DKR-KABUM-06-CHA-014

From Khyentse Lineage - A Tsadra Foundation Project
Revision as of 14:59, 14 November 2022 by Mort (talk | contribs)

DKR-KABUM-06-CHA-014

Wylie title ' DKR-KABUM-06-CHA-014.pdf
Location dil mgo mkhyen brtse bka' 'bum
Volume 6, Text 14, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 6: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
[edit]
ཐུགས་སྒྲུབ་དཔལ་ཆེན་འདུས་པའི་སྤྲོས་བཅས་སྒྲུབ་ཆེན་གྱི་གཏོང་ཐུན་རབ་བརྗིད་དཔལ་གྱི་རྔམས་སྒྲ་ཞེས་བྱ་བ་བཞུགས། མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་ཞི་ཁྲོའི་ལྷ། །ཀུན་འདུས་དཔལ་ཆེན་སྒྲུབ་སྡེ་བརྒྱད་གཅིག་དྲིལ། །དབྱེར་མེད་ཐོད་ཕྲེང་རྩལ་ལ་གུས་བཏུད་ནས། །དེ་སྒྲུབ་གཏོང་ཐུན་དཔལ་གྱི་རྔམས་སྒྲ་སྤྲོ། །དེ་ལ་ཐོག་མར་མ་ཏྲཾ་བསྒྲལ་ཆོག་གི་གོང་དུ་རྡོ་རྗེ་སློབ་དཔོན་ནམ་རྒྱལ་ཐེབས་ཀྱི་གཙོ་བོས་ཞྭ་ཆོས་བཅས་འདི་སྐད་དོ། །ཀྱཻ་སྐལ་ལྡན་རྡོ་རྗེའི་རྣལ་འབྱོར་ལས་སུ་རུང་ཞིང༌། །གསང་བའི་དཀྱིལ་འཁོར་གཉན་པོར་འདུ་བར་འོས་པའི་རྡོ་རྗེའི་མཆེད་ལྕམ་རྣམས་ལེགས་པར་གསན་དུ་གསོལ། བདག་ཅག་དཔོན་སློབ་རྣམས་གསང་སྔགས་རྡོ་རྗེ་ཐེག་པ་མཆོག་གི་ལམ་ལ་ཞུགས་པས་གཞི་ལམ་འབྲས་བུ་ཐམས་ཅད་ཀྱི་སྐབས་སུ་ཐབས་སྙིང་རྗེ་ཆེན་པོ་དང༌། ཤེས་རབ་སྟོང་པ་ཉིད་དབྱེར་མི་ཕྱེད་པའི་རྡོ་རྗེ་སྡོམ་པ་ཆེན་པོ་ལས་མི་འདའ་བས་ན་བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་ཆེན་པོ་ཤཱཀྱ་སེང་གེའི་ཀྱང་ཐུན་མོང་མ་ཡིན་པའི་རྡོ་རྗེའི་མཛད་པ་ཆེན་པོ་བཅུ་གཉིས་བསྟན་པའི་བྱེ་བྲག་སེར་སྐྱའི་ཁབ་ཏུ་རྡོ་རྗེ་བཙུན་མོའི་སྒྱུ་མ་ཆེན་པོ་འཁོར་བརྒྱད་ཁྲི་དང་བཅས་པ་ལ་ཆགས་ཆེན་རྡོ་རྗེའི་སྒྱུ་རྩལ་གྱི་འདོད་ཡོན་ལ་དགྱེས་དགུར་རོལ་པའི་ཚུལ་གྱིས་ཐབས་ཀྱི་བརྟུལ་ཞུགས་མཐར་ཕྱིན་པར་མཛད་པས་རིགས་བརྒྱའི་ཁྱབ་བདག་དྲུག་པའི་གོ་འཕང་མངོན་དུ་མཛད་པའི་ཕྱིར་ཛཾ་བུའི་གླིང་གི་ཡུལ་དབུས་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་མངོན་པར་སངས་རྒྱས་པའི་མཛད་པ་སྟོན་པའི་སྔ་རོལ་དུ་མི་སྲུན་པའི་བདུད་ཀྱི་དུག་གསུམ་གྱི་ཆོ་འཕྲུལ་གྱི་གཡོ་སྒྱུའི་བྲིད་པ་ལ་མཁྱེན་པའི་དབང་ཕྱུག་འཇམ་དཔལ་གཤིན་རྗེ་གཤེད་ཁྲོ་བོ་དང༌། པདྨའི་ཕོ་ཉ་སྒྲོལ་མ་མྱུར་མ་དཔལ་མོ། སྟོབས་བཅུའི་ནུས་སྟོབས་རྡོ་རྗེའི་ཁྲོ་བོ་མི་གཡོ་བའི་དཔུང་གིས་བདུད་དཔུང་མི་འཁྲུགས་ཕྲག་གཅིག་དཔའ་བཀོང་བས་བར་ཆད་ཀྱི་གཡུལ་ལས་རྒྱལ་ནས་མི་སློབ་པའི་ཟུང་འཇུག་ཆེན་པོ་མངོན་དུ་བསྟན་ནས་རྡོ་རྗེ་ཐེག་པ་བླ་མེད་ཀྱི་རྒྱུད་སྡེ་བསམ་མི་ཁྱབ་པ་རྡོ་རྗེའི་རིགས་ཅན་གྱི་འདུས་པ་ལ་བསྟན་པ་དང༌། རྡོ་རྗེ་ཐེག་པ་རང་གི་རྒྱུད་ཀྱི་གླེང་གཞི་དང་སྦྱར་ན་བརྡ་དོན་རྟགས་གསུམ་གྱི་རཱུ་ཏྲ་བསྒྲལ་བ་ནི་གསང་སྔགས་བསྟན་པའི་ཆུ་མགོ་བརྡོལ་བའི་གླེང་གཞི་སྟེ། དང་པོ་ལྷན་སྐྱེས་དོན་གྱི་རཱུ་ཏྲ་ནི། ཀུན་འདུས་རིག་པའི་མདོ་ལས། བགེགས་ཀྱི་བགེགས་ཏེ་བགེགས་ཆེན་པོ། །དུག་ལྔའི་རྟོག་པ་ཉིད་ལས་སྐྱེས། །ཕྱེད་དང་གསུམ་གྱི་དུར་ཁྲོད་ན། །གཞི་རྩ་ངག་དང་ལུས་སེམས་སོ། །ཞེས་གསུངས་པ་ལྟར་བདག་རྟོག་གཟུང་འཛིན་ལས་སྐྱེས་པའི་དུག་ལྔའི་རཱུ་ཏྲ་ཆེན་པོའི་འཁོར་དུ་ཉོན་མོངས་བརྗོད་ཀྱིས་མི་ལང་བ་དང་བཅས་པས་ཁམས་གསུམ་གྱི་གྲོང་ཁྱེར་ལ་དབང་བྱེད་པས་འཁྲུལ་པའི་ཚང་བཅས་ནས་འགྲོ་ཀུན་སྡུག་བསྔལ་གྱི་ཚོར་བ་མི་ཟད་པ་བསྐྱེད་དེ་ཆོས་ཀྱི་བདག་འཛིན་མ་ཏྲཾ་ཀ་རུ་ཏྲ་སེམས་ཅན་གྱི་ལུས་ལ་གནས། ཚོགས་བརྒྱད་གང་ཟག་གི་བདག་འཛིན་ཁ་ཏྲཾ་ཀ་རུ་ཏྲ་སེམས་ལ་གནས། མི་བདེན་འཁྲུལ་པའི་བདག་འཛིན་ཨ་ཀར་ཤ་རུ་ཏྲ་སེམས་ཅན་གྱི་ངག་ལ་གནས་པ་རྣམས་དང༌། མཚན་མ་བརྡའི་རཱུ་ཏྲ་ནི། སྔོན་འདས་པའི་དུས་དཔག་ཏུ་མེད་པ་ན་བསྐལ་པ་ཀུན་ཏུ་དགའ་བར་སངས་རྒྱས་མི་བསྐྱོད་པའི་བསྟན་པ་ལ་དགེ་སློང་ཐུབ་དཀའ་གཞོན་ནུའི་སློབ་མ་ཐར་པ་ནག་པོ་ཞེས་བྱ་བས་སློབ་དཔོན་གྱིས་བསྟན་པའི་གསང་བའི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་ལྟ་བ་མ་རྟོགས་པར། སྦས་པའི་གསང་བ་སྦྱོར་སྒྲོལ་བརླང་པོར་སྤྱོད་པས། རྣམ་སྨིན་གྱི་འབྲས་བུའི་དམྱལ་བ་ཚ་གྲང་གི་སྡུག་བསྔལ་བསྐལ་པ་བཅུ་གཉིས་དང༌། ལྷ་སྔགས་རང་རྒྱུད་དུ་བཟླས་སྒོམ་གྱིས་རྒྱུ་མཐུན་གྱི་འབྲས་བུ་ཡི་དྭགས་སྲིན་པོ་ཆེན་པོའི་གཟུགས་སུ་བསྐལ་པ་བརྒྱད་དུ་སྐྱེས་ནས་གཟུགས་ཁམས་གནས་རིས་བཅུ་བདུན་མན་ཆད་དབང་དུ་བྱས་ཤིང་གདུག་པ་ཅན་མཐའ་དག་བྲན་དུ་བཀོལ་བའི་དབང་ཕྱུག་ཆེན་པོ་བསྒྲལ་འོས་ཀྱི་སྐལ་ལྡན་དུ་གྱུར་པ་དང༌། བཏགས་པ་མིང་གི་རཱུ་ཏྲ་ནི་གཞིར་གནས་རང་བྱུང་གི་ཡེ་ཤེས་རང་ངོ་མ་རིག་པས་ཁམས་གསུམ་དུ་འཁྱམས་པའི་དུག་གསུམ་གྱི་རང་གཟུགས་མཚན་རྟོག་གིས་བཅིངས་པའི་གདུག་ཅན་འབྱུང་པོའི་དབང་ཕྱུག་ཏུ་གྱུར་པ་རྣམས་བསྒྲལ་བྱ། དབྱིངས་ཡེ་གཉིས་མེད་དུ་རྟོགས་པ་ལྷ་ཡི་རྟོགས་པ་དུར་ཁྲོད་ཆོས་ཀྱི་དབྱིངས་ཧེ་རུ་ཀ་ཐམས་ཅད་འདུས་པ། ས་ཆེན་པོའི་ཀློང་དུ་ལྷ་བརྒྱད་དུ་གྱུར་པའི་སྲིད་ཞིའི་སྤྱི་དཔལ་ཆེན་པོ་ཁམས་གསུམ་ཡོངས་སྒྲོལ་གྱི་དགོངས་པ་ཚད་དུ་འཁྱོལ་བའི་ཡེ་ཤེས་ཀློང་དགུ་མི་ཟད་རྒྱན་གྱི་འཁོར་ལོའི་ཁྱབ་བདག་ཏུ་བཞེངས་པ་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་རྣམས་སྒྲོལ་བྱེད་དཔའ་བོ་ཆེན་པོ་རྣམས་ཀྱིས་སྔོན་གྱི་དམ་ཚིག་གིས་འབྲེལ་བའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཚད་མེད་པའི་ཐུགས་རྗེ་སྐྱེས་ཏེ་མི་གསང་བའི་གསང་བ་ཆེན་པོའི་དྲག་པོ་ཕོ་ཐམས་ཅད་ཐུགས་རྗེ་ཐབས་ཀྱིས་བསྒྲལ་ཞིང་གནས་སྤར་ཏེ་ཆོས་སྐྱོང་བའི་མ་ཧཱ་ཀཱ་ལར་དབང་བསྐུར། མ་འོངས་པར་ཐལ་བས་ཁེབས་པའི་ཞིང་དུ་སངས་རྒྱས་ཐལ་བའི་དབང་པོར་འཚང་རྒྱ་བར་ལུང་བསྟན། སླས་ཀྱི་འཁོར་བདུད་ཀྱི་བུ་མོ་མྱོས་བྱེད་མ་སོགས་མ་ཆགས་ཐབས་ཀྱི་སྦྱོར་བས་ཡིད་འཕྲོག་སྟེ་གནས་ཡུལ་སྒོ་མ་དབང་ཕྱུག་ཉེར་བརྒྱད་སོགས་སྤྲུལ་ཏེ་བྲན་དུ་བྱས། རཱུ་ཏྲའི་ཕུང་པོ་ཛམ་གླིང་དུ་བོར་བ་ཡུལ་ཆེན་པོ་དང་དུར་ཁྲོད་ཆེན་པོ་བརྒྱད། དེ་དག་རྣམས་སུ་རང་བྱུང་གི་མ་མོ་མཆོད་རྟེན་ཞིང་སྐྱོང་ཀླུ་དང་སྤྲིན་ལེགས་པས་བརྒྱན་ཅིང་སྐལ་ལྡན་ལ་ཉམས་རྟོགས། སྐལ་མེད་རྣམས་ཚར་གཅོད་པའི་གནས་སུ་བྱིན་གྱིས་བརླབས་ཏེ་རཱུ་ཏྲའི་འདོད་ཆགས་བཞི་ལ་དགོངས་པའི་རྒྱུད་སྡེ་བཞི། རྣམ་ཤེས་བརྒྱད་ལ་དགོངས་པའི་སྒྲུབ་ཆེན་བཀའ་བརྒྱད། ཉོན་མོངས་ལྔ་ལ་དགོངས་པའི་རིགས་ལྔ་ཧེ་རུ་ཀ །གདུལ་བྱ་རྩ་བའི་དངོས་པོ་སྨིན་པའི་ཕྱིར་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་མཁའ་ཁྱབ་ཏུ་སྤྲུལ་ནས་ཁྲོ་བོ་འཆོལ་བའི་ཚོགས་དང༌། ལྟས་ཆེན་པོ་བཅོ་ལྔ་སྤྲོས་ཏེ་སྒྲོལ་བྱེད་ཆོ་འཕྲུལ་ཆེན་པོ་སྲིད་རྩ་ནས་བཅད་དེ་རྡོ་རྗེ་ཐེག་པས་སྐལ་ལྡན་ཡོངས་སུ་སྨིན་པས་འཁོར་བ་དོང་ནས་སྤྲུགས་པ་ནི་སྒྲོལ་བའི་ཚུལ་ཏེ་དེ་ལྟར་སྔོན་བྱུང་སྟོན་པའི་རྣམ་ཐར་བཞིན་རྗེས་འཇུག་གདུལ་བྱའི་ཉམས་ལེན་དུ་སྦྱོར་དགོས་པའི་ཚུལ་ཤིང་རྟ་ཆེན་པོ་སངས་རྒྱས་གསང་བས། ཕྱི་ནང་གསང་བ་སྲུང་བྱ་སྟེ། །སྲིན་པོའི་རྒྱལ་པོ་ཚུལ་བཞིན་མནན། །ཞེས་གསུངས་པ་ལྟར་དཀྱིལ་འཁོར་གྱི་ས་གཞི་བརྟགས་བསླང་སྦྱང་བཟུང་དང༌། ཕྱི་ནང་བར་གྱི་མཚམས་བཅད་དང༌། ནང་མཚམས་མ་ཏྲཾ་བསྒྲལ་བའི་ལས་རིམ་དཔལ་ཆེན་པོའི་རྣམ་ཐར་གྱི་རྗེས་སུ་འཇུག་པ་དང༌། མ་ཏྲཾ་བསྒྲལ་བའི་ཁོག་པ་གཞལ་ཡས་ཁང་དུ་བྱིན་གྱིས་རླབས་པའི་ནང་བསྒྲུབས་ན་བཀྲ་ཤིས་པ་དང༌། སྲིད་པ་གསུམ་གྱི་བགེགས་ཀྱི་རྒྱལ་པོ་རྣམས་བསྒྲལ་བས་བགེགས་གཞན་གྱིས་བར་ཆད་མི་ནུས་ཤིང་དངོས་གྲུབ་གཉིས་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས་རྣལ་འབྱོར་པ་རྣམས་ཁྲག་འཐུང་རོལ་པའི་ལྷ་ཡི་གསལ་སྣང་དང་ང་རྒྱལ་བརྟན་པོས་མ་ཏྲཾ་བཀུག་བསྒྲལ་སོགས་གཞུང་ཆེན་པོའི་སྒོམ་དོན་གསལ་འདེབས་བཞིན་པས་ཆོ་གའི་བྱ་བ་ལ་འཇུག་པར་ཞུ། ༈ སྒྲུབ་པ་པོ་རྣམས་གནས་སུ་བཀོད་པའི་སྐབས། ད་ལམ་ཐེག་པ་ཀུན་གྱི་ཡང་རྩེ། མདོ་རྒྱུད་ཐམས་ཅད་ཀྱི་ཉིང་ཁུ། ངོ་བོ་གུ་རུ་རིན་པོ་ཆེའི་ཐུགས་སྒྲུབ་བླ་མ་དྲག་པོ་མཐིང་ག་ལ་རྣམ་པ་སྒྲུབ་པ་བཀའ་བརྒྱད་ཀྱི་དྲག་པོ་དཔལ་ཆེན་འདུས་པའི་ཚོམ་བུ་ཚོགས་སྒྲུབ་གནང་བ་ལ། དཔལ་ཆེན་ཞལ་ལུང་ལས། རིག་པ་ཐིག་ལེ་ཉག་གཅིག་ནི༔ ཆོས་རྣམས་ཀུན་གྱི་གྲོལ་ས་སྟེ༔ མདོ་སྔགས་ཐེག་པ་བསམ་ཡས་སུ༔ བསྟན་ཀྱང་ཐེག་པ་གཅིག་ལས་མེད༔ ཅེས་གསུངས་པ་ལྟར་སྦྱང་གཞི་འགྲོ་བ་ཐམས་ཅད་རང་བཞིན་ལྷའི་དཀྱིལ་འཁོར་དུ་གནས་ཀྱང༌། སྦྱང་བྱ་གཉིས་འཛིན་ཆགས་སྡང་གི་རྣམ་པས་བྲལ་བྱའི་ཚུལ་དུ་བསྒྲིབས་པ་ཉིད། སྦྱོང་བྱེད་ཞི་ཁྲོ་དཀྱིལ་འཁོར་འཁོར་ལོའི་རྣམ་པ་ལམ་དུ་བྱས་པས། སྦྱངས་འབྲས་གདོད་ནས་བཞུགས་པའི་ཟུང་འཇུག་གི་ཕྱག་རྒྱ་མངོན་དུ་བྱེད་པའི་ཐབས་ཁྱད་པར་ཅན་དང་མཐར་ཐུག་གི་ཐེག་པ་གསང་སྔགས་བླ་མེད་ཀྱི་བསྐྱེད་རྫོགས་ཟབ་མོའི་དགོངས་པ་རྗེས་སུ་འབྲེལ་བས་གསང་བ་ཡོངས་རྫོགས་ཆེན་པོའི་རྒྱུད་ལས། རྒྱུད་དོན་གསང་བའི་སྒྲུབ་ཆེན་ལ། །བཞི་སྟེ་ཕུན་སུམ་ཚོགས་གཞིས་བཟུང༌། །སྟ་གོན་རིམ་པས་སྒྲོམ་དུ་གཞུག །དངོས་གཞི་བསྙེན་སྒྲུབ་གཞུང་བསྲང་སྟེ། །མཐའ་རྒྱས་ཆོ་གས་རྗེས་བསྐྱང་ངོ༌། །ཞེས་གསུངས་པ་ལྟར་ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་དགོས་པས་གཞུང་ལས། དང་པོ་དབེན་ཞིང་ཉམས་དགའི་གནས༔ གྲུབ་ཐོབ་ཞབས་ཀྱིས་བཅག་པ་དང༔ ཁྱད་པར་དུར་ཁྲོད་རྩུབ་འགྱུར་ཚལ༔ ཞེས་གསུངས་པ་ལྟར་ཕྱི་ཡི་གནས་ཕུན་སུམ་ཚོགས་པ་རང་བྱུང་གྲུབ་པའི་དཔའ་བོ་རྣམས་ཀྱིས་དཔལ་ཧེ་རུ་ཀའི་གནས་སུ་བྱིན་གྱིས་བརླབས། གཙུག་ལག་གི་གཞུང་ལས་བཤད་པའི་དཔལ་ཁ་དང་ལས་བཞི་སྒྲུབ་པའི་མཐུན་རྐྱེན་འཛོམས་པས་བཀྲ་ཤིས་དགེ་བའི་གནས། ལྷུན་གྲུབ་ཡིད་འོང་གི་གནས། འཕྲལ་རྐྱེན་སྒྲུབ་པའི་གནས་རྣམས་ཀྱི་མཚན་ཉིད་ཀུན་ལྡན་དུ། ནང་གི་གནས་ཕྱི་ནང་སྣོད་བཅུད་རང་ལུས་དང་བཅས་པས་གདོད་ནས་གདན་གསུམ་ཚང་བའི་ལྷའི་འཁོར་ལོར་རྣམ་པར་དག་པ་ཡིན་པ་ལ་ཡིན་པར་ཤེས་པས་དག་མཉམ་བདེན་པ་དབྱེར་མེད་ལྷའི་རང་བཞིན་དུ་ཤེས་པ་དང༌། གསང་བའི་གནས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་ཉིད་དེ་ཁོ་ན་ཉིད་དུ་ལྷུན་གྱིས་གྲུབ་པའི་ངང་ན་གནས་ཀྱང་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་ཀློང་དུ་གནས་པར་རྟོགས་པ་དང༌། སྟོན་པ་ཕུན་སུམ་ཚོགས་པ་རྡོ་རྗེ་སློབ་དཔོན་ལྟ་བ་གཉིས་སུ་མེད་པའི་གདེང་དང་ལྡན། སྒོམ་པ་བསྐྱེད་རྫོགས་ལས་སུ་རུང་ཞིང་སྤྱོད་པ་ས་མ་ཡ་འབུམ་སྡེ་རྣམ་པར་དག །དབང་དང་མན་ངག་གི་བཀའ་བབ། ཐེག་པ་རིམ་དགུའི་དོན་ཐུགས་སུ་ཆུད། ངང་རྒྱུད་རིང་ཞིང་ཕན་སེམས་ཆེ་བ། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོའི་མགོན་དང་དཔུང་གཉེན་དུ་གྱུར་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ ་་་་་་་་་་་་་་་་་་་་ཞེས་བྱ་བ་དང༌། འཁོར་ཕུན་སུམ་ཚོགས་པ་བདེ་ཆེན་རྒྱུད་ལ་སྐྱེད་པའི་གཟུངས་མ་ལུས་ངག་ཡིད་གསུམ་གྱི་མཚན་ཉིད་དང་ལྡན་པ། རིགས་ལྔའི་དངོས་གྲུབ་སྒྲུབ་པའི་འཁོར་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་གཙོ་བོ་བཞི་ཡུམ་དང་བཅས་པ། དོན་གཉིས་ཕྲིན་ལས་སྒྲུབ་པའི་འཁོར་རྒྱལ་ཐེབས་ཀྱི་སྟོན་པ་བཞི། བར་ཆད་དགྲ་བགེགས་སྒྲོལ་བའི་འཁོར་རྡོ་རྗེ་སྤྱན་པ། རྡོ་རྗེ་མཚམས་པ་གིང་དང་བཅས་པ། མཆོད་པའི་ཞལ་ཟས་སྦྱོར་བའི་འཁོར་རྡོ་རྗེ་དྲོད་འཛིན་བྱན་ཕོ་མོ་དང་བཅས་པ། དད་འདུས་ཐུགས་རྗེས་བཟུང་བའི་འཁོར་རྡོ་རྗེའི་མཆེད་དང་ལྕམ་དྲལ། ཕྱི་ནང་བརྡ་སྦྱོར་བྱེད་པའི་འཁོར་རྡུལ་ཕྱགས་སྐྱེས་བུ་སྟེ། ཐམས་ཅད་ཀྱང་བསགས་པ་སྔོན་དུ་སོང་བའི་སྐལ་པ་ཅན། ང་རྒྱལ་དང་ཕྲག་དོག་ཆུང་བ། དད་པ་དང་བརྩོན་འགྲུས་ཆེ་བ། ལྷག་པར་རྒྱལ་ཐེབས་རྣམས་ཀྱང་དབང་དང་དམ་ཚིག་ལྡན་ཞིང་ཐོས་བསམ་གྱིས་རྒྱུད་དག་པ། དེ་ཁོ་ཉིད་ལ་བློ་སྦྱང་བ་ཤ་སྟག་ལགས་པ་དང༌། དུས་ཕུན་སུམ་ཚོགས་པ། ཐོག་མཐའ་དབུས་མེད་དུས་བཞི་མཉམ་པ་ཆེན་པོའི་ངང་ལས། གདུལ་བྱའི་སྣང་ངོར་བདག་ཅག་གི་མཉམ་མེད་དོན་ཐམས་ཅད་གྲུབ་པ་སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་དུ་ཡུམ་ལ་དྲིན་ལན་བསབ་པའི་མདོ་གསུངས་ནས་སླར་ཡང་ཛམྦུ་གླིང་གི་སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་རྫུ་འཕྲུལ་གྱིས་བབས་པ་དང༌། སློབ་དཔོན་སངས་རྒྱས་གཉིས་པས་བལ་ཡུལ་ཡང་ལེ་ཤོད་དུ་ཐུགས་དམ་ཡང་ཕུར་གྱི་སྒོ་ནས་ཕྱག་རྒྱ་ཆེན་པོའི་རིག་འཛིན་མངོན་དུ་མཛད་དེ་དུས་ཆེན་ཐ་སྐར་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་གཟའ་སྐར་སྦྱོར་བྱེད་སོགས་དུས་ཚེས་དགེ་ཞིང་ཤིས་པར། ཡོ་བྱད་ཕུན་སུམ་ཚོགས་པ། འཚོ་བ་ཟས། ནད་ཟློག་སྨན། དགྲ་ཟློག་མཚོན་སོགས་ཕྱིའི་ཡོ་བྱད། རྟེན་རྫས་སྒྲུབ་རྫས། རྒྱན་རྫས། མཆོད་རྫས། དབང་གི་རྫས་ཏེ་ནང་གི་ཡོ་བྱད། ཏན་གྷན། ཤེས་རབ་སྙིང་རྗེ་སྟེ་གསང་བའི་ཡོ་བྱད་དུ་བཤད་པ་སྤྱི་དང༌། ཕོ་བྲང་ཁྱིམ་དགུའི་རྟེན་ཐུན་མོང་མ་ཡིན་པ། བུམ་པ་མར་མེ་ཐོད་པ་དང༌། །ཕྱག་རྒྱ་ཕུར་བུ་ཙིཏྟ་དང༌། །མཆོད་གཏོར་ལིངྒ་ཉ་བོ་དག །སྒྲུབ་རྫས་རྟེན་གྱི་མཐར་ཐུག་ཡིན། །ཞེས་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཕྲིན་ལས་ཀྱི་ལུང་ལས་གསུངས་པ་དང༌། གཞུང་འདི་ཉིད་ལས། སྒྲུབ་རྫས་ཐོད་སྐུ་སྔགས་བྱང་དང༔ ཙནྡན་དང་ནི་སེང་ཕུར་སོགས༔ སྤྲོས་བཅས་སྒྲུབ་ཡིག་ལྟར་དུའམ༔ ཡང་ན་གཙོ་ཕུར་ཙམ་ལ་བསྟེན༔ ཞེས་གསུངས་པ་སྤྲོས་བཅས་རྟེན་སྒྲུབ་མཆོད་པའི་རྫས་མ་ཚང་བ་མེད་པ་འདུ་བྱས། དཀྱིལ་འཁོར་གྱི་རི་མོ་བཀྲ་ཡལ་ལེ། སྣང་གསལ་གྱི་མར་མེ་འོད་ལྷག་གེ །བདུག་སྤོས་ཀྱི་དྲི་བཟང་ངད་ཐུལ་ལེ། རྡོ་རྗེའི་མཆེད་ལྕམ་སྤྲོ་དགའ་དང་བྱིན་རླབས་ཐིབས་སེ་འདུ་བའི་སྐབས་འདིར་སྟོན་པ་རྡོ་རྗེ་སློབ་དཔོན་ཉིད་བསྐྱེད་རྫོགས་ཀྱི་དགོངས་པ་མཛད་ཅིང་ཟབ་མོའི་དོན་སྟོན་པ་རྣལ་འབྱོར་ཡོངས་ཀྱི་དཔལ་མགོན་དུ་འདུས་པ་རྒྱ་མཚོའི་དབུས་སུ་རྡོ་རྗེའི་ཁྲི་ཆེན་པོ་ལ་བཞུགས་པར་གསོལ། རིགས་བཞིའི་བསྐྱེད་རྫོགས་དང་ཛཔ་བསྙེན་བགྲང་བའི་རྒྱལ་ཚབ་ཆེན་པོ་བཞི་ཕྱོགས་བཞི། ཡབ་ཀྱི་དགོངས་པ་དང་བསྟུན་ཞིང་སྦྱོར་བའི་སྒྱུ་རྩལ་ཤེས་པའི་གཟུངས་མ་ཀུན་ཏུ་བཟང་མོ་རྣམས་ཡབ་ཀྱི་གཡོན་ཏུ། ཆོས་འཆད་པ་རྡོ་རྗེ་རྒྱལ་ཐེབས། དངོས་གྲུབ་ཀྱི་རྫས་སྟེར་བའི་རིན་ཆེན་རྒྱལ་ཐེབས། དབང་བསྐུར་བའི་བྱ་བ་བྱེད་པ་དབང་གི་རྒྱལ་ཐེབས། ཕྲིན་ལས་ཀྱི་གཞུང་བསྲང་བ་ལས་ཀྱི་རྒྱལ་ཐེབས་རྣམས་ཀྱང་ཕྱོགས་བཞི། ཕྱི་ནང་བར་ཆད་སྲུང་བའི་བརྟུལ་ཞུགས་ཅན་རྡོ་རྗེ་མཚམས་པ་ནུབ་བྱང༌། སྒྲོལ་བའི་ལས་དང་བརྡ་ལ་མཁས་པ་རྡོ་རྗེའི་ཀིང་ཀ་ར་རྣམས་ལྷོ་ནུབ། གཡོ་སྒྱུ་མེད་པར་མི་མ་ཡིན་མཐོང་ཞིང་ཉུལ་ལེའི་བར་ཆད་བཟློག་ནུས་པའི་མིག་རྣོན་རྡོ་རྗེ་སྤྱན་པ་དང༌། དུས་སྦྱོར་དབྱུག་གུ་སོགས་ལ་མཁས་ཤིང་ཕྲིན་ལས་ཀྱི་སྐབས་ཕྱེད་པ་རྡོ་རྗེ་དྲོད་འཛིན་པ་གཉིས་བྱང་ཤར། བག་ལྡན་གཙང་སྦྲ་ཆེ་ཞིང་རྣམ་སྨིན་ལ་འཛེམ་པའི་རྡོ་རྗེ་བྱན་ཕོ་བྱན་མོ་དང༌། ང་རྒྱལ་མེད་ཅིང་བཀའ་བཞིན་སྲི་ཞུ་ལ་བརྩོན་པའི་རྡོ་རྗེ་རྡུལ་ཕྱགས་པ་རྣམས་ཤར་ལྷོ། མཆེད་ལྕམ་སྣོད་དང་ལྡན་པ་རིན་པོ་ཆེ་ལྟ་བུའི་གང་ཟག་རྣམས་ཀྱང་གྲལ་གྱི་བར་དུ་བཞུགས་ཏེ། ཐམས་ཅད་ཀྱང་ཆོས་སྤྱོད་ལ་བརྩོན་འགྲུས་ཆུང་བ་ལུས་ཀྱི་སྐྱོན་དང༌། གྲངས་མང་ཞིང་བཟླས་པ་ལ་མི་བརྩོན་པ་ངག་གི་སྐྱོན་དང༌། ཞེ་སྡང་ཆེ་ཞིང་བྱམས་པ་ཆུང་བ་ཡིད་ཀྱི་སྐྱོན་དང༌། བརྗེད་ངེས་ཆེ་ཞིང་བག་ཟོན་ཆུང་བ་དམ་ཚིག་གི་སྐྱོན་དང༌། ཆང་ལ་དགའ་ཞིང་གཉིད་ཆེ་བ་ཏིང་ངེ་འཛིན་གྱི་སྐྱོན་དང༌། གཡེང་བ་ལ་དགའ་ཞིང་བསྒོམ་སྒྲུབ་ལ་སྐྱོ་བ་དད་པའི་སྐྱོན་ཏེ་དྲུག་པོ་རྣམ་པ་ཐམས་ཅད་དུ་སྤང་ཞིང༌། རྟོགས་པ་ཆེ་བས་ཆོས་ཉིད་དང་མི་ཕྱེད་པ། དད་གུས་ཆེ་བས་བླ་མ་དང་མི་ཕྱེད་པ། དམ་ཚིག་ཆེ་བས་ཡི་དམ་དང་མི་ཕྱེད་པ། བརྩེ་གདུང་ཆེ་བས་མཆེད་ལྕམ་དང་མི་ཕྱེད་པ། བརྟུལ་ཞུགས་ཆེ་བས་དམ་རྫས་དང་མི་ཕྱེད་པ། སྦྱོར་སྒྲོལ་བརྩོན་པས་གཟུངས་མ་དང་མི་ཕྱེད་པ། སྙིང་རྗེ་ཆེ་བས་སེམས་ཅན་དང་མི་ཕྱེད་པ། ཏིང་ངེ་འཛིན་གསལ་བས་དངོས་གྲུབ་དང་མི་ཕྱེད་པ། སྐྱོན་དང་བྲལ་བས་འབྲས་བུ་སངས་རྒྱས་དང་མི་ཕྱེད་པ་སྟེ་ཡོན་ཏན་དགུ་པོ་ལ་རྣམ་པ་ཀུན་ཏུ་བརྩོན་ཞིང༌། གཞན་ཡང་རྩ་རྒྱུད་ལས། སྙིགས་མའི་དུས་ཀྱི་སྟོན་པ་དང༔ ད་ལྟ་སངས་རྒྱས་འདི་དག་ལ༔ ཐ་དད་དུ་ནི་ཅུང་མིན་བརྟག༔ རྡོ་རྗེ་གསང་བའི་གྲོགས་དག་ཀྱང༔ དེ་དང་རྗེས་སུ་མཐུན་པར་བལྟ༔ སྒོ་གསུམ་གུས་པས་བརྩོན་བྱ་ཞིང༔ དམ་པའི་ཚིག་ལས་འདའ་མི་བྱ༔ ཞེས་གསུངས་པའི་དོན་ལ་བསླབ་པ་སོགས་བཀའ་བསྒོ་བའི་ལས་རྣམས་བདེ་བླག་ཏུ་བསྒྲུབ་པར་བགྱིའོ་སྙམ་པའི་ཐུགས་འདུན་དང་ལྡན་པས་འདིས་རྗེས་ཟློས་གནང་བར་ཞུ། ༈ དཔལ་གྱི་རྟགས་གདབ་པའི་སྐབས་སུ། འདིར་འདུས་པའི་རིག་འཛིན་སྒྲུབ་པ་པོ་རྣམས་དོན་གྱི་དག་པ་སྦྱར་བས་ལྷ་དང་གཉིས་སུ་མེད་པར་རྟོགས་པ་དང༌། རྟགས་ཀྱི་ཕྱག་རྒྱ་བཅིངས་བས་མཁའ་འགྲོ་དམ་ཅན་ཕོ་མོ་རྣམས་ཀྱིས་སྒྲུབ་པ་པོར་ཤེས་པ་དང༌། བར་ཆད་ཀྱི་མི་ཚུགས་ཤིང་ཐབས་ཀྱི་ཐེག་པའི་རིགས་སུ་ངེས་པའི་འབྲས་བུ་མྱུར་དུ་འགྲུབ་པ་སོགས་དགོས་པ་དུ་མ་དང་ལྡན་པའི་ཧེ་རུ་ཀ་རོལ་པ་ཆེན་པོའི་ཆས་སུ་འཇུག་པའི་སྐབས་སུ་བབ་པ་སྟེ། ཆེ་མཆོག་འདུས་པ་རྩ་བའི་རྒྱུད་ལས། མ་འོང་དུས་ན་སྐྱེས་བུ་དག༔ དུས་གསུམ་སངས་རྒྱས་ཀུན་ངོ་བོ༔ སྐུ་གསུམ་ཕྲིན་ལས་ཆེ་བའི་མཆོག༔ ཀུན་ཏུ་བཟང་པོ་ཀུན་གྱི་བདག༔ ཧེ་རུ་ཀ་ཡི་ཚུལ་འཆང་བ༔ བརྟུལ་ཞུགས་བཟང་པོ་དེ་ལ་ནི༔ མ་རིག་ལོག་པར་ལྟ་བའི་ཚོགས༔ བདུད་བཞིའི་ཕྱོགས་སུ་གཏོགས་རྣམས་ཀྱིས༔ འཚེ་ཞིང་བར་དུ་གཅོད་པའམ༔ གདུག་ཅིང་འདའ་བར་ནུས་མ་ཡིན༔ ཞེས་གསུངས། དེ་ཡང་རྟགས་ཕྱག་རྒྱའི་དབང་དུ་བྱས་ན། སྔོན་དཔལ་ཆེན་པོས་ཡི་དྭགས་ཀྱི་གཙོ་བོ་དུར་ཁྲོད་བདག་པོ་བཏུལ་ཞིང་དེའི་ཆས་རྣམས་དཔའ་བའི་རྟགས་སུ་བཞེས་པ་ལས་བྱུང་བ། རཱུ་ཏྲ་སྡེ་གསུམ་བསྒྲལ་ནས་ཚར་གསུམ་གྱི་ཕྲེང་བ། རུ་ཏྲའི་ཆུང་མ་མ་ཆགས་ཐབས་ཀྱིས་རོལ་པས་དབང་དུ་བསྡུས་པ་རཀྟའི་ཐིག་ལེ། ཚངས་པ་ཆེན་པོ་བསྒྲལ་བ་ཞིང་ཆེན་གྱི་གཡང་གཞི། བརྒྱ་བྱིན་དང་དེའི་བཞོན་པ་གླང་པོ་ཆེ་བཏུལ་བ་གླང་ཆེན་གྱི་ཀོ་རློན། གཟའ་ཆེན་ཉི་མའི་བུ་མོ་སྟག་གདོང་སྤྱན་གཅིག་མ་བཏུལ་བ་སྟག་གི་ཤམ་ཐབས། ཀླུ་གདུག་པ་ཅན་བཏུལ་བ་སྦྲུལ་ནག་གི་ཆུན་པོ། སྲིན་མོ་ཉེར་བཞི་བཏུལ་བ་ཐལ་ཆེན་གྱི་ཚོམ་བུ། དབང་མོ་ཉེར་བརྒྱད་དབང་དུ་བསྡུས་པ་ཞག་གི་ཟོ་རིས་ལ་སོགས་པ་བྱུང་བ་ཡིན་ཞིང༌། བརྡའི་དག་སྦྱོར་གྱི་དོན་ནི། ཡེ་ཤེས་ལྔ་པོ་དོན་དམ་སྤྲོས་བྲལ་གྱི་དབྱིངས་སུ་གཅིག་པས་ཐོད་སྐམ་ལྔའི་དབུ་རྒྱན་རྒྱུ་མའི་ཁོང་སེང་གིས་སྦྲེལ་བ། ཐུགས་རྗེ་ཅི་ཡང་འབྱུང་བ་བཞི་ཡིས་འགྲོ་དོན་མཛད་པའི་གླང་ཀོ །ཕྱིན་ཅི་ལོག་བཞི་དང་བྲལ་བའི་སྦྲུལ་ཆུན། ཕྲིན་ལས་རྣམ་པ་བཞི་དང་ཚད་མེད་བཞི་ལྷུན་ལ་རྫོགས་པའི་གཡང་གཞི། ཁམས་གསུམ་རྟོག་པ་འཇོམས་པའི་སྟག་ཤམ། མ་རིག་རྣམ་རྟོག་གི་བུད་ཤིང་ཡེ་ཤེས་ཆེན་པོའི་དབྱིངས་སུ་སྦྱངས་བའི་མེ་དཔུང༌། དུག་ལྔ་དབང་དུ་སྡུད་པའི་ཁྲག་ཆེན་གྱི་ཐིག་ལེ། རྒྱུད་དྲུག་འཁོར་བའི་བཅུད་ཚོགས་གཉིས་ཀྱི་གསོས་སུ་བླངས་བ་ཞག་ཆེན་གྱི་ཟོ་རིས། སྐྱེ་ཤི་རྩད་ནས་གཅོད་པ་ཐལ་ཆེན་གྱི་ཚོམ་བུ། དུག་གསུམ་སྐུ་གསུམ་དུ་རྫོགས་པ་ཐོད་ཕྲེང་ཚར་གསུམ། སྟོང་པ་ཉིད་ལ་བདུད་བཞི་བསྐྱོད་དུ་མེད་པའི་རྡོ་རྗེའི་གོ་ཁྲབ་བཅས་དཔལ་གྱི་ཆས་བཅུ་སྟེ། རང་རང་གི་རིགས་དང་མཐུན་པར་དཔལ་ཆེན་སྒྲུབ་སྡེ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་འཁོར་ལོའི་གསལ་སྣང་དང་སྙེམས་པས་དཔལ་གྱི་ཆས་རྣམས་མངའ་གསོལ་དུ་བཞེས་ཤིང༌། དོན་གྱི་དག་དྲན་དང་ལྡན་པར་དུག་ལྔ་རྩད་ནས་གཅོད། སྟོབས་བཅུ་དང་མི་འཇིགས་བཞི་ལྡན། མ་མོ་མཁའ་འགྲོ་ཐམས་ཅད་ལ་དབང་བསྐུར། གདུག་པ་ཅན་ཟིལ་གྱིས་མནན། ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ལ་མངའ་མཛད་པ་ཞི་ཁྲོ་འདུས་པའི་སྒྲུབ་པ་བཀའ་བརྒྱད་བདུན་བརྒྱ་ཉེར་ལྔའི་ཚོམ་བུའི་དགོངས་པ་ལས་གཡེལ་བ་མེད་པའི་ངང་འདིའི་རྗེས་ཟློས་གནང་བར་ཞུ། ༈ བསྲེ་བསྣན་གྱི་སྐབས་སུ་དམ་ཚིག་བསྒྲགས་པའི་རྗེས། སློབ་དཔོན་ནམ་རྒྱལ་ཚབ་པས། འོ་སྐལ་པ་དང་ལྡན་པའི་རྡོ་རྗེའི་མཆེད་ལྕམ་རྣམས་ཐུགས་མ་ཡེངས་པར་སྙན་ལྷན་ནེར་གསན་འཚལ། དེ་ཡང་གསང་སྔགས་དབང་གི་མཐའ་ཅན། དབང་དམ་ཚིག་གི་མཐའ་ཅན་ཞེས་གསུངས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་ཐོག་མཐའ་བར་གསུམ་དམ་ཚིག་ལ་བརྟེན་ནས་བགྲོད་དགོས་ཏེ། ཨ་ཏི་བཀོད་པའི་རྒྱུད་ལས། སྔ་རབས་འདས་པའི་སངས་རྒྱས་ཀྱང༌། །དམ་ཚིག་འདི་ལ་བརྟེན་ཏེ་བྱུང༌། །ད་ལྟར་བཞུགས་པའི་སངས་རྒྱས་ཀྱང༌། །དམ་ཚིག་འདི་ལ་རབ་ཏུ་གནས། །སླད་ཀྱིས་འབྱོན་པའི་སངས་རྒྱས་ཀྱང༌། །དམ་ཚིག་འདི་ལ་རབ་ཏུ་བསྒྲུབ། །ཅེས་གསུངས་པ་ལྟར་དམ་ཚིག་ནི་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་ཡིན་པས་གཅེས་སྤྲས་སུ་བཟུང་འཚལ་ཏེ་གསང་བ་འདུས་པའི་རྒྱུད་ལས། དབང་སྲོག་དམ་ཚིག་རྗེས་སུ་བཟུང༌། །དབྱེ་ན་ས་ཡ་འབུམ་སྡེ་ལས། །བསྡུ་ན་ཉི་ཤུ་རྩ་ལྔ་སྟེ། །རྩ་བ་སྐུ་གསུང་ཐུགས་ལ་འདུ། །ཉམས་ན་རྡོ་རྗེའི་དམྱལ་བར་འགྲོ། །དེ་ཕྱིར་མིག་འབྲས་ལྟ་བུར་བཟུང༌། །ཉམས་ན་སླར་ལ་བཤགས་པར་བྱ། ཞེས་གསུངས་པ་ལྟར་སྨིན་བྱེད་ཀྱི་དབང་སྔོན་དུ་ནོད་ཅིང་དབང་སྲོག་དམ་ཚིག་ལ་གནས་པས་གྲོལ་བྱེད་ཀྱི་ལམ་ལ་འཇུག་དགོས། དམ་ཚིག་ནི་སྲོག་གི་དབང་པོ་དང་མཚུངས་ལ། ལམ་གྱི་རིམ་པ་གཞན་རྣམས་དབང་པོ་ཡན་ལག་གཞན་དང་མཚུངས་པས་འདིར་ཡང༌། སྔགས་ཀྱི་དངོས་གྲུབ་མ་ལུས་པ༔ དམ་ཚིག་ཉིད་ལ་བརྟེན་གྱུར་ཀྱང༔ ཞེས་གསུངས་པས་དམ་ཚིག་ཁོན་ལ་གཅེས་སྤྲས་སུ་འབད་འཚལ། དམ་ཚིག་གི་ལྷ་ནི་རྡོ་རྗེ་སེམས་དཔའ་ཡིན་ཏེ། མཉམ་སྦྱོར་ལས། སེམས་ཅན་ཀུན་གྱི་སེམས་གང་ཞིག །རྡོ་རྗེ་ཞེས་ནི་རབ་ཏུ་བརྗོད། །རྡོ་རྗེ་སྟོང་པ་ཉིད་དུ་གནས། །སེམས་དཔའ་ཡེ་ཤེས་ཆེན་པོ་སྟེ། །ཞེས་གཞི་རྡོ་རྗེ་སེམས་དཔའི་དམ་ཚིག་མི་ཕྱེད་པ་དེ་ཉིད་ལམ་དུ་མ་ཉམས་པར་སྟོན་པར་བྱེད་པ་དང༌། ཉམས་ན་བཤགས་པའི་ཡུལ་དུ་གྲུབ་ལ། འབྲས་བུའང་དེའི་གོ་འཕང་གྲུབ་པ་སྤྱི་དཔལ་ཆེན་པོ་ཞི་བའི་སྐུར་བསྟན་པ་ལས་གཉིས་སུ་མེད་དོ། །དམ་ཚིག་གི་བདག་པོ་དཔལ་ཧེ་རུ་ཀ་སྟེ་དམ་ལས་མི་འདའ་བ་རྣམས་ལ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས། ཡིད་ལ་འདོད་པ་ཐམས་ཅད་བསྩལ། དམ་ལས་འདས་ན་སྙིང་དབུས་རྡོ་རྗེ་གནོད་སྦྱིན་རབ་ཏུ་ཁྲོས་པས་མི་ཟད་པའི་སྡུག་བསྔལ་བསྐྱེད་པར་མཛད། དམ་ཚིག་གི་སྲུང་མ་ཕྲ་མེན་བཅུ་དྲུག །སྤྱན་པ་དབང་ཕྱུག་ཉེར་བརྒྱད་རྣམས་ཀྱིས་ཀྱང་ལེགས་ཉེས་ཀྱི་སྟངས་འཛིན་ཅིང་དགེ་སྡིག་གི་ལ་ཤན་འབྱེད་པ་ཡིན་པས་མངོན་ལྐོག་དང་ལེ་ལོ་མེད་པར། དྲན་པ་དང་ཤེས་བཞིན་གྱིས་བག་ཡོད་པར་བསྲུང་དགོས་ཤིང༌། གང་བསྲུང་བར་བྱ་བ་ནི་ས་མ་ཡ་འབུམ་སྡེ་གསུངས་པའང་ཐུན་མོང་སྤྱིའི་དམ་ཚིག་ཉེར་བརྒྱད། སྒྲུབ་པ་ཁྱད་པར་གྱི་དམ་ཚིག་ཉི་ཤུ་རྩ་གཉིས་རྣམས་སུ་འདུས་ཏེ། དེ་ཡང་རྩ་བའི་སྐུའི་དམ་ཚིག་ཏུ་སློབ་དཔོན་རྣམ་པ་བཞི་ཁོང་པའི་སྙིང་ལྟར་བཙའ། རྡོ་རྗེའི་མཆེད་བཞི་པོ་ལུས་དང་མིག་ལྟར་བལྟ། གསུང་གི་དམ་ཚིག་ཏུ་སྔགས་ཀྱི་སྙིང་པོ་ལྔ་དང་ཕྱག་རྒྱ་བཞི་རྒྱུན་མི་ཆད་པར་ཉམས་སུ་ལེན། ཐུགས་ཀྱི་དམ་ཚིག་ཏུ་སྤྱི་དང་བར་གསང་གསང་འོས་གཉེར་དུ་གཏད་པའི་གསང་བཅུ་སྦས། ཡན་ལག་གི་སྤྱད་བྱ། མི་སྤང་བ། དང་དུ་བླང་བ། ཤེས་བྱ། བསྒྲུབ་བྱའི་དམ་ཚིག་ལྔ་ཚན་ལྔ་ཡལ་བར་མི་འདོར་བར་བསྲུངས་བས་ཐུན་མོང་གི་དམ་ཚིག་རྣམ་པར་དག །ཁྱད་པར་གྱི་དམ་ཚིག་ཉེར་གཅིག་ལྟེམ་རྐྱང་མེད་པར་ལྷ་ཆོས་མི་ཆོས་བཀའ་ཆོས་གསུམ་གྱི་སྒོ་ནས་བསྲུང་བས་ཁྱད་པར་གྱི་དམ་ཚིག་རྣམ་པར་དག །འཁོར་གསུམ་བྱང་ཆུབ་སེམས་ཐིག་ལེ་ཉག་གཅིག་ལས་གུད་ན་མེད་པས་བསྲུང་མཚམས་བྲལ་བའི་ཡེ་བསྲུང་ཆེན་པོར་རྟོགས་པ་ལྟ་བའི་དམ་ཚིག་ཐུགས་རྗེའི་དཔྱང་ཐག་ལྡན་པས་དམ་ཚིག་ཉམས་སུ་ཡང་མེད་ཅིང༌། ཉམས་པའང་མྱུར་དུ་འཆོས་པར་འགྱུར་རོ། །བང་མཛོད་འཕྲུལ་ལྡེ་ལས། སྤྱིར་ནི་གསང་སྔགས་དམ་ཚིག་ནི། །བསྲུངས་ན་བསམ་གྱིས་མི་ཁྱབ་སྟེ། །ས་མ་ཡ་ནི་འབུམ་སྡེ་ཡོད། །ཇི་བཞིན་པ་ཡི་ཆོས་ཉིད་ལ། །མ་བཅོས་པ་ཡི་བློ་བཞག་ན། །གཉིས་སུ་མེད་པའི་ཡེ་ཤེས་ཏེ། །མཉམ་ཉིད་གཡོ་བ་མེད་པར་ནི། །དམ་ཚིག་ཐམས་ཅད་བསྲུང་བ་ཡིན། །ཉམས་པའི་ཆད་པ་བྱུང་བ་ལས། །མགོན་སྐྱབས་དེ་ལས་ཆེ་བ་མེད། །ཅེས་གསུངས། ལྟ་བ་མཐར་ཕྱིན་པ་མ་རྟོགས་པའི་གང་ཟག་མོས་སློབ་པས་དམ་ཚིག་ཉམས་ན་མེ་དང་འདྲ་སྟེ་འཚིག །སོ་མཚམས་ཀྱི་མཁར་དང་འདྲ་སྟེ་རང་གཞན་ཕུང༌། དུག་དང་འདྲ་སྟེ་ཐར་པའི་སྲོག་གཅོད། སྙིང་ཕྱུང་ན་སྨན་ཅི་ཙམ་བཏང་ཡང་བདེ་བར་མི་འགྱུར་བ་བཞིན་དུ་སྒོམ་སྒྲུབ་ལེགས་པ་ཅི་བྱས་ཀྱང་དམ་ཚིག་ཉམས་ན་འབྲས་བུ་མི་འབྱུང་བ་ལྷ་རྣམས་ཀྱང་རང་གཤེད་དུ་བབ་ནས་ཚེ་འདིར་མི་རུང་པ་དུ་མ་འབྱུང་ཞིང༌། ཕྱི་མ་དམྱལ་ཁམས་བཅོ་བརྒྱད་ཐམས་ཅད་ཀྱིས་ཀྱང་སྡུག་བསྔལ་དོ་ཟླ་མེད་པའི་རྡོ་རྗེའི་དམྱལ་བ་ཆེན་པོར་སྐྱེས་ནས་སངས་རྒྱས་ཀུན་གྱིས་ཕྲིན་ལས་མཛད་ཀྱང་ཐར་པའི་དུས་མེད་པར་འགྱུར་ལ། ཉམས་པའི་རྒྱུ་ཡང་སློབ་དཔོན་གསང་ཞིང་རང་ཆེ་འབྱིན་པ། ལུང་མ་ནོས་པར་སློབ་དཔོན་གྱི་ས་བཟུང་བ། ཁ་སྤྱོད་དང་ལྟ་སྤྱོད་མི་མཐུན་པ། གསང་བ་སྨྲ་ཞིང་གསང་བའི་དམ་ཚིག་ཆེད་ཆེར་མི་འཛིན་པ། རྒྱལ་བློན་གྱི་བྱ་བ་སོགས་མི་ཆོས་ལ་གཙོ་བོར་འཛིན་པ། ང་རྒྱལ་རང་མཐོང་ཆང་དད་ཆེ་བ། ཆོས་ལ་ཕྱོགས་རིས་ཆེ་ཞིང་གཤེ་སྐུར་མང་བ། བདག་བསྟོད་གཞན་སྨོད་ཀྱི་ཟུར་ཟ་བྱེད་པ། གཙང་དམེ་དང་རྟོག་པ་ཤས་ཆེ་བས་དམ་བཅའ་འདོར་ཞིང་གཉེན་པོ་མེད་པ། སྡིག་པའི་གྲོགས་པོ་དང་འགྲོགས་པ། ཐོས་པ་ཆུང་ཞིང་བླ་མ་མཁས་པ་དང་བྲལ་བ། སྤྱོད་པ་ཐོད་རྒལ་དུ་བྱེད་ཅིང་གཅིག་པུར་མི་ཚུགས་པ་སོགས་དམ་ཚིག་ཉམས་པའི་སྔ་རྟགས་དང་བཅས་ཏེ་རྒྱལ་བའི་བཀའ་ཆད་དུ་མ་འབྱུང་བར་གསུངས་པས། སྲོག་དང་མིག་འབྲས་ལྟར་བཙའ་བས་དམ་ཚིག་མི་ཉམས་པ་བསྲུང་ཞིང༌། ཉམས་ཆག་བྱུང་བ་དག་ཀྱང་རབ་ཀྱིས་ལྟ་བ་སྐྱེ་མེད་ཀྱི་ངང་དུ་ལ་ཟླ། འབྲིང་གིས་སྲོག་ལན་གསུམ་བཏང་བ་སོགས་ཐབས་ལ་མཁས་པས་བཤགས། ཐ་མས་ཀྱང་གནོང་འགྱོད་དྲག་པོའི་སྒོ་ནས་སྟོབས་བཞི་ཚང་བའི་བཤགས་པས་བཤགས་ཤིང་ཕྱིན་ཆད་བསྡམས་ཏེ་ལེགས་པར་བསྲུང་བའི་ཕན་ཡོན་ཀྱང༌། ཡིད་བཞིན་གྱི་ནོར་བུ་འདྲ་བར་དགོས་འདོད་འབྱུང༌། ས་གཞི་དང་འདྲ་བར་ཡོན་ཏན་ཐམས་ཅད་སྐྱེད། ནམ་མཁའ་དང་འདྲ་བར་ཐམས་ཅད་ཀྱི་གོ་འབྱེད། ཚེ་འདིར་ཡང་མ་ཉམས་པའི་སྔ་རྟགས་ལེགས་པའི་ཡོན་ཏན་དུ་མ་འབྱུང་ཞིང༌། རིང་པོར་མི་ཐོགས་པར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་རང་གཟུགས་དཔལ་ཧེ་རུ་ཀའི་གོ་འཕང་མངོན་དུ་བྱེད་པར་འགྱུར་ཏེ། བཀོད་པ་ཆེན་པོའི་རྒྱུད་ལས། རྣལ་འབྱོར་དམ་ཚིག་ལྡན་པ་ཡིས། །དངོས་གྲུབ་ཡ་མཚན་ཆེན་པོ་གྲུབ། ཕྲིན་ལས་བཞི་པོ་ཐོགས་མེད་ཅིང༌། རྟོགས་པ་མཆོག་གི་གོང་དུ་འཕེལ། །ཞེས་གསུངས། འཇམ་དཔལ་གྲགས་པས། ཞིང་གཞན་བསྐལ་མང་སྡོམ་ལ་གནས་པ་བས། །སྐད་ཅིག་འདིར་གནས་འབྲས་བུ་རྫོགས་པར་བྱེད། །ཅེས་གསུངས་པས་བག་ཡོད་དུས་ཐུང་ངུ་རེ་བསྟེན་ཡང་དོན་ཆེན་པོ་འགྱུར་ཞིང༌། དེ་དག་ཀྱང་མདོར་བསྡུ་ན། སེམས་ལ་དགེ་བ་ཆ་དང་བཅས་པ་བསྒྲུབ་ཅིང༌། མི་དགེ་བ་ཆ་དང་བཅས་པ་བསྡམས་ནས་གཡོ་སྒྱུའི་སྐྱོན་མེད་པ་ལ་འདུས་ཏེ། རྡོ་རྗེ་སྙིང་པོ་ཕྲ་བ་འབྱུང་གནས་ཀྱི་རྒྱུད་ལས། དམ་ཚིག་སྡོམ་པ་རྣམ་བཤད་པ། །ཀུན་ཀྱང་རང་གི་སེམས་ལས་སོ། །དེ་ཡི་འཕེན་པ་བླ་མས་ཤེས། །དེ་ཕྱིར་སེམས་ལ་འདྲིས་པའི་མིས། །སངས་རྒྱས་ཞིང་ཁམས་མཐོང་བ་དང༌། །སྐུ་གསུམ་ཚད་དུ་འབྱོངས་བ་དང༌། །སངས་རྒྱས་ཡོན་ཏན་མངོན་པར་འགྲུབ། །བླ་མ་རྟག་ཏུ་བསྟེན་པའི་མིས། །མཁའ་འགྲོའི་གཟུགས་རྣམས་མཐོང་བ་དང༌། །དེ་ཡི་བྱིན་རླབས་འཇུག་པ་དང༌། །དུས་གསུམ་ལུང་ཡང་སྟོན་པ་དང༌། །སྐྱེ་ཤི་གཉིས་ལ་དབང་ཐོབ་འགྱུར། །གྲོགས་ལ་བརྩེ་གདུང་ལྡན་པའི་མིས། །འགྲོ་བ་ཐམས་ཅད་འདུལ་བ་དང༌། །ཀུན་གྱིས་སྙན་པར་གྲགས་པ་དང༌། །གཟུགས་ཅན་ཀུན་ཀྱང་བྱམས་པ་དང༌། །མཁའ་འགྲོ་མ་རྣམས་འདུ་བ་དང༌། །མ་བསྒྲུབས་དངོས་གྲུབ་འབྱུང་བ་དང༌། །ངག་ལ་ནུས་པ་འབར་བ་དང༌། །དེ་བཞིན་མཆོག་དང་ཐུན་མོང་འདིར། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །རྟག་ཏུ་དགོན་པར་གནས་པའི་མིས། །རླུང་སེམས་ཚད་མེད་ཟིན་པ་དང༌། །སྣང་བ་གྲོགས་སུ་འཆར་བ་དང༌། །རང་གི་སེམས་ལ་དབང་ཐོབ་འགྱུར། །བླ་མ་བསྙེན་བཀུར་བྱས་པའི་མིས། །ལོངས་སྤྱོད་མཆོག་དང་ལྡན་པ་དང༌། །འཁོར་འདབས་རྒྱས་ཤིང་བསོད་ནམས་ལྡན། །འགྲོ་བ་ཡོངས་ལས་རྒྱལ་བར་འགྱུར། །རྟག་ཏུ་དབང་རྫོགས་བྱས་པའི་མིས། །འགྲོ་བའི་གཙོ་བོར་འགྱུར་བ་དང༌། །ཀུན་གྱིས་མཐོང་བ་དགའ་བ་དང༌། །ཡེ་ཤེས་མངོན་སུམ་འབྱོངས་བ་དང༌། །སངས་རྒྱས་རྣམས་ཀྱིས་བྱིན་རློབས་འགྱུར། །རྟག་ཏུ་གཏོར་མའི་ལས་བྱེད་པ། །བསོད་ནམས་ཚོགས་རྣམས་རྫོགས་པ་དང༌། །བར་ཆད་མེད་ཅིང་ལས་རྣམས་འགྲུབ། །འདོད་པ་ཕུན་སུམ་ཚོགས་པ་དང༌། །མཁའ་འགྲོ་བྲན་བཞིན་ཁོལ་བར་འགྱུར། །ཞེས་གསུངས་པས་རྡོ་རྗེའི་མཆེད་ལྕམ་རྣམས་བག་ཡོད་དྲན་ཤེས་དང་ལྡན་པས་རྟག་ཏུ་དམ་ཚིག་སྡོམ་པ་ལ་ནན་ཏན་ཏུ་གཟུང་བར་མཛོད་ཅིག ༈ བཟླས་དམིགས་སྐབས་སུ་འདི་ལྟར་བཤད་པར་བྱའོ། ད་ལམ། མཆེད་ལྕམ་རྣམས་བསྙེན་པ་མི་བཅད་པར་ཤུབ་བུར་བཟླ་བཞིན་དུ་བསྒོམ་དོན་གསལ་འདེབས་ཅུང་ཟད་ཞུ་བ་ལ་གསན་འཚལ། དེ་ཡང་བདག་ཅག་གི་སྟོན་པས་ཆོས་འཁོར་བསམ་གྱིས་ཁྱབ་པ་ཐམས་ཅད་བསྡུ་ན་རྒྱུ་འབྲས་ཀྱི་ཐེག་པ་གཉིས་སུ་འདུ། རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་འབྲས་བུ་རྡོ་རྗེ་ཐེག་པ་ཡིན། རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་བཞི་དང་སྒོ་དྲུག་ལ་སོགས་པའི་དབྱེ་བ་ཡོད་པ་ལས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཐམས་ཅད་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ལ་འདུ་སྟེ་རྒྱུད་ལས། བཀའ་ཡི་གསང་རྒྱུད་ཐམས་ཅད་རྣམས། །བསྡུས་པས་སྒྲུབ་པ་བརྒྱད་དུ་འདུས། །ཞེས་གསུངས་པ་ལྟར་ཐེག་པ་རིམ་པ་དགུ་དང༌། རྒྱུད་སྡེ་བཞིའི་ལྷ་ཐམས་ཅད་སྒྲུབ་པ་བཀའ་བརྒྱད་ལ་མ་འདུས་པ་གང་ཡང་མེད། དེ་ཉིད་རྒྱ་བོད་ཀྱི་མཁས་པ་མི་བཞི་ལ་སོགས་པས་བཤད་སྒྲུབ་ཀྱི་སྒོ་ནས་མངོན་གྱུར་དུ་གཏན་ལ་ཕབ་པ་སྟེ་གཞུང་ལས། གལྤོ་ལ་སོགས་ཧེ་རུ་ཀའི༔ ཏནྟྲ་ཀུན་གྱི་བཅུད་ཀྱང་འདྲིལ༔ ལས་ལ་མི་ལྟོས་དཔལ་ཆེན་པོའི༔ སྲོག་ནས་འཕྲོག་པས་རྣོ་ལ་མྱུར༔ དབང་གི་ཆུ་བོ་མ་ཉམས་སྟེང༔ བརྒྱུད་པ་བདུན་ལྡན་སྒྲུབ་ཐག་ཉེ༔ གསང་ཆེན་རྒྱུད་སྡེ་རྒྱ་མཚོ་ཀུན༔ སྒྲུབ་སྡེ་ཆེན་པོ་བརྒྱད་ལ་འདུ༔ རིག་འཛིན་བརྒྱད་དང་མཁས་པ་བཞི༔ གོང་འོག་རྒྱ་མཚོ་ལྟ་བུའི་འཇིངས༔ བརྒལ་བར་མི་ནུས་བློ་དམན་ལ༔ བཅུད་དྲིལ་འདི་ལས་གཞན་མ་གསུངས༔ ཞེས་གསུངས། དེ་ལའང་རྒྱ་ཆེ་བ་རྒྱུད་སྡེ་དང་ཟབ་པ་སྒྲུབ་སྡེ་གཉིས་ལས་སྐབས་སུ་བབ་པ་གཙོ་བོ་སྒྲུབ་སྡེ་བཀའ་བརྒྱད་སྤྱི་དྲིལ་ཏེ། ཐོག་མའི་མགོན་པོ་ཆོས་ཉིད་བསམ་མི་ཁྱབ་པའི་དབྱིངས་སུ་ཁྱད་པར་དྲུག་གིས་སངས་རྒྱས་པའི་དགོངས་ལས་མ་གཡོས་པར། སྐུ་དང་ཞིང་ཁམས་རྒྱ་མཚོའི་སྒྲོན་མའི་སྤྲིན་ལོངས་སྤྱོད་རྫོགས་པའི་བཀོད་པ་འབྱམས་ཀླས་པ་དང༌། ཐུབ་པ་དྲུག་ལ་སོགས་པས་མ་དག་པའི་འགྲོ་བ་མཐའ་དང་མུ་མེད་པ་འདུལ་ཞིང༌། ཉིད་ལས་མི་གཞན་པའི་འཁོར་གྱི་དཀྱིལ་འཁོར་གང་ལ་གང་འདུལ་དུ་སྣང་བ་རྣམས་དང་ཐབས་ཅིག །ངེས་དོན་རྡོ་རྗེ་ཐེག་པའི་བསྟན་པ་སྤྱི་དང༌། བྱེ་བྲག་བདེ་གཤེགས་འདུས་པ་ཆེན་པོའི་སྤྱི་རྒྱུད་ལྔ་དང་སྒོས་རྒྱུད་བཅུ། ཡན་ལག་གི་རྒྱུད་ལ་ཡང༌། འཇམ་དཔལ་ལེའུ་ཁྲི་དྲུག་སྟོང་པ། ཟླ་གསང་ནག་པོའི་ལེའུ་གསུམ་པ་སོགས་འཇམ་དཔལ་སྐུ་རྒྱུད། རྟ་མཆོག་རོལ་པ། རྔོག་མ་ལེ་བརྒན་སོགས་པདྨ་གསུང་རྒྱུད། གལྤོ་ཆེ་ཆུང་སངས་རྒྱས་མཉམ་སྦྱོར་སོགས་ཡང་དག་ཐུགས་རྒྱུད། བདུད་རྩི་བམ་བརྒྱད། བདུད་རྩི་འཁོར་ལོ་སོགས་བདུད་རྩི་ཡོན་ཏན་གྱི་རྒྱུད། རིགས་མཆོག་འབུམ་སྡེ། རྡོ་རྗེ་རྩེ་མོ་སོགས་ཕུར་པ་ཕྲིན་ལས་ཀྱི་རྒྱུད། སྲིད་པའི་བེམ་ཆེན། སྐུ་རྒྱུད་འབུམ་ཏིག་སོགས་རྦོད་གཏོང་མ་མོའི་རྒྱུད། དྲེགས་པ་འདུས་པ་སྲོག་ཐིག་ནག་པོ་སོགས་འཇིག་རྟེན་མཆོད་བསྟོད། ཤེལ་ཕྲེང་དཀར་པོ། ཙིཏྟ་དམར་འབྱིན་སོགས་དམོད་པ་དྲག་སྔགས་ཀྱི་རྒྱུད་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་རྒྱལ་ཀུན་ཐུགས་ཀྱི་ཡེ་ཤེས་རིག་འཛིན་རྡོ་རྗེ་ཆོས་སུ་བཞེངས་ནས་ངག་ཏུ་བསྡུས། ལྷ་གནས་གསུམ་དུ་ཡི་གེར་བཀོད་ཅིང་དགོངས་འགྲེལ་ལུང་གི་ཆོས་ལྔ་བཅས་མཛད་དེ་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་ལ་གཏད་རྒྱ་དང་བཅས་ཏེ་གདམས་པས། སྤྱི་བྲེ་བྲག་གི་རྒྱུད་རྣམས་སོ་སོར་ཕྱེ་སྟེ་རིན་པོ་ཆེའི་སྒྲོམ་བུར་བཅུག་པ་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པར་སྦས། གསང་བའི་བདག་པོ་ཀུཉྫ་རའི་ཐུགས་ཡེ་ཤེས་དགུ་ཡི་རང་གཟུགས་དུར་ཁྲོད་ཆེན་པོ་བརྒྱད་དུ་བཞུགས་པའི་སློབ་དཔོན་རྣམ་པ་དགུས་ཚོགས་ཀྱི་འཁོར་ལོ་དང་བཅས་རྒྱ་བཀྲོལ་ནས་སྒྲུབ་བཀའ་བྱེ་བྲག་བརྒྱད་ཀྱི་སྒྲོམ་བུ་འཇམ་དཔལ་བཤེས་གཉེན་སོགས་ལ་བཀའ་བབ། སྤྱི་རྒྱུད་ཀྱི་སྒྲོམ་རིན་ཆེན་སྣ་བརྒྱད་ལས་བྱས་པ་ཀུན་འདུས་རིག་འཛིན་པདྨ་སཾ་བྷ་ཝས་སྤྱན་དྲངས། ཐམས་ཅད་མཆོག་ཐུན་གྱི་དངོས་གྲུབ་བརྙེས་པའི་ཚུལ་བསྟན་པ་ནི་རིག་འཛིན་རྩ་རྒྱུད་ཐོད་པའི་དུམ་བུ་ལས། སྟོན་བྱེད་གཙོ་དང་སྡུད་བྱེད་འཁོར༔ བསྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ཀུན༔ རང་ལས་ལོགས་སུ་མ་ཡིན་ཏེ༔ ཡེ་ཤེས་ལྟར་དུ་ཀློང་དགུའི་རྩལ༔ ཡི་དམ་ལྟར་དུ་སྒྲུབ་སྡེ་བརྒྱད༔ བྱང་སེམས་ལྟར་དུ་ཉེ་བའི་སྲས༔ རིག་འཛིན་ལྟར་དུ་འདི་ལྟ་སྟེ༔ ཞེས་གསུངས་པ་ལས། ཁྱད་པར་དུ་པད་འབྱུང༌། བི་མ། བཻ་རོ། ནམ་སྙིང་སྟེ་མཁས་པ་མི་བཞི་དང༌། བཀའ་བབ་རིག་འཛིན་ཆེན་པོ་བརྒྱད་ཀྱི་ཐུགས་བཅུད་རྣམས་རྒྱ་གར་དང༌། བོད་ཀྱི་དབང་གི་ཆུ་བོ་བཞིས་གསང་ཆེན་རྒྱུད་སྡེའི་ལམ་སྲོལ་ཕྱེ་ཞིང༌། ལྷག་པར་དུ་སློབ་དཔོན་སངས་རྒྱས་གཉིས་པ་བོད་དུ་ཕེབས་ནས་གདུལ་བྱ་དུས་ལ་བབ་པའི་ཚེ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱལ་སྲིད། ཡེ་ཤེས་མཚོ་རྒྱལ། དེ་མཐུན་དམ་རྫས་བཅས་གསོལ་བ་བཏབ་པ་བཞིན། བསམ་ཡས་མཆིམས་ཕུ་བྲག་དམར་ཀེའུ་ཚང་དུ་གནུབས་སངས་རྒྱས་ཡེ་ཤེས་སོགས་སྙིང་གི་བུ་དགུ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་ནས་དབང་བསྐུར་བས་སོ་སོའི་མེ་ཏོག་ཇི་ལྟར་ཕོག་པའི་དཀྱིལ་འཁོར་གྱི་ཞལ་མཐོང་ཞིང་ཐུན་མོང་གི་སྤྲུལ་བསྒྱུར་ཉི་ཟླ་གདན་དུ་བཏིང་བ་སོགས་དང༌། སྐུ་ཚེ་དེ་ཉིད་ཀྱི་རིགས་ཀྱི་བདག་པོ་དང་གཉིས་སུ་མེད་པའི་གོ་འཕང་བརྙེས་པས་ཐོག་དྲངས། རྗེ་འབངས་ཉེར་ལྔ། ཡེར་པའི་གྲུབ་ཐོབ་བརྒྱ་རྩ། ཤེལ་བྲག་གི་སྔགས་པ་སུམ་ཅུ། ཡང་རྫོང་རྟོགས་ལྡན་ང་ལྔ་སོགས་གྲུབ་ཐོབ་ཀྱི་ཚང་བརྡོལ། མཁས་པ་མི་བཞིས་གཉགས་ལོ་ཆེན་པོ་ལ་གནང་བའི་བཀའ་མ་རྫོང་འཕྲང༌། ཟབ་གཏེར་གྱི་གཙོ་བོ་སྙིང་དང་འདྲ་བ་བཀའ་བརྒྱད་བདེ་འདུས། སྙིང་ཁྲག་དང་འདྲ་བ་གསང་རྫོགས། དྭངས་མ་དང་འདྲ་བ་རང་བྱུང་རང་ཤར། སྲོག་དང་འདྲ་བ་ཐུགས་ཀྱི་མེ་ལོང༌། ལུས་དང་འདྲ་བ་དྲེགས་འདུལ་རྣམས་མཆོག་གི་སྤྲུལ་སྐུ་གསུམ་དང༌། པད་གླིང༌། བསམ་གཏན་བདེ་ཆེན་གླིང་པ་རྣམས་ཀྱིས་སྤྱན་དྲངས་པ་ཐུགས་གཏེར་ཆེན་པོ་ལྔ་ཞེས་གྲགས་པ་དང༌། བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དཀྱིལ་འཁོར་ཉེར་གཅིག་པ་ཡར་རྗེ་ཨོ་རྒྱན་གླིང་པས་སྤྱན་དྲངས་པ་སོགས་བཀའ་བརྒྱད་རྒྱུད་ལུང་མན་ངག་ཀུན་གྱི་སྙིང་པོ་དང༌། བླ་མ་དྲག་པོ་མཐིང་གའི་ཐུགས་སྒྲུབ་སྟེ་བླ་མ་ཡི་དམ་དབྱེར་མེད་དུ་སྒྲུབ་པས་བྱིན་རླབས་ལྷག་པར་དུ་ཆེ་བ་སྟེ། འདི་ནི་བླ་མ་ཡི་དམ་གྱི༔ རྣམ་པ་སྒྲུབ་པས་བྱིན་རླབས་མྱུར༔ ཞེས་དང༌། མ་འོངས་བསྐལ་པའི་ཐ་མ་ལ༔ སྔགས་ལ་སྤྱོད་ཅིང་དམ་ཚིག་འདྲལ༔ དེ་དག་འགོང་པོའི་དབང་གྱུར་ཏེ༔ བྱ་རུ་མི་རུང་སྣ་དགུ་སྤྱོད༔ དེ་ཀུན་བདག་ཏུ་ལྟ་ལས་བྱུང༔ དེ་ཡི་རྒྱུ་འབྲས་འཛོམས་པ་ལ༔ གཉེན་པོ་འདི་ལས་གཞན་དུ་མེད༔ ཅེས་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་དང་རྒྱལ་སྲས་ལྷ་རྗེ་མཆོག་གྲུབ་རྒྱལ་པོ་དབྱེར་མེད་པའི་སྐུའི་སྐྱེ་བ་བཅུ་གསུམ་པ་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པ་ལ་བཀའ་བབ་པའི་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་སྐོར་ལས་བྱོན་པ་དྲག་པོ་དཔལ་ཆེན་འདུས་པའི་ཚོམ་བུ་ཚོགས་སུ་སྒྲུབ་པ་སྟེ། དེས་ན་རྩ་གསུམ་ཀུན་འདུས་དཀྱིལ་འཁོར་འདི་ལྟ་བུའི་ལྷ་སྔགས་ལ་བསྟེན་པ་སྐལ་པ་རེ་བཟང་སྙམ་པས། བླ་མ་ལ་མོས་གུས། ཡི་དམ་ལ་དད་སྤྲོ། མཆེད་ལྕམ་ལ་གདུང་ཤུགས། ལེ་ལོ་སྤང་བའི་བརྩོན་འགྲུས་བརྟན་པོའི་སྒོ་ནས། ཕྱི་མ་ཧཱ་ཡོ་ག་ལྟར་ཐབས་ཀྱི་བརྗོད་བྱ་ཐམས་ཅད་རྡུལ་ཚོན་དང་རས་བྲིས་ཀྱི་དཀྱིལ་འཁོར་སྟེང་དུ་གཏན་ལ་ཕབ་སྟེ་བསྒྲུབ་པ་དང༌། ནང་ཨ་ནུ་ཡོ་ག་ལྟར་ཤེས་རབ་རྒྱུད་ཀྱི་བརྗོད་བྱ་ཐམས་ཅད་ཕུང་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེའི་དཀྱིལ་འཁོར་དུ་གཏན་ལ་ཕབ་སྟེ་བསྒྲུབ་པ་དང༌། གསང་བ་ཨ་ཏི་ཡོ་ག་ལྟར་བསྐྱེད་རྫོགས་རྫོགས་ཆེན་ཐམས་ཅད་ཀྱི་རིམ་པ་རྣམས་གཉིས་མེད་ཟུང་འཇུག་ཏུ་གཏན་ལ་ཕབ་ཅིང༌། དེ་གསུམ་པོ་རེ་རེ་ལ་ཡང་ཐག་བཅད་པ། ལ་དོར་བ། ས་བཟུང་བ་གསུམ་བསྐྱེད་རྫོགས་གུང་ཤིང་དགུ་ལ་བརྟེན་ནས་ཉམས་སུ་ལེན་ཚུལ་རྒྱ་ཆེར་གསུངས་པ་ལས། ད་ལམ་ཕྱིའི་དཀྱིལ་འཁོར་ལ་གཙོ་ཆེར་བརྟེན་ཏེ་སྒྲུབ་པ་ཆེན་པོའི་རིམ་པ་ཉམས་སུ་ལེན་པའི་སྐབས་འདིར། ཞི་བར་བསྙེན་པས་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པ། ཁྲོ་བོ་སྒྲུབ་པ་བསྐྱེད་རྫོགས་ཆེན་པོའི་ལུགས་ཀྱི་དཀྱིལ་འཁོར་བདུན་བརྒྱ་ཉེར་ལྔ་མ་འདྲེས་ཡོངས་རྫོགས་ཀྱི་རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པའི་སྒོ་ནས་ཡུལ་གསུམ་རབ་ཏུ་གསལ་ནས་ལྷ་གྱད་དུ་གྱུར་པའི་སྐུ་ཡི་སྒྲུབ་ལུགས། ལུས་ཀྱིས་ཕྲེང་བ། ངག་གིས་སྙིང་པོ། ཡིད་ཀྱིས་ལྷ་སྔགས་ཏིང་འཛིན་ཏེ་བཟླ་ཚུལ་གསུམ་གྱི་སྒོ་ནས་སྔགས་དང༌། སྔགས་ཀྱི་གཞི། གཟུངས་དང་གཟུངས་ཀྱི་སྒོ། རིག་པ་དང་རིག་སྔགས་ཀྱི་དོན་ཤེས་པས་འཕྲོ་འདུའི་ཕྲེང་བ་དང་བཅས་གསུང་གི་སྒྲུབ་ལུགས། རྡོ་རྗེ་དབྱིངས་ཀྱི་དགོངས་པ་ཐིག་ལེ་ཉག་གཅིག །སྐུ་འཇམ་དཔལ་འཆི་མེད་ཀྱི་དགོངས་པ་འཁོར་ལོ་བཞི་སོགས་སྒྲུབ་སྡེ་བརྒྱད་ཀྱི་སྒྲུབ་ལུགས་ཤེས་བྱ་སྤྱི་དང༌། ཁྱད་པར་རིམ་གཉིས་ཀྱི་ཏིང་འཛིན་ལ་མ་ཡེངས་པའི་གནད་མེད་ན་འབྲས་བུ་འབྱིན་མི་ནུས་པས། རྣལ་འབྱོར་པ་རྣམས་སེམས་སངས་རྒྱས་སུ་ཤར་བས་ལམ་ལ་བགྲོད་དུ་མེད་པར་ཤེས། སྣོད་བཅུད་དཀྱིལ་འཁོར་དུ་ཤར་བས་འབྲས་བུ་རང་བྱུང་ལྷུན་རྫོགས་སུ་ཤེས། སྡུག་བསྔལ་བདེ་ཆེན་དུ་ཤར་བས་སྣང་བ་སྣ་ཚོགས་ཆོས་ཉིད་དུ་ཁྱེར་ཤེས། ཉོན་མོངས་ཡེ་ཤེས་སུ་ཤར་བས་སྤང་བླང་དགག་སྒྲུབ་རང་སར་གྲོལ་བའི་གནད་ཤེས། རྣམ་རྟོག་ཆོས་ཉིད་དུ་ཤར་བས་ཆོས་སྐུ་རང་ལ་ཡེ་ནས་གནས་པའི་དོན་ཤེས་པ་སྟེ་ཤར་བ་རྣམ་པ་ལྔ་དང་ལྡན་པ། རྣལ་འབྱོར་འབྲིང་རྣམས། སྟོང་གསུམ་ལྷའི་གཞལ་ཡས་སུ་གསལ་བས་དཀྱིལ་འཁོར་ལ་ཆེ་ཆུང་དང་ཡངས་དོགས་མེད། ཕུང་ཁམས་ལྷ་རུ་གསལ་བས་བར་ཆད་གདོན་བགེགས་ཀྱི་ཡུལ་དང་བྲལ། སྣོད་ཀྱི་འཇིག་རྟེན་གཏོར་སྣོད་དུ་གསལ་བས་མཆོད་གཏོར་ལ་བཟང་ངན་གྱི་མཚན་འཛིན་མེད། སྣང་སྲིད་ཐམས་ཅད་རྫས་སུ་གསལ་བས་སྲུང་མ་དམ་ཅན་མི་དགྱེས་པའམ་མི་སྐོང་བའི་སྐྱོན་ཟད། གནས་ལུགས་སྟོང་པ་ཉིད་དུ་གསལ་བ་ལ་སངས་རྒྱས་ཀྱི་ཆོས་མ་ལུས་པ་རང་སེམས་སུ་རྫོགས་པ་སྟེ། གསལ་བ་རྣམ་པ་ལྔ་དང་ལྡན་པ་ཞིག་ངེས་པར་དགོས་ལ། བསྐྱེད་རིམ་རྟག་བརྟན་ཐེར་ཟུག་ཏུ་བཟུང་བས་ལྷ་འགྲུབ་པའི་དུས་མེད། ཕྲིན་ལས་གྱེར་ལ་སྒོམ་མེད་དུ་བཟུང་བས་གསང་སྔགས་དམ་མེད་ལྟོ་ཕྱིར་བོན་ཁྱེར་དུ་སོང༌། སྔགས་དང་སྙིང་པོ་རང་རྒྱུད་པར་བཟུང་བས་བྱིན་རླབས་དང་ནུས་པའི་རྒྱུ་མེད། རྫས་དང་གཏོར་ཆུང་བཤོས་བུར་བཟུང་ཞིང་ཟ་འདོད་དང་བརྣབ་སེམས་ཀྱི་འབྲས་བུའི་དཀོར་དང་རྣམ་སྨིན་གྱི་འདམ་དུ་ཆུད། འབྲས་བུ་འཇིག་རྟེན་རྟག་ཆད་དུ་བཟུང་བས་རུ་ཏྲའི་གོལ་སར་ལྟུང་བ་སྟེ་སྔགས་པ་ཐ་མ་བཟུང་བ་ལྔས་མ་བཅིངས་བ་ནི་གལ་ཆེ། མདོར་ན་གསང་སྔགས་བླ་མེད་ལ་ཞུགས་པའི་རྣལ་འབྱོར་པ་ནི། ལྟ་བའི་གདེངས་ཀྱིས་འཁོར་འདས་རང་སེམས་སུ་ཐག་ཆོད་པ། སྒོམ་པའི་ཉམས་ཀྱིས་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བ། སྤྱོད་པ་བརྟུལ་ཞུགས་ཀྱི་རྩལ་གྱིས་གང་བྱུང་ལམ་དུ་ལོངས་པ་ཞིག་དགོས་ཤིང༌། དེ་ཡང་བསྐྱེད་རྫོགས་གང་གི་སྐབས་སུ་ཡང་བློས་བཅོས་ནས་བསྒོམ་པ་ནི་དཔེ། གདོད་ནས་རང་བཞིན་གྱིས་གྲུབ་པ་ནི་དོན་ཏེ། སེམས་ཉིད་འགག་མེད་ཀྱི་འཆར་སྒོ་ཐམས་ཅད་བསྐྱེད་རིམ། ངོ་བོ་སྟོང་ཉིད་དུ་ཁྲིག་གེར་གནས་པ་རྫོགས་རིམ། དེ་གཉིས་གསར་དུ་བསྲེ་མ་དགོས་པ། གདོད་ནས་ཙནྡན་དང་དྲི། ཉི་མ་དང་འོད་ཟེར་གྱི་ཚུལ་དུ་འབྲལ་མེད་ཟུང་འཇུག་ཏུ་གནས་པ། ངོ་བོ་གསལ་སྟོང་གཉིས་སུ་མེད་པ་ནི་དོན། རང་བཞིན་ཕུང་ཁམས་སྐྱེ་མཆེད་དུ་ཤར་བ་གདོད་ནས་ལྷའི་འཁོར་ལོ་དག་པ་བརྡ། དེ་ཉིད་མངོན་དུ་གྱུར་པའི་ཕྱིར་ལྷ་སྔགས་ཡེ་ཤེས་ཀྱི་རྣམ་པ་ལམ་དུ་ཕྱེད་པ་གཞི་རྟགས་ཏེ། སྣང་སྲིད་གཞིར་བཞེངས་སུ་རང་བྱུང་གི་དཀྱིལ་འཁོར་ཞེས་མངོན་སུམ་གྱི་རིམ་གཉིས་ཐམས་ཅད་དེའི་ཁོངས་སུ་མ་འདུས་པ་གཅིག་ཀྱང་མེད་པས་བསྐྱེད་རྫོགས་ཀྱི་གནད་དེ་ལྟར་ངེས་པ་དང༌། རྒྱུད་ལས། དོན་གྲུབ་དངོས་གྲུབ་ཐོབ་པ་ནི། །སྔགས་ཀྱི་བཟླས་པས་འགྲུབ་པ་ཡིན། །ཞེས་གསུངས་པ་གཙོ་ཆེར་སྔགས་བཟླ་བ་ལའང༌། བུམ་དབང་དང་མཐུན་པའི་ཕྱི་རྩོལ་བཅས་ཚིག་འབྲུའི་སྔགས། གསང་དབང་དང་མཐུན་པའི་ནང་ལྷུན་གྲུབ་རང་བྱུང་གི་སྔགས། ཤེར་དབང་དང་མཐུན་པར་གསང་བ་སྐྱེ་མེད་རྡོ་རྗེའི་སྔགས། དབང་བཞི་པ་དང་མཐུན་པ་དེ་ཁོ་ན་ཉིད་སྤྲོས་བྲལ་བརྗོད་མེད་ཀྱི་སྔགས་རྣམས་དབང་པོ་དང་མཐུན་པར་ཉམས་སུ་ལེན་པར་གསུངས་ཤིང༌། རྩོལ་བཅས་ཀྱི་སྔགས་ལའང་སྤྲོ་བསྡུའི་བཟླས་པ། རྡོ་རྗེའི་བཟླས་པ། འགོག་བཟླས་སོགས་ཡོད་དེ། ཇི་སྐད་དུ། ཏིང་འཛིན་མེ་དང་འདྲ་བ་ལ། །བཟླས་བརྗོད་རླུང་དང་འདྲ་བས་བསྐུལ། །ཞེས་ཏིང་ངེ་འཛིན་གསལ་ཞིང་བརྟན་པ་ནི་བུད་ཤིང་དང་མེའི་ས་བོན་རྒྱུ་རྐྱེན་འཛོམ་པ་ལ། གསང་སྔགས་སྐྱོན་དང་བྲལ་བའི་བཟླས་བརྗོད་བྱེད་པ་ནི་རླུང་གི་དཔེར་མཛད་པས་མེ་དང་བུད་ཤིང་འཛོམ་པ་རླུང་གིས་བསྐུལ་ན་ལྷག་པར་འབར་བ་བཞིན་ཏིང་ངེ་འཛིན་དང་སྔགས་བཟླ་བ་འཛོམས་པས་བསྒྲུབ་བྱའི་འབྲས་བུ་ཤིན་ཏུ་མྱུར་བའི་ཐབས་ཀྱི་མཆོག་ཡིན་ཞིང༌། དེ་ཡང་ངག་བཟླས་སྐབས་རིན་ཆེན་ཕྲེང་བ་ལས། བཟླས་པ་བྱེད་ཚེ་ལོང་གཏམ་ཀྱལ་ཁ་དང༌། །ཁྲོ་དང་འཐབ་དང་ཤགས་དང་འཇུག་འཛིན་དང༌། །ཞུམ་དང་ལྷག་པའི་ང་རྒྱལ་རྣམ་པར་སྤངས། །སྨྲ་དང་རྣམ་རྟོག་སྤྲོས་པ་རྣམ་པར་བཅད། །ལྷ་དང་སྔགས་ལས་གཞན་ལ་མི་བསམ་མོ། །ཞེས་པ་ལྟར་བཟླས་པའི་ཕན་ཡོན་ཀྱང་དེ་ཉིད་ལས། ལན་གཅིག་ཙམ་ལ་སྔགས་བརྗོད་ན། །འདས་དང་འབྱུང་དང་འབྱུང་གང་ཡིན། །གང་གི་ལྕེ་ལ་སྨྲ་འགྱུར་བ། །དེ་དབང་བདེན་པ་ཐོབ་པར་འགྱུར། །ཞེས་སྔགས་ཀྱི་བདེན་པ་འགྲུབ་པས་བསྟན་སྲུང་མཐུ། ཚེ་མཐུ་བུ། ཟང་ཟིང་ནོར། མཆོག་གི་དངོས་གྲུབ་ཕུན་སུམ་ཚོགས་པ་འགྲུབ་པར་གསུངས་ལ། བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་བརྩོན་པས་དགྲ་གསུམ་སོད། བདུད་བཞི་ཆོམས། འགྲོ་དྲུག་གི་གཡང་ས་ཆོད། མི་སློབ་པའི་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔ་མངོན་དུ་འགྱུར་བས་དད་བརྩོན་དྲག་པོས་གཞན་དུ་མ་ཡེངས་པར། སྣང་བ་ལྷ། ལྷ་རང་སེམས། སེམས་སྟོང་ཉིད། གྲགས་སྟོང་སྔགས་ཀྱི་རོལ་པར་ཤེས་པའི་ངང་གཞུང་ནས་འབྱུང་བའི་བསྙེན་སྒྲུབ་བཞིའི་དམིགས་པའི་འཕྲོ་འདུ་ལ་རྩེ་གཅིག་ཉམས་སུ་ལེན་པར་ཞུ། ༈ སྒྲུབ་པ་གྲོལ་སྐབས་ཕན་ཡོན་དང་འབྲེལ་བའི་མར་མེའི་སྨོན་ལམ་ནི། དེ་ལྟར་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་ཚོམ་བུ་ཚོགས་སུ་སྒྲུབ་པ་སྦྱོར་དངོས་རྗེས་གསུམ་རིག་འཛིན་གོང་མའི་ཕྱག་བཞེས་བཞིན་ཚང་ལ་བར་ཆད་མེད་པར་མཐའ་རྒྱས་སུ་གྲུབ་སྟེ། དེ་ཡང་སྤྱིར་ཨོ་རྒྱན་སངས་རྒྱས་གཉིས་པའི་བསྟན་སྙིང་གཏེར་གྱི་ཆོས་ལ་དད་པ་ཐམས་ཅད། གུ་རུ་ཉིད་བོད་དུ་ཕེབས་པའི་སྐབས་སུ་ཞལ་གྱི་དཀྱིལ་འཁོར་མཐོང་བའི་སྐལ་པ་དང་ལྡན་པར་གསུངས་ཏེ། ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས། མ་འོངས་པདྨའི་ཆོས་ལ་དད་པ་ཀུན༔ དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ༔ ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམས༔ ཁོ་མོའི་ཚིག་འདི་རིན་ཆེན་གསེར་ལས་དཀོན༔ ཞེས་གསུངས་པས་གཞུང་ཚད་ལྡན་ནས་གསུངས་པ་ཚུལ་བཞིན་ཉམས་སུ་ལེན་པ་རྣམས་གུ་རུ་ཉིད་ཀྱི་བྱིན་རླབས་ཀྱི་རོལ་རྩལ་ཡིན་པའང་གསུངས་ཏེ། དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། མདོར་ན་ཨོ་རྒྱན་ངས་བསྟན་ཆོས་རྣམས་ལ༔ གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན༔ ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས༔ མ་འོངས་ཀུན་གྱིས་ཡིད་གཉིས་ཐེ་ཚོམས་སྤོངས༔ གུས་པས་བཀུར་བསྟི་ཕུ་དུད་འབྲེལ་པ་ཞོག༔ ཅེས་གསུངས། ཁྱད་པར་སྒྲུབ་པ་བཀའ་བརྒྱད་ལ་འབྲེལ་པ་བཞག་པའི་ཕན་ཡོན་ཀྱང༌། དཔལ་ཀུན་ཏུ་བཟང་པོས། བསྐལ་པར་བསགས་པའི་སྡིག་སྒྲིབ་སྦྱངས། །ཕྱི་ནང་རྐྱེན་ངན་བར་ཆད་སེལ། །ཕྱི་མ་ཐར་པ་བྱང་ཆུབ་ཐོབ། །ཅེས་དང༌། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། གསང་སྔགས་དོན་གྱི་སྙིང་པོ་འདི་ཁོ་ན། །སྒྲུབ་ཆེན་འདི་ཡི་མིང་ཙམ་སུ་གང་འཛིན། །ཨོ་རྒྱན་ང་དང་སྙིང་ཁྲག་གཅིག་ཏུ་འདྲེས། །ཞེས་དང༌། པདྨ་ང་ཡི་སྲོག་གི་དྭངས་མ་སྟེ། །དུས་གསུམ་རྒྱལ་བའི་སྲོག་སྙིང་འདི་ཁོ་ན། །དུས་གསུམ་རྒྱལ་བ་སྤྱི་སྒྲུབ་འདི་ཀ་ཟབ། །འདི་འཆང་ཨོ་རྒྱན་ང་དང་འབྲལ་བ་མེད། །རིག་འཛིན་བརྒྱད་འདུས་དམ་ཅན་བྲན་དུ་ཁོལ། །ཡང་ཟབ་སྙིང་པོ་མར་གྱི་ཉིང་ཁུ་དང༌། །དུས་གསུམ་བདེ་གཤེགས་རྒྱལ་བ་མ་ལུས་པ། །ཐམས་ཅད་ཐམས་ཅད་མ་ལུས་འདིས་འགྲུབ་སྟེ། །དེ་ལ་དུས་གསུམ་རྒྱལ་བ་སྤྱི་སྒྲུབ་ཡིན། །ཚིག་ཚོགས་མང་བས་མི་ཟབ་དོན་ལ་འདི། །ཨོ་རྒྱན་ང་ཡི་ཐུགས་བཅུད་མིན་རེ་ཀན། །ཞེས་དང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་ནས། བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་སྐོར་རྣམས་ནི། གཞན་ལས་ཁྱད་པར་དུ་འཕགས་པའོ། །དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་ཆེན་པོ་པདྨའི་ཐུགས་དམ་གྱི་ལྷ་རྩོད་མེད་དུ་གྲགས་པ་ཡིན་ཞིང༌། མ་འོངས་པ་ན་ཡང་རྗེས་འཇུག་ཐམས་ཅད་འདི་ལ་གྲུབ་པ་ཐོབ་པ་མང་བར་གསུངས་སོ། །དེས་ན་ཐེ་ཚོམ་དང་ཡིད་གཉིས་མ་བྱེད་པར་སྒྲུབ་ཅིག །ཤོད་ཅིག །སྟོན་ཅིག །སྒོམས་ཤིག །ཅེས་གསུངས་པ་མ་ཟད་གླེགས་བམ་ཙམ་དད་པའི་རྟེན་དུ་བཟུང་ཡང༌། གསང་བའི་རྒྱུད་ཆེན་སྒྲུབ་ཡིག་གང་སུ་འཛིན། །དེ་ཕྱོགས་ཐམས་ཅད་བདེ་གཤེགས་ཀུན་འདུས་ཏེ། །ཤ་རུལ་དག་ལ་སྦྲང་མ་ཇི་བཞིན་ནོ། །ཞེས་གསུངས་ལ། ཡང་དག །གཤིན་རྗེ། རྟ་མགྲིན། ཕུར་པ། ཕྱག་རྡོར། རིག་འཛིན་བླ་མ་སོགས་རེ་རེའང་མཚན་ཙམ་འཛིན་པ་དང༌། སྒྲུབ་པའི་ཕན་ཡོན་རྒྱ་ཆེར་གསུངས་པས་ཐམས་ཅད་ཀྱང་དཀྱིལ་འཁོར་འདི་ལ་འདུས་ཤིང༌། དེ་ལྟ་བུའི་སྒྲུབ་པ་རྣལ་འབྱོར་པ་རང་གིས་ལོ་གསུམ་མཚམས་དམ་དུ་བཅད་པ་ལས་ཀྱང་ཚོམ་བུ་ཚོགས་སྒྲུབ་ཞག་བདུན་ཕན་ཡོན་ཆེ་སྟེ། རྒྱུད་ཆེན་གསང་བ་འདུས་པ་ལས། དད་བརྩོན་དྲག་པོས་སྒྲུབ་གྱུར་ན། །མཚམས་མེད་ལྔ་པོ་སྤྱད་པས་ཀྱང༌། །དངོས་གྲུབ་ཐོབ་པ་གསང་སྔགས་ཁྱད། །དམ་ལྡན་རྣམས་ལ་སྨོས་ཅི་དགོས། །ཞེས་གསུངས། འདི་ལྟ་བུའི་ཕན་ཡོན་འབྱུང་བ་མི་བདེན་སོགས་བསམ་མི་རུང་སྟེ། འདི་ཕྱོགས་ཐེ་ཚོམ་ཟ་བའི་མི་གང་སུ། །ཚེ་འདིར་ཡིད་དུ་མི་འོང་ཀུན་འདུས་ནས། །མནར་མེད་རྡོ་རྗེའི་དམྱལ་བ་དེར་འགྲོ་བས། །ཀུན་གྱི་ཐུན་མོང་མ་ཡིན་གསང་དམ་སྲུངས། །ཞེས་ཀྱང་གདམས་པར་མཛད་ཅིང༌། མདོར་ན། བདེ་གཤེགས་འདུས་པའི་དྲག་སྔགས་འདི། །གསང་སྔགས་ཀུན་གྱི་བཅུད་ཡིན་པས། །ནུས་པ་ཡོན་ཏན་བརྗོད་མི་ལངས། །ལས་མཐའ་བརྒྱ་དང་རྩ་བརྒྱད་འགྲུབ། །ཐུན་མོང་དངོས་གྲུབ་བརྒྱད་ཀྱང་ཐོབ། །མཆོག་གི་དངོས་གྲུབ་མྱུར་དུ་འགྲུབ། །ཅེས་གསུངས། ཕན་ཡོན་དེ་ལྡན་གྱི་སྒྲུབ་པ་ལེགས་པར་གྲུབ་པ་ལ་དགའ་སྤྲོ་དད་མོས་ཡིད་ཆེས་དང་ལྡན་པས་སླད་ནས་ཀྱང་རྡོ་རྗེ་རྒྱལ་པོ་དང་རྒྱལ་ཐེབས། གཟུངས་མ་མཆེད་ལྕམ་དཀྱིལ་འཁོར་གཅིག་ཏུ་ཚོགས་ཞིང་མར་མེ་གཅིག་ལ་བལྟས་པ་ཐམས་ཅད་གཅིག་གིས་གཅིག་ལ་ཁོང་ཁྲོ་ང་རྒྱལ་སྒྲོ་སྐུར་སོགས་ཀྱིས་དམ་ཚིག་ལ་སེལ་སླད་མི་གཞུག་པར་ལྷ་དང་དཀྱིལ་འཁོར་གྱི་ཚུལ་དུ་བལྟ་དགོས་པ་དང༌། འདི་ནས་བྱང་ཆུབ་མ་ཐོབ་བར་དུ་དམ་ཚིག་རྡོ་རྗེའི་ལུ་གུ་རྒྱུད་གཅིག་ཏུ་སྦྲེལ་བ་རྣམ་ཀུན་འདུ་འབྲལ་མེད་པ་སྲོག་གིས་བསྡུས་པའི་ལྷའི་ཚོམ་བུར་འཁོད་ཅིང༌། ཚོམ་བུ་ཚོགས་སྒྲུབ་ཀྱི་དགེ་བའི་ལས་ཆེན་པོ་བསགས་པའང་དོན་ཡོད་པར་བགྱི་བའི་སླད་མར་མེའི་སྨོན་ལམ་བགྱིད་པའི་སྐབས་སུ་བབས་པ་སྟེ། དེ་ཡང་རྫོང་འཕྲང་ལས། སངས་རྒྱས་ཀུན་གྱི་སྤྲོས་པ་མེད་པའི་དབྱིངས། །ཐིག་ལེ་ཆེན་པོ་མ་བཅོས་ལྷུན་གྲུབ་ངང༌། །སྐྱེ་འགག་མེད་པ་བྱང་ཆུབ་སེམས་ཀྱི་དོན། །ཡེ་ཤེས་མར་མེ་སྟོང་རྩར་ཤར་བའོ། །ཞེས་གསུངས་པ་ལྟར་བྱང་ཆུབ་སེམས་དངོས་པོའི་གཟུགས་དང་བྲལ་བ། ཁྱད་ཆོས་དྲུག་ལྡན་ཡེ་ཤེས་ཀྱི་འོད་ཕུང་དུ་འབར་ཞིང་གཞོན་ནུ་བུམ་པ་སྐུའི་ཚུལ་དུ་བཞུགས་པ་ནི་མཚོན་བྱ་དོན་གྱི་མར་མེ། གཞི་ལས་གཞི་སྣང་དུ་གཡོས་ཏེ། ལྷུན་གྲུབ་རང་སྣང་གི་སྒོ་ནས་ཤར་ལུགས་ཆེན་པོ་བརྒྱད་ཀྱིས་འཁོར་འདས་སྣ་ཚོགས་སུ་སྣང་བ་མཚོན་པ་བརྡ་ཡི་མར་མེ། འདི་ལ་དབྱེ་བ་སྣང་ཚུལ་སྣོད་ཀུན་གཞིའི་ཀོང་བུ་རུ། བཅུད་རྣམ་ཤེས་ཀྱི་ཕུང་པོའི་སྡོང་བུ་ལ། གནས་ལུགས་ཆོས་དབྱིངས་ཡེ་ཤེས་ཀྱི་མར་ཁུས་གཏམས་ནས་རིག་པ་རང་གསལ་གྱི་སྒྲོན་མེ་སྦར་བས་ལམ་གཞི་སྣང་སྐུ་དང་ཡེ་ཤེས་ཀྱི་འོད་སྣང་འཕྲོ་བས། འབྲས་བུ་ཐུགས་རྡོ་རྗེའི་རིགས་དགྱེས་པར་བསྐང༌། སྣོད་དབྱིངས་རིག་དབྱེར་མེད་ཀྱི་ཀོང་བུར། བཅུད་གཟུགས་ཕུང་རྣམ་དག་གི་སྡོང་བུ་ལ། མེ་ལོང་ཡེ་ཤེས་ཀྱི་མར་ཁུས་གཏམས་ཏེ་ཤེས་རབ་རང་བྱུང་གི་སྒྲོན་མེ་སྦར་བས་ལམ་ཆོས་ཉིད་མངོན་སུམ་གྱི་སྣང་བས། འབྲས་བུ་རྣམ་སྣང་གི་རིགས་དགྱེས་པ་བསྐང༌། སྣོད་ཀ་ཏི་ཤེལ་གྱི་ཀོང་བུ་རུ། བཅུད་ཚོར་ཕུང་རྣམ་དག་གི་སྡོང་བུ། མཉམ་ཉིད་ཡེ་ཤེས་ཀྱི་མར་ཁུས་གཏམས་ཏེ། ལམ་རྒྱང་ཞགས་འོད་གསལ་གྱི་མར་མེ་སྦར་བས་ལམ་ཉམས་སྣང་གོང་འཕེལ་གྱིས། འབྲས་བུ་རིན་ཆེན་རིགས་དགྱེས་པར་བསྐང༌། སྣོད་འཇའ་ཟེར་ཐིག་ལེའི་ཀོང་བུར། བཅུད་འདུ་ཤེས་རྣམ་དག་གི་སྡོང་བུ་ལ། སོར་རྟོག་ཡེ་ཤེས་ཀྱི་མར་ཁུས་གཏམས་ཏེ། དག་པ་དབྱིངས་ཀྱི་སྒྲོན་མེ་སྦར་བས། ལམ་རིག་པ་ཚད་ཕེབས་ཀྱི་སྣང་བས། འབྲས་བུ་གསུང་པདྨའི་རིགས་དགྱེས་པ་བསྐང༌། སྣོད་གཞོན་ནུའི་བུམ་སྐུའི་ཀོང་བུར་བཅུད་འདུ་བྱེད་རྣམ་དག་གི་སྡོང་བུ་བཙུགས་ཏེ། བྱ་གྲུབ་ཡེ་ཤེས་ཀྱི་མར་ཁུས་གཏམས་ཏེ་ཐིག་ལེ་སྟོང་པའི་སྒྲོན་མེ་སྦར་བས། ལམ་ཆོས་ཉིད་ཟད་པའི་སྣང་བས། འབྲས་བུ་ལས་ཀྱི་རིགས་ཀྱི་ཐུགས་དམ་བསྐང་བས། རྒྱུ་སྐུ་དང་ཡེ་ཤེས། རྐྱེན་འོད་དང་ཁ་དོག །བྱེད་ལས་སྒྲོན་མ་བཞིར་སྨིན་ཏེ་འཁོར་ལོ་བཞིའི་དབུས་སུ་འོད་གསལ་ཐིག་ལེ་ཆེན་པོ་དང༌། སྤྱི་བོ་ནས་རྟོག་པ་མེད་པའི་སྐུ་འཆར་བ་ནི་མཚོན་བྱེད་རྟགས་ཀྱི་མར་མེ་སྟེ། དེ་དག་རྟེན་ཅིང་འབྲེལ་འབྱུང་གི་དབང་ལས་སྣང་གསལ་མར་མེ་འདི་ཡིས་མཚོན་བྱེད་དུ་བྱས། ཡེ་ཤེས་ཆེན་པོ་ཀློང་དགུའི་སྣང་བས་ཉོན་མོངས་པ་དགུ་ཡི་མུན་ཁང་བཅོམ། རྒྱུད་དྲུག་འཁོར་བའི་སྒོ་རྩད་ནས་བཅད། རྡོ་རྗེ་ཁྲོ་རྒྱལ་རྣམས་ཀྱི་ཞལ་མཐོང༌། རང་རྒྱུད་སྣང་བ་བཞི་ཡི་ཤུལ་མཚོན། རིག་སྟོང་ཁྱབ་བརྡལ་ཆེན་པོས་རྒྱབ་སྐྱོར། རང་གྲོལ་སྤྱོད་པ་ཅོག་བཞག་གིས་མཐའ་བརྟེན་ཏེ་བགྲོད་པར་བྱ་བའི་ལམ་ལྔ་དང་ས་བཅུ་བགྲོད་དུ་མེད་པའི་ཚུལ་གྱིས་དྭངས་སྲོག་ཐིག་ལེ་ཆེན་པོར་སྲིད་པ་གསུམ་པོ་ཡོངས་སུ་དག་པ་འོད་ཟེར་འཕྲུལ་བཞད་ཀྱི་ཀློང་དམ་པར་བགྲོད་ནས་ཆོས་ཐམས་ཅད་བྱ་རྩོལ་གཉིས་མེད་ཀྱི་ཀློང་དུ་གདོད་ནས་སྐྱེ་འགག་འཕོ་འགྱུར་བྲལ་བ་གཞི་རྫོགས་ལྷུན་གྲུབ་ཆེན་པོར་གདེང་ཆེན་ཐོབ། དབུགས་ཆེན་འབྱིན། རྩལ་ཆེན་རྫོགས་པའི་ཐུགས་འདུན་རྩེ་གཅིག་པ་མཛད་ནས་སྨོན་ལམ་གྱི་རྗེས་ཟློས་གནང་བར་ཞུ། ཧཱུྃ། དུར་ཁྲོད་གསང་བ་མཆོག་སོགས་མཐར་བཟང་པོ་སྤྱོད་པའི་སྨོན་ལམ་དང༌། ཤིས་བརྗོད་རྒྱས་པར་སྤེལ་བས་ལས་མཐའ་རྒྱས་སུ་བྱའོ། །སྤྲོས་བཅས་ཚོགས་སྒྲུབ་ཆེན་པོའི་ཕྱག་བཞེས་ཀུན། །རྒྱུད་དང་གྲུབ་པའི་མན་ངག་ཁོ་ནའི་དོན། །མཚོན་བྱེད་གཏོང་ཐུན་སྙིང་པོ་འདི་ཙམ་ཡང༌། །བློ་ལྡན་མཁས་པའི་མདུན་སར་གསེར་ལྟར་བྲིམ། །དེ་ཕྱིར་གོང་མའི་གསུང་གི་སྣང་བ་ལ། །བརྟེན་ནས་གསར་སྤྲོས་ཚིག་གི་མེ་ཏོག་འདི། །དངོས་གྲུབ་སྦྲང་རྩིའི་ཟིལ་མངར་འབུམ་འཇོ་བས། །རིག་འཛིན་འདུས་མང་ཟུང་འཇུག་མངོན་གྱུར་ཤོག །ཅེས་པའང་རྒྱ་བོད་ཀྱི་ས་མཚམས་སུ་ལྷོ་ལྗོངས་ཆོས་ཀྱི་རྒྱལ་ཁབ་ཞེས་འཛམ་གླིང་ཐ་གྲུ་ཀུན་ཏུ་སྙན་པར་གྲགས་པ་དོན་ལ་གནས་པ་གང་དུ་ས་སྐྱོངས་ཆེན་པོ་འཇིགས་མེད་སེངྒེ་དབང་ཕྱུག་གི་མངའ་ཐང་ཆབ་སྲིད་བར་ཆད་མེད་པར་རྒྱལ་བ་རྟེན་འབྱུང་དུ་རང་བྱུང་པདྨའི་ལུང་གིས་བསྔགས་པ་བཞིན་ཐུགས་སྒྲུབ་དཔལ་ཆེན་འདུས་པའི་སྒྲུབ་ཆེན་ལོ་བསྟར་མཐའ་འདུལ་གྱི་གཙུག་ལག་ཁང་སྤ་གྲོ་སྐྱེར་ཆུའི་གུ་རུའི་ལྷ་ཁང་དུ་རྒྱལ་ཡུམ་སྐལ་བཟང་ཆོས་ཀྱི་སྒྲོན་མས་འཛུགས་གནང་ཚེ་མདོ་ཁམས་ཀྱི་སྤྲང་འཆལ་རྡོ་རྗེ་སློབ་དཔོན་གྱི་གཟུགས་བརྙན་རྒན་པོ་འཇིགས་མེད་མཁྱེན་བརྩེའི་འོད་ཟེར་དུ་འབོད་པས་སུག་ལས་ཀྱི་ངལ་བ་འདིས་ཀྱང་སྙིགས་དུས་བསྟན་འགྲོའི་དཔལ་ཡོན་དཀར་པོའི་ཚེས་ཀྱིས་འཁྱུད་པའི་ཟླ་བ་བཞིན་འཕེལ་རྒྱས་བརྟན་པའི་རྒྱུར་གྱུར་ཅིག། །།

Footnotes

Other Information