DKR-KABUM-23-'A-022: Difference between revisions

From Khyentse Lineage - A Tsadra Foundation Project
DKR-KABUM-23-'A-022
No edit summary
No edit summary
Line 9: Line 9:
|author=Khyentse, Dilgo
|author=Khyentse, Dilgo
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourcerevealer=
|sourcerevealer=Khyentse, Dilgo
|sourcerevealertib=
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
|sourceauthor=
|sourceauthor=
|sourceauthortib=
|sourceauthortib=
Line 16: Line 16:
|associatedpeopletib=
|associatedpeopletib=
|tibgenre=Sadhanas - Evocation Ritual - sgrub thabs
|tibgenre=Sadhanas - Evocation Ritual - sgrub thabs
|terma=No
|terma=Yes
|dkroutline=Nine
|dkroutline=Nine
|deity=ge sar
|deity=ge sar

Revision as of 11:19, 15 December 2022

Wylie title ' DKR-KABUM-23-'A-022.pdf
Location dil mgo mkhyen brtse bka' 'bum
Volume 23, Text 22, Pages (Folios 1a to )
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: . Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Cycle དགྲ་འདུལ་ཝེར་མའི་སྙིང་ཏིག་ (dgra 'dul wer ma'i snying tig)
Deity ge sar
[edit]
དགྲ་འདུལ་ཝེར་མའི་སྙིང་ཏིག་ལས༔ གཙོ་འཁོར་ཡོངས་རྫོགས་ལ་བརྟེན་པའི་རླུང་རྟའི་ཀ་འཛུགས་ཀྱི་མདོས་ཆོག་ཕུན་ཚོགས་སྡེ་བཞིའི་དཔལ་སྐྱེད་དགེ་ལེགས་ཀུན་ཏུ་ཤིས་པའི་རོལ་མོ་ཞེས་བྱ་བ་བཞུགས།། ྈྈ ཤྲཱི་བི་ཛ་ཡནྟུ། །འཇིགས་བྲལ་སྟོབས་བཅུའི་ཡེ་ཤེས་ལས་བསྐྲུན་པའི། །ཕས་རྒོལ་སྦྱིན་སྐྱེས་མཐར་བྱེདདབང་པོའི་མཚོན། །མཚོ་སྐྱེས་དགྲ་བླ་དགྱེས་པའི་རུ་མཚོན་དེས། །ཕྱོགས་ལས་རྣམ་པར་རྒྱལ་བའི་དཔལ་སྩོལ་ཅིག །ཕུན་ཚོགས་མཐོ་རིས་ཤེད་མོང་དར་བའི་རྩེ། །རྨད་བྱུང་གྲགས་སྙན་ལང་ཚོ་དང་འགྲོགས་པའི། །བསོད་ནམས་རྒྱལ་ཐབས་སྦྱིན་བྱེད་མན་ངག་ཕུལ། །ངོ་མཚར་རྩིབས་སྟོང་འཛིན་དེ་འདི་ན་ཤར། །དེའང་ཆོས་སྲིད་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་སྐྱེད་པའི་ཐབས་ཀྱི་སྒོ་རླུང་རྟའི་ཀ་བ་འཛུགས་པའི་ལས་འགྲིག་ལ་གཉིས། རླུང་རྟའི་རྟེན་འཛུགས་ཀྱི་ཆོ་ག་དང༌། དཔལ་སྐྱེད་མདོས་ཀྱི་ལས་འགྲིག་གོ །དང་པོ་ནི་བཅའ་གཞིའི་ཡིག་ཆུང་གཞན་དུ་གསལ་ལ། གཉིས་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ཡར་ངོའི་གཟའ་སྐར་རྟེན་འབྱུང་དགེ་བའི་ཆར་གུང་དུ་ཡི་དམ་རྩ་གསུམ་གང་འོས་དང༌། གེ་སར་གཙོ་བོར་གྱུར་པའི་མཆོད་འོས་ཆོས་སྲུང་གི་གཏོར་མ། སྨན་རཀ་ཉེར་སྤྱོད། ཚོགས་མཆོད་སོགས་སྤྱི་ལྟར་དང༌། ཁྱད་པར་སྨན་སྣ་དང་རིན་ཆེན་ཕྱེ་མ་སྦགས་པའི་ཟན་དང་ས་གཏོར་གང་འོས་ཀྱི་རི་རབ་བང་རིམ་བཞི་པ་ཁང་བཟང་སུམ་བརྩེགས་ཅན་གྱི་རྨང་དུ་ཤར་ནས་རིམ་པར་ཕྱོགས་བཞིར་དཀར་ཟླུམ། དམར་གཏོར་གྲུ་གསུམ། དཀར་གཏོར་གླིང་བཞི། བཤོས་བུ་མཐིང་ག །མཚམས་བཞིར་བཤོས་བུ་གྲུ་བཞི་སེར་པོ་རེ་བཅས་ལ། སོ་སོའི་རྩེ་མོར་ཁྱུང་སྟག་སེང་འབྲུག་བཞི་དང༌། མཚམས་བཞིར་རྟ་བཞིའི་གཟུགས་ཀྱིས་བརྒྱན། བར་མཚམས་བང་རིམ་ཀུན་ཏུ་བཀྲ་ཤིས་རྫས་རྟགས་རིན་ཆེན་བདུན་དང༌། རྟ་ཕྱུགས་རི་དྭགས་གཅན་གཟན་སོགས་མཐུན་རྫས། མདོས་མཐར་མཆོད་པ་གོ་མཚོན་སྤྱན་གཟིགས་མཛེས་བརྗིད་དུ་བསྟར་བས་བརྒྱན་པར་བྱ། ཁྱད་པར་བསྒྲུབ་བྱ་གང་ཡིན་གྱི་རླུང་རྟའི་འབྱུང་ཁམས་གཙོ་བོར་གྱུར་པའི་ཅོད་པན་བརྒྱ་རྩ་ལས་མི་ཉུང་བ་ཕོ་བྲང་དུ་བསྟར་ནས་མཛེས་པར་བྱའོ། །གཉིས་པ་དངོས་གཞི་ལ་ཐོག་མར་བདག་གི་རྣལ་འབྱོར་གང་འོས་ཀྱི་བཟླས་པ་མཆོད་བསྟོད་དང་བཅས་པའི་མཐར། མདུན་བསྐྱེད་གེ་སར་ཕྲིན་ལས་ཕྱོགས་ལས་རྣམ་རྒྱལ་གྱི་མཆོད་པ་བྱིན་རླབས་ནས་བརྩམ་བཟླས་པའི་བར་དཀྱུས་ལྟར་བཏང་བའི་མཐར། མདོས་ལ་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ། རྔ་རོལ་སྙན་པའི་དབྱངས་དང་དྲི་ཞིམ་པོའི་བདུག་སྤོས་ཀྱི་མཆོད་པ་དང་བཅས་ཏེ། རྟེན་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅་ཧཾ། སྟོང་པའི་ངང་ལས་མདུན་གྱི་རླུང་རྟའི་རྟེན་མཁར་དེ་ཉིད་རྣམ་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་བང་རིམ་བཞི་ལྡན་གསེར་རི་རོལ་མཚོ་གླིང་བཞི་རྒྱ་མཚོ་ལྕགས་རི་དང་བཅས་པས་བསྐོར་བ། ངོ་བོ་འཕགས་པ་འཇམ་དཔལ་གྱི་ཐུགས་ཀྱི་སྤྲུལ་པ་མ་ཧཱ་གསེར་གྱི་རུས་སྦལ་གྱི་སྐུ་ཡེ་ཤེས་འབྱུང་བ་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། རི་རབ་ཀྱི་བང་རིམ་རྣམས་སུ་སྲིད་ཞིའི་དཔལ་འབྱོར་བསམ་གྱིས་མི་ཁྱབ་པས་མཛེས་པར་བསྟར་བ། རི་རབ་ཀྱི་རྩེར་ལྷ་དབང་རྣམ་པར་རྒྱལ་བའི་ནོར་བུའི་ཁང་བཟང༌། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བ། གསེར་གྱི་བ་གམ་དང་ནོར་བུའི་དྲྭ་ཕྱེད་དཔྱངས་པ། རྒྱན་བཀོད་ཕུན་སུམ་ཚོགས་པ་སུམ་རིམ་གྱི་འོག་ཁང་དུ་པདྨ་ཟླ་བའི་སྟེང་དུ་སེང་ཆེན་དགྲ་བླའི་རྒྱལ་པོ་དཀར་གསལ་ལྷ་ཡི་ཆས་ཅན། ཕྱག་གཡས་བ་དན་དཀར་པོ་ལྕེ་བརྒྱད་པ་ནམ་མཁའི་དབྱིངས་སུ་འཕྱར་བ་དྲི་ཞིམ་སྤོས་ཀྱི་རླུང་གིས་བསྐྱོད་པ། གཡོན་པས་དུང་དཀར་གཡས་འཁྱིལ་རང་སྒྲ་སྙན་པར་སྒྲོག་པ་བསྣམས་ཤིང༌། ཞབས་གཉིས་རོལ་སྟབས་ཀྱིས་ཅང་ཤེས་སྤྲིན་གྱི་ཤུགས་དང་རྫུ་འཕྲུལ་རླུང་གི་གཤོག་པ་ཅན་ལ་འཆིབས་པའི་འཁོར་དུ་ཞལ་དཀར་འཛམ་གླིང་དུང་གི་ཟླ་བ། སྐུ་སྲུང་སྒ་བདེའི་ཆོས་སྐྱོང་བེར་ནག །ཁྲོ་རྒྱལ་རྟ་མགྲིན་དབང་གི་རྒྱལ་པོ། དམག་དཔོན་འདན་མ་སྤྱང་ཁྲ། དཔའ་ཐུལ་ཕུ་ནུ་སུམ་ཅུ་སོགས་སྣང་སྲིད་དགྲ་བླ་ཝེར་མའི་ཚོགས་ཀྱིས་བསྐོར་བ། བར་ཁང་དུ་འཕགས་པ་འཇམ་དཔལ་གཞོན་ནུ་དང༌། སྤྱན་རས་གཟིགས་པདྨ་གཙུག་གཏོར། གསང་བདག་ཕྱག་ན་རྡོ་རྗེ། བཅོམ་ལྡན་དུས་ཀྱི་འཁོར་ལོ། རྗེ་བཙུན་འཕགས་མ་སྒྲོལ་མ་རྣམས་དང༌། སྟེང་ཁང་དུ་མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་བཅས་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ། ཡེ་ཤེས་ཀྱི་གཟི་བྱིན་འབར་ཞིང་འཁྲུགས་པ་དྭངས་མའི་སྐུ་ཅན་དུ་བཞུགས་པ། ཕྱོགས་ཀྱི་གླིང་བཞིའི་མཚམས་སུ་ཕོ་བྲང་འོག་མའི་སྒོ་བཞིར་རླུང་གི་ཀ་བ་གཡུ་དང་བྱེ་རུ་ཤེལ་དང་བཻ་ཌཱུརྻ། མཚམས་བཞིར་གསེར་གྱི་ཀ་བ་བཞི་བཅས་སྲ་བརྟན་བརྗིད་པའི་ཕྱོགས་བཞིའི་ཀ་བའི་རྩེ་མོར་ཤར་དུ་བྱི་འབྲུག་སྤྲེལ་གསུམ་གྱི་རླུང་རྟའི་ལྷ་ཤིང་སྟག །ལྷོར་ཕག་ལུག་ཡོས་གསུམ་གྱི་རླུང་རྟའི་ལྷ་མེ་འབྲུག །ནུབ་ཏུ་སྟག་རྟ་ཁྱི་གསུམ་གྱི་རླུང་རྟའི་ལྷ་ལྕགས་སྤྲེལ། བྱང་དུ་བྱ་གླང་སྦྲུལ་གསུམ་གྱི་རླུང་རྟའི་ལྷ་ཆུ་ཕག །མཚམས་བཞིའི་ཀ་བའི་རྩེར་ནོར་བུ་སྣ་ཚོགས་མདོག་ཅན་ཧ་ཡིག་གིས་མཚན་པ། ཀ་བ་རྣམས་ཀྱི་རྩ་བར་ཁྱུང་སྟག་སེང་གེ་འབྲུག་རྟ་རྣམས་མཛེས་སྡུག་རྒྱན་ཆ་ཕུན་སུམ་ཚོགས་པ། རླུང་ལྟར་འཕྱོ་ཞིང་རྒྱུག་པ། གཞན་ཡང་སྤར་ཁ་སྨེ་བ་ལོ་སྐོར་སོགས་འབྱུང་བ་ལྔ་ཡིས་བསྡུས་པའི་རྟེན་འབྲེལ་སྲིད་པ་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་མ་འདྲེས་གསལ་རྫོགས་སུ་བཞུགས་པའི། ཞེས་གསལ་བཏབ་ལ། ཐུགས་སྲོག་རང་རང་གི་ས་བོན་གྱིས་མཚན་པ་ལས་འོད་འཕྲོས་པས་བསྒོམས་པ་ལྟ་བུའི་ཡེ་ཤེས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་ནས་གཟུགས་སྐུར་བཞེངས་ཏེ་སྐད་ཅིག་གིས་སྤྱན་དྲངས་པར་གྱུར། སྤྱན་འདྲེན་པ་ནི། ཀྱཻ༔ བཀྲ་ཤིས་ཡིད་འོང་མཛེས་པའི་ཞིང༔ སྣང་སྲིད་དགྲ་བླའི་དཀྱིལ་འཁོར་རྫོགས༔ མཁའ་ལ་སྤྲིན་དཀར་དལ་གྱིས་གཡོ༔ མེ་ཏོག་ཆར་པ་སི་ལི་ལི༔ སྙན་པའི་འབྲུག་སྒྲ་འུ་རུ་རུ༔ བར་སྣང་རེག་འཇམ་རླུང་གིས་དྭངས༔ ལྷ་རྫས་ཆར་པ་ཕྱོགས་ཀུན་འབེབས༔ དགྲ་བླ་ཝེར་མ་བྲོ་གར་བསྒྱུར༔ ཌཱ་ཀི་དྭངས་སྨན་གླུ་གར་སྒྲོག༔ ས་གཞིར་སྣ་ཚོགས་མཆོད་པའི་སྤྲིན༔ དཔག་མེད་མཛེས་པའི་བཀོད་ལེགས་བཤམས༔ སྣ་ཚོགས་དར་གྱི་ཅོད་པན་འཕུར༔ རིན་ཆེན་རོལ་མོ་ཁྲོ་ལོ་ལོ༔ དགྲ་བླའི་བ་དན་ཤིགས་སེ་ཤིག༔ དེང་འདིར་དཔའ་བོའི་གྲོགས་ལ་བྱོན༔ དོན་གྲུབ་ཝེར་མའི་རྒྱལ་པོ་ཁྱོད༔ ངོ་བོ་སངས་རྒྱས་པདྨ་སྐྱེས༔ རྣམ་པ་དཔལ་ལྡན་དགྲ་བླའི་རྒྱལ༔ སྐུ་ནི་འཇམ་དཔལ་རྡོ་རྗེ་རྣོན༔ གསུང་ནི་པདྨ་གར་གྱི་དབང༔ ཡེ་ཤེས་ཐུགས་ནི་རྡོ་རྗེ་འཛིན༔ ཡོན་ཏན་དཔལ་ལྡན་དུས་འཁོར་ལོ༔ ཕྲིན་ལས་སྒྲོལ་མ་ལས་ཀྱི་ལྷ༔ ངོ་མཚར་བསམ་མི་ཁྱབ་པ་ཉིད༔ སྔོན་ཚེ་རིག་འཛིན་པདྨ་འབྱུང༔ མ་འོངས་དྲག་པོ་འཁོར་ལོ་ཅན༔ བདག་དང་དབྱེར་མེད་སྙིང་གི་ལྷ༔ རིག་པའི་དཔལ་བེའུར་འདུ་འབྲལ་མེད༔ དད་དང་དམ་ཚིག་གདུང་ཤུགས་ཀྱིས༔ གནད་ནས་བསྐུལ་ལོ་མ་གཡེལ་བར༔ རྣལ་འབྱོར་བདག་གི་གྲོགས་ལ་བྱོན༔ སངས་རྒྱས་ཆོས་ཀྱི་དགྲ་བླ་མཛོད༔ ཕོ་ལྷ་ཡོ་བ་གནས་སུ་ཁུག༔ ཕྲག་ལྷ་མ་ཉམས་དར་ཞིང་བཙན༔ ཕྱོགས་ལས་རྣམ་རྒྱལ་དཔལ་ཐོབ་མཛོད༔ ལུས་ལ་དགྲ་བླའི་དཔའ་རྫོང་ཆོས༔ མཛེས་བརྗིད་དཔའ་བའི་དགྲ་བླ་སྐྱེད༔ ངག་ལ་ཝེར་མའི་དབྱངས་དང་ལྡན༔ ཚངས་དབྱངས་འབྲུག་ལྟར་གྲགས་པར་མཛོད༔ སེམས་ལ་སེང་ཆེན་ཡེ་ཤེས་སྐྱེད༔ གཟུངས་སྤོབས་བློ་ཡི་སྒོ་བརྒྱ་ཕྱེས༔ སྙན་པའི་བ་དན་གཡོ་བར་མཛོད༔ གྲགས་པའི་འབྲུག་སྒྲས་འཁྱུད་ཅིང་རྒྱས༔ མི་མཐུན་རྒོལ་བ་ཟིལ་གྱིས་གནོན༔ ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད༔ དེ་ནས་རླུང་རྟའི་ལྷ་རྣམས་མཆོད་པའི་ཕྱིར་སོ་སོའི་ཚིག་མཚམས་སུ་གཏོར་མ་གསོ་བྲན་དང་བཅས་ཏེ་ཕྲིན་ལས་བཅོལ་བ་ནི། ཀྱཻ༔ ཤར་ཕྱོགས་དཔག་བསམ་ཤིང་གི་ཚལ༔ གཡུ་ཡི་རླུང་གི་ཀ་བ་ནས༔ དགྲ་འདུལ་སྐྱེས་བུའི་ཡོན་ཏན་གཟུགས༔ སྲིད་པ་ལས་ཀྱི་ལྷ་ཆེན་པོ༔ དགྲ་བླ་ཁྱུང་ཆེན་གཤེགས་སུ་གསོལ༔ ཁྱོད་ཀྱི་ཡེ་ཤེས་རང་རྩལ་ལས༔ ཏིང་འཛིན་མཁའ་མཉམ་ཧཱུྃ་ཀཱ་ར༔ ནམ་མཁའི་སྙིང་པོ་རྟོགས་པ་ལྡན༔ རྡོ་རྗེ་ཐོད་ཕྲེང་རྩལ་ལ་སོགས༔ རྡོ་རྗེའི་རིག་འཛིན་ཕྱག་རྒྱ་ཆེ༔ རྡོ་རྗེ་སེམས་དཔའ་ཧེ་རུ་ཀ༔ སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར༔ རྡོ་རྗེ་རིགས་ཀྱི་དཔའ་བོ་དང༔ མཁའ་འགྲོ་འབུམ་ཕྲག་ཡངས་པ་དང༔ ཕྱག་བཞི་ལ་སོགས་ཆོས་སྐྱོང་བའི༔ སྲུང་མ་དམ་ཅན་རྒྱ་མཚོ་བཅས༔ ཉི་ཟེར་རྡུལ་ལྟར་ཀུན་ཏུ་འཚུབས༔ སྤྲུལ་པ་རྒྱ་སྟག་རི་མོ་ཅན༔ བྱི་འབྲུག་སྤྲེལ་གསུམ་ལོ་སྐལ་གྱི༔ རྟེན་འབྲེལ་ཁྱིམ་དང་སྐྱེ་མཆེད་ཀྱི༔ དཔལ་འཛིན་དགྲ་བླ་ཝེར་མ་ལ༔ དར་སྣ་བ་དན་བསང་གིས་མཆོད༔ རྔ་དབྱངས་རོལ་མོ་གླུ་ཡིས་བརྔན༔ ཕྱོགས་ངན་དུས་སྐེག་བྱད་ཕུར་དང༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཡིས༔ རླུང་རྟ་རྒུད་པའི་སྐྱོན་ཀུན་ཞི༔ གྲགས་སྙན་དཔལ་སྐྱེད་རྒྱལ་ཁ་ལོངས༔ ཅི་བསམ་འགྲུབ་པའི་སྟོངས་གྲོགས་མཛོད༔ ཤིང་ཁམས་རླུང་གི་ཀ་བ་ཚུགས༔ རྣལ་འབྱོར་བདག་གི་ཕོ་ལྷ་གྱིས༔ ལུས་ཀྱི་རྩ་དང་རྒྱུས་པའི་ཁམས༔ གཉིས་མེད་བཞུགས་ལ་ལང་ཚོ་སྐྱེད༔ འཆི་མེད་ཚེ་ཡི་དམུ་ཐག་སྲིངས༔ ཕྱོགས་ལས་རྣམ་རྒྱལ་རུ་མཚོན་ཕྱོར༔ མཛངས་འཕྲུལ་ལྡན་པའི་རླུང་རྟ་སྐྱེད༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཀྱཻ༔ ལྷོ་ཕྱོགས་མེ་ལྕེ་ཟེར་འཁྲུགས་པར༔ བྱེ་རུའི་རླུང་གི་ཀ་བ་ནས༔ དཔའ་བོ་ཆེན་པོའི་ཐུགས་ཀྱི་འཕྲུལ༔ སྲིད་པ་ལས་ཀྱི་ལྷ་ཆེན་པོ༔ དགྲ་བླ་སྟག་ཆེན་གཤེགས་སུ་གསོལ༔ ཁྱོད་ཀྱི་ཡེ་ཤེས་རང་རྩལ་ལས༔ ཡེ་ཤེས་མཆོག་བརྙེས་འཇམ་དཔལ་བཤེས༔ མཁྱེན་རབ་བདག་པོ་གནུབས་ཆེན་པོ༔ རཏྣ་ཐོད་ཕྲེང་རྩལ་ལ་སོགས༔ རིན་ཆེན་ཚེ་དབང་རིག་པ་འཛིན༔ ཡེ་ཤེས་སེམས་དཔའ་འཇམ་དཔལ་དབྱངས༔ སྣང་སྲིད་ཕྱག་རྒྱ་ཟིལ་གྱིས་གནོན༔ རིན་ཆེན་རིགས་ཀྱི་དཔའ་བོ་དང༔ མཁའ་འགྲོ་འབུམ་ཕྲག་ཡངས་པ་དང༔ སྟག་ཞོན་ལ་སོགས་ཆོས་སྐྱོང་བའི༔ སྲུང་མ་དམ་ཅན་རྒྱ་མཚོ་བཅས༔ ཉི་ཟེར་རྡུལ་ལྟར་ཀུན་ཏུ་འཚུབས༔ སྤྲུལ་པ་མེ་འབྲུག་འཁྱིལ་ཞིང་འཁྱུག༔ ཕག་ལུག་ཡོས་གསུམ་ལོ་སྐལ་གྱི༔ རྟེན་འབྲེལ་ཁྱིམ་དང་སྐྱེ་མཆེད་ཀྱི༔ དཔལ་འཛིན་དགྲ་བླ་ཝེར་མ་ལ༔ དར་སྣ་བ་དན་བསང་གིས་མཆོད༔ རྔ་དབྱངས་རོལ་མོ་གླུ་ཡིས་བརྔན༔ ཕྱོགས་ངན་དུས་སྐེག་བྱད་ཕུར་དང༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཡིས༔ རླུང་རྟ་རྒུད་པའི་སྐྱོན་ཀུན་ཞི༔ སྙན་གྲགས་དཔལ་སྐྱེད་རྒྱལ་ཁ་ལོངས༔ ཅི་བསམ་འགྲུབ་པའི་སྟོངས་གྲོགས་མཛོད༔ མེ་ཁམས་རླུང་གི་ཀ་བ་ཚུགས༔ རྣལ་འབྱོར་བདག་གི་ཕོ་ལྷ་གྱིས༔ ལུས་ཀྱི་དྲོད་ཁམས་མཆོག་ཉིད་དང༔ གཉིས་མེད་བཞུགས་ལ་ལང་ཚོ་སྐྱེད༔ འཆི་མེད་ཚེ་ཡི་དམུ་ཐག་སྲིངས༔ ཕྱོགས་ལས་རྣམ་རྒྱལ་རུ་མཚོན་ཕྱོར༔ དཔའ་སྟོབས་ལྡན་པའི་རླུང་རྟ་སྐྱེད༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ༔ ཀྱཻ༔ ནུབ་ཕྱོགས་ཤེལ་བྲག་ལྕགས་རིའི་ཟོམ༔ དངུལ་གྱི་རླུང་གི་ཀ་བ་ནས༔ ཡེ་ཤེས་རྒྱལ་པོའི་སྐུ་ལས་སྤྲུལ༔ སྲིད་པ་ལས་ཀྱི་ལྷ་ཆེན་པོ༔ དགྲ་བླ་སེང་ཆེན་གཤེགས་སུ་གསོལ༔ ཁྱོད་ཀྱི་ཡེ་ཤེས་རང་རྩལ་ལས༔ རྩ་རླུང་གནས་དག་ནཱ་གརྫུ༔ ཡུལ་གསུམ་གྱད་གྱུར་རྒྱལ་མཆོག་དབྱངས༔ པདྨ་ཐོད་ཕྲེང་རྩལ་ལ་སོགས༔ པདྨའི་རིག་འཛིན་ཕྱག་རྒྱ་ཆེ༔ ཚེ་ལ་དབང་སྒྱུར་འོད་མཐའ་ཡས༔ དབང་གི་རྒྱལ་པོ་ཧ་ཡ་གྲཱྀ༔ པདྨ་རིགས་ཀྱི་དཔའ་བོ་དང༔ མཁའ་འགྲོ་འབུམ་ཕྲག་ཡངས་པ་དང༔ ཕྱག་དྲུག་ལ་སོགས་ཆོས་སྐྱོང་བའི༔ སྲུང་མ་དམ་ཅན་རྒྱ་མཚོ་བཅས༔ ཉི་ཟེར་རྡུལ་ལྟར་ཀུན་ཏུ་འཚུབས༔ སྤྲུལ་པ་ལྕགས་སྤྲེལ་བརྩེ་ལྡན་འཕྲོ༔ སྟག་རྟ་ཁྱི་གསུམ་ལོ་སྐལ་གྱི༔ རྟེན་འབྲེལ་ཁྱིམ་དང་སྐྱེ་མཆེད་ཀྱི༔ དཔལ་འཛིན་དགྲ་བླ་ཝེར་མ་ལ༔ དར་སྣ་བ་དན་བསང་གིས་མཆོད༔ རྔ་དབྱངས་རོལ་མོ་གླུ་ཡིས་བརྔན༔ ཕྱོགས་ངན་དུས་སྐེག་བྱད་ཕུར་དང༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཡིས༔ རླུང་རྟ་རྒུད་པའི་སྐྱོན་ཀུན་ཞི༔ གྲགས་སྙན་དཔལ་སྐྱེད་རྒྱལ་ཁ་ལོངས༔ ཅི་བསམ་འགྲུབ་པའི་སྟོངས་གྲོགས་མཛོད༔ ལྕགས་ཁམས་རླུང་གི་ཀ་བ་ཚུགས༔ རྣལ་འབྱོར་བདག་གི་ཕོ་ལྷ་གྱིས༔ ལུས་ཀྱི་རུས་པའི་ཁམས་ཉིད་དང༔ གཉིས་མེད་བཞུགས་ལ་ལང་ཚོ་སྐྱེད༔ འཆི་མེད་ཚེ་ཡི་དམུ་ཐག་སྲིངས༔ ཕྱོགས་ལས་རྣམ་རྒྱལ་རུ་མཚོན་ཕྱོར༔ མཛེས་བརྗིད་ལྡན་པའི་རླུང་རྟ་སྐྱེད༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཀྱཻ༔ བྱང་ཕྱོགས་སྤྲིན་གྱི་ལྡིང་གུར་ཀློང༔ དབང་སྔོན་རླུང་གི་ཀ་བ་ནས༔ གེ་སར་སྐྱེས་བུའི་གསུང་ལས་སྤྲུལ༔ སྲིད་པ་ལས་ཀྱི་ལྷ་ཆེན་པོ༔ དགྲ་བླ་འབྲུག་ཆེན་གཤེགས་སུ་གསོལ༔ ཁྱོད་ཀྱི་ཡེ་ཤེས་རང་རྩལ་ལས༔ ཕྲིན་ལས་སྟོབས་རྫོགས་པྲ་ཧསྟི༔ སྣང་སྲིད་ཐལ་འབྱིན་མཁར་ཆེན་བཟའ༔ ཀརྨ་ཐོད་ཕྲེང་རྩལ་ལ་སོགས༔ ལས་ཀྱི་རིག་འཛིན་ལྷུན་གྱིས་གྲུབ༔ ཕྲིན་ལས་སྟོབས་རྫོགས་ཀཱི་ལ་ཡ༔ མྱུར་མ་དཔའ་མོ་ཡིད་བཞིན་འཁོར༔ ཀརྨ་རིགས་ཀྱི་དཔའ་བོ་དང༔ མཁའ་འགྲོ་འབུམ་ཕྲག་ཡངས་པ་དང༔ མ་ནིང་ལ་སོགས་ཆོས་སྐྱོང་བའི༔ སྲུང་མ་དམ་ཅན་རྒྱ་མཚོ་བཅས༔ ཉི་ཟེར་རྡུལ་ལྟར་ཀུན་ཏུ་འཚུབས༔ སྤྲུལ་པ་མཐིང་གི་ཕག་རྒོད་ངར༔ བྱ་གླང་སྦྲུལ་གསུམ་ལོ་སྐལ་གྱི༔ རྟེན་འབྲེལ་ཁྱིམ་དང་སྐྱེ་མཆེད་ཀྱི༔ དཔལ་འཛིན་དགྲ་བླ་ཝེར་མ་ལ༔ དར་སྣ་བ་དན་བསང་གིས་མཆོད༔ རྔ་དབྱངས་རོལ་མོ་གླུ་ཡིས་བརྔན༔ ཕྱོགས་ངན་དུས་སྐེག་བྱད་ཕུར་དང༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཡིས༔ རླུང་རྟ་རྒུད་པའི་སྐྱོན་ཀུན་ཞི༔ སྙན་གྲགས་དཔལ་སྐྱེད་རྒྱལ་ཁ་ལོངས༔ ཅི་བསམ་འགྲུབ་པའི་སྟོངས་གྲོགས་མཛོད༔ ཆུ་ཁམས་རླུང་གི་ཀ་བ་ཚུགས༔ རྣལ་འབྱོར་བདག་གི་ཕོ་ལྷ་གྱིས༔ ལུས་ཀྱི་བཀྲག་དང་དྭངས་མའི་ཁམས༔ གཉིས་མེད་བཞུགས་ལ་ལང་ཚོ་སྐྱེད༔ འཆི་མེད་ཚེ་ཡི་དམུ་ཐག་སྲིངས༔ ཕྱོགས་ལས་རྣམ་རྒྱལ་རུ་མཚོན་ཕྱོར༔ སྙན་གྲགས་དཔལ་ལྡན་རླུང་རྟ་སྐྱེད༔ མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ༔ ཀྱཻ༔ མཚམས་བཞིར་རིན་ཆེན་གསེར་གྱི་རིར༔ གསེར་གྱི་རླུང་གི་ཀ་བ་ནས༔ དགྲ་འདུལ་སྐྱེས་བུའི་ཕྲིན་ལས་འཕྲུལ༔ སྲིད་པ་ལས་ཀྱི་ལྷ་ཆེན་པོ༔ དགྲ་བླ་རྟ་མཆོག་གཤེགས་སུ་གསོལ༔ ཁྱོད་ཀྱི་ཡེ་ཤེས་རང་རྩལ་ལས༔ བདེ་འགྲོའི་མཆོག་གྲུབ་དྷ་ན་སཾ༔ རིག་འཛིན་རྒྱལ་པོ་ཐོད་ཕྲེང་རྩལ༔ དྲེགས་པ་ལས་ཁོལ་གུ་ཧྱ་ཙཎ༔ དམོད་པའི་སྟོབས་རྫོགས་ཤཱནྟིཾ་གྷར༔ འབྲོག་མི་དཔལ་ཡེ་གྲུབ་པ་ཆེ༔ བོད་ཡུལ་ཆོས་བཀོད་བཙན་པོ་མཆོག༔ སྡེ་བརྒྱད་བྲན་བཀོལ་རླངས་དཔལ་སེང༔ ཡེ་ཤེས་སྤྱན་ལྡན་བཻ་རོ་སོགས༔ ལས་ཀུན་ལྷུན་གྲུབ་རིག་པ་འཛིན༔ བརྒྱུད་པ་དྲུག་ལྡན་ཐམས་ཅད་དང༔ བདེ་ཆེན་ཡེ་ཤེས་མངོན་རྫོགས་རྒྱལ༔ ལམ་ལྔའི་མཆོག་བརྙེས་རིག་འཛིན་ཚོགས༔ དྲེགས་པ་ཀུན་འདུལ་གསང་བ་འཛིན༔ མངོན་སྤྱོད་བདག་པོ་སྟོབས་ལྡན་ནག༔ ཞི་དང་ཁྲོ་ཚུལ་བསམ་མི་ཁྱབ༔ རབ་འབྱམས་དཀྱིལ་འཁོར་བསམ་ཡས་དང༔ སྲིད་པའི་རྒྱལ་མོ་རལ་པ་གཅིག༔ ཞིང་སྐྱོང་སྟོབས་འཕྲོག་གདོང་བཞི་པ༔ དཔལ་ལྡན་རྡོ་རྗེ་གུར་གྱི་མགོན༔ སྲས་མཆོག་བེར་གྱི་ན་བཟའ་ཅན༔ དཔལ་མགོན་ཚོགས་ཀྱི་བདག་པོ་དང༔ རང་བྱུང་རྒྱལ་མོ་འདོད་ཁམས་དབང༔ བོད་སྐྱོང་བརྟན་མ་བཅུ་གཉིས་དང༔ མགུར་ལྷ་དགེ་བསྙེན་གངས་ར་སོགས༔ རྒྱུད་གསུམ་ཆོས་སྲུང་རྒྱ་མཚོ་བཅས༔ ཉི་ཟེར་རྡུལ་ལྟར་ཀུན་ཏུ་འཚུབས༔ སྤྲུལ་པ་སྣ་ཚོགས་མ་ངེས་སྟོན༔ བཅུ་གཉིས་ལོ་ལ་དབང་བསྒྱུར་བའི༔ རྟེན་འབྲེལ་ཁྱིམ་དང་སྐྱེ་མཆེད་ཀྱི༔ དཔལ་འཛིན་དགྲ་བླ་ཝེར་མ་ལ༔ དར་སྣ་བ་དན་བསང་གིས་མཆོད༔ རྔ་དབྱངས་རོལ་མོ་གླུ་ཡིས་བརྔན༔ ཕྱོགས་ངན་དུས་སྐེག་བྱད་ཕུར་དང༔ སྔོན་ལས་འཕྲལ་རྐྱེན་ངན་པ་ཡིས༔ རླུང་རྟ་རྒུད་པའི་སྐྱོན་ཀུན་ཞི༔ སྙན་གྲགས་དཔལ་སྐྱེད་རྒྱལ་ཁ་ལོངས༔ ཅི་བསམ་འགྲུབ་པའི་སྟོངས་གྲོགས་མཛོད༔ ས་ཁམས་རླུང་གི་ཀ་བ་ཚུགས༔ རྣལ་འབྱོར་བདག་གི་ཕོ་ལྷ་གྱིས༔ ལུས་ཀྱི་ཤ་དང་པགས་པའི་ཁམས༔ གཉིས་མེད་བཞུགས་ལ་ལང་ཚོ་སྐྱེད༔ འཆི་མེད་ཚེ་ཡི་དམུ་ཐག་སྲིངས༔ ཕྱོགས་ལས་རྣམ་རྒྱལ་རུ་མཚོན་ཕྱོར༔ སྙན་གྲགས་དཔལ་ལྡན་རླུང་རྟ་སྐྱེད༔ མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ༔ ཅེས་བརྗོད། སྐབས་འདིར་མངའ་གསོལ་རྒྱས་པར་སྤྲོ་ན། གཏེར་གཞུང་ལས། ཁྱད་པར་དཔའ་བོ་གོ་ལྡན་པས༔ མཚོན་ཆ་སྣ་ཚོགས་ངོ་མཚར་བའི༔ ཤིས་པའི་རྟགས་རྫས་དང་བཅས་ཏེ༔ སྙན་བརྗིད་དབྱངས་དང་རོལ་མོ་ཡིས༔ ཐུགས་དམ་བསྐུལ་ཞིང་སྒྱུ་རྩལ་བཤམས༔ ཞེས་གསུངས་པ་ལྟར། ཀྱཻ༔ མཐུ་ལྡན་དགྲ་བླ་ཝེར་མ་ནི༔ ཀི་ལ་འདུ་ཞིང་བསྭོ་ལ་དགྱེས༔ དཔའ་བོ་དམག་ལ་དགྱེས་ལགས་པས༔ མཐུན་པའི་རྫས་ཀྱིས་ངོ་སོ་བསྟོད༔ སྐྱེས་པ་དེ་ནི་སྟག་ཆས་ཅན༔ མཛེས་པའི་ལང་ཚོ་དར་ལ་བབ༔ ཡིད་འོང་ལྷ་ཡི་ཁྱེ་འུ་འདྲ༔ གར་གྱི་སྟངས་སྟབས་ཁྲིགས་སེ་ཁྲིག༔ ལུས་ལ་རྡོ་རྗེའི་གོ་ཡིས་བརྒྱན༔ སྲ་བརྟན་མི་ཤིགས་དཔལ་དང་ལྡན༔ རིན་ཆེན་སྣ་ཚོགས་ཡ་ལད་ཅན༔ སྣ་ཚོགས་རྒྱུན་ཐག་སྦྲེངས་སེ་སྦྲེང༔ མགོ་ལ་ལྕགས་དཀར་ཞུན་མའི་རྨོག༔ རྒྱལ་མཚན་རུ་དར་རྒོད་འཕྲུ་བཀྲ༔ དགུང་དང་མཉམ་ཞིང་འཕུར་བ་ཡིས༔ དབུ་འཕང་གཉན་པོ་དབྱིངས་སུ་བསྟོད༔ གཡས་སུ་སྟག་དོང་འཇའ་བས་བཀྲ༔ གཡོན་དུ་གཟིག་ཤུབས་འཛུམ་གྱིས་འཁྱིལ༔ རྣོ་ལྡན་རལ་གྲི་འཁོར་ཞིང་འཁྱུག༔ མཛེས་པ་སྐུ་ཡིས་མངའ་གསོལ་འབུལ༔ རྩེ་མོ་གནམ་ལྕགས་ཐོག་ལས་རྣོ༔ རུ་དར་སྣ་ཚོགས་འཕྱར་ཞིང་མཛེས༔ དཔའ་བོའི་དམག་གི་མཚོན་ཆ་འདིས༔ ཕྲིན་ལས་ཐོགས་མེད་མངའ་གསོལ་འབུལ༔ མཛེས་པའི་གོམ་སྟབས་སེང་ལྟར་འགྱིང༔ མགོ་བོའི་ལྟ་སྟངས་གཡས་གཡོན་བསྒྱུར༔ ལག་པ་ཁྱུང་གཤོགས་ལྟར་བརྒྱང་བའི༔ རྡོ་རྗེ་བྲོ་ཡིས་མངའ་གསོལ་འབུལ༔ བརྗིད་པའི་ང་རོ་འབྲུག་བཞིན་སྒྲོག༔ འགྱུར་ཁུག་འདེགས་འཇོག་ཚངས་པའི་དབྱངས༔ ཀི་བསྭོ་ཆ་སྒྲ་རྒྱལ་རྔ་བཅས༔ དྲག་ཏུ་སྒྲོག་པས་མངའ་གསོལ་འབུལ༔ འཇིགས་མེད་སྤོབས་པའི་བློ་གྲོས་ཟབ༔ འཕྲུལ་ལྡན་རིག་པའི་རྩལ་ཁ་མྱུར༔ གཞན་སྡེ་ཟིལ་གནོན་རང་སྲིད་སྲུང༔ མཛངས་འཕྲུལ་ཐུགས་སུ་མངའ་གསོལ་འབུལ༔ ཤིས་པའི་རྟགས་རྫས་མཆོག་བརྒྱད་དང༔ ལྷ་དང་གྲུབ་པའི་ཕྱག་རྒྱ་ཆེ༔ དགོས་འདོད་འབྱུང་བའི་དངོས་གྲུབ་རྫས༔ ཡོན་ཏན་ཆེ་མཆོག་མངའ་གསོལ་འབུལ༔ རྣམ་བཞིའི་ལས་རྣམས་ཐམས་ཅད་ཀུན༔ བསམ་པ་ཙམ་གྱིས་འབད་མེད་དུ༔ འགྲུབ་བྱེད་རྒྱལ་སྲིད་རིན་ཆེན་བདུན༔ ཕྲིན་ལས་རྒྱན་དུ་མངའ་གསོལ་འབུལ༔ མངའ་གསོལ་སྐུ་ཟིལ་རི་ལས་བརྗིད༔ དགྲ་བླའི་གོ་མཚོན་རྩི་ཤིང་ལྟར༔ སྤུངས་ཏེ་འབུལ་ན་དགྲ་བླ་སྐྱེད༔ གཟི་བརྗིད་ཉི་མ་ལྟ་བུར་མཛོད༔ མངའ་གསོལ་སྙན་གྲགས་འབྲུག་ལྟར་སྒྲོག༔ ཆེ་བརྗིད་ཚངས་པའི་དབྱངས་དང་བཅས༔ སྨྲ་བའི་ངག་གི་ཚིག་བཙན་པས༔ དབང་ཕྱུག་ཤེས་ཉན་ཆེ་བར་མཛོད༔ མངའ་གསོལ་བློ་གྲོས་མཚོ་ལྟར་ཟབ༔ ལྷག་པའི་བསམ་པ་མཆོག་ཏུ་བརྟན༔ གཞན་ཕན་སྙིང་པོའི་སྲོག་དང་ལྡན༔ ཕན་བདེའི་མངའ་ཐང་བསྲུང་ནུས་མཛོད༔ ཁྱོད་ནི་དགྲ་བླ་མཐུ་སྟོབས་ཅན༔ བདག་ནི་རྣལ་འབྱོར་དམ་ཚིག་གཙང༔ ལྷ་དང་མི་རུ་མ་འབྲལ་བར༔ སྲུངས་སྐྱོབས་སྡོང་གྲོགས་ཕྲིན་ལས་མཛོད༔ གངས་དང་སེང་གེ་འགྲོགས་པ་བཞིན༔ དགྲ་བླ་མི་དང་མ་འབྲལ་བར༔ སྐུ་ཡི་དགྲ་བླ་ཝེར་མ་ཡིས༔ གཞན་སྡེ་ཟིལ་གྱིས་གནོན་ནུས་མཛོད༔ ནགས་དང་རྒྱ་སྟག་འགྲོགས་པ་བཞིན༔ དགྲ་བླ་མི་དང་མ་འབྲལ་བར༔ ཐུགས་ཀྱི་དགྲ་བླ་ཝེར་མ་ཡིས༔ དཔའ་བའི་ངར་ཆེན་སྐྱེད་པར་མཛོད༔ དཔག་བསམ་བྱ་ཁྱུང་འགྲོགས་པ་བཞིན༔ དགྲ་བླ་མི་དང་མ་འབྲལ་བར༔ ཡོན་ཏན་དགྲ་བླ་ཝེར་མ་ཡིས༔ བློ་གྲོས་མཐུ་དང་རྩལ་སྐྱེད་མཛོད༔ སྤྲིན་དང་གཡུ་འབྲུག་འགྲོགས་པ་བཞིན༔ དགྲ་བླ་མི་དང་མ་འབྲལ་བར༔ གསུང་གི་དགྲ་བླ་ཝེར་མ་ཡིས༔ དགེ་མཚན་སྙན་གྲགས་སྐྱེད་པར་མཛོད༔ རྟ་དང་སྒ་སྲབ་འགྲོགས་པ་བཞིན༔ དགྲ་བླ་མི་དང་མ་འབྲལ་བར༔ ཕྲིན་ལས་དགྲ་བླ་ཝེར་མ་ཡིས༔ ཚེ་དང་དཔལ་གྱི་སྟོབས་འཕེལ་མཛོད༔ བདེ་དང་ལེགས་དང་གྲུབ་པ་ཡི༔ བཀྲ་ཤིས་ལྷ་ཡི་རྔ་སྒྲ་སྒྲོགས༔ རྒྱལ་དང་སྙན་དང་གྲགས་པ་ཡི༔ དཔའ་བོའི་དགྱེས་གླུ་མཛེས་པར་སྒྲོགས༔ ཚེ་དང་བསོད་ནམས་རླུང་རྟའི་སྲོག༔ འདོད་དགུ་ལྷུན་གྱིས་གྲུབ་པར་མཛོད༔ ཕ་རོལ་རྒོལ་བ་ཟིལ་གྱིས་གནོན༔ ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག༔ ཅེས་བརྗོད་ཅིང་བར་མཚམས་རྣམས་སུ་འབྲུ་སྨན་གསེར་སྐྱེམས་སོགས་འབུལ། མཐར་སྔགས་བཟླས་པས་རླུང་རྟ་བསྐྱེད་པ་ནི། ཕོ་བྲང་འོག་མའི་སེང་ཆེན་དཔྲལ་མགྲིན་སྙིང༔ ལྟེ་བ་གསང་གནས་རིགས་གསུམ་སེམས་དཔའ་དང༔ དུས་ཀྱི་འཁོར་ལོ་རྗེ་བཙུན་མྱུར་མ་དཔལ༔ སོ་སོའི་ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ རང་སྲོག་ས་བོན་རིག་པའི་སྔགས་ཀྱིས་བསྐོར༔ འོར་ཟེར་སྤྲོ་བསྡུས་སྲིད་ཞིའི་དཔལ་བཅུད་དང༔ ཁྱད་པར་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྟོབས༔ འོད་ཟེར་རྣམ་པར་བསྡུས་ཏེ་སྐུ་ལ་ཐིམ༔ ཡེ་ཤེས་གཟི་བྱིན་རྒྱས་པའི་སྣང་བ་ལ༔ ཁྱུང་སྟག་སེང་རྟ་འབྲུག་གི་རྣམ་པ་སྤྲོས༔ སྲིད་ཞིར་ཁྱབ་པའི་གར་སྟབས་བསྒྱུར་དང་བཅས༔ རྒྱལ་དང་ལེགས་སོགས་གྲུབ་པའི་གླུ་དབྱངས་དང༔ མེ་ཏོག་ལྷ་རྫས་ཆར་གྱིས་བརྟན་གཡོ་ཁྱབ༔ དྭངས་མ་རྣལ་འབྱོར་རྩ་རླུང་ཐིག་ལེ་དང༔ རིག་པའི་དབྱིངས་སུ་གཉིས་མེད་ཐིམ་པ་ལས༔ ཚེ་དཔལ་བསོད་ནམས་དབང་ཐང་དཔལ་འབྱོར་སྤེལ༔ འདོད་པའི་ལས་ཀུན་ཐོགས་མེད་འགྲུབ་པར་གྱུར༔ ཨོཾ་མ་ཧཱ་སེངྷ་མ་ཎི་རཱ་ཛ་ཧ་ཧཱ་ཧི་ཧཱི་ཧེ་ཧཱེ་ཧོ་ཧཱོ་ཧཱུྃ་སརྦ་བི་ཛ་ཡ་ཧཱུྃ༔ ཞེས་གཙོ་བོར་བཟླ། ཕོ་བྲང་བར་མའི་རིགས་གསུམ་སེམས་དཔའ་དང༔ དུས་ཀྱི་འཁོར་ལོ་སྒྲོལ་མའི་ཐུགས་སྲོག་གི༔ སྔགས་ཀྱི་འོད་ཟེར་འཇིག་རྟེན་ཀུན་ཏུ་འཕྲོས༔ སྒོ་གསུམ་སྣོད་བཅུད་རྟེན་འབྲེལ་ཉམས་པ་སོས༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་བྱིན་རླབས་བསྡུས་ཏེ་ལྷ་ལ་ཐིམ༔ དྭངས་མའི་འོད་ཀྱིས་བདག་ལ་དབང་བསྐུར་ཞིང༔ གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་གྱུར༔ ཨོཾ་མཉྫུ་ཤྲཱི་ཛྙཱ་ན་ཀཱ་ཡ་དྷརྨ་དྷཱ་ཏུ་ཨཱཿ ཨོཾ་པདྨ་ཙིནྟ་མ་ཎི་ཛྭ་ལ་ཧཱུྃ༔ ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་ཕཊ༔ ཨོཾ་ཨཱཿཧཱུྃ་ྈྈྈ་སྭཱ་ཧཱ༔ ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ཨརྠ་སིདྡྷི་སྭཱ་ཧཱ༔ ཞེས་དང༌། ཕོ་བྲང་སྟེང་མའི་སྣང་སྲིད་ཟིལ་གནོན་གྱི༔ སྐུ་ཡི་གནས་བརྒྱད་དཔལ་ཆེན་རིག་འཛིན་བརྒྱད༔ ཧེ་རུ་ཀ་དཔལ་བརྟུལ་ཞུགས་རོལ་པའི་ཆས༔ ཕྱག་གཡས་བ་དན་སྣ་ཚོགས་མདོག་ཅན་འཕྱར༔ གཡོན་པས་སྡིགས་མཛུབ་ཞལ་ནས་ཧཱུྃ་སྒྲ་སྒྲོག༔ རིག་རྩལ་དགོངས་པས་སྣང་སྲིད་ཟིལ་གྱིས་མནན༔ ཕྱོགས་ལས་རྣམ་རྒྱལ་བརྟུལ་ཞུགས་དབང་བསྐུར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ མ་མ་སརྦ་བི་ཛ་ཡ་སྭཱ་ཧཱ༔ ཞེས་བཟླ། ཕོ་བྲང་གསུམ་ཀའི་ལྷ་ཡི་འོད་ཟེར་གྱིས༔ ཕྱོགས་མཚམས་རྫུ་འཕྲུལ་རླུང་རྟའི་ལྷ་རྣམས་བསྐུལ༔ རང་རང་སྤྲུལ་པས་འཇིག་རྟེན་ཁམས་ཀུན་གང༔ དགྱེས་པའི་གར་གྱིས་སྲིད་གསུམ་ཟིལ་གྱིས་མནན༔ རླུང་སྔགས་སྙན་གྲགས་རོལ་མོ་དགྱེས་པར་འཁྲོལ༔ རླུང་རྟ་རྒུད་ཉམས་ཉེས་པ་ཐམས་ཅད་བསལ༔ སྟོབས་དང་ནུས་པས་དཔའ་མཛངས་གཟི་བརྗིད་བསྐྱེད༔ འདོད་པའི་དོན་ཀུན་ཡིད་བཞིན་སྒྲུབ་པར་གྱུར༔ ཨོཾ་ཧེ་ཧཻ་ཏིཥྛ་ཏིཥྛ་བྷནྡྷ་བྷནྡྷ་དྷཱ་ར་ཡ་དྷཱ་ར་ཡ་ནི་རུནྡྷ་ནི་རུནྡྷ་ཨ་མུ་ཀ་ཨུརྞ་མ་ཎི་ཡེ་སྭཱ་ཧཱ༔ ཞེས་དང་རྟེན་འབྲེལ་སྙིང་པོ་བཟླས་ལ། ཟུར་གསལ་བསང་དང་ཕྲིན་ལས་ཀྱི་དཀྱུས་སུ་འབྱུང་བའི་ཚོགས་བསྐང་སོགས་རྒྱས་པར་བྱས་ལ། གཏོར་མ་འབུལ་བ་ཕྲིན་བཅོལ་སོགས་མཐར་དབྱུང་ངོ༌། །གསུམ་པ་རྗེས་ལ། ཉིན་རྗེས་མའི་སྐབས་ཕྲིན་ལས་ཀྱི་གཏོར་མ་ཕུལ་བའི་མཐར་བསྒྲུབ་བྱ་སཻངྒའི་ཁྲི་ལ་སྟན་དཀར་གཡུང་དྲུང་གི་མཚན་པར་གོས་རྒྱན་གཟབ་འཕྱོར་བཅས་བཀོད། གལ་ཆེ་ཞིང་སྤྲོ་ན་སྲུང་མའི་དབང་པོ་འདི་ཉིད་ཀྱི་སྲོག་གཏད་བྱས་མཐར། རྔ་རོལ་དབྱངས་དང་བཅས་པས། ཀྱཻ༔ སྔོན་ཚེ་རི་བོ་རྩེ་ལྔའི་ཞིང༔ བྲྀཀྵའི་ཤིང་གི་ལྦ་བ་ལས༔ འཕགས་པ་འཇམ་དཔལ་བརྫུས་ཏེ་འཁྲུངས༔ སྤོར་ཐང་གཙུག་ལག་སྒོ་མོ་བསྟན༔ མ་ཧཱ་གསེར་གྱི་རུས་སྦལ་གྱི༔ ལུས་ལ་འབྱུང་བའི་མཐུན་བསྡེབས་ཀྱིས༔ སྣོད་བཅུད་དཔལ་ཡོན་བསྐྱེད་ཅིང་སྤེལ༔ དགེ་མཚན་འདོད་དགུ་ངང་གིས་དར༔ དེ་ནས་ཨོ་རྒྱན་སློབ་དཔོན་གྱིས༔ སྤྲུལ་པའི་ལོ་པཎ་རྗེ་འབངས་ལ༔ གཙུག་ལག་ཆོས་ཀྱི་སྒོ་ཕྱེས་ནས༔ གྲུབ་པའི་མན་ངག་གསང་བ་ཡིས༔ བོད་ཡུལ་ཆོས་ཀྱི་སྒྲོན་མེ་སྦར༔ གངས་ཅན་སྐྱེ་རྒུ་བདེ་ལ་བཀོད༔ ཆོས་སྲིད་མཁའ་ལྟར་ཁྱབ་པར་སྤེལ༔ ད་ལྟ་རྣལ་འབྱོར་བདག་གིས་ཀྱང༔ རྩ་གསུམ་ཀུན་འདུས་ཝེར་མའི་རྒྱལ༔ སེང་ཆེན་ཡིད་བཞིན་ནོར་བུ་ཡི༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི༔ གསང་བ་ཟབ་མོ་ལ་བརྟེན་ནས༔ ཚེ་དང་དཔལ་དང་བསོད་ནམས་དང༔ མངའ་ཐང་འབྱོར་པ་སྟོབས་བསྐྱེད་པའི༔ ཕྲིན་ལས་ཡོངས་སུ་རྫོགས་པའི་དཔང༔ མཁའ་ཁྱབ་རྒྱལ་བ་སྲས་བཅས་ཀྱིས༔ དབང་བསྐུར་ཤིས་པའི་མེ་ཏོག་འཐོར༔ དགེ་མཚན་བདེན་ཚིག་དབྱངས་དང་བཅས༔ མངའ་གསོལ་མཆོག་ཏུ་ཤིས་པར་མཛོད༔ ཉི་མའི་གཟུགས་ལག་ཏུ་གཏད་ལ། ཨོཾ༔ མ་ལུས་སྐྱེ་དགུའི་ཕུན་ཚོགས་བསམ་དང་སྦྱོར༔ ཁྱོད་ཀྱི་ཚེ་དཔལ་སྟོབས་ཀྱི་གསོས་གྱུར་པ༔ གཟི་བརྗིད་ཉི་མའི་འོད་ཀྱིས་པདྨར་བཞིན༔ དགེ་མཚན་གྲུབ་པའི་རྫས་ཀྱི་བཀྲ་ཤིས་ཤོག༔ ཟླ་བའི་གཟུགས་གཏད་ལ། དཀར་པོའི་ཕྱོགས་ཀྱི་མཁྱེན་བརྩེའི་དཔལ་ཡོན་ཀུན༔ ཁྱོད་ཀྱི་ལྷག་བསམ་བདུད་རྩིའི་སྨན་གྱུར་པ༔ དྲི་མེད་ཟླ་བ་གཞོན་ནུའི་དཀྱིལ་འཁོར་ལྟར༔ དགེ་མཚན་གྲུབ་པའི་རྫས་ཀྱི་བཀྲ་ཤིས་ཤོག༔ བདུད་རྩིའི་སྤྲིན་ལས་ཆར་པ་འབེབས་པའི་གཟུགས་གཏད་ལ། མཐུ་ལྡན་གཙང་རིས་དཔལ་མགོན་ཆོས་སྐྱོང་ཚོགས༔ ཁྱོད་ཀྱི་ལས་སྟོབས་བསོད་ནམས་གྲོགས་གྱུར་པ༔ ཟབ་པའི་རྒྱ་མཚོར་དཔྱིད་ཀྱི་དཔལ་བཞིན་དུ༔ དགེ་མཚན་གྲུབ་པའི་རྫས་ཀྱི་བཀྲ་ཤིས་ཤོག༔ རྒྱལ་མཚན་གཏད་དེ། བརྟན་པས་མི་མཐུན་གཡུལ་ལས་རྒྱལ་བའི་མཐུ༔ ཁྱོད་ཀྱི་ངོ་མཚར་རླུང་རྟའི་དཔལ་གྱུར་པ༔ རྒྱལ་མཚན་མཐོ་སོགས་ནོར་བུའི་ཏོག་བརྗིད་འདིས༔ དགེ་མཚན་གྲུབ་པའི་རྫས་ཀྱི་བཀྲ་ཤིས་ཤོག༔ བ་དན་གཏད་དེ། ཕྱོགས་དུས་ཞིང་གི་ཡོན་ཏན་དཔལ་གྱི་འབྲས༔ ཁྱོད་ཀྱི་དབང་དུ་གྱུར་པའི་སྟོབས་གྱུར་པ༔ མི་ཟད་བསོད་ནམས་བ་དན་གཡོ་བ་འདིས༔ དགེ་མཚན་གྲུབ་པའི་རྫས་ཀྱི་བཀྲ་ཤིས་ཤོག༔ སྤྲོ་ན་བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན་གྱི་མངའ་གསོལ་ཀྱང་འབུལ་མཐར་རོལ་མོ་རྒྱུན་རིང་འཁྲོལ། རླུང་རྟའི་རྟེན་འཛུག་ཡིན་ན། ལུགསའདིའི་གསས་མཁར་བསྟོད་པའི་རིམ་པ་དང་ལྟོ་སྦྱར་ཏེ་བྱ། གློ་བུར་བའི་མཆོད་སྐོང་མདོས་ཀྱི་ཚེ། བསྒྲུབ་བྱ་ཤིང་ཁམས་པ་ཡིན་ན། རང་ཁམས་སམ་ཆུ་དང་ས་རི་གང་བྱུང་གི་རི་འཕེན་བཟང་གི་མདུན་དུ་མདོས་འབུལ་ཏེ། ཕྲིན་ལས་བཅོལ་བ་ནི། ཀྱེ༔ དང་པོ་ཡེ་ཤེས་དབྱིངས་ཀྱི་ལྷ༔ མཁྱེན་བརྩེའི་གཟུགས་ཀྱི་སྐུ་རུ་བཞེངས༔ བར་དུ་བརྟེན་ཅིང་བསྒྲུབ་པའི་ལྷ༔ རྣལ་འབྱོར་བདག་གི་དཔལ་ཡོན་ཏེ༔ ད་ནི་རང་རིག་གཉུག་མའི་ལྷ༔ གདོད་ནས་འདུ་འབྲལ་མེད་པར་བཞུགས༔ རྩ་གསུམ་དགྲ་བླའི་དཀྱིལ་འཁོར་ཚོགས༔ ཆོས་ཀྱི་དབྱིངས་དང་མཉམ་པ་ཀུན༔ སྐྱེས་བུ་སེང་ཆེན་རྒྱལ་པོ་ཡི༔ གསང་བ་མི་ཟད་རྒྱན་དུ་རྫོགས༔ ཤར་གྱི་དགྲ་བླ་ཁྱུང་དང་སྟག༔ དཔག་བསམ་ནགས་ཚལ་རྒྱས་པ་ཡི༔ ལྷུན་སྟུག་རི་ལ་གནས་བཅས་ཏེ༔ ཚེ་དཔལ་ཤིང་ལྟར་རྒྱས་པར་མཛོད༔ ལྷོ་ཡི་དགྲ་བླ་སྟག་དང་འབྲུག༔ བྲག་དམར་མེ་ལྕེ་འཁྱིལ་བ་ཡི༔ རྩེ་མཐོའི་ངང་ལ་རྟེན་ཆོས་ལ༔ བསོད་ནམས་མེ་ལྟར་འབར་བར་མཛོད༔ ནུབ་ཀྱི་དགྲ་བླ་སེང་དང་སྤྲེལ༔ གངས་དཀར་ཤེལ་གྱི་བྲག་གི་སྤོམ༔ ལྟ་ན་སྡུག་པར་རྟག་བཞུགས་ལ༔ རྡོ་རྗེའི་ལྕགས་སྲོག་བརྟན་པར་མཛོད༔ བྱང་གི་དགྲ་བླ་འབྲུག་དང་ཕག༔ བདུད་རྩིའི་ཆུ་མཚོ་འཁྱིལ་བ་ཡི༔ རི་བོའི་ངོགས་སུ་རྟེན་མཁར་ཟུངས༔ སྙན་གྲགས་རྒྱ་མཚོ་འཁྱིལ་བར་མཛོད༔ མཚམས་ཀྱི་དགྲ་བླ་ཅང་ཤེས་རྒྱལ༔ གསེར་གྱི་ལྷུན་པོར་རྩེ་ཞིང་འགྲོགས༔ མངའ་ཐང་ས་ལྟར་བརྟན་པ་ཡི༔ ཆབ་སྲིད་ལས་མཐའ་བཙན་པར་མཛོད༔ དབུས་ཀྱི་དགྲ་བླ་དཔའ་བོ་གླིང༔ མི་རྗེ་སེང་ཆེན་ནོར་བུ་ཞེས༔ སྟེང་ན་རྩ་བརྒྱུད་བླ་མའི་ཚོགས༔ བྱིན་རླབས་འཇའ་ཟེར་བཀྲག་ཏུ་འཚེར༔ བར་དུ་རབ་འབྱམས་ཞི་ཁྲོའི་ལྷ༔ དངོས་གྲུབ་སྤྲིན་ཕུང་འཁྲིགས་ཤིང་བཞུགས༔ འོག་ཏུ་བཀའ་སྡོད་དམ་ཅན་ཚོགས༔ ཕྲིན་ལས་ཆར་ལྟར་འབེབ་པ་ཡི༔ ངོ་མཚར་དཔལ་གྱི་གཙང་རིས་ལྷ༔ གཡས་ན་དཔའ་བོའི་གར་གྱིས་བསྐྱོད༔ གཡོན་ན་མཁའ་འགྲོའི་གླུ་གར་ཅན༔ ཀུན་ཀྱང་དགྱེས་པའི་དམ་ཚིག་གིས༔ དཔལ་ལྡན་ས་ཡི་ཁྱོན་འདིར་བཞུགས༔ རི་ལ་ཉི་ཟླས་བསྐོར་བ་བཞིན༔ རིང་འཚོའི་དཔལ་གྱི་རྒྱན་ཐོབ་མཛོད༔ རི་རྩེ་དགུང་དུ་བསྙེགས་པ་ལྟར༔ དབུ་འཕང་གནམ་ལ་དར་བར་མཛོད༔ རི་མཐའ་བརྟན་ཅིང་ལྷུན་ཆགས་ལྟར༔ ཆོས་སྲིད་རྒྱལ་ཐབས་བརྟན་པར་མཛོད༔ རི་ངོགས་རྒྱུན་འབབ་ཆུ་ཀླུང་ལྟར༔ སྙན་གྲགས་དཔལ་ཀུན་ཆད་མེད་མཛོད༔ སྤྲིན་དང་ན་བུན་འཁྱིལ་བ་ལྟར༔ དཔལ་འབྱོར་ལོངས་སྤྱོད་གཡང་འཁྱིལ་མཛོད༔ གཟུགས་ཀུན་ཡེ་ཤེས་སྒྱུ་མའི་སྐུ༔ སྣང་སྟོང་རྡོ་རྗེའི་སྲོག་རྩ་འགྲུབ༔ གཞོན་ནུའི་ལུས་ཅན་འཇམ་དཔལ་གྱི༔ རྡོ་རྗེ་རྣོན་པོའི་སྐུ་བརྟན་ཤོག༔ སྒྲ་གྲགས་རྡོ་རྗེ་རོལ་མོའི་གསུང༔ གཞོམ་མེད་བདེན་ཚིག་ཚངས་པའི་དབྱངས༔ དཔལ་ལྡན་པདྨ་གར་གྱི་བདག༔ གཞན་ཕན་ཆོས་ཀྱི་གསུང་ཐོབ་ཤོག༔ དྲན་རྟོག་ཡེ་ཤེས་རིག་པའི་ཐུགས༔ རྡོ་རྗེ་འཛིན་རྒྱལ་དེ་བཞིན་གཤེགས༔ མཁྱེན་བརྩེའི་དཀྱིལ་འཁོར་བསམ་ཡས་པ༔ སྟོབས་བཅུའི་སྟོབས་ཀྱང་རྫོགས་པར་ཤོག༔ བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ༔ གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ༔ དབུགས་འབྱིན་དགའ་སྟོན་རྒྱ་ཆེན་པོས༔ འཇིག་རྟེན་གསུམ་ན་མཛེས་པར་མཛོད༔ ཅེས་ཕྲིན་ལས་བཅོལ་ལ་བ་དན་གྱི་ཕྲེང་བ་ཕྱོགས་ཀུན་ཏུ་མཛེས་པར་བསྟར་ཞིང་ཀི་དང་བསྭོ་སྒྲ་སྒྲོག །དར་དཀར་པོའི་རུ་མཚོན་ཕྱར་ཞིང་དུང་རོལ་མོའི་རིགས་བྱེད་འབུད་དཀྲོལ་སོགས་བཀྲ་ཤིས་ཀྱི་བྱ་བ་མཐའ་རྒྱས་སུ་བྱའོ། །གཏང་རག་གི་མཆོད་བསྟོད་ནས་བརྩམ་བསྐང་བཤགས་བརྟན་བཞུགས་སོགས་རྗེས་ཀྱི་ལས་རིམ་མཐར་དབྱུང་བས་འཕྲལ་རྐྱེན་གྱིས་རླུང་རྟ་ཉམས་པ་གསོ། ཇི་ལྟར་འདོད་པའི་ལས་བར་ཆད་མེད་པར་འགྲུབ་པར་ངེས་སོ། །རྣམ་དཀར་ལས་ཀྱི་ནུས་པ་ཕྲ་བ་དང༌། །སྙིགས་དུས་འགལ་རྐྱེན་སྲུང་ལ་སྐྱོབ་པའི་རྫོང༌། །ངོ་མཚར་ཐབས་ཀྱི་གསང་བ་ཟབ་མོའི་ཕུལ། །དཔའ་བོའི་རྒྱལ་ཐབས་སྦྱིན་པའི་འཕྲུལ་འདི་རྨད། །བསྟན་འཛིན་མཚོན་པའི་ཕྲིན་ལས་ཤིང་རྟའི་དཔལ། །ཆོས་བཞིན་ཡང་དག་སྤྱོད་ཀུན་དབུགས་འབྱིན་ཐབས། །དཀར་ཕྱོགས་ཝེར་མ་དགྱེས་པའི་འབྲུག་སྒྲ་འདིས། །དགེ་ལེགས་ཕན་བདེའི་མངའ་ཐང་རྒྱས་པར་ཤོག །བདུད་རིགས་གཡུལ་གྱི་དཔུང་ཚོགས་ཉམ་དམའ་སྟེ། །སྟོབས་བཅུའི་ཉིན་བྱེད་གསར་པའི་འཛུམ་ཟེར་གྱིས། །རབ་འབྱམས་ཞིང་གི་མཁའ་དབྱིངས་མཛེས་པའི་མཐུ། །འཇིག་རྟེན་གསུམ་གྱི་མཆོད་འོས་ཉིད་གྱུར་ཅིག །ཅེས་པའང་འཇིག་རྟེན་མིག་གཅིག་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྤྱན་ལྡན་གནམ་སའི་དབང་ཕྱུག་ལྷ་ཡི་རིགས་ཀྱི་ཐིག་ལེར་སྨིན་པའི་རྒྱལ་བའི་མྱུ་གུ་མཆོག་གི་ཕྲིན་ལས་ཀྱི་གསོས་སུ་ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་ལུང་གིས་བསྔགས་པའི་རྟེན་འབྱུང་སྒོ་འཕར་འཇིགས་བྲལ་གྱི་སློབ་དཔོན་ཆེན་པོ་འཇམ་དབྱངས་དགའ་བའི་གོ་ཆའི་གསུང་རིན་ཆེན་ལྡེའུ་མིག་གིས་འབྱེད་པའི་ཚེ། ངག་འདོན་ཁོལ་ཕྱུང་དུ་ཁྲག་འཐུང་བདུད་འདུལ་ཡེ་ཤེས་ཕྲིན་ལས་རོལ་པ་རྩལ་གར་དབང་མདོ་སྔགས་གླིང་པས་ཆོས་རྒྱལ་སྡེ་དགེའི་ཕོ་བྲང་ཆེན་པོ་དཔལ་ལྷུན་གྲུབ་སྟེང་གི་གཟིམ་ཤག་འཇིགས་བྲལ་དགྲ་བླ་དགྱེས་པའི་བ་གམ་ནས་བཀླག་ཆོག་གི་ཚུལ་དུ་བསྡེབས་པ་དགེ་ལེགས་རྣམ་པར་རྒྱལ་བའི་རྒྱལ་ཐབས་ཀྱིས་འཇིག་རྟེན་གསུམ་ན་མངའ་དབང་བསྒྱུར་བའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། །

Footnotes

Other Information