བཀའ་སྲུང་མ་མོ་གསུམ་གྱི་གཏོར་མ།

From Khyentse Lineage - A Tsadra Foundation Project
Revision as of 08:02, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-05-CA-021
Wylie title bka' srung ma mo gsum gyi gtor ma DKR-KABUM-05-CA-021.pdf
Location dil mgo mkhyen brtse bka' 'bum
Volume 5, Text 21, Pages 134-136 (Folios 1a1 to 3b3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Bka' srung ma mo gsum gyi gtor ma. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 134-136. Delhi: Shechen Publications, 1994.
Genre Torma-offering Rituals - gtor chog
Cycle དག་སྣང་བཀའ་བརྒྱད་རིག་འཛིན་ཞལ་ལུང་ (dag snang bka' brgyad rig 'dzin zhal lung)
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
Deity ma mo
Colophon

།མཆོད་བསྟོད་རྒྱས་པ་ཞལ་གསལ་མི་འདུག་པས་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེ་དབང་པོས་མཛད་པའི་དམག་ཟོར་མཆོད་ཆོག་དང་གུང་བསྡེབས་ཏེ་བསྒྲིགས་པའོ།།

/mchod bstod rgyas pa zhal gsal mi 'dug pas thams cad mkhyen gzigs mkhyen brtse dbang pos mdzad pa'i dmag zor mchod chog dang gung bsdebs te bsgrigs pa'o//

[edit]
༄༅། བཀའ་སྲུང་མ་མོ་གསུམ་གྱི་གཏོར་མ་ནང་མཆོད་ཀྱིས་བྲན་ལ། བསང་སྦྱང༌། སྟོང་པའི་ངང་ལས་ཨཱཿཡིག་ལས་བྱུང་བའི། །སྟོང་གསུམ་དང་མཉམ་བདེ་སྐྱོང་སྣོད་མཆོག་ཏུ། །ཧཱུྃ་ཞུ་མཆོད་ཡོན་ཞབས་བསིལ་མེ་ཏོག་དང༌། །བདུག་སྤོས་སྣང་གསལ་དྲི་ཞལ་རོལ་མོ་སོགས། །ངོ་བོ་བདེ་སྟོང་སྒྱུ་མའི་རང་བཞིན་ལས། །རྣམ་པ་མཆོད་རྫས་ནམ་མཁའི་ཁམས་གང་བ། །བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ། །ཟག་མེད་བདེ་ཆེན་བསྐྱེད་པའི་རྫས་སུ་གྱུར། ཨོཾ་ཨརྒྷཾ་ཨཱ་ཧཱུྃ་ནས་ཤཔྟ་ཨཿཧཱུྃ། ཨོཾ་རཱུ་པ། ཤཔྟ། གནྡྷེ། རཱ་ས། སྤརྴེ་ཨཿཧཱུྃ། ཞེས་རོལ་མོ་དང་བཅས་པས་བྱིན་དབབ། གཏོར་མ་ལ་དམིགས་ཏེ། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང༌། །བྷནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །འབྲུ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི། །གཏོར་མ་འདོད་ཡོན་བདུད་རྩིའི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། །མདུན་རྟེན་བསྐྱེད་པ་ནི། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོའི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་དམར་ནག་རཀྟའི་རྒྱ་མཚོ་གྲུ་གསུམ་རྦ་ཀློང་རབ་ཏུ་འཁྲུགས་པའི་དབུས་སུ་རླུང་ནག་འཚུབས་མའི་ལྟེ་བར་རྫུ་འཕྲུལ་གྱི་རྐང་པ་གསུམ་དང་ལྡན་པའི་དྲེའུ་རྐྱང་སེར་སྲིན་པོའི་ཐོད་པའི་སྒ་དང་ཞིང་ལྤགས་ཀྱི་སྟེང་གདུག་པའི་སྦྲུལ་གྱི་གོང་སྨད་བྱས་པའི་སྟེང་དུ་བྷྱོཿནག་པོ་ཡོངས་སུ་གྱུར་པ་ལས་མ་མོ་སྲིད་པའི་རྒྱལ་མོ་སྐུ་མདོག་དུད་ཀྱི་མུན་པ་ལྟར་ནག་པ་སྐེམ་རིད་མི་སྡུག་སྲིན་མོ་ཁྲོས་པའི་ཉམས་ཅན་ཞལ་གཅིག་སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང༌། མི་རོ་ཞལ་དུ་བཅུག་པ། ཕྱག་གཡས་པས་རྡོ་རྗེ་བེ་ཅོན་ནམ་མཁར་འཕྱར་ཞིང༌། གཡོན་པས་ཐུན་དང་ཁྲག་གིས་གང་བའི་ནལ་བུའི་ཐོད་པ་ཐུགས་ཀའི་ཐད་དུ་འཛིན་པ། གཏུམ་རྔམས་ཨ་ལ་ཧ་ལའི་གད་རྒྱང་འབྲུག་ལྟར་སྒྲོགས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའི་དབུས་སུ་ཟླ་ཚེས་ཀྱི་ཅོད་པན་རྨ་བྱའི་གདུགས་ཀྱིས་སྤྲས་པ། ཐོད་སྐམ་ལྔའི་ཅོད་པན། སྙན་གཡས་སེང་གེ །གཡོན་པ་སྦྲུལ་དང་དྲིལ་བུས་བརྒྱན་པ། ཁྲག་འཛག་པའི་མི་མགོ་ལྔ་བཅུའི་དོ་ཤལ། རཀྟའི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུས་སྐུའི་གནས་རྣམས་བརྒྱན་པ། ལྟེ་བར་ཉི་མ་འཆར་ཞིང༌། དར་ནག་པོའི་ལྷབ་ལྷུབ་དང༌། སྟག་ལྤགས་ཀྱི་ཤམ་ཐབས། མི་ལྤགས་གཡང་གཞི་དང་རེ་ལྡེའི་སྟོད་གཡོགས། སྦྲུལ་གྱི་སྐེ་རགས་བཅིངས་པ། སྔ་ཤ་ན་ནད་ཀྱི་རྐྱལ་བ་དང༌། བཙན་གྱི་བྱང་དམར་དང་ཤྭ་རྡེལ་དཀར་ནག་འཆང་བ། ཕྱི་ཤར་མཚོན་གྱི་གྲུ་གུ་སྔོ་དམར་བཏགས་པ། བདུད་ཀྱི་ཁྲམ་ཤིང་ནག་པོ་སྐེད་ལ་གཟིར་བ། དེའི་གཡས་སུ་པད་ཉིའི་གདན་ལ་ཏྲག་ལས་སྔགས་བདག་སྨུག་ནག་ཞལ་གཅིག་སྤྱན་གཅིག་མཆེ་བ་གཅིག་གཙིགས་པ། སྤྱི་བོར་ལྕགས་ཀྱི་རལ་པ་གཅིག་ནམ་མཁར་གཟེངས་པ། ཕྱག་གཡས་སྙིང་དང་གཡོན་ཞིང་གི་རྒྱལ་མཚན་འཛིན་པ། གཅེར་བུ་ཁྲོས་པའི་ཉམས་ཅན། ཞབས་གཡས་བསྐུམ་གཡོན་བརྐྱང་གིས་བཞུགས། གཡོན་དུ་ལྷ་མོ་མགྱོགས་བྱེད་མ་དཀར་མོ་རལ་པ་དམར་སེར་སྤྱི་བོར་བཅིངས་པ། འཁོར་ལོ་དང་མེ་ལོང་འཛིན་པ་དར་དཀར་གྱི་ན་བཟའ་གསོལ་ཞིང༌། ཐོད་པའི་ཕྲེང་བས་བརྒྱན་པ། གཡུ་འབྲུག་ལ་ཆིབས་པ། གསུམ་ཀ་ལ་ཡེ་ཤེས་ལས་དང་འཇིག་རྟེན་གྱི་མ་མོ་འབུམ་ཕྲག་ཡངས་པའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའི་གཙོ་བོ་གསུམ་གྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀའི་སྟོད་དུ་ཧཱུྃ། སྨད་དུ་བྷྱོཿཡིག་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་བྱང་ཤར་མུ་ལེ་དིང་གི་རྒྱ་མཚོ་ཆེན་པོ་ནས་ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་གྱུར་པར་བསམ་ལ། གུ་གུལ་དང་ཚིལ་ཆེན་གྱི་དུད་པ་བཏང༌། རྐང་གླིང་བཤུགས་སྒྲ་དང་དར་ནག་གཡབ་ཅིང༌། སྔོན་ཚེ་སྲས་བཅས་རྒྱལ་བའི་སྤྱན་སྔ་རུ། །སངས་རྒྱས་བསྟན་པ་གཉན་པོ་སྲུང་བ་དང༌། །འགྲོ་ལ་ཕན་བདེ་སྒྲུབ་པར་དམ་བཅས་པའི། །ཞལ་བཞེས་ཐ་ཚིག་མ་གཡེལ་ད་ཚུར་བྱོན། །བྱང་ཤར་མུ་ལེ་དིང་གི་ཕོ་བྲང་ནས། །དྲག་ཤུལ་རྡོ་རྗེ་སྲིན་མོའི་སྣང་ཚུལ་ཅན། །མ་མོ་སྔགས་ཀྱི་སྲུང་མ་རལ་གཅིག་མ། །ལྷ་མོ་མགྱོགས་བྱེད་དཀར་མོ་ལ་སོགས་པ། །འབུམ་ཕྲག་ཡངས་པའི་ཚོགས་བཅས་གཤེགས་སུ་གསོལ། །ཨོཾ་རུ་རུ་ཨེ་ཀ་ཙ་ཏི་སྙིང་ཁ་རག་མོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛཿམ་མ་ཌཀྐི་ནི་ཡཾ་ཛཿ ས་པ་རི་ཝཱ་ར་ཛ་མ་ཡ་ཛཿ ཨེ་ཨ་ར་ལི་ཧྲཱིཾ་ཧྲཱིཾ་ཛ་ཛཿ བྷྱོཿ །ནག་མོ་གདུག་ཅན་དྲེགས་པ་ཅན། །ཀུན་ཏུ་ཁྱབ་པའི་གཟུགས་སྟོན་པ། །སྲིད་པའི་རྒྱལ་མོ་མཆེད་འཁོར་གསུམ། །འདིར་བྱོན་དགྱེས་པའི་གདན་ལ་བཞུགས། །ཛཿཧཱུྃ་བྃ་ཧོཿས་མ་ཡ་ཏིཥྛནྟུ། བྷྱོཿ །ཟ་བྱེད་ནག་མོ་མཆེ་བ་ཅན། །དགོད་བྱེད་ཧ་ཧ་ནག་པོ་སྟེ། །གསོད་ལ་དགའ་བ་བྱེད་པ་མོར། །བདག་གི་བརྡ་ཡིས་ཕྱག་བགྱིའོ། །ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོཿ ཧཱུྃ། །ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །དངོས་བཤམ་ཡིད་ལས་བྱུང་བ་ཡི། །ནམ་མཁའ་གང་བས་སྤྲུལ་ཏེ་མཆོད། །ཨོཾ་ཤྲཱི་བཛྲ་དྷརྨ་པ་ལ་ས་པ་རི་ཝཱ་ར་ཨརྒྷཾསོགས་ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར། ཨོཾ་རུ་རུ་ཨེ་ཀ་ཙ་ཏི་སྙིང་ཁ་རག་མོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཛ་མ་མ་ཌཱཀྐི་ནི་ཡཾ་ཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། དཔལ་ཡེ་ཤེས་ཀྱི་མ་མོ་སྲིད་པའི་རྒྱལ་མོ་སྔགས་བདག་མཆེད་གསུམ་འཁོར་དང་བཅས་པས་མཆོད་སྦྱིན་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ། བྷྱོཿ དོན་དམ་སྤྲོས་བྲལ་ངང་ལས་མ་གཡོས་ཀྱང༌། །ཀུན་རྫོབ་སྣ་ཚོགས་གཟུགས་ཀྱི་སྐུར་སྟོན་པ། །སྲིད་པའི་རྒྱལ་མོ་སྔགས་བདག་ཆེན་མོ་དང༌། །མགྱོགས་བྱེད་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །སྔགས་བདག་མ་མོ་མཆེད་གསུམ་འཁོར་བཅས་ཀྱིས། །རྒྱ་ཆེན་མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་དར་བ་དང༌། །འགྲོ་བའི་བདེ་སྐྱིད་རྫོགས་ལྡན་དུས་བཞིན་སྤེལ། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང༌། །མཐུན་རྐྱེན་ཚེ་བསོད་དཔལ་འབྱོར་ལེགས་ཚོགས་རྣམས། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཁམས་གསུམ་འགྲོ་བ་མཐའ་དག་དབང་དུ་བསྡུས། །གནོད་བྱེད་དགྲ་བགེགས་འབྱུང་པོ་རྡུལ་དུ་རློག །མདོར་ན་ཡིད་ལ་སྨོན་པའི་དོན་རྣམས་ཀུན། །འབད་མེད་མྱུར་བ་ཉིད་དུ་འགྲུབ་པར་མཛོད། །རྗེས་རིམ་སྤྱི་ལྟར་བྱའོ། །མཆོད་བསྟོད་རྒྱས་པ་ཞལ་གསལ་མི་འདུག་པས་ཐམས་ཅད་མཁྱེན་གཟིགས་མཁྱེན་བརྩེ་དབང་པོས་མཛད་པའི་དམག་ཟོར་མཆོད་ཆོག་དང་གུང་བསྡེབས་ཏེ་བསྒྲིགས་པའོ།། །
[edit]

@#/__bka' srung ma mo gsum gyi gtor ma nang mchod kyis bran la/_bsang sbyang*/_stong pa'i ngang las AHyig las byung ba'i/_/stong gsum dang mnyam bde skyong snod mchog tu/_/hU~M zhu mchod yon zhabs bsil me tog dang*/_/bdug spos snang gsal dri zhal rol mo sogs/_/ngo bo bde stong sgyu ma'i rang bzhin las/_/rnam pa mchod rdzas nam mkha'i khams gang ba/_/byed las dbang po drug gi spyod yul du/_/zag med bde chen bskyed pa'i rdzas su gyur/_oM ar+g+haM A hU~M nas shap+ta aHhU~M/_oM rU pa/_shap+ta/_gan+d+he/_rA sa/_spar+she aHhU~M/_zhes rol mo dang bcas pas byin dbab/_gtor ma la dmigs te/_stong pa'i ngang las rlung me thod sgyed steng*/_/b+han+d+ha'i snod du sha lnga bdud rtsi lnga/_/'bru gsum 'od du zhu ba las byung ba'i/_/gtor ma 'dod yon bdud rtsi'i rgya mtshor gyur/_oM AHhU~M/_lan gsum gyis byin gyis brlab par bya'o/__/mdun rten bskyed pa ni/_stong pa'i ngang las mdun gyi nam mkhar dur khrod chen po'i bkod pa yongs su rdzogs pa'i dbus su dmar nag rak+ta'i rgya mtsho gru gsum rba klong rab tu 'khrugs pa'i dbus su rlung nag 'tshubs ma'i lte bar rdzu 'phrul gyi rkang pa gsum dang ldan pa'i dre'u rkyang ser srin po'i thod pa'i sga dang zhing lpags kyi steng gdug pa'i sbrul gyi gong smad byas pa'i steng du b+h+yoHnag po yongs su gyur pa las ma mo srid pa'i rgyal mo sku mdog dud kyi mun pa ltar nag pa skem rid mi sdug srin mo khros pa'i nyams can zhal gcig spyan gsum sdang mig tu g.yo zhing*/_mi ro zhal du bcug pa/_phyag g.yas pas rdo rje be con nam mkhar 'phyar zhing*/_g.yon pas thun dang khrag gis gang ba'i nal bu'i thod pa thugs ka'i thad du 'dzin pa/_gtum rngams a la ha la'i gad rgyang 'brug ltar sgrogs pa/_dbu skra dmar ser gyen du brdzes pa'i dbus su zla tshes kyi cod pan rma bya'i gdugs kyis spras pa/_thod skam lnga'i cod pan/_snyan g.yas seng ge_/g.yon pa sbrul dang dril bus brgyan pa/_khrag 'dzag pa'i mi mgo lnga bcu'i do shal/_rak+ta'i thig le/_zhag gi zo ris/_thal chen gyi tshom bus sku'i gnas rnams brgyan pa/_lte bar nyi ma 'char zhing*/_dar nag po'i lhab lhub dang*/_stag lpags kyi sham thabs/_mi lpags g.yang gzhi dang re lde'i stod g.yogs/_sbrul gyi ske rags bcings pa/_snga sha na nad kyi rkyal ba dang*/_btsan gyi byang dmar dang shwa rdel dkar nag 'chang ba/_phyi shar mtshon gyi gru gu sngo dmar btags pa/_bdud kyi khram shing nag po sked la gzir ba/_de'i g.yas su pad nyi'i gdan la trag las sngags bdag smug nag zhal gcig spyan gcig mche ba gcig gtsigs pa/_spyi bor lcags kyi ral pa gcig nam mkhar gzengs pa/_phyag g.yas snying dang g.yon zhing gi rgyal mtshan 'dzin pa/_gcer bu khros pa'i nyams can/_zhabs g.yas bskum g.yon brkyang gis bzhugs/_g.yon du lha mo mgyogs byed ma dkar mo ral pa dmar ser spyi bor bcings pa/_'khor lo dang me long 'dzin pa dar dkar gyi na bza' gsol zhing*/_thod pa'i phreng bas brgyan pa/_g.yu 'brug la chibs pa/_gsum ka la ye shes las dang 'jig rten gyi ma mo 'bum phrag yangs pa'i 'khor tshogs bsam gyis mi khyab pas bskor ba'i gtso bo gsum gyi dpral bar oM/_mgrin par AH_thugs ka'i stod du hU~M/_smad du b+h+yoHyig gis mtshan pa las 'od zer 'phros pas byang shar mu le ding gi rgya mtsho chen po nas ye shes kyi ma mo 'khor dang bcas pa skad cig gis spyan drangs par gyur par bsam la/_gu gul dang tshil chen gyi dud pa btang*/_rkang gling bshugs sgra dang dar nag g.yab cing*/_sngon tshe sras bcas rgyal ba'i spyan snga ru/_/sangs rgyas bstan pa gnyan po srung ba dang*/_/'gro la phan bde sgrub par dam bcas pa'i/_/zhal bzhes tha tshig ma g.yel da tshur byon/_/byang shar mu le ding gi pho brang nas/_/drag shul rdo rje srin mo'i snang tshul can/_/ma mo sngags kyi srung ma ral gcig ma/_/lha mo mgyogs byed dkar mo la sogs pa/_/'bum phrag yangs pa'i tshogs bcas gshegs su gsol/_/oM ru ru e ka tsa ti snying kha rag mo ru lu ru lu hU~M b+h+yo hU~M dzaHma ma Dak+ki ni yaM dzaH_sa pa ri wA ra dza ma ya dzaH_e a ra li hrIM hrIM dza dzaH_b+h+yoH_/nag mo gdug can dregs pa can/_/kun tu khyab pa'i gzugs ston pa/_/srid pa'i rgyal mo mched 'khor gsum/_/'dir byon dgyes pa'i gdan la bzhugs/_/dzaHhU~M ba~M hoHsa ma ya tiSh+Than+tu/_b+h+yoH_/za byed nag mo mche ba can/_/dgod byed ha ha nag po ste/_/gsod la dga' ba byed pa mor/_/bdag gi brda yis phyag bgyi'o/_/a ti pu ho/_pra tIts+tsha hoH_hU~M/_/thun mong khyad par bla na med/_/phyi nang gsang ba'i mchod sprin ni/_/dngos bsham yid las byung ba yi/_/nam mkha' gang bas sprul te mchod/_/oM shrI badz+ra d+harma pa la sa pa ri wA ra ar+g+haMsogs shap+ta pra tIts+tsha swA hA/_ma hA pany+tsa a mr-i ta khA hi/_ma hA rak+ta khA hi/_lha rnams kyi ljags rdo rje'i sbu gus gtor ma'i bcud drangs te gsol bar gyur/_oM ru ru e ka tsa ti snying kha rag mo ru lu ru lu hU~M b+h+yo hU~M dza ma ma DAk+ki ni yaM dzaH_sa pa ri wA ra i daM ba liM ta kha kha khA hi/_dpal ye shes kyi ma mo srid pa'i rgyal mo sngags bdag mched gsum 'khor dang bcas pas mchod sbyin gtor ma rgya chen po 'di bzhes la/_sangs rgyas kyi bstan pa srungs sogs kyis phrin las bcol/_b+h+yoH_don dam spros bral ngang las ma g.yos kyang*/_/kun rdzob sna tshogs gzugs kyi skur ston pa/_/srid pa'i rgyal mo sngags bdag chen mo dang*/_/mgyogs byed 'khor dang bcas la phyag 'tshal bstod/_/sngags bdag ma mo mched gsum 'khor bcas kyis/_/rgya chen mchod sbyin gtor ma 'di bzhes la/_/bshad sgrub bstan pa phyogs bcur dar ba dang*/_/'gro ba'i bde skyid rdzogs ldan dus bzhin spel/_/khyad par rnal 'byor bdag cag 'khor bcas kyi/_dam chos sgrub pa'i 'gal rkyen kun zhi zhing*/_/mthun rkyen tshe bsod dpal 'byor legs tshogs rnams/_/yar ngo'i zla ltar 'phel zhing rgyas par mdzod/_/khams gsum 'gro ba mtha' dag dbang du bsdus/_/gnod byed dgra bgegs 'byung po rdul du rlog_/mdor na yid la smon pa'i don rnams kun/_/'bad med myur ba nyid du 'grub par mdzod/_/rjes rim spyi ltar bya'o/__/mchod bstod rgyas pa zhal gsal mi 'dug pas thams cad mkhyen gzigs mkhyen brtse dbang pos mdzad pa'i dmag zor mchod chog dang gung bsdebs te bsgrigs pa'o//__/

Footnotes

Other Information