འཆི་མེད་གྭའུ་ཁ་སྦྱོར་གྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་བདེ་ཆེན་བདུད་རྩིའི་བཅུད་སྙིང་།

From Khyentse Lineage - A Tsadra Foundation Project
Revision as of 09:02, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-05-CA-032
Wylie title 'chi med gwa'u kha sbyor gyi sgrub thabs byin rlabs dang bcas pa bde chen bdud rtsi'i bcud snying DKR-KABUM-05-CA-032.pdf
Location dil mgo mkhyen brtse bka' 'bum
Volume 5, Text 32, Pages 218-222 (Folios 1a to 5b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. 'chi med gwa'u kha sbyor gyi sgrub thabs byin rlabs dang bcas pa bde chen bdud rtsi'i bcud snying. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 218-222. Delhi: Shechen Publications, 1994.
Genre Activity Manual - las byang  ·  Empowerment Ritual - dbang chog - dbang skur  ·  Sadhanas - Evocation Ritual - sgrub thabs
Cycle དག་སྣང་རྒྱ་ཅན་ (dag snang rgya can)
Colophon

འགྱུརྃ་མེདྃ་གཉུག་མ་མི་ཤིགས་རྡོ་རྗེའི་ཚེ། །འཕོ་དང་འགྲོ་འོང་རླུང་ཐིག་སྒྲིབ་པ་ཀུན། །སྦྱོང་བྱེད་ཐེགྃ་མཆོྃག་རྡོ་རྗེའི་སྨིན་གྲོལ་གྱིས། །དབང་ནས་བསྟནྃ་པའིྃ་རྒྱལྃ་མཚྃན་འཛིན་གྱུར་ཅིག །འཆི་མེད་གྭའུ་ཁ་སྦྱོར་གྱི་གྲུབ་ཐབས་དབང་བཞི་དང་བཅས་པའི་ལེའུ་ཚན་ནོ།།

'gyura~M meda~M gnyug ma mi shigs rdo rje'i tshe/_/'pho dang 'gro 'ong rlung thig sgrib pa kun/_/sbyong byed thega~M mcho~Mg rdo rje'i smin grol gyis/_/dbang nas bstana~M pa'i~M rgyala~M mtsha~Mn 'dzin gyur cig_/'chi med gwa'u kha sbyor gyi grub thabs dbang bzhi dang bcas pa'i le'u tshan no//

[edit]
༄༅། འཆི་མེད་གྭའུ་ཁ་སྦྱོར་གྱི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་བདེ་ཆེན་བདུད་རྩིའི་བཅུད་སྙིང་བཞུགས།


༄༅། །གདོད་ནས་བདེ་ཆེན་རྟག་པའི་རྒྱལ་ཐབས་ལ། །མངའ་དབང་བསྒྱུར་བཞིན་འགྲོ་ཁམས་རྒྱ་མཚོའི་ཁྱོན། །རྒྱུན་མི་ཆད་པའི་ཕྲིན་ལས་གུ་རུ་རྗེར། །བཏུད་ནས་སྒྲུབ་ཐབས་བྱིན་རླབས་དང་བཅས་འཆད། །ཐུགས་སྒྲུབ་འཆི་མེད་གྭའུ་ཁ་སྦྱོར་ཉམས་སུ་ལེན་པར་འདོད་པས་གུ་རུའི་སྐུ་རྟེན་བཀྲམ་པའི་སྤྱན་སྔར་སྟེགས་བུར་པདྨ་འདབ་བརྒྱད་ཀྱི་དབུས་སུ་འཕྲུལ་སྟེགས་ལ་བུམ་པ་སོ་ལྔའི་རྫས་ཀྱི་བཅུད་ལྡན། དེའི་སྟེང་དུ་ཀ་པཱ་ལ་བདུད་རྩིས་བཀང་བ་མེ་ལོང་གིས་ཁ་བཅད་པའི་སྟེང་དྲིལ་བུ་དང་འཇའ་ཤེལ་བཞག །མཐའ་བསྐོར་དུ་བླ་མའི་གཏོར་མ། སྨན་རཀ །ཉེར་སྤྱོད་མཆོད་པ་རྣམས་བཤམས། ཕྲིན་ལས་དངོས་ལ་དང་པོ་སྔོན་འགྲོ་སྐྱབས་སེམས་ནས་བརྩམས་མཆོད་པ་བྱིན་རླབས་བར་སྐུ་གསུམ་སྒྱུ་འཕྲུལ་རོལ་པ་བཞིན་བཏང༌། གཉིས་པ་དངོས་གཞིའི་དང་པོ་ལྷ་བསྒོམ་པ་ནི། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བུམ་པའི་ཐད་ཀྱི་ནམ་མཁར་སིནྡྷཱུའི་རྒྱ་མཚོའི་དབུས་སུ་པདྨའི་འདབ་མ་ཡངས་ཤིང་རྒྱ་ཆེ་བའི་ཟེའུ་འབྲུའི་སྟེང་ཉི་ཟླ་ཟུང་འཇུག་གི་གདན་ལ་སྐད་ཅིག་གིས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་ཐུགས་ཀར་འཛིན་ཅིང་གཡོན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། གསང་གོས་སྣམ་སྦྱར་སེར་པོ་དང་བེར་སྨུག་པདྨའི་མཉེན་ཞུ་གསོལ་བ་འཇའ་ཚོན་གྱི་དབུས་ན་བཞུགས་པར་གསལ་བཏབ། སྤྱན་འདྲེན་ནས་བསྟོད་པའི་བར་སྐུ་གསུམ་སྒྱུ་འཕྲུལ་རོལ་པ་ལྟར་ལ། བསྙེན་བཟླས་ནི། སློབ་དཔོན་གྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་འཁོར་འདས་ཀྱི་ཚེ་བཅུད་ཐམས་ཅད་བསྡུས་ནས་བུམ་པ་དང་ཐོད་པའི་བདུད་རྩི་ལ་ཐིམ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་རྩེ་གཅིག་ཏུ་བཟླ། གཞན་ལ་བྱིན་རླབས་དགོས་ན་ལས་བུམ་རྟ་མགྲིན་གྱིས་སྒྲུབ། ཐུན་མཐར་མཆོད་བསྟོད་དང༌། ཡིག་བརྒྱ་བཟླ། བསྡུ་ལྡང་བསྔོ་སྨོན་སོགས་སྐུ་གསུམ་སྒྱུ་འཕྲུལ་རོལ་པ་ལྟར་རོ། །འདི་ཉིད་ཀྱི་བྱིན་རླབས་བྱ་ཚུལ་ནི། རང་ཉིད་ཀྱིས་དབང་ལེན་གཞུང་ལྟར་བྱས་ལ། སློབ་མ་ཁྲུས་དང་བགེགས་བསྐྲད་སྲུང་འཁོར་སྔོན་དུ་འགྲོ་བས། དེ་ཡང་གངས་ཅན་བོད་ཡུལ་གདུལ་བྱ་འདུལ་བ་ལ་ཐུགས་བསྐྱེད་དང་སྨོན་ལམ་ཕྲིན་ལས་འཇུག་པ་སངས་རྒྱས་ཀུན་ལས་རྨད་དུ་བྱུང་བ་མངོན་སུམ་ཚད་མས་མཐོང་ཆོས་སུ་རྩོད་མེད་དུ་ཁྱབ་པ་ནི་ཨོ་རྒྱན་པདྨ་སཾ་བྷ་ཝ་སྟེ། དངོས་གཅིག་དུ་མའི་ཟློས་གར་དུ་སྤྲུལ་པ་གྲུབ་པའི་རྗེ་དེའི་ཐུགས་སྲས་རྗེ་འབངས་ཀུན་ལས་མཆོག་ཏུ་བསྔགས་པ་ཡབ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱིས་དངོས་བརྒྱུད་སྤྲུལ་བསྒྱུར་དུ་མས་ཕྱི་མའི་གདུལ་བྱ་ཡང་ཡང་བསྐྱང་བ་ལས། ངོ་མཚར་གྱི་མཛད་པ་འཇིག་རྟེན་གསུམ་གྱི་མཆོད་འོས་སུ་གྲུབ་པ་ཕྲིན་ལས་ཀྱི་རྣམ་འཕྲུལ་རྒྱལ་བའི་དབང་པོ་རྡོ་རྗེ་ཐོགས་མེད་རྩལ་ལ་དག་པ་ཡེ་ཤེས་ཀྱི་སྣང་ཆར་རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་ཀྱིས་རྗེས་སུ་བཟུང་བ་ལས་བྱུང་བའི་དག་སྣང་རྒྱ་ཅན་ཉི་ཤུ་རྩ་ལྔའི་བྱེ་བྲག་ཐུགས་སྒྲུབ་འཆི་མེད་གྭའུ་ཁ་སྦྱོར་གྱི་བྱིན་རླབས་དབང་བསྐུར་གྱི་རིམ་པ་གསན་པའི་ཆེད་དུ་མཎྜལ་ཕུལ། བྱིན་རླབས་ཟབ་མོ་ཞུ་བའི་ཆེད་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཧཱུྃ། སངས་རྒྱས་ཀུན་འདུས་བླ་མ་མཆོག །མཚོ་ལས་སྐྱེས་པའི་རྡོ་རྗེ་ཡིས། །བདག་གི་ལུས་ངག་ཡིད་གསུམ་རྣམས། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ལན་གསུམ། སྐྱབས་ཀྱི་མཐར་ཐུག་དཀོན་མཆོག་གསུམ་པོ་ཡང་བླ་མའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ལས་གཞན་དུ་མ་དམིགས་པས་བདག་གཞན་ཡིད་ཅན་ཐམས་ཅད་སྙིང་པོར་སངས་རྒྱས་མངོན་དུ་མ་གྱུར་བར་ཡིད་ཆེས་དད་པས། སྒོ་གསུམ་གཡོ་ཟོལ་མེད་པས་སྐྱབས་སུ་འགྲོ་བ་འདིའི་རྗེས་ཟློས་མཛོད། ན་མོ། བླ་མ་བདེ་གཤེགས་འདུས་སོགས་ལན་གསུམ། ཡིད་ཅན་མཐའ་དག་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་བླ་མ་སྐུ་གསུམ་དབྱེར་མེད་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་རྡོ་རྗེའི་བླ་མ་སྐུ་གསུམ་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་ཞུགས་ཏེ་དབང་གིས་རྒྱུད་སྨིན་པར་བགྱིའོ་སྙམ་པས་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སེམས་བསྐྱེད་འགྲོ་བ་སོགས་གསུམ། མཁའ་ཁྱབ་དུ་བཞུགས་པའི་ཚོགས་ཀྱི་ཞིང་རབ་འབྱམས་ཀྱི་སྤྱན་སྔར་རྒྱུད་རྣམ་པར་དག་པའི་ཕྱིར་བསགས་སྦྱང་གི་སྙིང་པོ་ཡན་ལག་བཅུ་པ་འདིའི་རྗེས་ཟློས་མཛོད། བླ་མ་ཡི་དམ་མཁའ་འགྲོ་གཤེགས། །ཉི་ཟླ་པདྨའི་གདན་ལ་བཞུགས། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས། །གསང་སྔགས་བསྒྲུབས་ལ་རྗེས་ཡི་རང༌། །སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར། །མྱ་ངན་མི་འདའ་བཞུགས་སུ་གསོལ། །སྙིང་པོ་སེམས་ཅན་དོན་དུ་བསྔོ། །ཡང་དག་རྡོ་རྗེ་དོན་རྟོགས་ཤོག །ལན་གསུམ། དབང་གི་གཞི་འགོད་པ་ཡེ་ཤེས་ཀྱི་གཟི་བྱིན་དབབ་པའི་སླད་དུ་དམིགས་པ་འདི་ལྟར་མཛོད། ལས་སྔགས་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་སིནྡྷཱུའི་རྒྱ་མཚོའི་དབུས་སུ་པདྨའི་འདབ་མ་ཡངས་ཤིང་རྒྱ་ཆེ་བའི་ཟེའུ་འབྲུའི་སྟེང་ཉི་ཟླ་ཟུང་འཇུག་གི་གདན་ལ་གཞི་ལུས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་བཅུ་དྲུག་ལོན་པའི་ན་ཚོད་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་གཡོན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། གསང་གོས་སྣམ་སྦྱར་སེར་པོ་དང་བེར་སྨུག་པདྨའི་མཉེན་ཞུ་གསོལ་བ་འཇའ་ཚོན་གྱི་དབུས་ན་བཞུགས་པའི་གནས་གསུམ་རྡོ་རྗེའི་ཡི་གེ་གསུམ་གྱི་འོད་དང་མོས་གུས་གདུང་བས་ཐུགས་རྒྱུད་བསྐུལ་ཏེ་རབ་འབྱམས་རྒྱལ་བའི་ཞིང་ཁམས་ནས་འཆི་མེད་རྩ་བ་གསུམ་གྱི་ལྷ་ཚོགས་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ནས་སྒོ་གསུམ་ལ་ཐིམ་པས་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བསམ་ལ། ཌཱ་དྲིལ་སྤོས་རོལ་དབྱངས་དང་བཅས་ཏེ། ཚིག་བདུན་གསོལ་འདེབས་ཐོད་ཕྲེང་རྩལ་གྱི་སྔགས་དང་བཅས་པས་བྱིན་དབབ། ཏིཥྛ་བཛྲས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ་བརྟན་པར་བྱ། །དབང་དངོས་ལ། བུམ་པའི་དབང་གི་སླད་དུ་འཆི་མེད་རྩ་གསུམ་སྤྱི་དཔལ་བླ་མའི་ཕྱག་ན་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་ཏེ། སྤྱི་བོ་ནས་དབང་བསྐུར་བར་བསམ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་དབང་བསྐུར་ལྟར། ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། བུམ་པ་སྤྱི་བོར་བཞག་ལ། བུམ་ཆུ་སྦྱིན། ཞེས་དབང་བསྐུར་བས་སློབ་མའི་ལུས་བདུད་རྩིས་གང་སྟེ་བདེ་སྟོང་གི་ངང་ལ་མཉམ་པར་བཞག་གོ །དེས་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུ་ཡི་བྱིན་རླབས་རྒྱུད་ལ་ཞུགས། སྣང་སྟོང་སྤྲུལ་སྐུའི་གོ་འཕང་ལ་མངོན་དུ་བྱས་པར་གྱུར། གསང་བའི་དབང་གི་སླད་དུ། མདུན་བསྐྱེད་གུ་རུ་ཡབ་ཡུམ་ཡེ་ཤེས་མཚོ་རྒྱལ་དང་སྙོམས་པར་ཞུགས་པའི་བྱང་སེམས་ལྕེ་ཐོག་ཏུ་བཞག་པར་མོས། ཧཱུྃ། དཀར་དམར་མདངས་ལྡན་གསལ་ལ་འཚེར། །མྱང་བ་ཙམ་གྱིས་བདེ་ཆེན་བསྐྱེད། །འཆི་བ་མེད་པའི་བདུད་རྩི་ཡིས། །གཏུམ་མོའི་བདེ་དྲོད་འབར་བར་ཤོག །ཨོཾ་ཨ་མྲྀ་ཏ་སརྦ་པཉྩ་ཧཱུྃ༔ ཐོད་པ་མགྲིན་པར་བཞག་སྟེ་བདུད་རྩི་མྱང༌། དེས་གསང་བའི་དབང་ཐོབ། ངག་གི་སྒྲིབ་པ་དག །གསུང་གི་བྱིན་རླབས་ངག་ལ་ཞུགས། གསལ་སྟོང་ལོངས་སྐུའི་གོ་འཕང་རྒྱུད་ལ་བཞག་གོ །ཤེས་རབ་ཡེ་ཤེས་ཀྱི་དབང་གི་སླད་དུ། གུ་རུའི་ཐུགས་ཀ་ནས་གཟུངས་མ་སྤྲོས་ཏེ་ཐར་པ་བསྟེན་པར་མོས། དྲིལ་བུ་སྙིང་གར་བཞག་སྟེ། ཧཱུྃ། དཀར་གསལ་དྲི་ཞིམ་གནག་སྣུམ་སྐྲ། །ནུ་མ་འབུར་ཞིང་བྷ་ག་རྒྱས། །ཤེས་རབ་མ་འདིས་བུ་ཁྱོད་ཀྱི། །དགའ་བཞིའི་ཡེ་ཤེས་རྒྱས་པར་ཤོག །ཅེས་གསུངས་ཏེ་འདུ་ཤེས་གསུམ་གྱིས་སྙོམས་པར་ཞུགས་པས་དགའ་བཞི་ལུགས་འབྱུང་དུ་བབ། ལུགས་ལྡོག་གི་དུས་བྱང་སེམས་དམར་པོས་ལུས་ཀུན་ཁྱབ། མཐར་སྙིང་གར་འདྲིལ་བ་གྭའུ་དཀར་དམར་གྱི་དབུས་སུ་ཚེ་ཡི་ངོ་བོ་ནྲྀ་གསལ་བཏབ་སྟེ་མཉམ་པར་བཞག །དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་སྒྲིབ་པ་དག །ཐུགས་ཀྱི་བྱིན་རླབས་ཡིད་ལ་ཞུགས། བདེ་སྟོང་ཆོས་སྐུའི་སྐལ་བ་རྒྱུད་ལ་བཞག་གོ །དབང་བཞི་པའི་སླད་དུ་སེམས་ཉིད་གསལ་སྟོང་མི་རྟོག་པའི་ཡེ་ཤེས་མཚོན་པའི་ཤེལ་རྡོ་བསྟན་ལ། གསང་བ་སེམས་བརྟན་པོར་ཟུངས་རིགས་ཀྱི་བུ། ཞེས་གསུངས་པས་ཡབ་ཡུམ་གཉིས་འོད་དུ་ཞུ་བ་རང་སེམས་དང་དབྱེར་མེད་དུ་འདྲེས། དེའི་ངོ་བོ་ལ་བལྟས་པས་སྟོང༌། དེའི་གདངས་བདེ་བའི་ཉམས་སུ་ཤར་བས་གསལ་སྟོང་དབྱེར་མེད་བརྗོད་བྲལ་གྱི་ངང་དུ་བཞག་པ་ཆོས་སྐུའོ། །དེས་དབང་བཞི་པ་ཐོབ། སྒོ་གསུམ་ཆ་སྙོམ་གྱི་སྒྲིབ་པ་དག །ཡེ་ཤེས་རྡོ་རྗེའི་བྱིན་རླབས་སྒོ་གསུམ་ལ་ཞུགས། ངོ་བོ་ཉིད་སྐུའི་གོ་འཕང་རྒྱུད་ལ་བཞག་གོ །རྩ་གཞུང་དངོས་རང་དོན་དུ་ཉམས་སུ་ལེན་ཚུལ་གཞན་ལ་བྱིན་རླབས་བྱེད་ན་རུང་བར་གསུངས་པས་མཚམས་སྦྱོར་དུ་སྤྲོས་པའོ། །དེས་འཆི་མེད་གྭའུ་ཁ་སྦྱོར་གི་དབང་བཞི་ཐོབ་པས་དམ་ཚིག་ཁས་བླང་བ་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། མཎྜལ་ལུས་འབུལ། དགེ་བསྔོ་བྱས་པས་གྲུབ་པའོ། །འགྱུརྃ་མེདྃ་གཉུག་མ་མི་ཤིགས་རྡོ་རྗེའི་ཚེ། །འཕོ་དང་འགྲོ་འོང་རླུང་ཐིག་སྒྲིབ་པ་ཀུན། །སྦྱོང་བྱེད་ཐེགྃ་མཆོྃག་རྡོ་རྗེའི་སྨིན་གྲོལ་གྱིས། །དབང་ནས་བསྟནྃ་པའིྃ་རྒྱལྃ་མཚྃན་འཛིན་གྱུར་ཅིག །འཆི་མེད་གྭའུ་ཁ་སྦྱོར་གྱི་གྲུབ་ཐབས་དབང་བཞི་དང་བཅས་པའི་ལེའུ་ཚན་ནོ།། །།

Footnotes

Other Information