་འཁོད་དེ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། མཆོད་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རང་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བ་རྣམས་ཚིག་ཕྱིར་ཐུགས་གཞོལ་བའི་སྒོ་ནས་འདིའི་རྗེས་ཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོ་སོགས་ལན་གསུམ། དེ་ནས་དབང་བསྐུར་བ་དེའང་རྟེན་དཀྱིལ་འཁོར་ལ་བརྟེན་ནས་ཐོབ་ནའང༌། དབང་འཛིན་པ་ནི་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་སྨིན་བྱེད་ཀྱི་རྟེན་སྡོམ་ལྡན་དུ་བསྒྲུབ་པའི་ཕྱིར། ཐུན་མོང་དུ་རིགས་ལྔའི་དམ་ཚིག །ཁྱད་པར་རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག །ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་སྟེ་བླ་ན་མེད་པའི་དམ་ཚིག་དང་སྡོམ་པ་མ་ལུས་པ་ཡོངས་སུ་གཟུང་བར་བྱ་སྙམ་པས་འདིའི་རྗེས་ཟློས་མཛོད། བླ་མ་ཞི་ཁྲོ་སྐྱབས་ཀྱི་མཆོག་ཏུ་འཛིན༔ འགྲོ་བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་དེ༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི༔ ལན་གསུམ། གཞི་ལུས་བྱིན་གྱིས་བརླབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པས་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ལུས་འདིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མེ་ལོང་གི་རླབས་ཡལ་བ་ལྟར་མི་དམིགས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་ཆུ་ལས་ཉ་ལྡང་བ་ལྟར་པད་ཉི་རུ་ཏྲའི་གདན་ལ་རྟ་མགྲིན་དམར་པོ་བེ་ཅོན་དང་སྡིགས་མཛུབ་མཛད་པ། དུར་ཁྲོད་ཆས་ཀྱིས་བརྒྱན་པ། ཞབས་དོར་སྟབས་སུ་བགྲད་པའི་ལྟོ་བ་ཡངས་པའི་ནང་དུ་གཞལ་ཡས་ཁང་ཟླུམ་པོ་རྒྱ་སྐྱེགས་ཀྱི་མདོག་ལྟ་བུ་འོད་ཟེར་ཁ་དོག་ལྔ་འཕྲོ་བ། དེའི་ནང་པདྨ་ཉི་ཟླའི་གདན་ལ་ཨོ་རྒྱན་ཟ་ཧོར་མ་བཅུ་དྲུག་ལོན་པའི་ལང་ཚོའི་རྣམ་པ་ཅན། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང༌། གཡོན་མཉམ་བཞག་གི་སྟེང་མཚན་ལྡན་བྷནྡྷའི་དབུས་སུ་འཆི་མེད་ཚེ་ཡི་བུམ་པ་བདུད་རྩིས་གང་བ་བསྣམས་པ། སྐུ་ཡི་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ་ཕོད་ཆེན་མཐིང་ག་ཟ་འོག་གི་བེར། ཆོས་གོས་རྣམ་པ་གསུམ་ཐམས་ཅད་གསེར་གྱི་མདོག་ཅན། དབུ་ལ་པདྨའི་མཉེན་ཞུ་གསོལ་བ། སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱི་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་སྐུ་གསུམ་དག་པའི་ཞིང་ཁམས་རབ་འབྱམས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྩ་གསུམ་ཐམས་ཅད་བླ་མ་ཞི་ཁྲོའི་རྣམ་པར་ཁ་བ་དང་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་གཉིས་མེད་དུ་གྱུར་བའི་མོས་པ་མཛོད། ཁྱད་པར་གྱི་སྤོས་བདུག །ཌཱ་དྲིལ་སོགས་རོལ་མོའི་སྒྲ་འཁྲོལ་ཞིང་རྡོ་རྗེའི་ཚིག་རྐང་བདུན་པའི་གསོལ་འདེབས་མཐར་ཐོད་ཕྲེང་རྩལ་ས་མ་ཡ་ཨ་བེ་ཤ་ཨ་ཨཿ བྱིན་དབབ། དེ་ལྟར་བྱིན་ཕེབས་པའི་ཡེ་ཤེས་པ་རྣམས་བརྟན་པར་གྱུར་སྙམ་པའི་མོས་པ་མཛོད། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་སྟེ། ཨོཾ་བཛྲ་ཏིཥྛནྟུ། དངོས་གཞིའི་དབང་བསྐུར་ཞུ་བའི་ཡོན་དུ་མཎྜལ་ཕུལ། དེ་ལྟར་མཎྜལ་ཕུལ་ནས་མི་ཕྱེད་དད་པའི་གདུང་ཤུགས་དྲག་པོས་ཐོད་ཕྲེང་རྩལ་གྱི་ཛཔ྄་དབྱངས་ལན་གསུམ་གྱིས་གསོལ་བ་འདེབས་པར་ཞུ། དེ་ནས་དངོས་གཞིའི་དབང་བསྐུར་བ་ལ་སྤྱིར་དབང་གི་ངོ་བོ་ནི། ཐོབ་བྱའི་འབྲས་བུ་ཁྱད་པར་ཅན་མངོན་དུ་སྐྱེས་པའམ། སྐྱེ་ངེས་ཀྱི་སྣོད་རུང་དུ་སྨིན་པར་བྱེད་པ་སྟེ། དཔེར་ན་ཆུ་ལུད་དྲོད་གཤེར་འཛོམ་པའི་དུས་སུ་ཞིང་ལ་ས་བོན་ཐེབས་པ་བཞིན་ནོ། །ངེས་ཚིག་ནི། ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ནས་མངོན་པར་གཏོར་བའམ་བླུག་པ་སྟེ། དབང་བཞིས་རང་སྐལ་གྱི་དྲི་མ་འཁྲུད་ཅིང་སྐུ་བཞིའི་ས་བོན་ཁྱད་པར་ཅན་གྱི་སྐལ་པ་འཇོག་པས་ན་དབང་ངོ༌། །དེའང་སྤྱིར་དབང་གི་སྦྱང་གཞི་ནི། ཐོབ་བྱ་རང་གནས་ཀྱི་གཉུག་མའི་རྡོ་རྗེ་བཞིའོ། །སྦྱང་བྱ་ནི། དེ་ཉིད་སྒྲིབ་བྱེད་གློ་བུར་གྱི་དྲི་མ་ཕྲ་རགས་རྣམས་སོ། །སྦྱོང་བྱེད་སློབ་བུའི་བློའི་ཐེག་ཚད་དང་སྦྱར་བའི་དབང་བསྐུར་བས། དེ་དང་རྗེས་སུ་མཐུན་པའི་ལམ་སྒོམ་རུང་དང་འབྲས་བུ་ཐོབ་རུང་དུ་སྨིན་པར་བྱེད་པ་ཡིན། སྦྱངས་འབྲས་ནི་སྐུ་བཞིའི་ས་བོན་ནམ་ནུས་པ་ཁྱད་པར་ཅན་གསོས་ཐེབས་པའོ། །བསྐུར་བྱའི་དབང་ལ་དབྱེ་ན་སྦྱང་གཞི་རྡོ་རྗེ་བཞི་དང༌། སྦྱངས་འབྲས་སྐུ་བཞི་ལ་ལྟོས་ནས་དབང་བཞི་ལས། དང་པོ་བུམ་པའི་དབང་བསྐུར་བའི་སླད་དུ་རང་བྱུང་བདེ་སྐྱོང་གི་བུམ་པ་བདུད་རྩིས་གང་བ་གནས་ལྔར་གཏུགས་ཏེ། ཨེ་མ་རྡོ་རྗེ་ཐོགས་མེད་རྩལ། །སྐལ་མེད་ལོག་ལྟའི་སྐྱེ་བོ་མང༌། །དེ་འདུལ་ཐུགས་རྗེ་ཆེན་པོ་དང༌། །ཨོ་རྒྱན་ཞི་དྲག་བསྒྲུབ་པར་བྱ། །དེ་ཕྱིར་རྩ་གསུམ་བྱིན་རླབས་ཀུན། །གཅིག་འདུས་བདུད་རྩིས་དབང་བསྐུར་རོ། །ཐོད་ཕྲེང་རྩལ་གྱི་སྔགས་ཤམ་དུ། པཉྩ་ཨ་བྷི་ཥིཉྩ་ཨཱཿ ཞེས་བྷནྡྷ་སྤྱི་བོར་བཞག་པ་བུམ་དབང༌། མགྲིན་པར་བཞག་ཏེ་བདུད་རྩི་མྱང་བ་གསང་དབང༌། སྙིང་གར་བཞག་པ་ཤེར་དབང༌། ལྟེ་བར་བཞག་པ་བརྡ་དོན་ངོ་སྤྲོད་པ་ཚིག་དབང༌། བདུད་རྩིའི་ཆུས་ལུས་ཐམས་ཅད་གང་བས་དབང་བཞི་རྒྱལ་ཐབས་སྤྱི་བླུགས་དང་བཅས་པ་ཐོབ་པའོ། །རིག་ཙཀ་རུས་པའི་ཕྱག་རྒྱ་ལྔས་བཅིངས་པ་གཏད་ལ། ཁྱེད་རང་དཔལ་རྟ་མགྲིན་དུ་གསལ་བ་ལ། དབང་རྟེན་བུ་མོ་མཛེས་མ་ཕྱག་རྒྱ་ལྔས་སྤྲས་པ་ཐོར་ཚུགས་ཅན་ཞིག་གཏད་ལ། ཡབ་ཡུམ་གཉིས་ཀ་རྟ་ཕག་དུ་གསལ་བ་སྙོམས་འཇུག་གིས་སྤྱི་བོའི་དྭངས་མ་གཡོས་པ་ཐིག་ལེ་གནས་བཞིར་སིམ་པས་དགའ་བ་བཞིའི་ཡེ་ཤེས་བསྐྱེད། སླར་ཐིག་ལེ་དཀར་དམར་སྙིང་གར་འདྲེས་པས་ཚེ་དཔག་མེད་དཀར་པོ་རྡོ་རྗེ་དང་བུམ་པ་འཛིན་པ། ཡུམ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་འཁྱུད་པ། ཚོན་གང་བ་ཤིན་ཏུ་འཚེར་བ་ཞིག་ལ་སེམས་བཟུང༌། དེ་ནས་ཟ་ཧོར་མ་དེ་རྡོ་རྗེ་གྲོ་ལོད་ལ་གནས་འགྱུར་ཏེ། ཐུགས་ཀ་ནས་ཁྲོ་བོ་དང་མེ་དཔུང་འཕྲོས་ཏེ་སྤྲོས་པས་བགེགས་ཐམས་ཅད་ཚར་བཅད། སླར་ཡང་ཟ་ཧོར་མར་གནས་བསྒྱུར། ཡིད་བཞིན་གྱི་ནོར་བུ་སྤྱི་བོར་བཞག་ནས་བྱིན་གྱིས་བརླབས་པས་དེ་ལས་དེ་འདྲ་བ་ཞིག་ཆད་དེ་སྤྱི་བོ་ནས་བརྒྱུད་སྙིང་ཁར་ནོར་བུའི་དབྱིབས་ཅན་དུ་གྱུར་པ་ལ། གཏོར་མ་ནོར་བུའི་དབྱིབས་ཅན་རིགས་ལྔས་བརྒྱན་པ་གཏད་ལ། །ཡིད་བཞིན་ནོར་བུ་རིན་ཆེན་འདི། །ཕྱི་རུ་མ་ཡིན་ནང་དུའང་མིན། །ཕྱི་ནང་གཉིས་ཀར་མ་ཡིན་ཏེ། །ནང་གི་རིག་པའི་རྩལ་ཡིན་ནོ། ཞེས་ངོ་སྤྲད། དེ་ནས་ཞལ་གྱི་ཟུར་གཉིས་ལས་འོད་ཟེར་འཇའ་ཚོན་ལྟ་བུར་འཕྲོས་པའི་རྩེ་མོ་ཕྱོགས་བཞི་མཚམས་བརྒྱད་ནས་གྱེན་ལང་པའི་རྩེར་གུ་རུ་མཚན་བརྒྱད་དང་མཐར་དཔའ་བོ་མཁའ་འགྲོས་བསྐོར་བ། སློབ་དཔོན་ཆེན་པོའི་ཐུགས་ཀར་ཡིད་བཞིན་གྱི་ནོར་བུ་ཟུར་བརྒྱད་པའི་ལྟེ་བར་ཟླ་གདན་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་སིདྡྷི་ཕ་ལ་ཧཱུྃ་གིས་བསྐོར་བ་ལས་འོད་ཟེར་འཁོར་ལོ་ཨོཾ་ཡིག་སེར་པོ་རྣམས་འཕྲོས་པས་དཔྲལ་བར་བསྟིམས་པས། ཨོཾ་ཙཀྲ་ཨ་བྷི་ཥིཉྩ་ཨཿ དེ་བཞིན་དུ་ཐོད་ཕྲེང་རྩལ་གྱི་འོད་ཟེར་པདྨ་ཨཱཿཡིག་སེར་པོ་རྣམས་འཕྲོས་པས་མགྲིན་པར་བསྟིམས་པས། ཨོཾ་པདྨ་ཨ་བྷི་ཥིཉྩ་ཨཿ སླར་ཡང་ཐོད་ཕྲེང་རྩལ་གྱི་འོད་ཟེར་རྡོ་རྗེ་ཧཱུྃ་ཡིག་སེར་པོ་རྣམས་འཕྲོས་པས་སྙིང་གར་བསྟིམས་པས། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཨཿ སླར་ཡང་ཐོད་ཕྲེང་རྩལ་གྱི་འོད་ཟེར་རིན་པོ་ཆེ་སྭཱ་ཡིག་སེར་པོ་རྣམས་འཕྲོས་པས་ལྟེ་བར་བསྟིམ། ཨོཾ་རཏྣ་ཨ་བྷི་ཥིཉྩ་ཨཿ སླར་ཡང་ཐོད་ཕྲེང་རྩལ་གྱི་འོད་ཟེར་རྒྱ་གྲམ་ཧཱཿཡིག་སེར་པོ་རྣམས་འཕྲོས་པས་གསང་གནས་སུ་བསྟིམ། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཿ ཞེས་གནས་སོ་སོར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཐོབ་པར་བསམ། དེ་ལྟར་ཐུགས་སྒྲུབ་ཡིད་བཞིན་ཆར་འབེབས་ཀྱི་དབང་བསྐུར་ལེགས་པར་གྲུབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་བླངས་བའི་དམ་ཚིག་རྣམས་མི་ཉམས་པར་རྟག་ཏུ་བསྲུང་བར་བགྱིའོ་སྙམ་པའི་འདུན་པ་དྲག་པོས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་བཀའ་བསྩལ་པ་སོགས། གཏང་རག་གི་མཎྜལ། ལུས་འབུལ། དགེ་བསྔོ་བཅས་སྤྱི་ལྟར་བྱའོ། །རྗེས་ཚོགས་ཀྱི་འཁོར་ལོ་ནས་བརྩམས་ཤིས་བརྗོད་བར་མཚོ་སྐྱེས་འཆི་མེད་རྡོ་རྗེའི་ཐུགས་སྒྲུབ་ལྟར་བྱའོ། །བདེ་ཆེན་འགྱུརྃ་མེདྃ་ཡེ་ཤེས་གཅིག་པུ་ཉིད། །མཐའ་ཀླས་གདུལ་བྱའི་རྗེས་འགྲོའི་སྒྱུ་འཕྲུལ་གར། །སྔ་འགྱུར་ཐེགྃ་མཆོགྃ་བསྟནྃ་པའིྃ་བཀའ་སྲོལ་བཞིན། །དངོས་གྲུབ་རྒྱལྃ་མཚནྃ་མཛེས་པའི་ཏོག་ཏུ་གྲུབ། །གུ་རུ་ཞི་དྲག་གི་ཐུགས་སྒྲུབ་ཡིད་བཞིན་ཆར་འབེབས་ཀྱི་སྒྲུབ་ཐབས་དབང་དང་བཅས་པའི་ལེའུ་ཚན་ནོ།། །།

Footnotes

Other Information