JKCL-KABUM-11-DA-043

From Khyentse Lineage - A Tsadra Foundation Project
Revision as of 15:04, 12 January 2022 by Mort (talk | contribs)

JKCL-KABUM-11-DA-043

Wylie title JKCL-KABUM-11-DA-043.pdf
Location chos kyi blo gros bka' 'bum
Volume 11, Text 43, Pages (Folios 1a to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 11: . Bir, H.P.: Khyentse Labrang, 2012.
Genre Protector Rituals - gsol mchod

1 Texts in this Section (sde tshan or chos tshan)

[edit]
༄༅། །གཏེར་ཆེན་བདུད་འདུལ་རྡོ་རྗེའི་ཟབ་གཏེར་བཀའ་སྲུང་བདུད་མགོན་ལེགས་གྲུབ་རྡོ་རྗེའི་གཏོར་ཆོག་བསྐང་བཤགས་ཞིང་སྐྱོངས་དགྱེས་པའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། ། བླ་མ་དང་དཔལ་ཆེན་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ། །འཇིགས་རུང་སྐུ་ནི་དུས་མཐའི་ཆར་སྤྲིན་ལྟར་གནག་རྔམ་པའི་ཞལ་ནི་སེངྒེའི་གདོང་། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བས་ལོག་འདྲེན་བདུད་ཀྱི་སྙིང་བཀས་སྲིད་གསུམ་གཡོ། །ཐུགས་ནི་སྙིང་རྗེས་རབ་ཏུ་ཞི་ཡང་གདུག་པ་རྗེས་འཛིན་ཁྲོ་ལ་དྲག་ཤུལ་འབར། །རྒྱལ་བའི་བསྟན་དང་ཞིང་ཀུན་སྐྱོངས་མཛད་བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་ཆེན་པོར་འདུད། །གང་དེ་མཉེས་པར་བྱེད་པ་ཡི། །ཐུགས་དམ་མཆོད་བསྐང་ཕྲིན་ལས་ཀྱི། །རྡོ་རྗེའི་ཚིག་གི་རིམ་པ་ནི། །ཞིང་སྐྱོངས་དགྱེས་པའི་རོལ་མཚོ་སྤེལ། དེ་ལ་སྔོན་དངོས་རྗེས་ཀྱི་རིམ་པའོ། །དང་པོ་ནི། བསྟན་སྲུང་ཆེན་པོ་འདི་ཡི་རྗེས་གནང་གི་རྒྱུད་སྨིན་པར་བྱས་ཤིང་དམ་ཚིག་ལྡན་པའི་རྣལ་འབྱོར་པ་རྣམས་ཀྱིས་འདི་ལ་བརྩོན་པར་བྱ་སྟེ། གོང་དུ་རྩ་བ་གསུམ་གྱི་རྟེན་སྤྱི་དང་། ཁྱད་པར་ཆོས་སྐྱོངས་ཆེན་པོའི་རྟེན་བཀྲམ་པའི་མདུན། སྟེགས་བུ་ཁེབས་ལྡན་མེ་ཏོག་ནག་པོ་བཀྲམ་པའི་སྟེང་ཡི་དམ་གྱི་གཏོར་མ་དང་། ཆོས་སྐྱོངས་འདི་ཉིད་ཀྱི་གཏོར་མ་བང་རིམ་གསུམ་གྱི་སྟེང་གཙོ་བོ་གྲུ་གསུམ་ཆེ་བ་དང་། དེ་ཡི་གཡོན་དུ་ཕྱེད་ཙམ་སླེབ་པའི་ཡུམ་གྲུ་གསུམ་གཉིས་ལ་སྐྱུ་གུ་བརྒྱད་བརྒྱད་རེས་བསྐོར། དེ་གཉིས་ཀྱི་མདུན་དུ་ལས་མཁན་གཉིས་ལ་དམར་གཏོར་ཆུང་ངུ་རེ་རེ། བང་རིམ་འོག་མར་ཤར་དུ་རྡོར་ལེགས་ཟུར་གསུམ་ར་མགོས་མཚན་པ། ལྷོར་གཤིན་རྗེ་ཟུར་གསུམ་ལྟག་ཀྱུས། ནུབ་ཏུ་ཀླུ་བདུད་ཟླུམ་པོ་རྒྱབ་ཡོལ་ཅན། བྱང་དུ་བདུད་ནག་ཁུག་པ་ཅན། ཤར་ལྷོར་བཙན་ཟུར་གསུམ་པ་གཡས་དཀྱུས། ལྷོ་ནུབ་ཚངས་པ་ཟླུམ་པོ་ལུ་ལུ་ཅན། ནུབ་བྱང་སྲིན་པོ་བྱ་མགོ་ཅན། བྱང་ཤར་མ་མོ་ཟུར་གསུམ་ཞལ་དཀར་ཅན། དེ་འོག་བང་རིམ་ལ་བྱ་ནག་མཆུ་ནག་དང་། མཆུ་དམར་ཅན། དེ་འོག་ཁྱི་ནག་ལུག་ནགདེ་འོག་རྟ་ནག་རྟ་དམར། དེ་འོག་གཡག་ནག་དོམ་ནག་རྣམས་ཀྱི་འཕྲག་པར་ཟན་ལིང་མགོ་མཇུག་ལྡོག་ཏེ་འཛུགས། གཞན་ཡང་སྟག་གཟིགས་དོམ་དྲེད་སོགས་སྣ་ཚོགས་དང་། དེ་འོག་ཟན་ལིང་ཁ་སྦུབས་དང་། གན་རྐྱལ་ལོག་པས་བསྐོར་བ་ཅན་རྣམས་བཤམས་པའི་གཡས་གཡོན་སྨན་རག་མདུན་ནས་ཞི་དྲག་གི་མཆོད་པ་ཐུན་མཐར་འབུལ་རྒྱུའི་གཏོར་མ་སྐྱེམས་ཕུད་དང་། གཞན་སྤྱན་གཟིགས་སྣ་ཚོགས་པ་བརྗིད་པར་བཤམས། རང་ཉིད་ཀྱི་མདུན་དུ་ནང་མཆོད་རྡོར་དྲིལ་གཡས་དར་ནག་པོ། ཐོད་རྔ་འབྲུ་ཕོར་དང་མགོན་སྤོས་སོགས་བཤམ་ལ། བདག་ཉིད་ཡི་དམ་དཔལ་ཆེན་རྡོ་རྗེ་གྲོ་ལོད་དང་། སེང་སྒྲོགས་ཕུར་པ་གང་རིགས་ཀྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་བྱིན་གྱིས་བརླབས་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་དྲག་པོ་ལས་ཀྱི་གཞལ་ཡས་ཁང་པ༔ གྲུ་བཞི་སྒོ་བཞི་རྟ་བབ་བང་རིམ་བཞི་དང་ལྡན་པའི་དབུས་སུ༔ བསྟན་བསྲུངས་ཆེན་པོའི་མདུན་དུ༔ ཐོད་སྣོད་བྷནྡྷ་འབར་བ་ལྕང་ལོར་བཅས་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱིས་ནང་དུ་ཁྲག་ཞག་ཀྱི་ཨརྒྷཾ༔ དབང་པོའི་མེ་ཏོག༔ ཚིལ་ཆེན་གྱི་བདུག་སྤོས༔ ཞུན་ཆེན་གྱི་མར་མེ༔ མཁྲིས་པའི་དྲི་ཆབ༔ ཉམས་པའི་དགྲ་བགེགས་བསྒྲལ་བའི་ཤ་ཁྲག༔ རུས་པའི་ཞལ་ཟས༔ རྐང་གླིང་ཐོད་པའི་རྔ་སྒྲ༔ ཞིང་ཆེན་གྱི་གཡང་གཞི༔ རྒྱུ་རློན་གྱི་ལྡ་ལྡི༔ ཙིཏྟའི་ཕོ་ལོང་། ཀེང་རུས་གསར་རྙིང་གིས་འཕན་གདུགས༔ ཞིང་ལྤགས་ཀྱི་རྒྱལ་མཚན༔ གྲི་ལག་གིས་རྩེ་གསུམ༔ ཤི་སྐྲའི་བ་དན། ཁྲག་ཀླད་ཞག་གི་ཚོམ་བུ༔ ག་ཎའི་ལོངས་སྤྱོད༔ ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས༔ ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་ཨརྒྷཾ་པྲ་ཏཱི་ཙྪ་ཡེ་སྭཱ་ཧཱ༔ སོགས་ནས། ཤབྡའི་བར། སྨན་རཀྟ་གཏོར་གསུམ་ལ་དམིགས་ཏེ། ཧཱུྃ་ཐོད་པའི་སྣོད་དུ་བདུད་རྩི་ཁོལ་ཞིང་ལུད། །འདོད་ཡོན་ལྔ་ལྡན་ལོངས་སྤྱོད་གཏེར་ཆེན་པོ། །རྟོག་བྲལ་ཆགས་མེད་རཀྟའི་རྒྱ་མཚོར་འཁྱིལ། །ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི༔ ཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛོ་བ་ལིཾ་ཏ་བ་ལ་བ་ཏི་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱི༔ ཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛོ་ལ་མ་དྷ་ལ་ཧཱུྃ་ཧྲཱི༔ ཋ༔ རྣམས་བརྗོད་པས་བྱིན་གྱིས་བརླབས། གཉིས་པ་དངོས་གཞི་ལ་དམ་ཚིག་པ་བསྐྱེད་པ། སྤྱན་འདྲེན། མཆོད་བསྟོད། བཟླས་པ། བསྐང་བཤགས་བྱའོ། །དང་པོ་དམ་ཚིག་པ་བསྐྱེད་པ་ནི། རང་ཉིད་སྐད་ཅིག་དྲན་རྫོགས་སུ༔ གུ་རུ་པདྨ་བདུད་འདུལ་ནི༔ འཕགས་པ་སེང་གེ་སྒྲ་སྒྲོག་སྐུ༔ སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་ཟངས་ཡག་གཙིགས༔ སྤྱན་གསུམ་དམར་ཟླུམ་སྡང་མིག་ཕྱོགས་བཅུར་གཟིགས༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ ཕྱག་གཡས་དབང་བསྡུད་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་ཟིལ་གནོན་ལྕགས་སྡིག་མགོ་དགུ་བསྣམས༔ སྐུ་ལ་ཟ་བེར་ལྗང་སྨུག་སེར་བཀྲ་གསོལ༔ ཞབས་གཉིས་འདོར་ཐབས་མུ་སྟེགས་དམ་སྲི་མནན༔ གཟི་བརྗིད་མདངས་ལྡན་མེ་དཔུང་ཀློང་དུ་བཞུགས༔ བདུད་འདུལ་དཔའ་བོའི་སྐུ་རུ་བསྐྱེད༔ ཨོཾ་བཛྲ་གུ་རུ་སེང་ཧ་གྷནྜེ་དྷརྨ་དྷཱ་ཏུ་ཧཱུྃ་ཧཱུྃ་ཧཱུྃ༔ གསང་སྔགས་སྙིང་པོ་འབྲུག་ལྟར་སྒྲོགས་པ་ཡི༔ མདུན་དུ་གྲུ་གསུམ་མཐིང་ནག་མེ་རླུང་འཁྲུགས་པའི་དབུས༔ ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་དཀྱིལ་དུ༔ གནམ་ལྕགས་ལས་གྲུབ་འཁོར་ལོ་རྩིབས་བརྒྱད་དབུས༔ པདྨ་ཉི་མ་འབར་བའི་གདན་སྟེངས་སུ༔ དགྲ་བགེགས་ཕོ་མོ་གཅལ་དུ་བཀྲམ་པའི་སྟེང་༔ རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས༔ ཧཱུཾ་ཡིག་ཚ་ཟེར་སྐར་མདའ་ལྟ་བུར་འཕྲོས༔ ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ གདུག་པའི་དགྲ་བགེགས་ཐམས་ཅད་ཚར་བཅད་ནས༔ ཕྱོགས་དུས་ལས་མགོན་མ་ལུས་ཐམས་ཅད་ཀྱི༔ མཐུ་དང་རྫུ་འཕྲུལ་ནུས་སྟོབས་མ་ལུས་པ༔ འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས༔ ཆེ་བཙན་འགྲན་ཟླ་མཐའ་མེད་གར་གྱི་དབང་༔ བདུད་མགོན་ཆེན་པོ་སེང་གེའི་གདོང་པ་ཅན༔ སྐུ་མདོག་མཐིང་ནག་སྤྱན་གསུམ་དམར་ཟླུམ་འཁྲུགས༔ ཞལ་གདངས་མཆེ་གཙིག་ལྗགས་དམར་གློག་ལྟར་འཁྱུག༔ སྐུ་ལ་འཇོལ་བེར་དམར་ནག་ལྷུབ་ཆེན་གསོལ༔ གཡུ་རལ་གསེབ་ནས་སེང་ཆུང་སྐར་ལྟར་འཁྲུགས༔ ཕྱག་གཡས་དར་ནག་རུ་མཚོན་དགྲ་ལ་ཕྱར༔ གཡོན་པས་ལྕང་ལོར་བཅས་པའི་བྷནྡྷའི་ནང་༔ དམར་གྱི་གཏོར་མ་གནམ་ལྕགས་ཐོག་ལྟར་འཕེན༔ སྟག་རལ་གཟིག་ཤུབ་བར་སྣང་གློག་ལྟར་འཁྱུག༔ ཤིན་ཏུ་མི་སྲུན་འཇིགས་པའི་ཆ་བྱད་ཅན༔ ཆིབས་སུ་བདུད་རྟ་ནག་པོ་རླུང་གཤོག་ཆིབས༔ སྐད་ཅིག་ཉིད་ལ་གླིང་བཞི་མ་ལུས་བསྐོར༔ དམ་ཉམས་དགྲ་བོ་བསྒྲལ་བའི་ལས་ལ་བརྩོན༔ སྲིད་པ་ཕོ་རྒྱུད་ཐམས་ཅད་དབང་སྡུད་བསམ༔ དེ་ཡི་གཡོན་དུ་པད་ཉི་དགྲ་བགེགས་སྟེང་༔ ཏྲིཿཡིག་དམར་ནག་ཡོངས་སུ་གྱུར་པ་ལས༔ དཔལ་ལྡན་བདུད་མོ་སེང་གེའི་གདོང་པ་ཅན༔ སྐུ་མདོག་དམར་ནག་ཁྲོ་གཏུམ་གཟི་བརྗིད་འབར༔ དམར་ཟླུམ་འཇིགས་པའི་སྤྱན་གསུམ་ཁྲག་ལྟར་ཁོལ༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ ཁྲག་རལ་གསེབ་ནས་སེང་ཆུང་སྐར་ལྟར་འཁྲུགས༔ ཕྱག་གཡས་དགྲ་སྟྭ་རྩེ་གསུམ་དར་དམར་ཕྱར་བ་ཡི༔ དགྲ་བགེགས་གཟུགས་ཕུང་ཚལ་པ་དུམ་བུར་འཕེན༔ ཕྱག་གཡོན་བྷནྡྷ་ལྕང་ལོར་བཅས་པའི་ནང་༔ དགྲ་སྙིང་དམར་པོ་ཁྲུམ་ཁྲུམ་ཞལ་དུ་གསོལ༔ སྐུ་ལ་འཇོལ་བེར་དམར་པོ་ལྷུབ་ཆེན་གསོལ༔ བཙན་རྟ་དམར་པོ་ཆིབས་ནས་ཕྱོགས་བཅུར་རྒྱུག༔ སྐད་ཅིག་ཉིད་ལ་དགྲ་བགེགས་མ་ལུས་བསྒྲལ༔ སྲིད་པ་མོ་རྒྱུད་ཐམས་ཅད་དབང་བསྡུད་བསམ༔ ཡབ་ཡུམ་གཉིས་ཀྱི་མདུན་ཉིད་དུ༔ དྷི་ཏྲི་གཉིས་ལས་བསྐྱེད་པ་ཡི༔ ལས་མཁན་བམ་རོ་ཕོ་མོ་ནི༔ སྐྲ་མེད་མདོག་དམར་སྤྲེའུའི་གདོང་༔ ལག་གཉིས་བྱ་སྡེར་ས་ལ་བཙུགས༔ རྐང་པས་གཏོར་ཁྱེར་དགྲ་ལ་འཕེན༔ སྐད་ཅིག་ཉིད་ལ་སྟོང་གསུམ་བསྐོར༔ དམ་ཉམས་དགྲ་བགེགས་མ་ལུས་རྩད་ནས་གཅོད༔ ཕྱོགས་མཚམས་འཁོར་ལོ་རྩིབས་བརྒྱད་དབུས༔ དགྲ་བགེགས་ཇིང་འདུར་བསྣོལ་བའི་སྟེང་༔ ཤར་དུ་ཏྲི་ལས་སྐྱེས་བུ་རྡོ་རྗེ་ལེགས་པ་ནི༔ སྐུ་མདོག་དམར་སྨུག་སྐུ་ལ་བེར་དཀར་གསོལ༔ དབུ་ལ་འོབ་ཞུ་སྨུག་པོ་མནབ༔ ཕྱག་གཡས་རྡོ་རྗེ་ནམ་མཁར་ཕྱར༔ གཡོན་པས་དགྲ་སྙིང་ཞལ་དུ་གསོལ༔ ཆིབས་སུ་སེང་གེ་དཀར་མོ་ཆིབས༔ ལྷོ་ཕྱོགས་ཡ་ལས་གཤིན་རྗེ་གཤེད་པོ་ནི༔ སྐུ་མདོག་ལྗང་སྨུག་མུན་པའི་འཇོལ་བེར་གསོལ༔ ཕྱག་གཡས་བེ་ཅོན་ནམ་མཁར་ཕྱར༔ གཡོན་པས་རྒྱུ་ཞགས་དགྲ་ལ་འཕེན༔ ཆིབས་སུ་ཆུ་གླང་སྔོན་པོ་ཆིབས༔ ནུབ་ཏུ་ཕུ་ལས་ཀླུ་བདུད་མགོ་དགུ་ནི༔ སྐུ་མདོག་སྔོ་ནག་གཅེར་བུ་སྦྲུལ་མཇུག་འཁྱིལ༔ ཕྱག་གཡས་སྦྲུལ་ཞགས་ནམ་མཁར་ཕྱར༔ གཡོན་པས་དུག་གི་པར་བུ་བསྣམས༔ ཆིབས་སུ་ཆུ་སྲིན་དམར་པོ་ཆིབས༔ བྱང་དུ་དུ་ལས་བདུད་རྗེ་རྐང་རིང་ནི༔ སྐུ་མདོག་ནག་པོ་འཇིགས་པའི་བེར་ནག་གསོལ༔ ཕྱག་གཡས་རལ་གྲི་ནམ་མཁར་ཕྱར༔ གཡོན་པས་བདུད་ཞགས་ནག་པོ་བསྣམས༔ ཆིབས་སུ་རྟ་ནག་རྟིང་དཀར་ཆིབས༔ ཤར་ལྷོར་ཙ་ལས་བཙན་འགོང་ཡམ་ཤུད་ནི༔ སྐུ་མདོག་དམར་ནག་འཇིགས་པའི་བེར་དམར་གསོལ༔ ཕྱག་གཡས་བཙན་མདུང་དམར་པོ་ཕྱར༔ གཡོན་པས་བཙན་ཞགས་དགྲ་ལ་འདེབས༔ ཆིབས་སུ་བཙན་རྟ་དམར་པོ་ཆིབས༔ ལྷོ་ནུབ་ཤ་ལས་ཡབ་རྗེ་ཚངས་པ་ནི༔ སྐུ་མདོག་དཀར་སྨུག་སྐུ་ལ་བེར་དཀར་གསོལ༔ ཕྱག་གཡས་སྤུ་གྲི་ནམ་མཁར་ཕྱར༔ གཡོན་པས་དར་དཀར་རུ་མཚོན་བསྣམས༔ ཆིབས་སུ་ཅང་ཤེས་དཀར་པོ་ཆིབས༔ ནུབ་བྱང་ཏྲི་ལས་སྲིན་པོ་ནི་ར་སེང་ཧ་ནི༔ སྐུ་མདོག་དུད་ཁ་འཇོལ་བེར་ལྗང་གུ་གསོལ༔ ཕྱག་གཡས་ཁྲམ་ཤིང་ནམ་མཁར་ཕྱར༔ གཡོན་པས་ལྕགས་ཀྱུས་དགྲ་ལ་འདེབས༔ ཆིབས་སུ་བོང་བུ་ཁམས་ནག་ཆིབས༔ བྱང་ཤར་མ་ལས་རྡོ་རྗེ་བ་ལམ་མ༔ སྐུ་མདོག་ནག་མོ་འཇིགས་པའི་བེར་སྨུག་གསོལ༔ ཕྱག་གཡས་རལ་གྲི་ནམ་མཁར་ཕྱར༔ གཡོན་པས་ནད་རྐྱལ་དགྲ་ལ་ལྷུད༔ ཆིབས་སུ་དྲེའུ་ནག་ག་པ་ཆིབས༔ དེ་ལྟར་ཤན་པ་གཏུམ་པོ་རྣམས༔ རང་རང་འཁོར་ཚོགས་བསམ་མི་ཁྱབ༔ ཀུན་ཀྱང་རབ་འཇིགས་ཁྲོས་པའི་གཟུགས༔ ཆོ་རལ་གཅིག་ཏུ་མ་ངེས་ཏེ༔ རྣམ་སྤྲུལ་བྱེ་བ་དཔག་མེད་འགྱེད༔ དགྲ་བགེགས་བསྒྲལ་བའི་ལས་ལ་བརྩོན༔ གཞན་ཡང་མ་ཚོགས་མཁའ་འགྲོ་རྒྱ་མཚོ་དང་༔ བཀའ་ཉན་ལས་བྱེད་བསམ་མི་ཁྱབ༔ སེང་གེ་གཏུམ་པོ་གླང་ཆེན་སྨྱོན་པ་དང་༔ སྟག་གཟིག་དོམ་དྲེད་ལྕེ་སྤྱང་སྣ་ཚོགས་དང་༔ དུར་བྱ་ཀངྐ་ཁྲ་དང་འུག་པ་དང་༔ གཞན་ཡང་དམ་ཉམས་དགྲ་བོའི་རྗེས་གཅོད་པའི༔ ཕག་རྒོད་མི་རྒོད་བུད་མེད་ནག་མོ་དང་༔ བྱ་ནག་གཤོག་སྒྲ་ཁྱི་ནག་ཁངས་སེ་ཁང་༔ གཡག་རོག་རྭ་བརྡར་སོ་སྒྲ་ཁྲུགས་སེ་ཁྲུག༔ མི་ནག་འབུམ་གྱི་འོ་དོད་ལྷང་ལྷང་འབོད༔ ལ་ལ་ཐོག་དང་སེར་བའི་བདག༔ ལ་ལས་རི་རབ་དཔུང་པས་འདེབས༔ ལ་ལས་རྒྱ་མཚོ་ཧུབ་ཀྱིས་འཐུང་༔ ལ་ལས་ཉི་ཟླ་ཆ་ལང་བརྡེབ༔ ལ་ལས་རང་ཤ་རང་གིས་ཟ༔ ལ་ལས་རང་ལུས་དུམ་བུར་གཏུབ༔ ལ་ལས་དགྲ་བགེགས་མགོ་ལུས་ཕྲལ༔ ལ་ལས་མཚོན་ཆའི་འཁོར་ལོ་བསྐོར༔ ལ་ལས་ཧ་ཧ་ཧཱུྃ་ཕཊཿསྒྲོགས༔ ཀུན་ཀྱང་དགྲ་བགེགས་བསྒྲལ་ལ་བརྩོན༔ གཞན་ཡང་དུར་ཁྲོད་རབ་འཇིགས་དེར༔ དུག་གི་སྡོང་པོ་དུག་གི་ཆུ་མིག་དང་༔ བསྐལ་པའི་མེ་རླུང་རབ་ཏུ་འཁྲུགས༔ སྤྲུལ་པའི་འཁོར་ཚོགས་མང་པོས་བསྐོར༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ དུར་ཁྲོད་བརྒྱད་དང་ཧེ་རུའི་གནས་བཅུ་དང་༔ འཇིགས་རྟེན་དང་ནི་འཇིག་རྟེན་ལས་འདས་པའི༔ རྒྱལ་བའི་ཞིང་ཁམས་རྣམ་པར་དག་པ་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་བཅས་རྣམས༔ མཆོད་ཅིང་བསྒྲུབ་པའི་གནས་འདིར་སྤྱན་འདྲེན་ནོ༔ གཉིས་པ་སྤྱན་འདྲེན་པ་ནི། །ཧོ་དགོངས་སུ་གསོལ་ལོ༔ བདུད་མགོན་ཆེན་པོ་སེང་གེའི་གདོང་པ་ཅན༔ ཞིང་སྐྱོང་ཆེན་པོ༔ གྷ་ཡ་དྷ་ར༔ ཀུན་དགའ་གཞོན་ནུ༔ ལེགས་གྲུབ་རྡོ་རྗེ༔ ཀྵེ་ཏྲ་པཱ་ལ༔ ལྷོ་བཙན་ནག་པོ༔ ཡུམ་མཆོག་བདུད་མོ་ཁྲག་རལ་མ༔ དཔལ་འབར་སི་ན་ར་མ༔ ལས་མཁན་བམ་རོ་ཕོ་མོ༔ མ་སྲིད་དྲེགས་པ་སྡེ་བརྒྱད་ཁྱེད་རྣམས་སྔོན་ཚེ་ཀུན་བཟང་ཡབ་ཡུམ༔ རིག་འཛིན་པདྨ་ཧཱུྃ་ཀ་ར༔ རིག་འཛིན་བདུད་འདུལ་རྡོ་རྗེ་འདུས་པ་རྩལ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པ་བཞིན་དུ༔ རྒྱལ་བའི་ཞིང་ཁམས་རྣམ་དག་དུར་ཁྲོད་ཆེན་པོའི་གནས་བརྒྱད༔ སྦས་ཡུལ་པདྨ་བཀོད༔ ཙཱ་རི་ཀོ་ཊཱ་ཡ༔ བན་རི་པདྨ་འོད་ནས་མཆོད་ཅིང་བསྒྲུབ་པའི་གནས་འདིར་སྐད་ཅིག་མྱུར་བ་ཉིད་དུ་སྤྱན་འདྲེན་གཤེག་སུ་གསོལ༔ བཛྲ་ས་མ་ཡཱ་ཛཿཛཿསྤོས་རོལ་གཡབ་དར་རྐང་གླིང་རོལ་མོ་བཤུད་བ་སྣ་ཚོགས་དང་དབྱངས་དང་བཅས་སྟེ། ཧཱུྃ་བྷྱོ༔ དུར་ཁྲོད་ཆེན་པོ་མཁའ་སྤྱོད་ཙཱ་རི་ནས༔ ཆེ་མཆོག་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་དང་༔ བཀའ་ཉན་ལས་བྱེད་དྲེགས་པ་སྡེ་བརྒྱད་ཚོགས༔ སྔོན་གྱི་དམ་བཅའ་གཉེན་པོ་མ་གཡེལ་བར༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ སྔོན་ཚེ་པདྨ་དབང་དང་པད་འབྱུང་སྤྱན་སྔ་རུ༔ སེང་གདོང་ཁྱོད་ཀྱི་ཇི་ལྟར་ཁས་བླངས་བཞིན༔ ཕྲིན་ལས་དྲག་པོའི་ལས་ལ་སྤྱན་འདྲེན་ནོ༔ གསང་སྔགས་བསྟན་པ་གཉེན་པོ་བསྲུང་བའི་ཕྱིར༔ མ་ཐོགས་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ སྡེ་བརྒྱད་ཡོངས་ཀྱི་དམག་དཔོན་མཛད་ཙམ་ན༔ དུར་ཁྲོད་བསིལ་བའི་ཚལ་ནས་གཤེགས་སུ་གསོལ༔ སེང་གདོང་སྤྲུལ་པ་གྲངས་མེད་འགྱེད་ཙམ་ན༔ གངས་དཀར་ཏི་སེའི་གནས་ནས་གཤེགས་སུ་གསོལ༔ སྒྲུབ་རྒྱུད་བསྟན་པ་ཕྱོགས་བཅུར་སྤེལ་ཙམ་ན༔ འབྲོག་ཆེན་ལ་ཕྱིའི་གནས་ནས་གཤེགས་སུ་གསོལ༔ མ་མོ་མཁའ་འགྲོའི་གཙོ་མོ་མཛད་ཙམ་ན༔ རྣམ་དག་ཨོ་རྒྱན་གནས་ནས་གཤེགས་སུ་གསོལ༔ ཧཱུྃ་བྷྱོ༔ ཟབ་གཏེར་བཀའ་ཡི་བསྲུངས་མ་མཛད་ཙམ་ན༔ བན་རི་པདྨ་འོད་ནས་གཤེགས་སུ་གསོལ༔ གསང་སྔགས་བསྟན་པ་ཕྱོགས་བཅུར་སྤེལ་ཙམ་ན༔ རྣམ་དག་མཁའ་སྤྱོད་གནས་ནས་གཤེགས་སུ༴ རྣལ་འབྱོར་དགྲ་ལྷ་ཆེན་པོར་མཛད་ཙམ་ན༔ དེ་ཝི་ཀོ་ཊའི་གནས་ནས་གཤེགས༴ བསྟན་པའི་རུ་ཏྲ་མ་ལུས་བསྒྲལ་ཙམ་ན༔ མཐུ་སྟོབས་དྲག་པོའི་གནས་ནས་གཤེགས༴ ཧཱུྃ་བྷྱོ༔ བདུད་མགོན་སེང་གདོང་ཡབ་ཡུམ་དང་༔ དྲེགས་པ་སྡེ་བརྒྱད་དམག་ཚོགས་རྣམས༔ སངས་རྒྱས་བསྟན་པ་བསྲུངས་ཕྱིར་གཤེགས༴ གསང་སྔགས་བསྟན་པ་སྤེལ་ཕྱིར་གཤེགས༴ རྣལ་འབྱོར་དགྲ་ལྷ་མཛད་ཕྱིར་གཤེགས༴ ལོག་འདྲེན་བྱད་མ་འདུལ་ཕྱིར་གཤེགས༴ ས་བདག་ཀླུ་གཉན་འདུལ་ཕྱིར་གཤེགས༴ རྒྱལ་འགོང་དམ་སྲི་འདུལ་ཕྱིར་གཤེགས༴ དགྲ་བགེགས་ཇིང་འདུར་བཟློག་ཕྱིར་གཤེགས༴ མི་ནད་ཕྱུགས་ནད་བཟློག་ཕྱིར་གཤེགས༴ ནད་མུག་མཚོན་འཁྲུགས་བཟློག་ཕྱིར་གཤེགས༴ མི་མཐུན་རྐྱེན་ངན་བཟློག་ཕྱིར་གཤེགས་སུ་གསོལ༔ ཅེས་པས་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་ནི། ཧཱུྃ་བྷྱོ༔ དུར་ཁྲོད་རབ་འཇིགས་འབར་བའི་གཞལ་ཡས་སུ༔ གྲུ་གསུམ་མཐིང་ནག་ཨེ་ཡི་ཀློང་དཀྱིལ་དུ༔ ཞིང་བཅུའི་དགྲ་བགེགས་བྱད་མ་བསྒྲལ་བའི་སྟེང་༔ བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་དང་བཅས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཞེས་དམ་ཡེ་དབྱེར་མེད་དུ་གྱུར་པ་ལ་ཕྱག་འཚལ་བ་ནི། ཧཱུྃ་བྷྱོ༔ ཆོས་སྐུ་སྐྱེ་མེད་ཀུན་བཟང་ཧེ་རུ་ཀ༔ ལོངས་སྐུ་འགགས་མེད་དཔལ་ཆེན་སེང་གེའི་སྒྲ༔ སྤྲུལ་སྐུ་བདུད་མགོན་སེང་གེའི་གདོང་པ་ཅན༔ མཐུ་སྟོབས་རྫུ་འཕྲུལ་ནུས་པའི་ཤུགས་འཆང་བ༔ ཞིང་སྐྱོངས་གཟི་ལྡན་ཡབ་ཡུམ་འཁོར་བཅས་ལ༔ གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ ན་མོ་སུ་རུ་ཤ་ཡ་ཧོ༔ གསུམ་པ་མཆོད་བསྟོད་འབུལ་བ་ནི། ཧཱུྃ་བྷྱོ༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་འཁོར་བཅས་ལ༔ དམ་རྫས་དགྱེས་མཆོད་སྣ་ཚོགས་འབུལ་བ་ནི༔ ཤ་ཁྲག་ལ་སོགས་བ་ལིང་མཆོད་པ་འབུལ༔ ཐུགས་དམ་དབང་གིས་དགྲ་བགེགས་མ་ལུས་སྒྲོལ༔ དབང་པོ་ལྔ་སོགས་རྐང་རུས་མཆོད་པ་འབུལ༔ རྫུ་འཕྲུལ་སྟོབས་ཀྱིས་བར་ཆད་ཐམས་ཅད་བཟློག༔ ཀླད་ཁྲག་ལ་སོགས་བདུད་རྩི་མཆོད་པ་འབུལ༔ སྤྲུལ་པའི་སྟོབས་ཀྱིས་མི་མཐུན་འགལ་རྐྱེན་བཟློག༔ སྙིང་ཁྲག་ལ་སོགས་ནང་རོལ་གསང་མཆོད་འབུལ༔ བཞད་པའི་ཚུལ་གྱིས་སངས་རྒྱས་བསྟན་པ་སྲུངས༔ ག་ཎ་ལ་སོགས་ལོངས་སྤྱོད་མཆོད་པ་འབུལ༔ འདོད་པའི་དངོས་གྲུབ་མ་ལུས་བདག་ལ་སྩོལ༔ མི་མཐུན་རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔ ཅེས་དང་དེ་ལས་ཀྱང་རྒྱས་པར་སྤྲོ་ན། ཧཱུྃ་བྷྱོ༔ ཨོ་རྒྱན་ཆེན་པོའི་བཀའ་ཡི་གཉེར་གཏད་པ༔ ཡང་གསང་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་༔ བཤད་སྒྲུབ་རིགས་ཆོས་ལོངས་སྤྱོད་སྤེལ་བ་དང་༔ དམ་ལྡན་རྣལ་འབྱོར་བུ་བཞིན་སྐྱོང་བ་དང་༔ དགྲ་བགེགས་གདུག་ཚོགས་མ་ལུས་བསྒྲལ་མཛད་པ༔ བདུད་མགོན་ཆེན་པོ་ཡབ་ཡུམ་འཁོར་བཅས་ལ༔ ཕྱི་ནང་གསང་མཆོད་སྣ་ཚོགས་འབུལ་པ་ནི༔ དུང་ཆེན་སྣོད་དུ་བདུད་རྩི་མཚོ་ལྟར་བསྐྱིལ༔ བྷནྡྷའི་སྣོད་དུ་དཔལ་གཏོར་འོད་ཕུང་འབར༔ ཆོས་འབྱུང་དབྱིངས་སུ་རཀྟ་ཁོལ་ཞིང་ལུད༔ བྷན་དམར་སྣོད་དུ་ཁྲག་ཞག་རྦ་ཀློང་འཁྲུག༔ ལྕང་ལོའི་སྣོད་དུ་རྣམ་ལྔའི་མེ་ཏོག་བཀྲམ༔ རཏྣའི་སྣོད་དུ་ཚིལ་ཆེན་སྤྲིན་ལྟར་གཏིབ༔ ཞུན་ཆེན་མར་མེ་ཉི་ཟླ་ལྟ་བུར་གསལ༔ བྷནྡྷའི་སྣོད་དུ་དྲི་ཆབ་མཚོ་ལྟར་བསྐྱིལ༔ ཆོས་འབྱུང་སྣོད་དུ་ཤ་ཁྲག་རི་ལྟར་སྤུང་༔ ཐོད་རྔ་རྐང་གླིང་རོལ་མོ་འབྲུག་ལྟར་ལྡིར༔ ལྕང་བྷན་སྣོད་དུ་རོ་ལྡན་ཚོགས་གཏོར་བཤམས༔ དཔལ་མགོན་ཡབ་ཡུམ་འཁོར་དང་བཅས་ལ་འབུལ༔ གནོད་པའི་དགྲ་སོད་བར་ཆོད་བགེགས་གཞོམ་ལ༔ བྱད་མ་ཆུང་སྲི་དུས་མིན་འཆི་བརྒྱད་བཟློག༔ རིགས་ཆོས་བཤད་སྒྲུབ་བསྟན་པ་རྒྱས་པར་མཛོད༔ ཧཱུྃ་བྷྱོ༔ གཞན་ཡང་མཆོད་ཚོགས་བྱེ་བྲག་ནི༔ ཉམས་པའི་དགྲ་བགེགས་ཀུན་བསྒྲལ་པའི༔ ཞིང་ལྤགས་བླ་བྲེ་ནམ་མཁའི་རྒྱན༔ ཕོ་ལོང་ལྡ་ལྡི་བར་སྣང་རྒྱན༔ ཀེང་རུས་གྲམ་ཁྲོད་ས་གཞིའི་རྒྱན༔ དབུ་རྒྱན་ཅོད་པན་རྒྱན་དྲུག་དང་༔ ལྕང་ལོ་ཞིང་ཆེན་གླང་ཆེན་ཤུན༔ སྟག་ཤམ་སྦྲུལ་ཆུན་ཚངས་པའི་སྐུད༔ དྲིལ་བུ་གཡེར་ཁའི་རྒྱན་མཛེས་རྣམས༔ དཔལ་མགོན་ཡབ་ཡུམ་ཚོགས་ལ་འབུལ༔ ཐར་པའི་གེགས་བྱེད་བར་ཆད་འབྱུང་པོ་ཐུལ༔ གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ལ་སོགས༔ དགྲ་བགེགས་བྱད་མ་སྒབ་འདྲེ་ཆུང་སྲི་ཀུན༔ སྐད་ཅིག་མྱུར་སྒྲོལ་ཐལ་བའི་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ གཞན་ཡང་རྨད་བྱུང་དགྱེས་མཆོད་འབུལ་བ་ནི༔ ཁ་ཊྭཾ་མཚོན་རྩེ་སྤུ་གྲི་དགྲ་སྟྭ་དང་༔ གྲི་གུག་གཏུན་ཤིང་སྐམ་པ་འཇབ་རྩེ་དང་༔ ཕུར་བུ་ཐོག་མདའ་ལྕགས་མདའ་མདའ་བོ་ཆེ༔ གཞུ་དང་དམ་ཤིང་ལྕགས་ཀྱུ་ཐོ་བ་སོགས༔ དམ་ཉམས་དགྲ་བགེགས་ཀུན་བསྒྲོལ་མཚོན་ཆའི་ཚོགས༔ དཔལ་མགོན་ཡབ་ཡུམ་ཚོགས་ལ་མཆོད་པ་འབུལ༔ བཞེས་ནས་བསྟན་པའི་དགྲ་བགེགས་རྡུལ་དུ་རློག༔ ཆེ་འདྲེ་ཆུང་སྲི་སྒབ་འདྲེ་བྱུར་སྲི་དང་༔ སློབ་བུ་དམ་ལོག་བྲན་གཡོག་མནའ་ཟན་དང་༔ དཀོར་རྐུན་ཇག་པ་མ་ལུས་རྩད་ནས་ཆོད༔ བཅོལ་པའི་ལས་ཀུན་ཐོགས་མེད་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དེ་ལས་གཞན་ཡང་བླ་མེད་མཆོད་ཚོགས་ནི༔ ཐུན་ཁྲག་སྣ་ཚོགས་དམར་ཆེན་ཐོག་མདའ་དང་༔ འཚེ་ཉུངས་དུག་རླུང་རྡོ་ཐུན་རྦབ་ལྟར་འདྲིལ༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་མཚོན་ཐུན་འདི༔ དཔལ་མགོན་ཡབ་ཡུམ་འཁོར་དང་བཅས་ལ་འབུལ༔ གནོད་བྱེད་དགྲ་བགེགས་དཔུང་ཚོགས་མ་ལུས་ཀུན༔ རྣམ་ཤེས་གཟུགས་ཕུང་ཐལ་བ་རྡུལ་དུ་རློག༔ ཧཱུྃ་བྷྱོ༔ དམ་ཉམས་དགྲ་བགེགས་ཕུང་བའི་སྔ་ལྟས་སུ༔ ཕྱི་ནས་མི་རུང་མི་ཁ་བལ་ལྟར་གཡེང་༔ ནང་དུ་ཉེ་བ་སྙིང་ནོར་ཁྲག་ཏུ་སྐྱུག༔ ཚང་རོག་གཉེན་འདུན་མཛའ་བཤེས་དགྲ་རུ་སྡང་༔ འཁོར་གཡོག་ཡུལ་མི་ཁྱིམ་མཚེས་བདུད་དུ་ཕོབ༔ ལྟས་ངན་མི་རུང་སྣ་དགུའི་སྙིང་རླུང་ལངས༔ དམ་ཉམས་དགྲ་བགེགས་མི་ནོར་འཁོར་བཅས་ཀུན༔ མཐའ་རྩ་སྐྱེ་རྒྱུད་ལས་མཐའ་མྱུར་དུ་བསྡུས༔ དམ་ཉམས་དགྲ་བགེགས་དཀོར་རྐུན་ཇག་པ་འདི༔ ས་སྟེང་འདི་རུ་བཞག་ན་བསྟན་པ་འཇིགས༔ རིག་འཛིན་རྒྱལ་བའི་བཀའ་ལ་མ་འདའ་བར༔ དགྲ་ཇག་ཆོམ་རྐུན་དམ་ལོག་སློབ་བུ་ཀུན༔ མངོན་སྤྱོད་དྲག་པོས་མྱུར་སྒྲོལ་རྡུལ་དུ་རློག༔ ཚེ་སྲོག་དོན་སྙིང་ཤ་ཁྲག་ནང་རོལ་ཀུན༔ དཔལ་མགོན་ཡབ་ཡུམ་འཁོར་བཅས་ཞལ་དུ་བསྟབས༔ མངོན་སྤྱོད་དྲག་པོས་ཕྲིན་ལས་མྱུར་འགྲུབ་མཛོད༔ དམ་ཉམས་པའི་དགྲ་བགེགས་བྱད་མ་རྣམས་ཀྱིས་མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ༴ མ་ཧཱ་ཀོ་རོ་ཙ་ན་ལ༴ མ་ཧཱ་བ་སུ་ཏ་ལ༴ མ་ཧཱ་ཀེང་ནི་རི་ཏི་ལ༴ མ་ཧཱ་ཙ་ཁུག་ལ༴ མ་ཧཱ་ལྤགས་ཙ་ལ༴ མ་ཧཱ་ཀ་ན་དྷ་ལ༴ དགྲ་བགེགས་བྱད་མ་ཆེ་འདྲེ་ཆུང་སྲི་སྒབ་འདྲེ་སྒབ་སྲི་གོད་འདྲེ་གོད་སྲི༔ བསླབ་པའི་སློབ་བུ་དམ་ལོག༔ བྲན་གཡོག་ངོ་ལོག་གི་བདག་པོ༔ དགྲ་འདྲེ་བྱུར་གསུམ་ཐམས་ཅད་མཱ་ར་ཡ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་མ་མི་ཀཱ་ཡ་སརྦ་ཨརྠ་སིདྡྷི་ཡེ་སྭཱ་ཧཱ། ཅེས་དང་། མགོན་པོ་འཁོར་བཅས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་འོད་ཀྱི་སྦུ་གུས་གཏོར་མའི་བཅུད་དྲངས་སྟེ་གསོལ་བར་བསམ་ལ༔ དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ་བྷྱོ༔ དུར་ཁྲོད་བདག་པོ་ཞིང་སྐྱོང་སེང་གེའི་གདོང་༔ དེ་ཡི་ཡུམ་ཆེན་སྲིན་མོ་སེང་གདོང་མ༔ བཀྲ་ཤིས་དཔལ་འབར་ནོར་གྱི་དངོས་གྲུབ་སྟེར༔ སྟོབས་ཆེན་ཡིད་འགུག་ལྷ་མོ་དབྱིངས་ཕྱུག་མ༔ དངོས་གྲུབ་བདག་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ བཀྲ་ཤིས་ཚན་ཆེ་མཐུ་ཆེན་རྣོ་ལ་མྱུར༔ བཟློག་པས་མི་བཟློག་སྔགས་བཟློག་དགྲ་བོའི་གཤེད༔ རྦོད་དང་ཨར་བཟློག་ནུས་པས་རང་གཤེད་འབེབས༔ བདུད་མགོན་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ དྲེགས་པ་འདུལ་ཞིང་དགྲ་བགེགས་ཀུན་གྱི་གཤེད༔ ལྟས་ངན་ཆོ་འཕྲུལ་རྒྱུག་པའི་ཞོར་ལ་འབེབས༔ དམ་ཉམས་ཚེ་སྲོག་གློ་བུར་སྡུད་པར་མཛད༔ དྲག་པོ་སྒྲོལ་བྱེད་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ ནང་དུ་ཞི་ཞིང་བཀྲ་ཤིས་བུ་ནོར་སྤེལ༔ ཕྱི་རུ་ཁྲོས་པས་རྩུབ་འགྱུར་འཇིག་རྟེན་གཡོ༔ བ་དན་ཕྱར་བས་སངས་རྒྱས་བསྟན་པ་བསྲུངས༔ གཡུ་རལ་གསིག་པས་སེང་ཆུང་སྐར་ལྟར་འཁྲུགས༔ ཞིང་སྐྱོང་དཔལ་འབར་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ སྤྱན་དམར་གློག་འཁྱུག་སྲིད་གསུམ་འོད་ཀྱིས་གང་༔ ལྗགས་དམར་བརྡབ་པས་ས་གཞི་གཡོ་ཞིང་འཁྲུགས༔ དམར་གཏོར་གདེངས་པས་ནད་ཡམས་ཆར་བཞིན་འབེབས༔ བདུད་རྟ་རྒྱུག་པས་ལྷ་སྲིན་བརྒྱལ་ཞིང་འབོག༔ དམག་དཔོན་སེང་གདོང་དགྲ་འདུལ་སྐུ་ལ་བསྟོད༔ ཧཱུྃ་བྷྱོ༔ བསྟན་པ་བསྲུང་ཞིང་བཀའ་ཡི་བྱ་ར་མཛད༔ རྣལ་འབྱོར་མགོ་འདོན་སྔགས་འཆང་ཚེ་སྲོག་བསྲིང་༔ ནང་དུ་ཞི་བས་ཡིད་བཞིན་ལྷ་མོ་འདྲ༔ ཕྱི་རུ་ཁྲོས་པས་ཕྲ་མེན་སེར་ལྟར་འཁྲུག༔ དམ་ཉམས་དྲུག་ཁྲི་ཉིན་བཞིན་གསོད་པར་བྱེད༔ གུང་གཉིས་རྒྱུག་པས་དཀོར་རྐུན་རྩད་ནས་གཅོད༔ རྣོ་མྱུར་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ བཟློག་པས་མི་བཟློག་གཞན་གྱི་མི་ཆུན་ཞིང་༔ བཀའ་བསྲུང་བདུད་ཚོགས་དགྲ་ལ་རང་གཤེད་འབེབས༔ བདག་ལ་བྱམས་ཤིང་ནང་དུ་དངོས་གྲུབ་སྟེར༔ བཀྲ་ཤིས་སྙིང་ཉེ་གྲོགས་ལྟེར་རྟག་ཏུ་བསྲུངས༔ གསུང་སྒྲོས་གཅིག་ཐོས་ལས་ནི་ཚར་གསུམ་བསྒྲུབས༔ བུ་ལྟར་བསྲུངས་ཤིང་ཁྱོ་ལྟར་སྐྱོང་བའི་ལྷ༔ དྷཱ་ཀི་སེང་གདོང་གསུང་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ གསང་སྔགས་བཀའ་སྲུང་རྣལ་འབྱོར་དགྲ་ལྷ་ཆེ༔ བདུད་ཀྱི་གཡུལ་འཇོམས་མ་རུང་དགྲ་བགེགས་སྒྲོལ༔ རྫུ་འཕྲུལ་མཐུ་ཡིས་ལྷ་སྲིན་དབང་སྡུད་ཅིང་༔ སངས་རྒྱས་བསྟན་པ་བསྲུང་བའི་ལས་ལ་བརྩོན༔ སྲིན་མོའི་གཟུགས་ཀྱིས་དགྲ་ལ་ནད་ཡམས་འབེབས༔ དཔལ་འབར་སེང་གདོང་ཐུགས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ ཡབ་ཡུམ་གཉིས་ཀྱི་བཀའ་ཉན་མཐུ་རྩལ་ཅན༔ བམ་རོ་ཕོ་མོའི་སྐུ་ལ་ཕྱག་འཚལ་བསྟོད༔ བཀའ་ཡི་ལས་བྱེད་ཤན་པ་སྡེ་བརྒྱད་ཚོགས༔ དྲེགས་པ་ལྕམ་བྲལ་རྣམས་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ དམ་ཉམས་དགྲ་ལ་ལྟས་ངན་སྣ་ཚོགས་བཏང་༔ སྐྱེས་བུ་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་བགེགས་མ་ལུས་ཁྲམ་ལ་ཐོབ༔ གཤིན་རྗེ་ཆོས་རྒྱལ་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་ལ་མཛེ་ནད་ཆར་བཞིན་འབེབས༔ ཀླུ་བདུད་མགོ་དགུའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་བགེགས་མ་ལུས་ཞགས་པས་ཆིངས༔ བདུད་རྗེ་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ དམ་ཉམས་དགྲ་ལ་ཡེ་འགྲོགས་སྣ་ཚོགས་བཏང་༔ བཙན་འགོང་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་ལ་འཇའ་འཁྱིལ་ལྟས་ངན་བཏང་༔ ལྷ་བདུད་བཀར་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་བགེགས་དམོད་པའི་མཚོན་ཆས་ཕུང་༔ སྲིན་པོ་དྷ་དྷའི་སྐུ་ལ་ཕྱག་འཚལ་བསྟོད༔ དམ་ཉམས་དགྲ་ལ་ཁྲག་ནད་ཆར་བཞིན་འབེབས༔ རྡོ་རྗེ་ཕ་ལམ་སྐུ་ལ་ཕྱག་འཚལ་བསྟོད༔ ཧཱུྃ་བྷྱོ༔ གཞན་ཡང་ལས་མཁན་དྲེགས་པའི་དམག་ཚོགས་ནི༔ གཙོ་བོའི་བཀའ་བཞིན་རང་གི་ལས་བྱེད་པ༔ བསྟན་པའི་དགྲ་བགེགས་ཐལ་བ་རྡུལ་དུ་རློག༔ བཀའ་ཉན་ལས་མཁན་ཚོགས་ལ་ཕྱག་འཚལ་བསྟོད༔ བཞི་པ་བཟླས་པས་ཐུགས་མཉེས་པར་བྱ་བ་ནི། རང་ཉིད་དཔལ་ཆེན་པོ་ཡི་དམ་ལྷ་ཡི་ང་རྒྱལ་དང་ལྡན་པའི་མདུན་དུ་དུར་ཁྲོད་ཐོད་མཁར་མེ་རླུང་འཚུབ་མའི་དབུས་སུ་དཔལ་མགོན་སེང་གདོང་ཡབ་ཡུམ་བཀའ་འཁོར་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་གསལ་བའི་སྤྱི་བོར་སེང་སྒྲོགས་སྙིང་ཁར་རྡོ་རྗེ་གྲོ་ལོད། དེའི་ཐུགས་ཁར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གཙོ་བོའི་སྲོག་ཡིག་ཧཱུྃ་མཐིང་ནག་གཙོ་མོའི་སྲོག་ཡིག་ཏྲིཿཡིག་དམར་ནག་ལ་སོགས་རང་རང་རིགས་ཀྱིས་ཁ་དོག་སྣ་ཚོགས་ཀྱི་ཡི་གེ་ཕྲ་མོ་གསལ་བའི་མཐའ་བསྐོར་དུ་སྔགས་ཀྱི་འཕྲེང་བ་འགལ་མེའི་འཁོར་ལོ་ལྟར་འཁོར་བ་ལས། བདག་ཉིད་ལྷ་ཡི་ཐུགས་ཁའི་ས་བོན་ཧཱུྃ་ལས་འོད་ཟེར་དམར་ནག་ལྕགས་ཀྱི་ཚ་ཚྭ་ལྟར་འཕྲོས། ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་རྣལ་འབྱོར་བའི་ཕྲིན་ལས་རབ་འབྱམས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བསམ། ཧེ་རུ་ཀའི་ཡིག་བརྒྱ་ཉེར་ཅིག་ཙམ་བཟླ། ཡི་དམ་གྱི་བསྙེན་པ་ཅི་རིགས་བཟླས་པས་གཉའ་གནོན། ཨོཾ་ཏྲི་ཤྲཱི་བཛྲ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ དྷཱ་ཀི་ནཱི་སི་ན་ར་མ་ཧཱུྃ་ཕཊ༔ ཏྲི་ཧྲིང་ཛ༔ དྷི་ཏྲི་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ༔ ཛ་ཛ༔ ཞེས་པ་ཅི་ནུས་དང་། དྲག་པོའི་བཟླས་པ་བྱ་ན་དམིགས་པ་མན་ངག་ལྟར། ཨོཾ་མ་ཧཱ་ཀ་ལ་སེང་ཧ་མུ་ཁ་ཧཱུྃ་ཕiཊ༔ ཏྲི་ཧྲིང་ཛ་སི་ན་ར་མ་ཧཱུྃ་ཕiཊ༔ ཏྲི་ཧྲིང་ཛ༔ དྷི་ཏྲི་ཡ་མ་ར་ཙ་དུ་ཏྲི་ཕུ་ཏྲི་དགྲ་བོ་མཱ་ར་ཡ་རཾ་རཾ་ཆོད་ཆོད༔ ཡཾ་ཡཾ༔ གཏོར་གཏོར༔ ཁཾ་ཁཾ༔ རྨུག་རྨུག༔ ཨེ་འཇིབ་འཇིབ༔ དགྲ་བོ་མཱ་ར་ཡ་རྦད་སོད་སོད༔ བཟླས་མཐར། ཨོཾ་ཤྲཱི་བཛྲ་དྷརྨ་པ་ལ་ཀྵེ་ཏྲ་པ་ལ་ས་པ་རི་ཝ་ར་ཨརྒྷཾ་ནས་ཤབྟའི་བར་གྱིས་མཆོད། མ་ཧཱ་པཉྩ་སོགས་སྨན་གཏོར་རཀྟས་ཀྱང་མཆོད་ལ། ཧཱུྃ་བྷྱོ༔ དུར་ཁྲོད་བདག་པོ་སོགས་ཤྭ་ལོ་ཀ་གཅིག་གི་བསྟོད་པར་བྱའོ། །ལྔ་བ་ཐུགས་དམ་བསྐང་ཞིང་བཤགས་པ་འབུལ་བའི་ཐོག་མར་བསྐང་རྫས་རྣམས་བྱིན་གྱིས་བརླབས་པ་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་རི་རབ་བང་རིམ་སུམ་བརྩེགས་ཀྱི་སྟེང་དུ༔ དཔལ་མགོན་སེང་གདོང་ཡབ་ཡུམ་ལས་མཁན་བམ་རོ་ཕོ་མོ༔ བཀའ་ཡི་ལས་སྒྲུབ་དྲེགས་པ་སྡེ་བརྒྱད་ལ་སོགས་བཀའ་སྡོད་བྲན་གཡོག་གི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་བསྐོར་ནས་བཞུགས་པའི་མདུན་དུ༔ རི་རབ་བང་རིམ་གྱི་སྟེང་དུ་ཡི་གེ་བྱཾ་ནག་པོ་ཡོངས་སུ་གྱུར་པ་ལས༔ བདུད་བྱ་ནག་པོ་ཁྲོ་ཆུའི་མཆུ་ཅན༔ སྟོང་སྒྲ་སྒྲོགས་པས་དགྲ་བོའི་ཀླད་པ་འགེམས་པ༔ བྱ་ནག་མཆུ་དམར་གྱི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་ཀང་སྒྲ་སྒྲོགས་པས་དགྲ་བོའི་སྙིང་ཕྲིག་གས་པ༔ དེ་ཐམས་ཅད་གནམ་ལྕགས་ཀྱི་སྡེར་མོ་ཅན༔ འཕུར་ཐབས་ཀྱི་དགྲ་བོའི་གློ་སྙིང་འདྲེན་པར་གྱུར༔ དེའི་འོག་ཏུ་ཡི་གེ་ཁྱཾ་ནག་པོ་ཡོངས་སུ་གྱུར་པ་ལས༔ བདུད་ཁྱི་ནག་པོ་དུང་གི་མཆེ་བ་ཅན༔ དམ་ལྟར་རྔམས་ཤིང་སྟོབས་དང་ལྡན་པ༔ དར་དམར་གྱི་ཅོད་པན་གྱིས་སྤྲས་པ༔ ངར་སྐད་དགྲ་ལ་ལྷང་ལྷང་དུ་སྒྲོགས་པ༔ ཡི་གེ་ལུཾ་ནག་པོ་ཡོངས་སུ་གྱུར་པ་ལས༔ ལུག་ནག་མཛེས་པའི་སྤུ་སྡུག༔ སྤྱི་དཀར་ཁྲོ་ཆུའི་མིག་ཅན་རྭ་གཉིས་ལ་དར་སྣ་ཚོགས་ཀྱིས་བརྒྱན་པ༔ མཛེས་ཤིང་ཡིད་དུ་འོང་བ༔ ཡི་གེ་ཏཾ་ནག་པོ་ཡོངས་སུ་གྱུར་པ་ལས༔ གྱི་ལིང་གི་རྟ་མཆོག་ནག་པོ་སྤྲིན་གྱི་ཤུགས་ཅན༔ སྐད་ཅིག་ཉིད་ལ་གླིང་བཞི་བསྐོར༔ སྟག་རས་དང་གཟིག་རས་དར་ཟབ་སྣ་ཚོགས་ཀྱི་རྒྱན་དུ་མས་སྤྲས་པ༔ ཡི་གེ་རཾ་དམར་པོ་ཡོངས་སུ་གྱུར་པ་ལས༔ བཙན་རྟ་དམར་པོ་རླུང་གི་ཤུགས་ཅན་དང་༔ མེ་རྟ་དམར་པོ་མེ་ཡི་གཤོག་པ་ཅན་ལ་སོགས་པ་རྟ་མཆོག་གི་ཚོགས་དཔག་ཏུ་མེད་པ་རྣམས་ལ་དར་ཟབ་སྣ་ཚོགས་དང་སྟག་རས་དང་གཟིག་རས་ལ་སོགས་པའི་རྒྱན་དུ་མས་སྤྲས་པ༔ རྫུ་འཕྲུལ་གྱི་ཤུགས་དང་ལྡན་ཞིང་ཡོན་ཏན་དུ་མ་དང་ལྡན་པར་གྱུར༔ ཡི་གེ་གཾ་ནག་པོ་ཡོངས་སུ་གྱུར་པ་ལས༔ གཡག་རོག་ཞོལ་ཅན་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པ༔ སྤྲིན་དཀར་འཐིབས་ཤིང་ཟླ་བ་ལྟར་དཀར་བའི་མདངས་དང་ལྡན་པ༔ དར་གྱི་ཅོད་པན་སྣ་ཚོགས་ཀྱིས་བརྒྱན་པ༔ ངར་ལྷབ་ཀྱི་སྒྲ་སྒྲོགས་པར་གྱུར༔ གཞན་ཡང་མི་ནག་གི་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་དགྲ་བགེགས་ལིང་ག་རེ་ཕྲག་ལ་བཀལ་ཞིང་ཤ་རུས་མུར་ཞིང་སྙིང་ཁྲག་འཇིབས་པ༔ སྟག་གཟིག་དང་དོམ་དྲེད་སྣ་ཚོགས་ཀྱི་ངར་སྒྲ་སྒྲོགས་ཤིང་མཆོང་རྒྱུག་ལིང་ལིང་བྱེད་ཅིང་ཉམས་པའི་ཤ་ལ་ཟ་ཞིང་ཁྲག་ལ་འཐུང་བ༔ གཞན་ཡང་ཁྲག་ཞག་རྒྱ་མཚོ་འཁྱིལ་བའི་ཀློང་དུ་དགྲ་བགེགས་ཀྱི་བམ་ཆེན་གཅལ་དུ་བཀྲམ་པའི་སྟེང་དུ་དམར་གྱི་གུར་ཕུབ་ལ་དཀར་གྱི་ཐིག་གདབ་པ་ལ་སོགས་པ་མཆོད་པའི་ཡོ་བྱད་རང་རང་གི་སྤྱོད་ཡུལ་དང་མཐུན་པ་ས་དང་བར་སྣང་ཐམས་ཅད་གང་བར་གྱུར༔ ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བརླབས་ཤིང་། ཨོཾ་བཛྲ་སྥ་ར་ཎ་ཁཾཿཞེས་བརྗོད་པས་རྒྱས་པར་སྤེལ། གཡབ་དར་སྤོས་རོལ་དབྱངས་དང་བཅས། ཧཱུྃ༔ རྒྱལ་བའི་ཞིང་ཁམས་རྣམ་དག་པདྨ་བཀོད༔ ཙཱ་རི་ཏྲ་དང་བན་རི་པདྨ་འོད༔ ཧེ་རུའི་གནས་བཅུ་དུར་ཁྲོད་བརྒྱད་སོགས་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་བཅས་རྣམས༔ འདིར་གཤེགས་པདྨ་བམ་རོའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་ཉམས་ཆགས་འགལ་འཁྲུལ་བཤགས༔ ཧཱུྃ་བྷྱོ༔ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ གསང་སྔགས་བསྟན་པ་གཉེན་པོ་བསྲུངས་མཛད་པ༔ དཔལ་ལྡན་ཞིང་སྐྱོང་མགོན་པོའི་ཐུགས་དམ་བསྐང་༔ ཡབ་ཀྱི་ཐུགས་དམ་གཉེན་པོ་བསྐང་མཛད་མ༔ དཔལ་འབར་སི་ན་ར་མའི་ཐུགས་དམ་བསྐང་༔ རི་རབ་གླིང་བཞི་རྣམ་པར་བཀོད་ལེགས་པ༔ ཡིད་འོང་འདོད་དགུའི་མཆོད་སྤྲིན་དུ་མས་བརྒྱན༔ བཀྲ་ཤིས་རྟགས་ཆེན་བརྒྱད་ཀྱིས་ཐུགས་དམ་བསྐང་༔ སྡེ་སྲིད་དཔལ་འབྱོར་མངའ་ཐང་རྒྱས་པར་མཛོད༔ རྒྱལ་སྲིད་རིན་ཆེན་བདུན་གྱིས་ཐུགས་དམ་བསྐང་༔ མི་ཟད་ལོངས་སྤྱོད་གཏེར་གྱི་དངོས་གྲུབ་སྩོལ༔ རཏྣ་རིན་ཆེན་དུ་མས་ཐུགས་དམ་བསྐང་༔ དགོས་འདོད་ཡིད་བཞིན་དངོས་གྲུབ་སྩལ་དུ་གསོལ༔ སྤྱན་གཟིགས་མཐུན་རྫས་དུ་མས་ཐུགས་དམ་བསྐང་༔ ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ༔ རྟག་ཏུ་མི་འབྲལ་འགོ་ཞིང་བརྟན་པའི་ཕྱིར༔ བྱ་རོག་རྒྱལ་མཚན་མང་པོས་ཐུགས་དམ་བསྐང་༔ རང་བཞིན་གནས་ནས་སྤྱན་འདྲེན་ཕྱིར༔ དར་ནག་གཡབ་དར་ནག་པོས་ཐུགས་དམ་བསྐང་༔ དགྱེས་པའི་ཐུགས་དམ་གཉེན་པོ་བསྐང་བའི་ཕྱིར༔ བརྗིད་ལྡན་ནལ་བུའི་གཡང་གཞིས་ཐུགས་དམ་བསྐང་༔ རྒྱུན་དུ་མི་འབྲལ་འགྲོགས་པའི་ཕྱིར༔ རྟག་མཆོད་ཚོགས་ཀྱིས་ཐུགས་དམ་བསྐང་༔ གཡོ་མེད་རྟག་ཏུ་འགྲོགས་པའི་ཕྱིར༔ གསང་རྟེན་རྫས་ཀྱིས་ཐུགས་དམ་བསྐང་༔ མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས་པའི་ཕྱིར༔ བླ་རྡོ་རྟག་གཏོར་ཆེན་པོས་ཐུགས་དམ་བསྐང་༔ སྙན་པའི་བ་དན་ཕྱོགས་བཅུར་སྒྲོགས་པའི་ཕྱིར༔ སྒྲ་སྙན་རོལ་མོའི་ཚོགས་ཀྱིས་ཐུགས་དམ་བསྐང་༔ འབོད་པའི་དམ་རྫས་གཉེན་པོས་བསྐང་བའི་ཕྱིར༔ ཕོ་གླིང་མོ་གླིང་སྒྲ་ཡིས་ཐུགས་དམ་བསྐང་༔ གཉིས་མེད་དམ་ཚིག་གཅིག་ཏུ་བསྲེ་བའི་ཕྱིར༔ དམ་རྫས་སྨན་རག་བདུད་རྩིས་ཐུགས་དམ་བསྐང་༔ རྣམ་བཞིའི་ལས་རྣམས་བསྒྲུབ་པའི་ཕྱིར༔ གནམ་རྟ་གྱི་ལིང་ནག་པོས་ཐུགས་དམ་བསྐང་༔ བསྟན་དགྲ་དམ་ཉམས་མྱུར་དུ་བསྒྲལ་བའི་ཕྱིར༔ མེ་རྟ་རླུང་གཤོག་དམར་པོས་ཐུགས་དམ་བསྐང་༔ རྒྱུན་དུ་མི་འབྲལ་འགྲོགས་པའི་ཕྱིར༔ རྒྱུན་གཏོར་ནར་མས་ཐུགས་དམ་བསྐང་༔ དམ་ཉམས་དབང་པོ་བསྣུབ་པའི་ཕྱིར༔ མི་སྙིང་དམར་པོས་ཐུགས་དམ་བསྐང་༔ དགྲ་ཁྲག་སྐམ་དུ་འཐུང་བའི་ཕྱིར༔ དམར་ཆེན་ཁྲག་གིས་ཐུགས་དམ་བསྐང་༔ སྤྱན་གྱི་དབང་པོ་ཚིམ་པའི་ཕྱིར༔ རྒྱུ་མའི་ལྡ་ལྡིས་ཐུགས་དམ་བསྐང་༔ ཤངས་ཀྱི་དབང་པོ་ཚིམ་པའི་ཕྱིར༔ གསུར་ཆེན་སྤོས་ཀྱི་ཐུགས་དམ་བསྐང་༔ དུག་གསུམ་མུན་པ་བསལ་བའི་ཕྱིར༔ ཞུན་ཆེན་མར་མེས་ཐུགས་དམ་བསྐང་༔ གནོད་བྱེད་དགྲ་བགེགས་བསྒྲལ་བའི་ཕྱིར༔ ཤ་ཁྲག་གཏོར་མས་ཐུགས་དམ་བསྐང་༔ གསང་སྔགས་བསྟན་པ་སྲུང་བའི་ཕྱིར༔ ཁྱི་ནག་གཅན་སྤྱང་ཚོགས་ཀྱིས་ཐུགས་དམ་བསྐང་༔ བདུད་དམག་དགྲ་ལ་འགྱེད་པའི་ཕྱིར༔ རྔ་ཐུག་དར་མདུང་ནག་པོས་ཐུགས་དམ་བསྐང་༔ དམ་ཚིག་ཉམས་ཆག་བསྐང་བའི་ཕྱིར༔ བླ་མེད་ག་ན་ཙ་ཀྲས་ཐུགས་དམ་བསྐང་༔ འགལ་རྐྱེན་བར་ཆད་བཟློག་པའི་ཕྱིར༔ གླིང་བཞི་མདོས་ཀྱི་ཐུགས་དམ་བསྐང་༔ བདུད་མགོན་ནག་པོ་ཡབ་ཡུམ་ཐུགས་དམ་བསྐང་༔ ཞིང་སྐྱོང་དཔལ་འབར་ཆེན་བོའི་ཐུགས་དམ་བསྐང་༔ ཤ་ཟ་སེང་ཧ་མུ་ཁའི་ཐུགས༴ དཔལ་མགོན་སེང་གདོང་ཡབ་ཡུམ༴ ཞིང་སྐྱོང་གྷ་ཡ་དྷ་རའི༴ དཔལ་མགོན་ལེགས་གྲུབ་རྡོ་རྗེའི༴ བསྟན་སྲུང་ཀུན་དགའ་གཞོན་ནུའི༴ མི་ཕམ་བདུད་འདུལ་རྡོ་རྗེའི༴ མྱུར་མགྱོགས་ཐོད་ཕྲེང་རྒྱལ་པོའི༴ དཔལ་ལྡན་ལྷོ་བཙན་ནག་པོའི༴ ཡུམ་མཆོག་མཁའ་སྤྱོད་གཙོ་མོའི༴ དྷཱ་ཀི་སི་ན་ར་མའི༴ དཔལ་འབར་དུར་ཁྲོད་བདག་མོའི༴ བདུད་སྲིན་ཁྲག་རལ་ཅན་གྱི༴ ཆེ་བཙན་འགྲན་ཟླ་མཐའ་མེད༴ རྣལ་འབྱོར་དགྲ་ལྷ་ཆེན་པོའི༴ ཐུགས་སྤྲུལ་བམ་རོ་ཕོ་མོའི༴ རྒྱུག་བྱེད་མི་ནག་ཚོགས་ཀྱི༴ དམ་ཅན་རྡོ་རྗེ་ལེགས་པའི༴ འཇིགས་བྱེད་གཤིན་རྗེ་འབར་བའི༴ གདུག་པ་ཀླུ་བདུད་མགོ་དགུའི༴ སྟོབས་ལྡན་བདུད་ཕོ་ནག་པོའི༴ སྲོག་བདག་བཙན་འགོང་ནག་པོའི༴ ཚེ་བདག་ཤ་ཟ་སྲིན་པོའི༴ ལྷ་ཆེན་ཚངས་པ་དཀར་པོའི༴ མ་གཅིག་དཔལ་ལྡན་ལྷ་མོའི༴ ཚེ་བདག་དུག་མཚོན་དམར་མོའི༴ སྔགས་ནག་ཕུར་ཐོགས་ཚོགས་ཀྱི༴ བན་ནག་གླུ་ལེན་ཚོགས་ཀྱི༴ བུད་མེད་གར་བྱེད་ཚོགས་ཀྱི༴ བཤའ་འབོག་མི་རྒོད་ཚོགས་ཀྱི༴ སྤྲུལ་པའི་བྱ་ནག་ཚོགས་ཀྱི༴ བྱ་ནག་མཆུ་དམར་ཚོགས་ཀྱི༴ ཡང་སྤྲུལ་གཅན་གཟན་ཚོགས་ཀྱི༴ རྒྱ་ཧོར་མོན་ནག་ཕོ་མོའི༴ ལས་མཁན་སྡེ་བརྒྱད་ཚོགས་ཀྱི༴ ཕོ་རྒྱུད་སྒོ་བ་རྣམས་ཀྱི༴ མོ་རྒྱུད་སྒོ་མ་རྣམས་ཀྱི༴ བཀའ་གཏེར་ལས་མཁན་ཚོགས་ཀྱི༴ ཡང་སྤྲུལ་ཕོ་ཉ་གྲངས་མེད༴ བཀའ་སྲུང་དྲེགས་པ་ལྕམ་དྲལ༴ བསྟན་སྲུང་དམ་ཅན་རྒྱ་མཚོའི༴ བཀའ་སྡོད་བྲན་གཡོག་རྒྱ་མཚོའི་ཐུགས་དམ་བསྐང་༔ ཧཱུྃ་བྷྱོ༔ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཤ་ཁྲག་དམར་ཆེན་གཏོར་མས་ཐུགས་དམ་བསྐང་༔ བདུད་རྩི་ཆང་གིས༴ གཡབ་དར་ནག་པོས༴ ལོངས་སྤྱོད་ཞལ་ཟས་ཚོགས་ཀྱིས༴ རཀྟ་དམར་ཆེན་ཚོགས་ཀྱིས༴ སྙིང་སྣ་སྟོང་གིས༴ གསུར་ཆེན་སྤོས་ཀྱིས༴ ཞུན་ཆེན་མར་མེས༴ ཤ་རུས་ཞལ་ཟས་ཚོགས་ཀྱིས༴ རྐང་གླིང་ཐོད་རྔ་སྒྲ་ཡིས༴ དེ་ལས་གཞན་ཡང་མཆོད་པའི་ཚོགས༔ ཞིང་སྐྱོང་མགོན་པོ་ཡབ་ཡུམ་གྱི༔ མཉེས་པའི་རྫས་མཆོག་བླ་མེད་ནི༔ སྟོང་གསུམ་འདི་བའི་གཞན་དག་ན༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཀུན་བཟང་མཆོད་སྤྲིན་དཔག་མེད་ཀྱིས༔ ཞིང་སྐྱོང་དཔལ་མགོན་འཁོར་བཅས་ཐུགས་དམ་བསྐང་༔ བདུད་མགོན་སེངྒེའི་གདོང་ཅན་ཐུགས་དམ་བསྐང་༔ བེར་ནག་བསེ་ཁྲབ་གསོལ་བའི༴ དར་ནག་རུ་མཚོན་ཕྱར་བའི༴ རྟ་ནག་ཆིབས་པའི༴ ཡུམ་ཆེན་དཔལ་འབར་སེང་གདོང་༴ ཁ་ཊྭཱཾ་འཛིན་པའི༴ དགྲ་སྙིང་ཟ་བའི༴ བཙན་རྟ་ཆིབས་པའི༴ བམ་རོ་ཕོ་མོའི༴ ལྷ་སྲིན་དམག་ཚོགས༴ ཡང་འཁོར་བྲན་གཡོག༴ དགྲ་ལ་རྒྱུག་པའི༴ དགྲ་སྲོག་གཅོད་པའི༴ བསྟན་སྲུང་ཆེན་པོའི༴ མྱུར་མགྱོགས་ཆེན་པོའི༴ དཔའ་རྩལ་ཆེན་པོའི་ཐུགས་དམ་བསྐང་༔ དེ་ལྟར་ཐུགས་དམ་གཉེན་པོ་བསྐང་གསོལ་ནས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ དམ་ཚིག་ཉམས་ཆག་ཅི་མཆིས་པ༔ ཡབ་ཡུམ་འཁོར་དང་བཅས་ལ་བཟོད་པར་གསོལ༔ བདག་ཅག་འཁྲུལ་པའི་དབང་གྱུར་གྱིས༔ ཞིང་སྐྱོང་མགོན་པོའི་ཐུགས་དང་ཅི་འགལ་བ༔ མཐོལ་བཤགས་བཟོད་གསོལ་ཚངས་པར་བཞེས་ནས་ཀྱང་༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་དངོས་གྲུབ་སྩོལ༔ གཞན་ཡང་ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ སངས་རྒྱས་བསྟན་ལ་གནོད་པར་བྱེད་པ་དང་༔ གསང་སྔགས་ཆོས་ལ་སྨད་པར་བྱེད་པ་ཡི༔ བླ་མ་དམ་པའི་སྐུ་ལ་བདོ་བ་དང་༔ རིག་འཛིན་རྣལ་འབྱོར་བདག་ལ་འཚེ་བྱེད་པའི༔ བསྒྲུབ་པ་པོ་ལ་དོ་བདོ་བའི༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས༔ མི་མཐུན་ཕྱོགས་ངན་ཐམས་ཅད་བཟློག་ཏུ་གསོལ༔ བདག་ནི་རྣལ་འབྱོར་བསྒྲུབ་པ་པོ༔ ལས་སུ་དཔལ་མགོན་ཁྱེད་སྒྲུབ་བོ༔ གྲོགས་སུ་མགོན་པོ་ཁྱེད་བརྟན་ནོ༔ དཔང་དུ་མགོན་པོ་ཁྱེད་ཁུར་རོ༔ ཡིད་དུ་དཔལ་མགོན་ཁྱེད་བསམ་མོ༔ ར་མདའ་མགོན་པོ་ཁྱེད་སྦྲན་ནོ༔ གང་བཅོལ་ལས་རྣམས་ཡལ་བར་མ་དོར་ཅིག༔ གྲོགས་ལ་གཞུང་ངན་མ་བྱེད་ཅིག༔ ཡིད་ཀྱི་བསམ་པ་མ་བསྣུབ་ཅིག༔ རྣལ་འབྱོར་བདག་ལ་སྡང་བའི་དགྲ་བྱུང་ན༔ མ་སྲུ་ཡིན་ཀྱང་ཁུག་ལ་ཤོག༔ ཕ་ཁུ་ཡིན་ཀྱང་སྒྲོལ་ལ་ཤོག༔ དམ་ཉམས་སྡང་བའི་དགྲ་བོ་འདི༔ ལོ་དང་ཟླ་བར་མ་བཞག་པར༔ ཞག་དང་ཟ་མར་མྱུར་དུ་སྒྲོལ༔ རིག་འཛིན་པདྨའི་བཀའ་མ་བཅག༔ སྔགས་འཆང་བདག་གི་ངོ་མ་བཟློག༔ ཅི་བཅོལ་ལས་ཀུན་ཐོག་མེད་འགྲུབ་པར་མཛོད༔ རྣལ་འབྱོར་བདག་ནི་ཚེ་རབས་ཐམས་ཅད་དུ༔ དཔལ་མགོན་སེང་གདོང་ཡབ་ཡུམ་ཁྱེད་ཉིད་དང་༔ མི་འབྲལ་རྟག་ཏུ་འགྲོགས་པར་ཤོག༔ ཅེས་པ་དང་། རྒྱས་པར་སྤྲོ་ན་འདི་ཡང་བྱ་སྟེ། ཧཱུྃཿཆོས་དབྱིངས་མཁའ་ལྟར་དག་པའི་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ལོངས་སྐུ་སེང་གེའི་སྒྲ༔ སྤྲུལ་སྐུ་གཟི་ལྡན་ཡབ་ཡུམ་འཁོར་བཅས་རྣམས༔ འབར་བའི་གནས་འདིར་སྤྱན་འདྲེན་བརྟན་པར་བཞུགས༔ ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ༔ ཧཱུྃ་རང་བཞིན་རྣམ་དག་གནས་རྣམས་དང་༔ བསིལ་བ་ཚལ་དང་རྡོ་རྗེ་གདན༔ ཨུ་ཙ་ལ་དང་ན་ལནྡྲ༔ དུར་ཁྲོད་བརྒྱད་སོགས་ཧེ་རུའི་གནས་བཅུ་དང་༔ ཡུལ་ཆེན་སོ་གཉིས་གནོད་སྦྱིན་རྫོགས་གནས་དང་༔ པདྨ་བཀོད་དང་བྱང་ཕྱོགས་ཙཱ་རི་ཏྲ༔ བན་རི་པདྨ་འོད་ལ་སོགས་པ་ཡི༔ འཇིག་རྟེན་དང་ནི་འཇིག་རྟེན་འདས་པ་ཡི༔ རྒྱལ་བའི་ཞིང་ཁམས་རྣམ་དག་ཕོ་བྲང་ནས༔ བདུད་མགོན་སེང་གདོང་ཡབ་ཡུམ་འཁོར་བཅས་དང་༔ བཀའ་སྡོད་བྲན་གཡོག་འཁོར་དང་བཅས་པ་རྣམས༔ རིག་འཛིན་རྣལ་འབྱོར་བདག་གིས་སྤྱན་འདྲེན་གྱི༔ མ་ཐོགས་མྱུར་གཤེགས་བམ་ཆེན་གདན་ལ་བཞུགས༔ གཉིས་མེད་གུས་པའི་ཚུལ་གྱིས་ཕྱག་འཚལ་ལོ༔ སྤྱན་གཟིགས་གསོལ་མཆོད་དམ་པ་འདི་བཞེས་ལ༔ རིག་འཛིན་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཅི་འདོད་དངོས་གྲུབ་མ་ལུས་རྩལ་དུ་གསོལ༔ དཔལ་མགོན་སེང་གེའི་གདོང་ཅན་ལ༔ གསོལ་ལོ་མཆོད་དོ་དངོས་གྲུབ་སྩོལ༔ དཔལ་མགོན་གྷ་ཡ་དྷ་ར་ལ༔ གསོལ་ལོ་མཆོད་དོ་གྲོགས་མཛོད་ཅིག༔ དཔལ་མགོན་ཀུན་དགའ་གཞོན་ནུ་ལ༔ གསོལ་ལོ་མཆོད་དོ་བསྟན་པ་སྲུངས༔ དཔལ་མགོན་ལེགས་གྲུབ་རྡོ་རྗེ་ལ༔ གསོལ་ལོ་མཆོད་དོ་སྙན་པའི་དུང་ཆེན་བུས༔ དཔལ་མགོན་བདུད་རྒྱལ་ཐོད་ཕྲེང་ལ༔ གསོལ་ལོ་མཆོད་དོ་གྲགས་པའི་བ་དན་ཕྱོར༔ དཔལ་མགོན་མི་ཕམ་མགོན་པོ་ལ༔ གསོལ་ལོ་མཆོད་དོ་བསྟན་པའི་མངའ་ཐང་སྤེལ༔ དཔལ་མགོན་ཙ་ཏུར་མུ་ཁ་ལ༔ གསོལ་ལོ་མཆོད་དོ་བཀའ་གཏེར་བསྟན་པ་སྲུངས༔ དཔལ་མགོན་རྡོ་རྗེ་དཔལ་བཙན་ལ༔ གསོལ་ལོ་མཆོད་དོ་བསྟན་པའི་བྱ་ར་མཛོད༔ དཔལ་མགོན་ཐང་སྤྲིན་ནག་པོ་ལ༔ གསོལ་ལོ་མཆོད་དོ་གསང་སྔགས་བསྟན་པ་སྤེལ༔ དཔལ་མགོན་ལྷོ་བཙན་ནག་པོ་ལ༔ གསོལ་ལོ་མཆོད་དོ་དཀོན་མཆོག་དབུ་འཕང་བསྟོད༔ དཔལ་མགོན་གཟི་ལྡན་དབང་ཕྱུག་ལ༔ གསོལ་ལོ་མཆོད་དོ་རྣལ་འབྱོར་སྐུ་ཚེ་སྲིངས༔ དཔལ་མགོན་མྱུར་མགྱོགས་ཆེན་པོ་ལ༔ གསོལ་ལོ་མཆོད་དོ་བསྟན་པའི་རཱུ་ཏྲ་སྒྲོལ༔ ཞིང་ཁམས་གནས་ཀྱི་བདག་པོ་ལ༔ གསོལ་ལོ་མཆོད་དོ་སྒྲུབ་རྒྱུད་བསྟན་པ་སྐྱོངས༔ ཧཱུྃ་བྷྱོ༔ ཡུམ་ཆེན་དཔལ་འབར་སེང་གདོང་ལ༔ གསོལ་ལོ་མཆོད་དོ་སྒྲུབ་མཆོག་བུ་བཞིན་སྐྱོངས༔ དཔལ་འབར་མཁའ་སྤྱོད་གཙོ་མོ་ལ༔ གསོལ་ལོ་མཆོད་དོ་ཚེ་དཔལ་རྒྱས་པར་མཛོད༔ དཔལ་འབར་མཁའ་འགྲོའི་གཙོ་མོ་ལ༔ གསོལ་ལོ་མཆོད་དོ་གཙུག་ལག་དཀོར་ཁང་སྲུངས༔ དཔལ་འབར་སྔགས་ཀྱིས་སྲུང་མ་ལ༔ གསོལ་ལོ་མཆོད་དོ་བུ་སློབ་སྲུང་དུ་གསོལ༔ དཔལ་འབར་སི་ན་ར་མ་ལ༔ གསོལ་ལོ་མཆོད་དོ་དགྲ་དཔུང་ཐལ་བར་རློག༔ དཔལ་འབར་སེང་ཧ་མུ་ཁ་ལ༔ གསོལ་ལོ་མཆོད་དོ་མ་རུང་མཐའ་དམག་བཟློག༔ ལས་མཁན་བམ་རོ་ཕོ་མོ་ལ༔ གསོལ་ལོ་མཆོད་དོ་དགྲ་བགེགས་ཐལ་བར་རློག༔ སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ་ལ༔ གསོལ་ལོ་མཆོད་དོ་རྣལ་འབྱོར་དགྲ་ལྷ་མཛོད༔ སྲོག་གཅོད་གཤིན་རྗེ་ཆོས་རྒྱལ་ལ༔ གསོལ་ལོ་མཆོད་དོ་དགྲ་བོའི་བདུན་རྒྱུད་ཆོད༔ གདུག་པ་ཀླུ་བདུད་མགོ་དགུ་ལ༔ གསོལ་ལོ་མཆོད་དོ་དགྲ་ལ་མཛེ་ནད་ཐོངས༔ བདུད་ཕོ་བྱེ་བ་རྐང་རིང་ལ༔ གསོལ་ལོ་མཆོད་དོ་དགྲ་སྲོག་དམར་པོ་ཆོད༔ བཙན་འགོང་ཡམ་ཤུད་དམར་པོ་ལ༔ གསོལ་ལོ་མཆོད་དོ་དགྲ་ལ་རྔག་འཐབ་ཐོངས༔ ལྷ་ཆེན་ཚངས་པ་དཀར་པོ་ལ༔ གསོལ་ལོ་མཆོད་དོ་དགྲ་ལ་སྨྱོ་འབོག་ཐོངས༔ དབུགས་ལེན་སྲིན་པོ་ནག་པོ་ལ༔ གསོལ་ལོ་མཆོད་དོ་དགྲ་དཔུང་ཐལ་བར་རློག༔ མ་གཅིག་ལྷ་མོ་བ་ལམ་ལ༔ གསོལ་ལོ་མཆོད་དོ་དགྲ་ལ་ནད་ཡམས་ཐོངས༔ མི་ནག་སྔགས་ནག་བན་ནག་ཚོགས་རྣམས་ལ༔ གསོལ་ལོ་མཆོད་དོ་དགྲ་དཔུང་ཐལ་བར་རློག༔ རྒྱ་ཧོར་མོན་པ་བདུད་མོའི་ཚོགས་རྣམས་ལ༔ གསོལ་ལོ་མཆོད་དོ་དགྲ་ལ་ཆོ་འཕྲུལ་ཐོངས༔ ཕོ་རྒྱུད་སྒོ་བ་བཞི་ཡི་ལྷ་ཚོགས་ལ༔ གསོལ་ལོ་མཆོད་དོ་བསྒྲུབ་པའི་གྲོགས་མཛོད་ཅིག༔ མོ་རྒྱུད་སྒོ་མ་བཞི་ཡི་ལྷ་ཚོགས་ལ༔ གསོལ་ལོ་མཆོད་དོ་དངོས་གྲུབ་སྣ་ཚོགས་སྩོལ༔ བཀའ་ཉན་ལས་མཁན་སྡེ་བཞིའི་འཁོར་ཚོགས་ལ༔ གསོལ་ལོ་མཆོད་དོ་ཕྲིན་ལས་མ་ལུས་སྒྲུབས༔ བཀའ་སྡོད་བྲན་གཡོག་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ་རྣལ་འབྱོར་སློབ་སྲིད་སྲུངས༔ རྒྱལ་པོ་ཆེན་པོ་སྡེ་བཞི་ལ༔ གསོལ་ལོ་མཆོད་དོ་བསྒྲུབ་མཆོག་བུ་བཞིན་སྐྱོངས༔ ནོར་ལྷ་རྒྱ་མཚོའི་ཚོགས་བཅས་ལ༔ གསོལ་ལོ་མཆོད་དོ་དངོས་གྲུབ་སྣ་ཚོགས་སྩོལ༔ འཇིགས་བྱེད་ཆེན་པོ་དགུ་རྣམས་ལ༔ གསོལ་ལོ་མཆོད་དོ་བཀྲ་མི་ཤིས་ཀུན་ཟློག༔ ལྷ་ཆེན་བརྒྱད་དང་ཀླུ་ཡི་སྡེ་ཚོགས་ལ༔ གསོལ་ལོ་མཆོད་དོ་ཕྱི་ནང་བར་ཆད་ཟློག༔ གཟའ་བརྒྱད་རྒྱུ་སྐར་ཉེར་བརྒྱད་ལ༔ གསོལ་ལོ་མཆོད་དོ་གསང་སྔགས་བསྟན་པ་སྲུངས༔ ཕྱོགས་སྐྱོངས་བཅུ་པོ་འཁོར་བཅས་ལ༔ གསོལ་ལོ་མཆོད་དོ་བཀའ་གཏེར་བསྟན་པ་སྲུངས༔ དཔལ་མགོན་བདུན་ཅུ་རྩ་གཉིས་ལ༔ གསོལ་ལོ་མཆོད་དོ་ཡང་གསང་བསྟན་པ་སྤེལ༔ ཕ་མྱེས་རྒྱུད་སྲུང་སློབ་དཔོན་གཉེན་སྲུང་དང་༔ མགོན་སྐྱབས་དཔུང་གྲོགས་བྱེད་པའི་ལྷ་སྲུང་དང་༔ ཡུལ་ལྷ་ཟོ་དོར་དབེན་གནས་སྲུང་མ་སོགས༔ བཟང་ཁ་ཡག་བྱེད་ལྷ་སྲུང་ཐམས་ཅད་ལ༔ གསོལ་ལོ་མཆོད་དོ་དཔལ་མགོན་དཔུང་གྲོགས་མཛོད༔ ཧཱུྃ༔ དྲག་པོའི་གཏོར་སྣོད་བྷནྡྷ་འབར་བ་རུ༔ དཔལ་གཏོར་རི་རྒྱལ་ལྷུན་པོ་བས་ཀྱང་མཐོ༔ གླིང་བཞི་གླིང་ཕྲན་བས་ཀྱང་བཀོད་རེ་ལེགས༔ དཔལ་གྱི་གཏོར་མ་བས་ཀྱང་བརྗིད་རེ་ཆེ༔ ཉི་ཟླ་གཟའ་སྐར་བས་ཀྱང་མདངས་རེ་གསལ༔ སྐར་ཚོགས་ཚོམ་བུ་བས་ཀྱང་བཀྲག་རེ་ཆེ༔ རྒུ་ཚིགས་སྐྱ་མོ་བས་ཀྱང་རྒྱང་རེ་རིང་༔ དཀར་གྱིས་ཐིག་གདབ་དམར་གྱི་གུར་ཕུབ་པ༔ འཇའ་ཚོན་སྣ་ལྔ་བས་ཀྱང་མདངས་རེ་གསལ༔ གཡབ་དར་ནག་པོ་བ་དན་རུ་མཚོན་དང་༔ དམར་ཆེན་གཏོར་མ་རི་ལྟར་སྤུང་པ་ཡི༔ དཔལ་མགོན་ཡབ་ཡུམ་ཚོགས་ལ་མཆོད་པ་འབུལ༔ ཧཱུྃ༔ མཁའ་ལ་ལྡིང་ཞིང་འཛུམ་བྱེད་དང་༔ བྱ་ནག་ཤ་ཟན་དམ་ཉམས་རོ་ལ་བརྫི༔ མི་ནག་ཚོགས་ཀྱི་དགྲ་ཤ་ཕྲག་ལ་བཀལ༔ བྱ་ནག་མཆུ་དམར་དགྲ་བོའི་གློ་སྙིང་འདྲེན༔ བྱ་རོག་རྐན་སྒྲས་དགྲ་བོའི་ཀླད་པ་འགེམས༔ འདབ་ཆགས་སྣ་ཚོགས་འགྲན་ཟླ་མེད་པ་འདི༔ བདུད་མགོན་ཡབ་ཡུམ་ཚོགས་ལ་མཆོད་པ་འབུལ༔ བདུད་རྟ་ནག་པོ་རླུང་གཤོག་རྟིང་དཀར་དང་༔ མཚལ་རྟ་དམར་པོ་མྱུར་མགྱོགས་ཤུགས་ལྡན་དང་༔ མེ་རྟ་དམར་པོ་མྱུར་མགྱོགས་འཇིགས་རྔམས་དང་༔ མཛེས་སྡུག་རྟ་རིགས་རྣམ་པ་སྣ་ཚོགས་དང་༔ ཁྱི་ནག་སྙིང་དཀར་གཡག་རོག་ཞོལ་ཆེན་དང་༔ ལུག་ནག་སྤྱི་དཀར་དར་གྱི་ཅོད་པན་ཅན༔ བདུད་མགོན་སེང་གདོང་ཡབ་ཡུམ་ཚོགས་ལ་འབུལ༔ སེང་གེ་གླང་ཆེན་ཁྱུང་དང་ཁུ་བྱུག་དང་༔ སྟག་གཟིག་དོམ་དྲེད་གཅན་སྤྱང་སྣ་ཚོགས་དང་༔ གཞན་ཡང་མཆོད་པའི་བྱེ་བྲག་དཔག་མེད་རྣམས༔ བདུད་མགོན་སེང་གདོང་ཡབ་ཡུམ་ཚོགས་ལ་འབུལ༔ འཇིགས་རུང་གཟུགས་འགྲོས་རྣམ་པ་སྣ་ཚོགས་འདིས༔ མི་སྡུག་སྒྲ་སྐད་སྣ་ཚོགས་དགྲ་ལ་སྒྲོགས༔ མི་ནག་མི་རྒོད་འབུམ་ཚོ་དཔག་མེད་དང་༔ བན་ནག་ཨ་ཙ་ར་དང་སྔགས་ནག་སྡེ་ཚོགས་དང་༔ བུད་མེད་ནག་མོ་རྒྱ་ཧོར་མོན་པ་འབུམ༔ མི་བརྫུ་དགུ་བརྫུ་སྤྲུལ་པ་སྣ་ཚོགས་ཀྱི༔ དར་དམར་རྒྱན་ལྡན་ཕྲག་པར་དགྲ་ལིང་བཀལ༔ ནོར་སྐྱོང་སྣ་ཚོགས་འགྲན་ཟླ་མཐའ་མེད་དང་༔ དོ་མེད་རྟེན་རིགས་རྣམ་པ་སྣ་ཚོགས་འདི༔ བདུད་མགོན་སེང་གདོང་ཡབ་ཡུམ་ཚོགས་ལ་འབུལ༔ ཐུགས་རྗེས་བརྩེར་དགོངས་རྣལ་འབྱོར་བདག་ཅག་ལ༔ འདོད་པའི་དངོས་གྲུབ་མ་ལུས་རྩལ་དུ་གསོལ༔ མི་མཐུན་རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔ སྙན་པའི་དུང་བུས་གྲགས་པའི་བ་དན་ཕྱོར༔ གསང་སྔགས་བསྟན་པའི་ཆབ་སྲིད་རྒྱས་པར་མཛོད༔ བསྟན་འཛིན་བུ་སློབ་མཐའ་རུ་རྒྱས་བྱེད་ཅིང་༔ བཤད་བསྒྲུབས་བསྟན་པ་དུས་འདིར་རྒྱས་པར་མཛོད༔ གློ་བུར་དགྲ་བགེགས་མ་ལུས་བཟློག་པ་དང་༔ མ་རུངས་མཐའ་དམག་ཐལ་བ་རྡུལ་དུ་རློག༔ ཅེས་པས་ཐུགས་དམ་བསྐང་ཞིང་གསོལ་མཆོད་རྒྱས་པར་བྱའོ། །བཤགས་པ་འབུལ་བ་ནི། ཧཱུྃ༔ གདོད་ནས་སྤྲོས་མེད་ཆོས་དབྱིངས་ལྷུན་རྫོགས་ཀློང་༔ མ་བཅོས་རྩལ་རྫོགས་དཔལ་ཆེན་སེང་གེའི་སྒྲ། །རང་མདངས་རོལ་པ་དཔལ་ལྡན་བདུད་ཀྱི་མགོན། །སྤྲུལ་པའི་འཁོར་ཚོགས་མ་ལུས་དགོངས་སུ་གསོལ། །བདག་ནི་གསང་སྔགས་བླ་མེད་སྒོར་ཞུགས་ནས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །སྤངས་བླང་མ་ཤེས་ཉེས་ལྟུང་ཅི་མཆིས་པ། །མཁྱེན་ལྡན་སྲུང་མའི་དབང་པོར་མཐོལ་ཞིང་བཤགས། །སྒོམ་བསྒྲུབ་གཡེལ་ཞིང་བསྐྱེད་རྫོགས་དོན་མ་རྟོགས། །ཁྱད་པར་ཁས་བླང་དམ་བཅའ་གཉེན་པོ་དང་། །འགལ་ཉམས་ཕྱི་ནང་གསང་རྟེན་མ་འཚོགས་ཞིང་། །མཆོད་གཏོར་དུས་ལས་འགྱང་བ་མཐོལ་ཞིང་བཤགས༔ སྙོམས་ལས་དབང་གིས་ཚོགས་གཏོར་མ་བཤམས་ན། །རྒྱུ་ཆུང་འབག་རྩོག་ཕུད་ཉམས་འབོད་བསྔོ་གཡེལ། །ཕྱི་ནང་གསང་བའི་རྟེན་བསྒྲུབ་རྫས་མ་འཚང་། །བདག་ཉིད་རྟོག་གོམ་མ་གྱུར་མཐོལ་ཞིང་བཤགས༔ རྣམ་རྟོག་ལེ་ལོ་གཉིད་དང་ཆང་དབང་གི །ཕྲིན་ལས་གཞུང་འཆལ་ལས་སྦྱོར་ལོག་པ་དང་། །མན་ངག་གསང་འཆོལ་ཐ་མལ་འཁྲུལ་པས་བསླད། །སྟོང་ཉིད་ཡེ་ཤེས་མ་རྟོགས་མཐོལ་ཞིང་བཤགས། །བག་མེད་མི་གཙང་ཉམས་དང་འགྲོགས་པ་དང་། །དམེ་མནོལ་མཛེ་ཡུག་དམ་ཉམས་གྲིབ་ཕོག་པས། །སྲུངས་མ་གཉེན་པོའི་ཐུགས་དང་འགལ་བའི་རྒྱུ། །བྱོལ་ཉོག་འཁྲུལ་པ་ཐམས་ཅད་མཐོལ་ཞིང་བཤགས། །འདོད་དོན་ཕྲིན་ལས་ཡིད་བསྐང་འགྲུབ་གྱུར་ནས། །སྔར་མཛད་ལས་ལ་བཏང་རག་མ་ཕུལ་ཏེ། །ཕྱིས་ནས་དམ་ཅན་མཐུ་རྩལ་ཉམས་པའི་རྐྱེན། །བཟས་པོའི་མནོལ་གྲིབ་བྱུང་བ་མཐོལ་ལོ་བཤགས། །གཞན་ཡང་སྣང་སྲིད་རྣམ་དག་ཡེ་ནས་རོ་ཅིག་ཀྱང་། །ལོག་རྟོག་མཚན་མས་སྒྲིབ་པ་མཐོལ་ལོ་བཤགས། །དག་པ་རབ་འབྱམས་ལྷ་སྐུའི་རོལ་པ་ལས། །མ་རྟོགས་གཞན་ནས་བརྩལ་བ་མཐོལ་ལོ་བཤགས། །གྲགས་སྟོང་བརྗོད་བྲལ་ན་དཱའི་རང་བཞིན་ལ། །ཐ་སྙད་ཚིག་གིས་འཆིང་བ་མཐོལ་ལོ་བཤགས། །རང་སེམས་མ་བཅོས་སྟོང་ཉིད་རོལ་པ་ལས། །ཨ་འཐས་མཚན་མས་བཅིངས་བ་མཐོལ་ཞིང་བཤགས། །ཀུན་རྫོབ་དོན་དམ་ཆོས་ཀུན་གཉིས་མེད་ལ། །རྣམ་རྟོག་གཟུང་འཛིན་དབང་གྱུར་མཐོལ་ཞིང་བཤགས། །བཤགས་དང་བཤགས་བྱ་བཤགས་བྱེད་སེམས་ཉིད་ཀློང་། །ཆོས་ཉིད་ཡེ་ཤེས་ངང་དུ་རོ་ཅིག་སྟེ། །སྤྲོས་བྲལ་སྒྱུ་མའི་ངང་དུ་བཟོད་པར་གསོལ། །ཕྱིན་ཆད་རྟོག་པའི་སྒྲིབ་པར་མ་གྱུར་ཅིག །ཧེ་རུ་ཀའི་ཡིག་བརྒྱ་བཟླ། གྲངས་གསོགས་ལྟ་བུར་བསྡུས་པ་བྱ་བར་སྤྲོ་ན། རཏ་གླིང་གཏེར་ཁ་ལས་བྱུང་བ། ཧཱུྃ༔ བསྐང་ངོ་བསྐལ་པར་ཐམས་ཅད་དང་༔ ཆོས་སྐྱོང་མགོན་པོ་སེང་གེའི་གདོང་༔ དཔའ་བོ་དར་ནག་འཇོལ་བེར་ཅན༔ ལས་མཛད་ནག་པོ་གཟི་མདངས་ཅན༔ བསྐང་ངོ་ཁྱེད་ཀྱིས་ཐུགས་དམ་བསྐང་༔ གསང་སྔགས་རྒྱུད་ཀྱི་བཀའ་ཉན་མཛད༔ ཁྱོད་ཀྱི་འཁོར་ནི་མི་སྲུན་བ༔ སྲིན་མོ་དམར་པོ་ཁྲག་རལ་ཅན༔ ལས་མཁན་བམ་རོ་ཕོ་མོ་དང་༔ ཤན་པ་སྡེ་བརྒྱད་ཁྱེད་ཀྱི་འཁོར༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ ཤ་ཁྲག་དམར་གྱི་གཏོར་མ་དང་༔ མཐིང་ནག་དར་གྱི་རྒྱལ་མཚན་དང་༔ མདའ་མདུང་རལ་གྲི་རྩེ་གསུམ་དང་༔ དམར་ཆེན་ཙིཏྟའི་ཕྲེང་བ་དང་༔ བྱ་ནག་མི་ནག་རྟ་ནག་དང་༔ དྲེའུ་ནག་གཡག་ནག་ལུག་ནག་དང་༔ ཁྱི་ནག་དོམ་བུ་སྦལ་སྦྲུལ་དང་༔ བཤོལ་ནག་ནམ་མཁའ་ནག་པོ་སོགས༔ དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ དགྱེས་པའི་མཐུན་རྫས་སྣ་ཚོགས་ཀྱིས༔ ཁྱེད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ བདག་གིས་ཁྱེད་ལ་འདི་གསོལ་གྱིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ བཀའ་དང་བསྟན་པ་བསྲུང་དུ་གསོལ༔ ཚེ་དང་བསོད་ནམས་སྤེལ་དུ་གསོལ༔ དཔལ་དང་གྲགས་པ་སྒྲུབ་ཏུ་གསོལ༔ འཁོར་དང་ལོངས་སྤྱོད་བསྐྱོང་དུ་གསོལ༔ བདུད་དང་བར་ཆད་བཟློག་ཏུ་གསོལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ དེ་ནས་བཤགས་པ་ནི། ཧཱུྃ༔ ཞིང་སྐྱོང་སེང་གདོང་ཡབ་ཡུམ་དང་༔ བཀའ་ཉན་དྲག་པོའི་ཚོགས་བཅས་རྣམས༔ རྣལ་འབྱོར་བདག་ལ་གསན་ཅིང་དགོངས་སུ་གསོལ༔ ཁྱོད་ནི་ཡེ་ཤེས་ཆེན་པོའི་སྤྱན་དང་ལྡན༔ བདག་ནི་མ་རིགས་དབང་གྱུར་ལུས་ངག་སེམས༔ མཆོད་པའི་དམ་རྫས་མ་ཚངས་གཏོར་མ་ལ༔ རྒྱུ་ཆུང་ཕུད་ཉམས་ལྷག་མ་བསྲེས་པ་དང་༔ དམ་རྫས་མ་ཚངས་བསྙེན་སྒྲུབ་གཡེལ་བ་དང་༔ དུས་ཀྱི་གཏོར་མ་ཆགས་ཤིང་གཡེལ་བ་སོགས༔ ཁྱེད་ཀྱི་ཐུགས་དཀྲུག་འགལ་བའི་ཉེས་པ་རྣམས༔ ནོངས་པ་ཅི་མཆིས་ཐམས་ཅད་བཟོད་པར་གསོལ༔ མཐོལ་ལོ་བཤགས་སོ་ཚངས་པའི་དངོས་གྲུབ་སྩོལ༔ ཞེས་ཡི་གེ་བརྒྱ་པ་བརྗོད། དུས་གཉན་སོགས་ལ་མངའ་གསོལ་བྱ་བར་སྤྲོ་ན་སྐྱེམ་མཆོད་དང་མངའ་གསོལ་བདུད་བཞི་དཔུང་བཅོམ། གསོལ་ཀའི་ཁ་བསྐང་མཚོ་རྒྱལ་གྱི་མཛད་པ་རྣམས་གཏེར་གཞུང་རྩ་བ་ལྟར་བྱ་ཞིང་། ཚོགས་འབུལ་བ་སྤྲོ་ནའང་གཞུང་ནས་འབྱུང་བ་ལྟར་ལྷག་མའི་མཐར་ཐུག་གི་བར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ལ་གཏེར་སྐྱོངས་མཆོད་བསྟོད་གཤེགས་བསྡུ་དང་། བསྔོ་སྨོན་ཤིས་བརྗོད་བྱ་བའོ། །དང་པོ་ནི་དྲག་པོའི་བསྐུལ་སོགས་ལས་རིམ་རྒྱས་པ་ནི་གཞན་དུ་ཤེས་ཤིང་། འདིར་ཡང་ཐུན་གཏོར་ལ་དམིགས་ཏེ་གཏོར་འགུགས་ནི། ན་མོ། དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ བཅོམ་ལྡན་འདས་རྒྱལ་བ་ཞི་ཁྲོ་རབས་འབྱམས་ལ་སོགས་ཏེ་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ མ་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་ཀྱི་བཀའ༴ ལྷ་ལས་ཁྱད་པར་དུའང་དཔལ་ཆེ་མཆོག་སེང་གེ་སྒྲ་སྒྲོག་རྡོ་རྗེ་གྲོ་ལོད་ཀྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ རྒྱལ་བའི་བསྟན་སྲུང་ཆེན་པོ་ཀུན་དགའ་གཞོན་ནུ་ཡབ་ཡུམ་གྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ༴ གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བཀའ༴ གཟུངས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བཀའ༴ འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་མགོན་དམ་པ་ཆོས་སྐྱོང་བའི་བསྲུངས་མ་བཀའ་སྲུང་དམ་ཅན་རྒྱ་མཚོ་བཀའ་སྡོད་བྲན་གཡོག་དང་བཅས་པ་རྣམས་ཀྱི་བཀའ༴ རྟེན་ཅིང་འབྲེལ་བར་འབྱུང་བ་རྒྱུ་འབྲས་བསླུ་བ་མེད་པའི་བཀའ༴ རིག་འཛིན་རྣལ་འབྱོར་བདག་གི་བསམ་པ་རྣམ་པར་དག་པའི་བྱིན་བརླབས་ཀྱིས༔ སྤྱིར་སངས་རྒྱས་བསྟན་པའི་སྤྱི་དགྲ༔ དཔལ་ལྡན་བླ་མའི་སྐུ་དགྲ༔ རྣལ་འབྱོར་པ་བདག་གི་སྒོས་དགྲ༔ ཁྱད་པར་དུའང་གསང་སྔགས་རྡོ་རྗེ་ཐེག་པ་ལ་མི་དད་ཅིང་ལོག་པར་ལྟ་བ༔ སྐྱེ་འགྲོ་ཉེས་མེད་ལ་གནོད་ཅིང་འཚེ་བ༔ རིག་འཛིན་རྣལ་འབྱོར་དཔོན་སློབ་བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་ཆོས་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པ༔ བསམ་ངན་སྦྱོར་རྩུབ་ཤོམ་པའི་དགྲ་བགེགས༔ མི་མིན་མི་རུ་བརྫུ་བ༔ ལྷ་མིན་ལྷ་རུ་བརྫུ་བ༔ བཀའ་འདས་དམ་ཉམས༔ བསླབ་པའི་སློབ་བུ་དམ་ལོག༔ སངས་རྒྱས་བསྟན་པའི་རཱུ་ཏྲ༔ སེམས་ཅན་ཡོངས་ལ་གནོད་པའི་སྡིག་ཅན༔ གཟུགས་ཅན་སྡང་བར་བྱེད་པའི་དགྲ༔ གཟུགས་མེད་གནོད་པར་བྱེད་པའི་བགེགས༔ གང་དང་གང་ཡིན་པ་དེ་དག་ཐམས་ཅད་མཐོ་སྲིད་པའི་རྩེ་མོ༔ དམའ་ན་རག་དམྱལ་བ༔ བར་སྣང་སྟོང་གསུམ་འཇིག་རྟེན་གྱི་ཁམས༔ ཉི་ཟླ་གཉིས་ཀྱི་ཧམ་ཕྲག་གར་ཡོད་ཀྱང་དམར་གཏོར་ཁྲག་སྦུབ་འཁྲིགས་པ་འདི་ལ་གཉིས་སུ་མེད་པར་ཁུག་ཅིག༔ བསྟིམ་ཅིག༔ ཡབ་ཡུམ་གྱི་འབོད་རྦད་བསད་པའི་སྔགས་མཐར། དགྲ་བགེགས་ནྲི་ཏྲི་བཛྲ་ཨཾ་གུ་ཤ་ཡ་ཛ༔ ཛ་ཧཱུྃཿབྃ་ཧོཿས་བསྟིམ། གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ལས་གྲུབ་པ། ངོ་བོ་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི་ལན་གསུམ་གྱིས་བྱིན་གྱིས་བརླབས། ཧཱུྃཿརྒྱལ་བའི་བསྟན་པ་སྲུང་བའི་སྡེ་དཔོན་ཆེ། །གནས་གཏེར་ཞིང་རྣམ་སྐྱོང་བའི་མགོན་པོ་ནི། །སེང་གེའི་གདོང་ཅན་བདུད་ཀྱི་སྟོབས་འཕྲོག་པ། །ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡབ་ཡུམ་དང་། །ལས་མཁན་དྲེགས་པ་སྡེ་བརྒྱད་འཁོར་བཅས་རྣམས། །དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་དང་བསྟན་འཛིན་དབུ་འཕང་བསྟོད། །ནག་པོའི་ཕྱོགས་རྣམ་རྡུལ་དུ་བརླག་པར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་པར་སེམས་པའི་གཟུགས་ཅན་གཟུགས་མེད་དགྲ། །ལོག་པར་སེམས་པའི་དམ་སྲི་ཕོ་མོའི་རིགས། །རྣམ་ཤེས་བདེ་ལྡན་ཞིང་དུ་དྲོངས་བྱས་ཏེ། །ལྔ་ཕུང་བསྒྲལ་ཞིང་འབར་བའི་ཞལ་དུ་བསྟབ། །ལས་ངན་བག་ཆགས་རྩད་ནས་བཅད་པ་དང་། །བདེ་འགྲོའི་རྟེན་བཟང་ཐོབ་ནས་བྱང་ཆུབ་ཀྱི། །ལམ་མཆོག་རྙེད་པའི་ཕྲིན་ལས་མཛད་དུ་གསོལ། །མི་མཐུན་འགལ་རྐྱེན་ཉེར་འཚེ་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་རྒྱས། །ཁམས་གསུམ་རླུང་སེམས་སྣང་བ་དབང་དུ་བསྡུས། །ཕྱི་ནང་གསང་བའི་དགྲ་གདོན་བགེགས་ཚོགས་བརླག །མདོར་ན་རྣམ་བཞིའི་ཕྲིན་ལས་གང་བརྩམ་རྣམས། །རིག་འཛིན་བརྒྱུད་པའི་དམ་བཞེས་ཐ་ཚིག་ལས། །མི་འདའ་འབད་མེད་གྱུར་པ་ཉིད་དུ་སྒྲུབ། །ཇི་ལྟར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །པདྨའི་བཀའ་སྲོལ་བཀའ་གཏེར་དག་སྣང་གི །དམ་ཆོས་བཤད་སྒྲུབ་འདུ་ཚོགས་དར་ཤིང་རྒྱས། །མཆོག་གསང་འོད་གསལ་རྫོགས་པ་ཆེན་པོ་ཡི། །བསྟན་པ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད། །ཕྱི་ལྟར་ལེགས་གྲུབ་རྡོ་རྗེ་ལྕམ་དྲལ་རྣམས། །ནང་དུ་རོ་རྐྱང་བདུད་མགོན་ཡབ་ཡུམ་ཤར། །གསང་བ་ཟ་བྱེད་རྡོ་རྗེ་སྲིན་པོ་ཆེ། །ཡང་གསང་ཀུན་བཟང་དཔལ་ཆེན་ཧེ་རུ་ཀ༴ །ངེས་པའི་ཤེས་པ་མཆོག་གི་བསྟེན་པ་ཡི། །འདི་ཕྱི་བར་དོའི་གནས་སྐབས་ཐམས་ཅད་དུ། །རྟག་ཏུ་བསྲུང་སྐྱོབས་སྡོང་གྲོགས་མི་གཡེལ་ཞིང་། །སྐད་ཅིག་ཙམ་ཡང་མི་འབྲལ་ཕྲིན་ལས་མཛོད། །བདུད་སྡེའི་གཡུལ་ལས་རྣམ་པར་རྒྱལ་བ་ཡི། །རུ་མཚོན་ཕྱོགས་བརྒྱར་སྒྲེངས་ཤིང་སྙན་གྲགས་ཀྱི། །བཀྲ་ཤིས་སྐྱེ་ལྔའི་སྒྲ་དབྱངས་སྒྲོགས་པ་དང་། །འཆི་མེད་རྡོ་རྗེའི་སྐུ་འགྲུབ་ཕྲིན་ལས་མཛོད། །ཅེས་དང་། ཁྱོད་ཉིད་བརྟེན་ཅིང་མཆོད་བསྟོད་བྱས་པའི་མཐུས༔ དགྱེས་པའི་ཞལ་སྟོན་སྒྲུབ་པའི་རྟགས་ཕྱུངས་ཤིག༔ སྙན་པའི་དུང་བུས་གྲགས་པའི་བ་དན་ཕྱོར༔ བརྒྱུད་འཛིན་སྲས་བུ་འཁོར་སློབ་རྒྱས་པར་མཛོད༔ བཤད་སྒྲུབ་སྡེ་དང་ལྷ་མི་དབང་བསྡུད་ཅིང་༔ དཔལ་འབྱོར་སྙན་གྲགས་རྒྱས་པར་མཛད་དུ་གསོལ༔ བསྒྲུབ་པའི་མཐུན་རྐྱེན་ཚེ་བསོད་ཡེ་ཤེས་སྟོབས༔ རཏྣ་དར་ཟབ་འབྲུ་ནོར་རྐང་འགྲོས་འཕེལ༔ འབད་མེད་འདོད་དགུ་ཡིད་བཞིན་དངོས་གྲུབ་དང་༔ སྡེ་སྲིད་མངའ་ཐང་རྒྱས་པར་མཛད་དུ་གསོལ༔ བར་དུ་གཅོད་བྱེད་བདུད་བཞིའི་དགྲ་གདོན་བགེགས༔ ཆོས་སྲིད་ནོར་ལ་བར་དུ་གཅོད་བྱེད་པ༔ འགབ་འདྲེ་ཆུང་སྲིའི་ཚོགས་རྣམས་བརླགས་པ་དང་༔ ཕྲིན་ལས་རྣམས་བཞི་དུས་འདིར་འགྲུབ་པར་མཛོད༔ ཅེས་ཕྲིན་ལས་བཅོལ་ཞིང་། སླར་ཡང་ལས་ཀྱི་གཉེར་གཏད་པ་ནི། ཧོ་དགོངས་སུ་གསོལ། བདུད་མགོན་ཆེན་པོ་སེངྒེའི་གདོང་པ་ཅན། དཔལ་འབར་སི་ན་ར་མ། ལས་མཁན་བམ་རོ་ཕོ་མོ། མ་སྲིང་དྲེགས་པ་སྡེ་བརྒྱད་ཁྱེད་རྣམས་སྔོན་ཚེ་ཀུན་བཟང་ཡབ་ཡུམ་རིག་འཛིན་པདྨ་ཧཱུྃ་ཀར་རིག་འཛིན་བདུད་འདུལ་རྡོ་རྗེ་འདུས་པ་རྩལ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅའ་བཞིན་དུ། སྤྲུལ་པའི་ཆོས་སྐྱོངས་ཆེན་པོ་ཁྱེད་ཀྱི། རིག་འཛིན་རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ། གཅེས་པའི་བུ་བཞིན་དུ་སྐྱོངས་ཤིག །དམ་ཚིག་ཅན་གྱི་སྲོག་ཟུངས་ཤིག །སྒྲུབ་པ་པོ་ཡི་གྲོགས་མཛོད་ཅིག །དམ་ཉམས་པའི་དགྲ་བོ་སྒྲོལ་ཅིག །ཆོས་སྐྱོང་བའི་སྲུངས་མ་ཁྱེད་ནི་ཞི་བའི་མདངས་ལྡན་པ། རྒྱས་པའི་བྱིན་ཆགས་པ། དབང་སྡུད་ཀྱི་རྩལ་མངའ་བ་དྲག་པོའི་དགྲ་བགེགས་སྒྲོལ་བའི་ལས་ལ་མྱུར་བ། བསྟན་པ་བསྲུང་བའི་བདག་པོ་མཐུ་སྟོབས་ཀྱི་དབང་ཕྱུག་བསྒྲུབ་པ་པོའི་བསམ་བཏན་གྱི་དྲོད་ཉུལ་བར་བྱེད་པའི་བསྟན་བསྲུང་ཆེན་པོ་ཀྵེ་ཏྲ་པ་ལ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་བདག་ལ་དགོངས་སུ་གསོལ། །བདག་སྔགས་འཆང་རྡོ་རྗེ་འཛིན་པ་ཞེས་བགྱི་བའི་སྒྲུབ་པའི་བསྟན་འདི་ལ་བཞུགས་པ་དང་གནས་པར་མཛོད་ཅིག །བདེ་བ་ཆེན་པོའི་ཞིང་དུ་འགྲོ་བ་ལ་བདུད་བཞིའི་འཇིགས་པ་ལ་སྐྱོབ་པ་དང་ས་ལམ་གྱི་སྐྱེལ་མ་མཛོད་ཅིག །ཡང་དག་པའི་ས་ལ་འཁྲིད་པའི་བསུ་མ་ཕྲིན་ལས་མཛོད་ཅིགསྙིང་པོ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལུས་ངག་ཡིད་གསུམ་ལོག་པའི་ལམ་ལ་ནམ་ཡང་མི་འཇུག་ཅིང་ཐར་པ་བྱང་ཆུབ་ཀྱི་ཕྱོགས་འབའ་ཞིག་ལ་འགྲོ་བར་མཛད་དུ་གསོལ། འཇིག་རྟེན་འདིར་ཡང་བདག་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཞིང་། ཟས་ནོར་ལོངས་སྤྱོད་ཐམས་ཅད་དབང་དུ་འདུ་བ་དང་། མངོན་སྤྱོད་ཕྲིན་ལས་གང་ལ་ཐོགས་པ་མེད་པར་འགྲུབ་པར་མཛད་དུ་གསོལ། བཀྲ་ཤིས་བདེ་ལེགས་ཐམས་ཅད་འབྱུང་ཞིང་ཅི་བསམ་ཐམས་ཅད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། ཞེས་གཏོར་མ་གསེར་སྐྱེམ་གཙང་སར་བསྐྱལ་ལོ། གཉིས་པ་རྗེས་མཆོད་བསྟོད་བཤགས་བསྡུ་བྱ་བ་ནི། གོང་དུ་བཤགས་བཟླས་མཐར་འབྱུང་བ་བཞིན་མཆོད་བསྟོད་བྱ། མ་རྙེད་ཡོངས་སུ་མ་ཚང་དང་། སོགས་ཀྱི་མཐར། ཡི་གེ་བརྒྱ་པ་ལན་གསུམ་བརྗོད། རྟེན་ཡོད་ན། འདིར་ནི་རྟེན་དང་སོགས་ཀྱི་ཡེ་ཤེས་པ་བརྟན་བཞུགས་དང་། མེད་ན། ཁྱེད་ཀྱི་སེམས་ཅན་སོགས་ཀྱི་གཤེགས་གསོལ་བྱ། གང་ལྟར་ཡང་འཇིག་རྟེན་པའི་འཁོར་རྣམས་གཙྪ་གཙྪ་སྭ་བྷ་ཝ་ནཾ་ཞེས་པས་རང་གནས་སུ་གཤེགས་པར་བསམ། གསུམ་པ་བསྔོ་སྨོན་ཤིས་བརྗོད་ནི། ཧཱུྃཿབདུད་མགོན་སེང་གདོང་ཡབ་ཡུམ་ལྷ་ཚོགས་བསྒྲུབ་ལགས་ཀྱི། །ལེགས་བྱས་འདི་ནི་དགེ་རྩ་ཅི་མཆིས་པ༔ ཕ་མ་འགྲོ་དྲུག་སེམས་ཅན་དོན་དུ་བསྔོ༔ མྱུར་དུ་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག༔ བཀའ་བརྩན་བྱིན་ཆགས་འདིར་བསྒྲུབ་བྱིན་བརླབས་ཀྱིས༔ རྡོ་རྗེ་སློབ་དཔོན་ཤེས་རབ་གཟུང་མར་བཅས༔ བསྒྲུབ་པའི་རིག་འཛིན་མཆེད་ལྕམ་ཐམས་ཅད་ཀྱིས༔ བྱང་ཆུབ་བསྒྲུབ་པའི་ཉེར་འཚེ་ཀུན་ཞི་ཞིང་༔ ཚེ་འདི་ཉིད་ལ་རིག་འཛིན་མཆོག་བསྒྲུབ་ཤོག༔ གང་དུ་བསྒྲུབ་པའི་ཡུལ་དེར་བཀྲ་ཤིས་ཤིང་༔ སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག༔ བསྟན་ལ་གནོད་ཅིང་སྐྱེ་འགྲོ་འཚེ་བྱེད་པའི༔ ཞིང་བཅུའི་སྡེ་རྣམས་མྱུར་དུ་བརླག་གྱུར་ཅིག༔ ས་ཕྱོགས་ཡུལ་རིས་རྒྱལ་ཁམས་ཐམས་ཅད་དུ༔ ཆར་ཆུ་དུས་འབེབས་ལོ་ཕྱུག་རྟགས་ལེགས་ནས༔ མི་ནད་ཕྱུག་ནད་དལ་ཡམས་རྒྱུན་ཆད་ནས༔ མཚོན་འཁྲུག་མུ་གེ་བྱད་དུག་ཀུན་ཞི་ཞིང་༔ འགྲོ་དྲུག་སེམས་ཅན་བདེ་སྐྱིད་འབྱུང་གྱུར་ཅིག༔ ཞིང་སྐྱོང་གཟི་ལྡན་བསྒྲུབ་མཆོག་བྱིན་བརླབས་ཀྱིས༔ དགྲ་བགེགས་བདུད་དཔུང་མ་ལུས་མྱུར་བསྒྲལ་ནས༔ བསྟན་དགྲ་མཐའ་དམག་མྱུར་དུ་བརླག་གྱུར་ཅིག༔ ཅེས་འདུན་པ་རྩེ་གཅིག་བས་སྨོན་ལམ་དུ་བྱ། དེ་ནས་ཤིས་པ་བརྗོད་པ་ནི། ཧཱུྃ་ཧྲཱི༔ བསྒྲུབ་མཆོག་རྣལ་འབྱོར་མཆེད་ལྕམ་ལ༔ ཐུགས་རྗེའི་ཀློང་ནས་བྱིན་བརླབས་ཆར་རྒྱུན་འབེབས༔ རྩ་རྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ དངོས་གྲུབ་རྣམ་གཉིས་ཆར་ལྟར་འབེབ་མཛད་པ༔ ཡི་དམ་དཀྱིལ་འཁོར་ལྷ་ཚོགས་བཀྲ་ཤིས་ཤོག༔ ཕྲིན་ལས་རྣམ་བཞི་ཐོགས་མེད་བསྒྲུབ་མཛད་པ༔ དཔའ་བོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ བསྟན་པ་བསྲུངས་ཤིང་རྣལ་འབྱོར་གྲོགས་མཛད་པ༔ ཞིང་སྐྱོང་ཀུན་དགའ་གཞོན་ནུའི་བཀྲ་ཤིས་ཤོག༔ བར་ཆད་སེལ་ཞིང་ལོངས་སྤྱོད་ཆར་བཞིན་འབེབ༔ ཡུམ་ཆེན་སེང་གེའི་གདོང་ཅན་བཀྲ་ཤིས་ཤོག༔ ཕྱི་ནང་བདུད་རིགས་བར་ཆད་སེལ་མཛད་པ༔ བཀའ་ཉན་དུག་མཚོན་ཕོ་མོའི་བཀྲ་ཤིས་ཤོག༔ གནོད་བྱེད་དགྲ་བགེགས་མ་ལུས་བསྒྲལ་མཛད་པ༔ དྲེགས་པ་སྡེ་བརྒྱད་ཚོགས་ཀྱིས་བཀྲ་ཤིས་ཤོག༔ དགྲ་བགེགས་མཐའ་དམག་རྡུལ་དུ་བརླག་མཛད་པ༔ ལས་མཁན་ཕོ་ཉ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པས་དགེ་ལེགས་སུ་བྱའོ། །སླར་སྨྲས་པ། རྒྱལ་བའི་བསྟན་སྲུང་ཀུན་གྱི་སྡེ་དཔོན་ཆེ། །ཕྲིན་ལས་གློག་ལྟར་མྱུར་བའི་བདུད་ཀྱི་མགོན། །ཞིང་སྐྱོང་གཟི་ལྡན་དགྱེས་མཆོད་བཀླགས་ཆོག་ཏུ། གཏེར་གཞུང་རྡོ་རྗེའི་ཚིག་རྣམས་བསྡེབས་པ་ལས། །བྱུང་བའི་དགེ་ཚོགས་ཐོབ་པ་ཅི་མཆིས་པ། །རྣམ་པ་དཀར་བའི་ཡིད་ཀྱི་བཟླས་པ་ཡང་། །བསྟན་པ་རིན་ཆེན་དར་ཤིང་རྒྱས་པ་དང་། །བསྟན་ལ་གནོད་པའི་དགྲ་བགེགས་གཞོལ་ཕྱིར་བསྔོ། །བདག་གཞན་བྱང་ཆུབ་སྒྲུབ་པའི་ཉེར་འཚེ་ཞི། །འཆི་བདག་བདུད་ཀྱི་གཡུལ་ལས་རྣམ་པར་རྒྱལ། །ཕྲིན་ལས་རྣམ་བཞི་གང་བརྩམ་ཐོགས་མེད་འགྲུབ། །ཁྱད་པར་དབང་དྲག་ཕྲིན་ལས་མཐར་ཕྱིན་ཤོག །འདི་ལ་ཉེས་པར་གྱུར་པ་ཅི་མཆིས་པ། །བླ་མ་ཡི་དམ་ཆོས་སྐྱོངས་སྲུང་མར་བཤགས། །འདི་ལ་མོས་པས་བརྩོན་པ་དེ་རྣམས་ཀྱང་། །ཞིང་སྐྱོངས་ཆེན་པོས་མི་འབྲལ་རྗེས་འཛིན་ཤོག །ཅེས་ཞིང་སྐྱོང་ཆེན་པོ་ལེགས་གྲུབ་རྡོ་རྗེའི་སྒྲུབ་སྐོར་གཏེར་ཁ་སྔ་ཕྱི་དུ་མ་ནས་བྱོན་ཀྱང་ཁྱད་པར་དུ་འཕགས་པ་གཏེར་ཆེན་བདུད་འདུལ་རྡོ་རྗེའི་གཏེར་ཁ་ནས་བྱོན་པ་འདི་ཉིད་ཟབ་རྒྱས་ཆེ་ཞིང་དེ་ཉིད་ཀྱི་རིགས་ཆོས་བརྒྱུད་འཛིན་ཁྲག་འཐུང་ནུས་ལྡན་རྡོ་རྗེ་ཡབ་སྲས་ནས་སྲུང་མའི་གཙོ་བོར་གནང་བ་དང་། རང་ཉིད་ཀྱང་ཆུང་ངུའི་དུས་སྲུང་མ་འདི་ལ་སྙིང་ནས་སྤྲོ་ཞིང་། བར་སྐབས་རྐྱེན་དུ་མས་སྙོམས་ལས་སུ་གྱུར་ཡང་། ཤར་ཀ་ནག་ཚང་གྲུབ་ཐོབ་ཀྱི་ངེད་ལ་ཕ་མེས་ཀྱི་ལྷ་སྲུང་གསོལ་མཆོད་ཆགས་པའི་ངོ་ཆེ་བར་གསུང་པ་རྒྱུས་མེད་ཀྱི་རྒྱུས་གཏམ་དོན་ཐོག་ཁེལ་བ་དང་། གཅུང་འཆི་མེད་པདྨ་རྡོ་རྗེས་ཀྱང་རྨི་ལམ་བྱུང་བའི་མཚམས་སྦྱར་སོགས་ལ་བརྟེན། མཁྱེན་བརྩེའི་ཕྲིས་ཀྱི་སྤྲུལ་མིང་འཛིན་པ་འཇམ་དབྱངས་བློ་གྲོས་རྒྱ་མཚོར་རང་ཉིད་ཀྱི་འདོན་བདེར་རང་ལོ་བཞི་བཅུར་སོན་པའི་ཁྲུམ་ཟླ་༨པའི་ཚེས་༡༤ལ་བསྡེབས་པ་འདིས་ཀྱང་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཞིང་ནགས་ཕྱོགས་ཀྱི་འབྱུང་པོའི་མཐུ་སྟོབས་རྩད་ནས་འཇོམ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

Footnotes

Other Information