DKR-KABUM-10-THA-019: Difference between revisions
WikiBot2015 (talk | contribs) No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|sectionheading=No | |||
|fulltitletib=རྫོགས་ཆེན་གསང་བ་སྙིང་ཐིག་གི་བསྐྱེད་རྫོགས་ཉམས་སུ་ལེན་ཚུལ་གྱི་ཁྲིད་ཡིག་བྱིན་རླབས་ཉིན་བྱེད། | |||
|fulltitle=rdzogs chen gsang ba snying thig gi bskyed rdzogs nyams su len tshul gyi khrid yig byin rlabs nyin byed | |||
|citation=[[Khyentse, Dilgo]]. ''Rdzogs chen gsang ba snying thig gi bskyed rdzogs nyams su len tshul gyi khrid yig byin rlabs nyin byed''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 10: 80-92. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Kangyur Rinpoche | |||
|sourcerevealertib=ཀློང་ཆེན་ཡེ་ཤེས་རྡོ་རྗེ་ | |||
|associatedpeople=pad+ma 'byung gnas | |||
|associatedpeopletib=པདྨ་འབྱུང་གནས་ | |||
|tibgenre=Contemplative Guide Books and Instructional Manuals - khrid yig | |||
|terma=Yes | |||
|dkroutline=Three | |||
|cycle=rdzogs pa chen po gsang ba snying thig | |||
|cycletib=རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ | |||
|language=Tibetan | |language=Tibetan | ||
| | |volumenumber=010 | ||
| | |volnumtib=༡༠ | ||
|volyigtib=ཐ་ | |||
|totalvolumes=25 | |||
|textnuminvol=019 | |textnuminvol=019 | ||
|pagenumbers=80-92 | |||
|totalpages=25 | |||
|beginfolioline=1a | |||
|endfolioline=13a2 | |||
|totalfolios=13 | |||
|multivolumework=No | |||
|rectonotes=khrid yig | |||
|versonotes=rdzogs pa chen po gsang ba snying thig | |||
|colophontib=།ཅེས་པའང་མཁས་གྲུབ་ཀྱི་དབང་ཕྱུག་མཆོག་གི་རྡོ་རྗེ་སློབ་དཔོན་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་རྫོགས་ཆེན་གསང་བ་སྙིང་ཐིག་གི་ཉམས་ལེན་ཁྲིད་ཀྱི་ཡི་གེ་འདིའང༌། སྐུ་གསུང་ཐུགས་ཀྱི་རིགས་སྲས་མཆོག་སྤྲུལ་པདྨ་དབང་རྒྱལ་སྐུ་མཆེད་རྣམས་ནས་གསུང་གིས་བསྐུལ་ཞིང༌། གདུལ་བྱའི་ལྷག་མ་འཛམ་གླིང་མཐའི་རྒྱལ་ཁབ་རྣམས་ཀྱི་རྣལ་འབྱོར་ཕོ་མོ་རྣམས་ལ་ཕན་པའི་ལྷག་བསམ་གྱི་གུས་སློབ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་དཔལ་འབར་གྱིས་ཨ་རི་བྷེ་ག་ཌའི་ཀརྨ་ཆོས་གླིང་དུ་བྲིས་པ་འདིས་ཀྱང་འགྲོ་ཀུན་བླ་མ་སྐུ་བཞིའི་གསང་གསུམ་རྡོ་རྗེའི་དབྱིངས་སུ་མངོན་པར་བྱང་ཆུབ་ཆེན་པོ་བརྙེས་པའི་རྒྱུ་ཁོ་ནར་གྱུར་ཅིག །སརྦ་མངྒ་ལམ།། | |||
|colophonwylie=/ces pa'ang mkhas grub kyi dbang phyug mchog gi rdo rje slob dpon klong chen ye shes rdo rje'i dgongs gter rdzogs chen gsang ba snying thig gi nyams len khrid kyi yi ge 'di'ang*/_sku gsung thugs kyi rigs sras mchog sprul pad+ma dbang rgyal sku mched rnams nas gsung gis bskul zhing*/_gdul bya'i lhag ma 'dzam gling mtha'i rgyal khab rnams kyi rnal 'byor pho mo rnams la phan pa'i lhag bsam gyi gus slob 'jigs med mkhyen brtse 'od zer dpal 'bar gyis a ri b+he ga Da'i karma chos gling du bris pa 'dis kyang 'gro kun bla ma sku bzhi'i gsang gsum rdo rje'i dbyings su mngon par byang chub chen po brnyes pa'i rgyu kho nar gyur cig__/sarba mang+ga lam// | |||
|pdflink=File:DKR-KABUM-10-THA-019.pdf | |pdflink=File:DKR-KABUM-10-THA-019.pdf | ||
}} | }} | ||
Line 17: | Line 41: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །རྫོགས་ཆེན་གསང་བ་སྙིང་ཐིག་གི་བསྐྱེད་རྫོགས་ཉམས་སུ་ལེན་ཚུལ་གྱི་ཁྲིད་ཡིག་བྱིན་རླབས་ཉིན་བྱེད་ཅེས་བྱ་བ་བཞུགས།། | {{TibP|༄༅། །རྫོགས་ཆེན་གསང་བ་སྙིང་ཐིག་གི་བསྐྱེད་རྫོགས་ཉམས་སུ་ལེན་ཚུལ་གྱི་ཁྲིད་ཡིག་བྱིན་རླབས་ཉིན་བྱེད་ཅེས་བྱ་བ་བཞུགས།། | ||
<br> | |||
༄༅། །སྲིད་ཞི་བརྟན་གཡོ་ཀུན་ཁྱབ་བདེ་བ་ཆེ། །རིགས་ཀུན་ཁྱབ་བདག་བླ་མའི་རྣམ་རོལ་གྱིས། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་དེར་བཏུད་ནས། །དེ་ཉིད་སྒྲུབ་པའི་ཟབ་ལམ་མདོ་ཙམ་དབྱེ། །མདོ་སྔགས་ལམ་རྣམས་ཀུན་གྱི་ཡང་སྙིང་བྱིན་རླབས་བླ་མ་སྒྲུབ་པའི་ཐུགས་ཐིག་རྫོགས་ཆེན་གསང་བ་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོ་ཉམས་སུ་ལེན་པར་འདོད་པས། གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་བླ་མ་གསང་འདུས་ཀྱི་སྒྲུབ་ཡིག་ལས། སྙིང་རྗེ་བྱང་ཆུབ་སེམས་བསྒོམ་ལ༔ རང་གི་སེམས་རྒྱུད་བྱིན་གྱིས་བརླབ༔ ༡ གར་སྡོད་ཨོ་རྒྱན་གནས་སུ་མོས༔ ས་ཕྱོགས་ཐམས་ཅད་བྱིན་གྱིས་བརླབ༔ ༢ ཁང་པ་གཞལ་ཡས་ཁང་དུ་དམིགས༔ གནས་མལ་བྱིན་གྱིས་བརླབ་པར་བྱ༔ ༣ གང་ཚོགས་ལྷ་ཡི་རྣམ་པར་བལྟ༔ ཡེ་ཤེས་ལྷ་རུ་བྱིན་གྱིས་བརླབ༔ ༤ བཟའ་བཏུང་བདུད་རྩིར་མོས་བྱས་ཏེ༔ མཆོད་པའི་རྫས་སུ་བྱིན་གྱིས་བརླབ༔ ༥ དེ་ལྟར་བྱིན་རླབས་རྣམ་ལྔ་ལས༔ སྤྲོས་པའི་ཡན་ལག་བསམ་མི་ཁྱབ༔ ཅེས་གསུངས་པ་ལྟར་ཉམས་སུ་ལེན་པར་བྱ་བ་ལ་ལྔ་ལས། དང་པོ་བདག་རྒྱུད་བྱིན་གྱིས་བརླབ་པའི་སྔོན་འགྲོའི་རྣལ་འབྱོར་ནི། དེ་ཡང་རང་རེ་རྣམས་འཛམ་གླིང་ཆོས་དར་བའི་ཡུལ་གྲུར་སྐྱེས། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས། མཚན་ལྡན་གྱི་བླ་མ་ལས་གདམས་ངག་ཐོབ་པ་ཉམས་སུ་བླངས་ན་ཚེ་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ངེས་པའི་སྐལ་པ་ཤིན་ཏུ་བཟང་པོ་བྱུང་ཡང༌། ལུས་སེམས་ཀྱི་ཚོགས་པ་འདིས་མཚོན་པའི་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་རྟག་བརྟན་མེད་པ་རྨི་ལམ་གྱི་བཀོད་པ་ལྟར་ཡིན་པས་ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད་ཀྱིས་རྒྱུད་བསྐུལ་ཏེ་བློ་སྣ་ཐུང་ངུར་མ་བྱས་ན། གློ་བུར་དུ་འཆི་བས་དུས་གཏུགས་ན་མེ་ཤི་བའམ། ཆུ་སྐམ་པ་ལྟར་མེད་དུ་མི་འགྲོ་བར་ཕྱི་མའི་ལམ་པོ་ཆེར་འཇུག་དགོས། དེའི་ཚེ་ལས་དགེ་སྡིག་རང་གིས་བྱས་པ་དང་རྣམ་ཤེས་ལྷན་ཅིག་ཏུ་འགྲོགས་པ་ལས། ཚེ་འདིའི་སྙན་གྲགས། །སྟོབས་འབྱོར་མངའ་ཐང་ཕར་ཞོག་ཤིན་ཏུ་གཅེས་པར་བསྐྱངས་པའི་ལུས་ཀྱང་རྗེས་སུ་མི་འབྲང༌། འཁོར་བ་མཐོ་དམན་ནི་ལས་འབའ་ཞིག་གིས་བྱེད། རང་གིས་བསགས་པའི་ལས་རང་གིས་མྱོང་བ་ལས་གཞན་ལ་མི་འཕོ། གཞན་གྱིས་བྱས་པ་རང་ལ་མི་འགོ །རྒྱུ་འབྲས་བསླུ་བ་མེད་པའི་གནས་ལ་སྙིང་ནས་ཡིད་ཆེས་ཀྱིས་དགེ་སྡིག་བླང་དོར་ལ་ད་ལྟ་རང་དབང་ཡོད་པའི་སྐབས་སུ་བརྩོན། སྡིག་པ་ཆེ་ཕྲ་མཐའ་དག་བཤགས། དགེ་བ་ཆེ་ཕྲ་ཅི་ནུས་སུ་བསགས་པར་མ་བྱས་ན། ཤི་ནས་བར་དོར་སླེབས་སྐབས་བདེ་འགྲོ་དང་ཐར་པ་འདོད་ཀྱང་དགེ་བའི་ལས་མ་བསགས་ན་མི་ཐོབ། །ངན་སོང་དང་འཁོར་བ་མི་འདོད་ཀྱང་སྡིག་པ་བྱས་ཕྱིན་སྐྱེ་དགོས། དེར་མ་ཟད་འཁོར་བའི་གནས་རིགས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་མེད་པ་གཅིག་ཀྱང་མེད། ཚེ་རབས་ཐོག་མེད་ནས་འཁོར་བའི་སྡུག་བསྔལ་འབའ་ཞིག་མྱོང་ཡང་སྡུག་བསྔལ་དུ་མི་ཤེས་པ་འདི་འཁྲུལ་པས་ཡིན། འཁྲུལ་པ་འདི་ལས་ཉོན་ལས་བྱུང་བས་དེ་སྤང་བ་ལ་བླ་མའི་གདམས་ངག་དགོས། གདམས་ངག་ཀྱང་བླ་མ་མཚན་ལྡན་ཁོ་ན་ལས་འབྱུང་བས་ད་ལྟ་དམ་པའི་བླ་མ་མཇལ། ཟབ་མོའི་གདམས་པ་ཐོབ་པའི་སྐལ་པ་བཟང་པོ་མངོན་དུ་གྱུར་པ་འདིའི་སྟེང་ནས་རྣམ་གྲོལ་གཏན་གྱི་བདེ་བ་ཐོབ་ངེས་པ་ཞིག་བྱ་སྙམ་པའི་ངེས་བྱུང་གཤའ་མ་ཞིག་བསྐྱེད། ག་རེ་རང་གཅིག་པུ་ཙམ་འཁོར་བ་ལས་ཐར་པས་ཅི་ཕན། སེམས་ཅན་ཐམས་ཅད་རང་གི་ཕ་མ་ཡིན། འདི་ཐམས་ཅད་རང་བཞིན་དུ་འཁྲུལ་པའི་རྒྱུ་འབྲས་ལ་སྤྱོད་དེ་སྡུག་བསྔལ་གྱིས་མནར་འདུག་པས། སྐྱབས་ཁྱད་པར་ཅན་ཞིག་ལ་བརྟེན་ནས་མཁའ་ཁྱབ་ཀྱི་འགྲོ་བ་སྡུག་བསྔལ་སྲིད་པའི་རྒྱ་མཚོ་ལས་སྒྲོལ་ནུས་པ་ཞིག་བདག་གིས་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་སྙམ་པའི་ངེས་ཤེས་བསྐྱེད་ལ། འདུ་འཛི་མེད་པའི་དབེན་པར་བསམ་གཏན་གྱི་སྤྱིལ་བུར་སྤྲོས་པ་དང་འབྲེལ་ན་གཞུང་མཐུན་གྱི་སྐུ་ཚབ་བྱིན་ལྡན་ནམ་གུ་རུ་རིན་པོ་ཆེའི་སྐུ་རྟེན་བྲིས་འབུར་གང་རུང་མདུན་སྨན་གཏོར་རཀྟ། ཉེར་སྤྱོད་སོགས་མཐོང་བརྒྱུད་ལྟར་བཤམ། རྒྱུན་གྱི་ཉམས་ལེན་སྐབས་དེ་དག་མ་འབྱོར་ཀྱང་རུང༌། ཡར་མར་ཚེས་བཅུ་ཞིག་ལ་བསྙེན་སྒྲུབ་ཀྱི་དབུ་ཚུགས་པར་བྱས་ལ། བདེ་བའི་སྟན་ལ་རང་སེམས་ཁོང་ལྷོད་པས། ཐོག་མར་སྔོན་འགྲོ་ཉམས་སུ་ལེན་པ་ལ། ལམ་གྱི་ཐོག་མར་སྐྱབས་འགྲོ་ནི། སྐྱབས་ཡུལ་ལ་མཆོག་ཏུ་གུས་ཤིང་གདུང་བའི་བློས། ན་མོ་ཞེས་ཕྱག་གི་བཏུད་པ་སྔོན་དུ་འགྲོ་བས། སྐྱབས་ཀྱི་གཙོ་བོ་བླ་མ་ནི་དུས་གསུམ་ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་གཅིག་ཏུ་འདུས་པ་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་སྐུ། མདོ་སྔགས་ཐུན་མོང་གི་སྐྱབས་གནས་དཀོན་མཆོག་གསུམ། སྔགས་ལུགས་ཀྱི་རྩ་བ་གསུམ། འབྲས་བུའི་སྐྱབས་མཐར་ཐུག་སངས་རྒྱས་སྐུ་གསུམ་དབྱེར་མེད་ཀྱི་རང་བཞིན་མདུན་གྱི་ནམ་མཁར་གཅིག་ཆོག་ནོར་བུའི་ལུགས་སུ་བཞུགས་པ་ལ། སྐྱབས་སུ་འགྲོ་བ་པོ་བདག་དང་མཁའ་ཁྱབ་འགྲོ་བ་དྲུག་གི་སེམས་ཅན་རྣམས། དགོས་པ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ཅིང༌། སྐུ་བཞི་ཡེ་ཤེས་ལྔ་ལྡན་འབྲས་བུའི་སྐྱབས་ཀྱི་གོ་འཕང་མངོན་དུ་མ་གྱུར་བར་དུ། རྣམ་པ་སྒོ་ལུས་ངག་ཡིད་གསུམ་འཇུག་པ་གཅིག་པའི་དྭངས་འདོད་ཡིད་ཆེས་ཀྱི་དད་པས་བློ་གཏད་ལིང་སྐྱུར་གྱི་ཚུལ་དུ་སྐྱབས་སུ་མཆི་སྙམ་པས་གྲངས་ཅི་ནུས་བསགས། གཉིས་པ་ཐེག་ཆེན་ལམ་གྱི་རྩ་བ་སེམས་བསྐྱེད་ནི། སྐྱབས་ཡུལ་དེ་ཉིད་དཔང་པོར་བྱས་ཏེ། སྲིད་ཞིའི་མཐར་ལྷུང་བའི་སེམས་ཅན་ལ་དམིགས་པས་ཧོ་ཞེས་བརྗོད་པས་བསྐུལ་ཏེ་བདག་གིས་ཀུན་རྫོབ་དང་དོན་དམ་གྱི་སེམས་བསྐྱེད་ཀྱི་དམ་བཅའ་གཟུང་བའི་ཡུལ་ནི། ནམ་མཁའ་དང་མཉམ་པའི་འགྲོ་བ་འཁྲུལ་སྣང་འཁོར་བའི་རྒྱུ་འབྲས་ལ་སྤྱོད་པ་ཀུན་གྱི་དོན་དུ། ཆེད་དུ་བྱ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་དུ་ཚུལ་ཇི་ལྟར་བྱེད་ན་རྒྱལ་བ་སྲས་དང་བཅས་པའི་སྤྱོད་ཡུལ་རླབས་པོ་ཆེ་གཅིག་ཏུ་རྫོགས་པ་ཁྱབ་བདག་བླ་མ་རྫོགས་པའི་སངས་རྒྱས་སྐུ་བཞིའི་གོ་འཕང་ཐབས་ཟབ་མོ་བླ་མའི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱིས་བསྒྲུབས་ནས་ནི། བྱེད་ལས་རང་དོན་ཡལ་བར་དོར་ནས་གདུལ་བྱ་རིགས་ཅན་གསུམ་གང་ལ་སྐུ་གསུང་ཐུགས་གང་གིས་འདུལ་བའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་ནམ་མཁའ་ཇི་སྲིད་དུ་རྒྱུན་མི་ཆད་པར་བྱེད་པར་སེམས་བསྐྱེད་དོ་སྙམ་པས་གྲངས་ཅི་རིགས་བསགས། འདི་ལྟ་བུའི་སྐྱབས་སེམས་གཉིས་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ། མདོ་སྔགས་མ་ལུས་པའི་ལམ་གནད། འཕྲལ་དུ་ཉམས་སུ་ལེན་བདེ་ཞིང་ཕུག་གཏན་དུ་འཚེངས་ངེས་པའི་གདམས་ངག་ཡིན་པས་གནད་དུ་འགྲོ་བའི་ཉམས་ལེན་བྱའོ། །གཉིས་པ་ས་ཕྱོགས་བྱིན་གྱིས་བརླབས་ཤིང་དག་པར་སྦྱངས་པ་ནི། སྤྱིར་འཇིག་རྟེན་གསུམ་གྱི་འཁྲུལ་སྣང་འདི་གང་ལས་བྱུང་ན་སེམས་ཉིད་སྟོང་པ་འདི་གནས་དོན་ལུས་གསུམ་དུ་ཐ་མལ་དུ་བདེན་པར་ཞེན་ཅིང་ཆགས་པ་ལས་བྱུང་ཞིང༌། དེའི་སྣང་ཆ་དག་པར་སྦྱངས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞིང་དག་པར་སྦྱངས་བ་དང་གནད་གཅིག་པའི་ཕྱིར། ཨཿ སྣང་སྲིད་གདོད་ནས་ཀ་དག་སོགས་ཀྱིས་གསུངས་པ་ལྟར་སྣོད་བཅུད་འདིའི་གནས་ཚུལ་ཡང་དག་བྱས་ན་སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་ཡིན་པས་གང་དུ་འདུག་པའི་གནས་འོག་མིན་མཁའ་ཁྱབ་ཀྱི་གྲོང་ཁྱེར་དག་ཆེན་ཡེ་ཤེས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་མཛེས་པར་བསྒོམ། གསུམ་པ་གནས་མལ་བྱིན་གྱིས་བརླབ་པ་ནི། རང་ཉིད་གང་དུ་གནས་པ་ཁམས་གསུམ་འཁོར་བའི་འཁྲུལ་རྟོག་རྣམ་ཐར་སྒོ་གསུམ་གྱི་ལྟ་བས་ཟིལ་གྱིས་གནོན་པའི་རྟགས་སུ་འོད་ཀྱི་སྟོང་གཟུགས་ཆོས་འབྱུང་གདན་ཐབས་རྩེ་མོ་རྒྱབ་ཏུ་བསྟན་པའི་སྟེང་དུ། ཟག་མེད་འཕགས་བཞིའི་སྤང་རྟོགས་ཐམས་ཅད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་འདི་ལས་འབྱུང་བར་མཚོན་ཕྱིར་ཆོས་འབྱུང་ཁང་ཐབས་ཕྱི་དམར་ནང་དཀར་རྩ་བ་ཕྲ་བ་གདན་ཐབ་ཀྱི་དབུས་སུ་ཟུག་ཅིང་ཁ་གདེང་གཡེལ་བ་ཟུར་མདུན་བསྟན་ཟང་ངེ་ཡོད་པའི་ཆོས་འབྱུང་གི་གྲ་བཞིར་དགའ་བ་བཞི་མཚོན་པའི་འོད་དཀར་གྱི་དགའ་འཁྱིལ་བཞི་གཡོན་བསྐོར་དུ་ཀྱི་ལི་ལི་འཁོར་བ། ཆོས་འབྱུང་དེའི་སྐེད་པ་ཙམ་དུ་སྟོང་ཉིད་ཕྱོགས་གཅིག་མ་ཡིན་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་འདུ་འབྲལ་མེད་པའི་མཚོན་བྱེད་དུ་པདྨ་དམར་པོ་འདབ་མ་རབ་ཏུ་རྒྱས་པའི་གེ་སར་ལ་རྟགས་ཀྱི་གཏུམ་མོ་ཡེ་ཤེས་ཀྱི་ཨ་ཐུང་མཚོན་པའི་ཉི་མའི་དཀྱིལ་འཁོར་འོད་འབར་བའི་སྟེང༌། གཏུམ་མོའི་བྱེད་ལས་ཀྱིས་གཟུང་འཛིན་མཚན་རྟོག་བྲལ་བའི་བརྡར་བམ་རོ་དམར་སེར་མགོ་བོ་གཡོན་ཤེས་རབ་ཀྱི་ཕྱོགས་སུ་བསྟན་པ་གན་རྐྱལ་དུ་ཡོད་པ་བསྒོམ། བཞི་པ་བདག་མདུན་ལྷ་རུ་སྒོམ་པ་ནི་བསྐྱེད་བཟླས་གཉིས་ལས། དང་པོ་བྱིན་རླབས་ཀྱི་སྣོད་རུང་དུ་བསྐྱེད་པའི་ལས་རིམ་རང་རིག་རྡོ་རྗེ་རྣལ་འབྱོར་མ་སོགས་ཏེ་དོན་དམ་ལྷན་སྐྱེས་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུ་དེ་ཉིད་ཕྱག་རྒྱའི་བདེ་བས་ཐབས་བྱས་པ་མྱུར་དུ་རྒྱུད་ལ་འདྲེན་ཚུལ་གྱི་ནུས་པ་མཚོན་པའི་ཕྱིར། རང་གི་ལུས་སེམས་རྒྱལ་ཀུན་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ་གསུང་པདྨའི་རིགས་ཀྱི་མཁའ་འགྲོ་མ་དམར་མོ། བཅུ་དྲུག་གི་དགའ་བ་རྗེས་སུ་མཚོན་པའི་གཞོན་ནུ་མ་དར་ལ་བབ་པ་བཞིན་སྐེད་སྐབས་ཕྲ་ཞིང་ནུ་འབུར་རྒྱས་པ། གསང་བའི་ཆུ་སྐྱེས་རྒྱས་ཤིང་མཁྲེགས་པ། ཞལ་རས་འཛུམ་བག་གིས་སྒེག་པས་ཞི་བ། སྤྱན་གསུམ་བགྲད་ཅིང་ཞལ་གདངས་མཆེ་བའི་མྱུ་གུ་ཡིད་ཙམ་མངོན་ལ་ལྗགས་བུང་བ་ལྟར་གཡོ་བས་འདྲིལ་བ། ཆགས་མདངས་རྒྱས་ཤིང་ཟུར་མིག་གི་སྤྱན་གཡོ་བ། སྐུ་སྨད་དུ་ཁམས་གསུམ་ཟིལ་གྱིས་གནོན་པའི་སྟག་ཤམ་འཕྱང་ཞིང་སེམས་བྱུང་དག་པའི་མི་མགོ་ལྔ་བཅུའི་ཕྲེང་བ། དུག་ལྔ་གནས་དག་ཐོད་སྐམ་ལྔའི་དབུ་རྒྱན། འཁོར་བ་ལུགས་ལྡོག་གི་བརྡར་རལ་པ་དམར་སེར་གྱེན་དུ་བརྫེས་པ། དོན་དམ་ཆོས་ཉིད་ཀྱི་བདེན་པ་རྟོགས་ཏེ་སྲིད་ཞི་མཉམ་ཉིད་དུ་གཟིགས་པའི་བརྡར་སྤྱི་གཙུག་ཏུ་ཕག་ཞལ་ནག་པོ་གདོང་གྱེན་དུ་ཕྱོགས་ནས་ངུར་བ། ཕྱག་གཡས་པས་གཟུང་འཛིན་རྩད་ནས་གཅོད་པའི་བརྡར་གྲི་གུག་ཕྱར་ཞིང༌། གཡོན་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་བརྙེས་པའི་བརྡར་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་གཏོད་དེ་འཛིན་པ། ཕར་ཕྱིན་དྲུག་མཐར་ཕྱིན་པའི་བརྡར་རུས་པའི་ཕྱག་རྒྱ་ལྔའི་རྒྱན་ལ་རིན་པོ་ཆེས་ཕྲ་བཏབ་པ། བདེ་དྲོད་འོད་ཕུང་འཁྲིགས་པའི་ཀློང་ན་འཁོར་བའི་སྐྱེ་སྒོ་དགག་པའི་ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང༌། ཞི་བ་ཕྱོགས་གཅིག་ཏུ་མ་བཞུགས་པར་ཐུགས་རྗེས་སྲིད་པ་བཟུང་བའི་གཡོན་བརྐྱང་པའི་སོར་རྩེས་བམ་རོའི་སྙིང་གར་མནན་པ། གྲུ་མོ་གཡོན་དུ་ཐབས་མཆོག་ཡབ་དང་འདུ་འབྲལ་མེད་པའི་བརྡ་རྟགས་སུ་རྡོ་རྗེའི་ཁ་ཊྭཱཾ་གིས་མཚན་པ། སྣང་ཆ་ཞལ་ཕྱག་གི་རྣམ་འགྱུར་འཇའ་ཚོན་བཞིན་གསལ་ཡང༌། གདོས་བཅས་མཚན་མའི་ཆོས་སུ་གདོད་ནས་མ་གྲུབ་པ་སྟོང་པ་ཉིད་དང་འདུ་འབྲལ་མེད་པ་ཅན་དུ་སྒོམ། དེ་ལྟར་གསལ་བའི་སྤྱི་གཙུག་གམ་མདུན་གྱི་ནམ་མཁར་ཞེས་འདམ་ག་ཅན་དུ་གསུངས་པ་ནི། རྒྱུན་གྱི་ཉམས་ལེན་གྱི་གསོལ་བ་འདེབས་པའི་སྐབས་སྤྱི་གཙུག་དང༌། དམིགས་བསལ་དབང་ལེན་གྱི་སྐབས་མདུན་གྱི་ནམ་མཁར་གསལ་བའི་དོན་ཏེ། གང་ལྟར་ཡང་ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨ། གསུང་རྡོ་རྗེའི་རིགས་སུ་བྱོན་པའི་བརྡར་ཁ་དོག་དམར་པོ། གང་འདུལ་གྱི་རྣམ་ཐར་དང་ཕྲིན་ལས་བསམ་མི་ཁྱབ་པའི་རྟགས་སུ་འདབ་མ་འབུམ་ཕྲག་བརྡལ་བའི་ཟེའུའི་འབྲུར་བདེ་སྟོང་གི་ཡེ་ཤེས་མཚོན་པའི་ཉི་ཟླ་གཉིས་བརྩེགས་ཀྱི་སྟེང་དུ། པདྨ་བཀའ་ཡི་ཐང་ཡིག་ལས། སངས་རྒྱས་འདུལ་ཞིང་ཁྱད་པར་འཕགས་པ་རུ༔ འགྲོ་རེའི་མདུན་དུ་སྤྲུལ་སྐུའི་སྟོན་པ་འབྱོན༔ སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་པདྨ་འབྱུང་གནས་སྐུ༔ མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཀྱང༔ དོན་ལ་དབྱེར་མེད་སོ་སོར་ཐ་མི་དད༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ གཉིས་མེད་པདྨ་འབྱུང་གནས་ལྷུན་གྱིས་གྲུབ༔ འགྲོ་དོན་ཀུན་ལས་བྱིན་རླབས་རྨད་པོ་ཆེ༔ ཞེས་དང༌། གུ་རུ་རིན་པོ་ཆེའི་ཞལ་ནས༔ ལེགས་སོ་ལེགས་སོ་ལྷའི་སྲས་པོ༔ སྤྱིར་རང་ལ་ལམ་སྟོན་པའི་བླ་མ་དེ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་ཡིན༔ བྱེ་བྲག་ཏུ་གསང་སྔགས་ཀྱི་གདམས་པ་གནང་བའི་བླ་མ་དེ་དུས་གསུམ་གྱི་སངས་རྒྱས་ལས་ཀྱང་ལྷག༔ དེ་ལ་མོས་གུས་ཁ་ཙམ་མིན་པ་མེད་ན་ཆོས་ཀྱི་རྩ་བ་རུལ་འགྲོ་བར་འདུག༔ ཁྱད་པར་བོད་ཡུལ་ཆོས་བྱེད་ཀུན་གྱི་བླ་མ་ནི་བདག་ཁོ་ན་ལ་ཐུག་པ་ཡིན་ཏེ༔ ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་དགོངས་པ་དབྱེར་མེད་དུ་གྱུར༔ ལོངས་སྐུའི་སངས་རྒྱས་ཐམས་ཅད་སྤྲོ་ཞིང་སྡུད༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་རོ་གཅིག་པ་ལས་ཐ་དད་པའི་ཚུལ་དུ་བསྟན་ནས༔ འཛམ་བུ་གླིང་དང་བྱེ་བྲག་གདོང་དམར་བོད་ཀྱི་རྒྱལ་ཁམས་འདུལ་བའི་ཆེད་དུ་སྤྲུལ་པ་ཡིན་པས་ན༔ ད་ལྟར་བཞུགས་པའི་ཆོས་རྒྱལ་ལོ་པཎ་སྐྱེས་མཆོག་རྣམས་དང༔ མ་འོངས་པ་བོད་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་འབྱོན་པར་འགྱུར་བའི་བསྟན་འཛིན་སྐྱེས་བུ་དམ་པ་རྣམས་ཀྱང༔ བདག་པདྨ་འབྱུང་གནས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་ངང་ལས༔ གང་འདུལ་སྒྱུ་འཕྲུལ་དྲྭ་བར་བསྟན་པ་ཙམ་ཡིན་ནོ༔ དེ་བས་ན་ཁོ་བོ་ལ་སྐྱབས་གནས་ཐམས་ཅད་ཀྱི་བདག་ཉིད་རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་སུ་མོས་པས་དུས་རྒྱུན་དུ་མ་བརྗེད་པར་གསོལ་བ་ཐོབ་ཅིག་དང༔ འདོད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་མ་གྱུར་ན་ཁོ་བོས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསླུས་པར་གྱུར་རོ༔ ཁྱད་པར་བར་ཆད་ཐམས་ཅད་སེལ་བའི་དོན་དུ་གསོལ་བ་འདི་ལྟར་ཐོབ་ཅིག༔ ཅེས་རྡོ་རྗེའི་གསུང་དངོས་ཀྱིས་ཡང་ཡང་གསུངས་པ་ལྟར་ངོ་བོ་རང་གི་རྩ་བའི་བླ་མ་ལ་རྣམ་པ་ཡིད་བཞིན་ནོར་བུ་ལྟ་བུ་བསམ་པ་ལྷུན་གྱིས་གྲུབ་པའི་གུ་རུ་བཅུ་གསུམ་གྱི་ཁྱབ་བདག །སྐྱབས་གནས་རྒྱ་མཚོའི་སྤྲོ་བསྡུའི་མེས་པོ་མ་ཧཱ་གུ་རུ་བདེ་བ་ཆེན་པོ་སྐུ་མདོག་དཀར་གསལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་བྱིན་མཚུངས་པ་མེད་པ། ཐུགས་རྗེ་འགྲོ་ལ་ཆགས་པའི་དམར་མདང་ཅུང་ཟད་འཚེར་བ། ལྷ་མིའི་ཐེག་པའི་ཡོན་ཏན་རྫོགས་པའི་བརྡར་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། གསང་སྔགས་རྒྱུད་སྡེ་བཞིའི་ས་ལམ་རྫོགས་པའི་བེར་ཆེན་སྔོ་ཁྲ། ཐུབ་པ་རྒྱུད་ཀྱི་ཐེག་པའི་ཡོན་ཏན་རྫོགས་པའི་ཆོས་གོས་རྣམ་གསུམ་དམར་སེར། སྣང་སྲིད་དབང་དུ་སྡུད་པའི་ཟ་བེར་སྨུག་པོ་བཅས་ཐེག་པ་རིམ་པ་དགུའི་སྟོན་པར་བཞུགས་པའི་ན་བཟའ་རྒྱན་ཆས་ཡོངས་སུ་རྫོགས་པ། དགོངས་པ་ཆོས་ཉིད་ལས་མི་གཡོ་བས་སྲིད་ཞིའི་སྤྱི་དཔལ་དུ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་འཁོར་འདས་མཉམ་ཉིད་དུ་རྟོགས་པའི་ཕྱག་མཉམ་བཞག་གིས་སྟོང་ཆེན་ཆོས་ཀུན་བདེ་ཆེན་ཐིག་ལེ་ཆེན་པོའི་ཡེ་ཤེས་ཀྱི་ཀློང་དུ་སྡོམ་པའི་བརྡར་བྷནྡྷ་བདུད་རྩིའི་བཅུད་ཀྱིས་ཁེངས་པའི་སྟེང་ཨེ་ཝཾ་མཉམ་སྦྱོར་གྱི་ཡི་གེས་མཚན་པ། སྤྱན་ཟུང་རྡོ་རྗེའི་ལྟ་སྟངས་མི་གཡོ་བས་འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས་སུ་གཟིགས་པ། མདོ་རྒྱུད་མན་ངག་གི་གཏེར་མཛོད་དུ་གྲུབ་པས་དབུ་ལ་པཎ་ཞུ་དམར་ཟླུམ་གསོལ་བ། སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་འཕྲོ་བས་ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི་ཞིང་ཀུན་ཁྱབ་པར་བརྡལ་ནས་རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཚོགས་སྤྲོ་ཞིང་སྡུད་པ། སྐུ་ཡི་བ་སྤུའི་ཁུང་བུ་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས། ཞིང་རེ་རེར་ཡང་སྟོན་པ་འཁོར་མཛད་པ་བསམ་གྱིས་མི་ཁྱབ་པའི་ངོ་མཚར་འབྱམས་སུ་ཀླས་པའི་བདག་ཉིད་ཅན་དུ་གསལ་བ་ལ། མོས་གུས་དྲག་པོས་གསོལ་བ་བཏབ་པས་སྤྱི་བོའི་བླ་མའི་གནས་གསུམ་དུ་ཨོཾ་དཀར། ཨཱཿདམར། ཧཱུྃ་མཐིང་ག་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པ་ལས་འོད་ཟེར་འཕྲོས་པས་སྐུ་གསུམ་དག་པའི་ཞིང་རབ་འབྱམས་དང༌། ཁྱད་པར་རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོར་ཁྱབ། དེ་དག་ཏུ་བཞུགས་པའི་སྐྱབས་གནས་རབ་འབྱམས་རྒྱ་མཚོའི་ཚོགས་ཐམས་ཅད་གུ་རུ་རིན་པོ་ཆེའི་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་འབབ་པ་ལྟར་བྱོན་ཏེ། སྤྱི་བོའི་བླ་མ་ལ་ཐིམ་པར་བསམ་ལ། ཌཱ་དྲིལ་སྤོས་རོལ་དང་བཅས་ཏེ་སྤྱན་དྲངས། དམ་ཡེ་དབྱེར་མེད་དུ་ཏིཥྛ་ལྷན་གྱིས་བསྟིམ། ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོས་ཕྱག་གིས་བཏུད། རང་རྣལ་འབྱོར་མའི་ཐུགས་ཀ་ནས་མཆོད་པའི་ལྷ་མོའི་ཚོགས་སྤྲོས་ཏེ་མཆོད་པར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་སོགས་ཉེར་སྤྱོད་བདུན་གྱིས་ཕྱི་མཆོད། རཱུ་པ་ཤབྡ་སོགས་འདོད་ཡོན་ལྔའི་ནང་མཆོད། མ་ཧཱ་པཉྩ་སོགས་སྨན་རཀ་གཏོར་མའི་གསང་མཆོད། མ་ཧཱ་སུ་ཁས་མཆོད་པའི་ལྷ་མོ་རྣམས་སྐུ་ལ་འཁྲིལ་ཏེ་སྙོམས་འཇུག་གི་དགའ་བཞིས་མཆོད་པ། སརྦ་ཛྙཱ་ན་དྷརྨ་དྷཱ་ཏུ་སོགས་ཀྱིས་འཁོར་གསུམ་སྤྲོས་བྲལ་གྱི་མཆོད་པ་རྣམས་ཆིག་རྫོགས་སུ་ཕུལ། བརྟན་གཡོ་སྲིད་ཞིའི་སྒྲ་སྐད་ཐམས་ཅད་ཀྱིས་བླ་མའི་ཡོན་ཏན་སྒྲོགས་པའི་བསྟོད་དབྱངས་འབའ་ཞིག་ཏུ་གྱུར་པར་མོས་ལ་ཕྲིན་ལས་ཀྱི་རིམ་པ་རྣམས་བྱའོ། །གཉིས་པ་བཟླས་པ་ལ་གསུམ་ལས། དང་པོ་གསོལ་འདེབས་བསྙེན་པའི་རྣལ་འབྱོར་ནི། སྤྱིར་བླ་མ་སྒྲུབ་པ་ལ་ཕྱི་གསོལ་འདེབས་ལྟར་སྒྲུབ་པ། ནང་བླ་མ་སྐུ་གསུམ་དུ་སྒྲུབ་པ། གསང་བ་ལུས་དཀྱིལ་དང་རླུང་སེམས་ཀྱི་སྒྲུབ་པ། ཡང་གསང་བླ་མ་དྲག་པོ་སྒྲུབ་ཚུལ་དང་བཞི་ལས། ཐོག་མར་གསོལ་འདེབས་ཀྱི་ཚུལ་དུ་བསྙེན་པ་ནི། ལམ་ཟབ་ལེའུ་བདུན་མ་ལས། མ་འོངས་པདྨ་བདག་ཉིད་ལ༔ དད་ཅིང་མོས་པའི་གང་ཟག་རྣམས༔ སྐྱབས་གནས་གཞན་དུ་ཚོལ་མི་དགོས༔ ང་ནི་དཀོན་མཆོག་ཀུན་འདུས་ཡིན༔ སྒྲུབ་ཐབས་མང་པོར་འཇུག་མི་དགོས༔ ང་ཉིད་རྩ་གསུམ་ཀུན་འདུས་ཡིན༔ བོད་འབངས་ཡོངས་ལ་བུ་བཞིན་དགོངས༔ ལྷག་པར་སྙིགས་དུས་ཐུགས་རྗེ་མྱུར༔ མོས་ཤིང་གུས་པའི་བློ་ཡོད་ན༔ ཉེ་རིང་མེད་པར་སྤྱན་གྱིས་གཟིགས༔ རྒྱུན་ཆད་མེད་པར་བྱིན་རླབས་འཇུག༔ དེ་བས་དབང་པོ་མཆོག་དམན་ཀུན༔ ལམ་ཟབ་འདི་ཉིད་ཉམས་སུ་ལོངས༔ འགལ་རྐྱེན་ཞི་ཞིང་ལེགས་ཚོགས་འགྲུབ༔ ཚེ་གཅིག་རིག་འཛིན་ས་ཐོབ་འགྱུར༔ ཞེས་གསུངས་པ་ལྟར་སྤྱི་བོར་བཞུགས་པའི་བླ་མ་ཉིད་མཁྱེན་བརྩེ་ནུས་པའི་མངའ་བདག་སྐྱབས་གནས་ཀུན་འདུས། བླ་མའི་གསོལ་འདེབས་ཀྱི་རྣལ་འབྱོར་འདི་ཉིད་མདོ་སྔགས་ཀྱི་ལམ་ཟབ་ཀུན་འདུས། སྔོན་འགྲོ་དངོས་གཞི་གེགས་སེལ་བོགས་འདོན་གྱི་གདམས་པ་ཐམས་ཅད་འདི་ལ་མ་འདུས་པ་མེད་པས་གཅིག་ཆོག་རྒྱལ་པོ་སྐྱེ་འཆི་བར་དོའི་ལམ་ཁྱེར་ཐམས་ཅད་འདིས་ནུས་པར་ཤེས་པའི་ཡིད་ཆེས་ཀྱིས་རྒྱས་པ་སྤྲོ་ན་གསོལ་འདེབས་ལེའུ་བདུན་མ། བར་ཆད་ལམ་སེལ། བསམ་ལྷུན། རྗེ་བླ་མའི་གསུང་ཚེས་བཅུའི་གསོལ་འདེབས། བསམ་ལྷུན་དང་བར་ཆད་ལམ་སེལ་བསྡུས་པ་རྣམས་ཀྱང་ཅི་རིགས་སྦྱར་ཞིང༌། ཁྱད་པར་རྡོ་རྗེའི་ཚིག་རྐང་བདུན་མའི་གསོལ་འདེབས་ཀྱིས་ཕུར་ཚུགས་སུ་ཡང་ཡང་གསོལ་བ་གདབ། རེས་བླ་མའི་སྐུའི་གསལ་སྣང༌། རེས་བཀའ་དྲིན་དང་ཡོན་ཏན་དྲན་པའི་མོས་གུས་ཀྱིས་ཐུགས་རྒྱུད་བསྐུལ་བས། བླ་མའི་གནས་གསུམ་འོད་ཟེར་སྤྲོ་བསྡུས་དང་དམིགས་པ་ཡང་ཡང་བྱས་ན་བྱིན་རླབས་མྱུར་དུ་འཇུག་པའི་དགོས་པ་ཡོད་དོ། །གཉིས་པ་ཐུགས་དམ་རྒྱུད་བསྐུལ་ཐོད་ཕྲེང་རྩལ་གྱི་བཟླས་པས་སྒྲུབ་པ་ནི། སྤྱིར་སྦྱང་གཞི་རང་གི་གཉུག་མའི་སྒོ་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་གཉིས་སུ་མེད་པར་གདོད་ནས་གནས་ཀྱང༌། བློ་བུར་འཁྲུལ་རྟོག་དྲི་མས་བསྒྲིབས་ཏེ་རང་གི་ལུས་ངག་ཡིད་གསུམ་ཐ་མལ་ལས་ཉོན་གྱི་ཕུང་པོར་གནས་པ་ཉིད། བླ་མ་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་དག་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱིས་དབང་དང་བྱིན་རླབས་སྩོལ་བའི་ནུས་པ་དང༌། སློབ་མའི་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ཤིང་དག་པ་རྡོ་རྗེ་གསུམ་གྱི་ཡོན་ཏན་མངོན་གྱུར་དུ་སད་ན་ས་ལམ་ཐམས་ཅད་རྫོགས་ནས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་ངེས་པའི་གནད་ཁོང་དུ་ཆུད་པས། དབང་བཞི་ལེན་པའི་དམིགས་པ་ཡིད་ཆེས་པར་བྱས་རྗེས་སློབ་མའི་སྒོ་གསུམ་ལ་བླ་མའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་འཕོས་པས་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་དག་པའི་རྡོ་རྗེ་གསུམ་གྱི་ནུས་པ་མངོན་གྱུར་དུ་སད་ནས་གཉིས་སུ་མེད་པར་གྱུར་པའི་ངེས་ཤེས་ལ་མཉམ་པར་བཞག །གདོད་ནས་ཐུགས་ཡིད་དབྱེར་མེད་དུ་བཞུགས་པའི་གདེང་གིས་ཐོད་ཕྲེང་རྩལ་ཛཔ་དབྱངས་བྱས་ནས་བྱིང་རྨུག་དང་ཁམས་དུབ་པ་སངས་ཤིང་ཉམས་རྟོགས་ཀྱི་རྩལ་རྒྱས་པར་གསུངས། གང་ལྟར་ཡང་ཐོད་ཕྲེང་རྩལ་གྱི་བཟླས་པ་འབུམ་བཞི་བཟླ་པ་གྲངས་བསྙེན་གྱི་ཚད་དུ་གསུངས། དམིགས་པ་ནི་དབང་བཞི་ལེན་པ་ཉིད་གཙོ་བོར་ཡིན་པས་རྡོ་རྗེ་ཚིག་རྐང་བདུན་པའི་གསོལ་འདེབས་དང་སྤེལ་ཏེ་བྱས་ན་ལེགས་སྙམ་མོ། །གསུམ་པ་རང་གི་སྒོ་གསུམ་བླ་མའི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་སྒྲུབ་པ་ཆེན་པོ་དང༌། ལས་སྦྱོར་དབྱེར་མེད་པ་རྡོ་རྗེའི་རྩ་སྔགས་འབྲུ་བཅུ་གཉིས་པའི་རྣལ་འབྱོར་ནི། སྣོད་བཅུད་སྣང་གྲགས་རིག་པའི་ཆ་ཐམས་ཅད་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་གདོད་ནས་གནས་པའི་ཡིན་ལུགས་མངོན་གྱུར་དུ་སད་དེ། གར་སྡོད་ཨོ་རྒྱན་གནས་སུ་མོས༔ གང་ཚོགས་ལྷ་ཡི་རྣམ་པར་བལྟ༔ ཞེས་གསུངས་པ་ལྟར་ཕྱི་སྣོད་ཟངས་མདོག་དཔལ་རི། ནང་བཅུད་དཔའ་བོ་ཌཱ་ཀི །སྒྲ་གྲགས་བཛྲ་གུ་རུའི་རང་སྒྲ། སེམས་ཀྱི་འགྱུ་འཕྲོ་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རོལ་པར་རོ་གཅིག་དུ་མར་ཤར་བར་ཐག་བཅད་དེ་སྣང་སྲིད་དག་པ་རབ་འབྱམས་སུ་སད་པས་སྣང་ཆ་ལྷ་ཡི་དཀྱིལ་འཁོར། དོན་ལ་བདེ་སྡུག་ཞེན་སྣང་ཐམས་ཅད་ཆུ་ཟླ་དང་འཇའ་ཚོན་བཞིན་སྟོང་ཉིད་རྣམ་ཀུན་མཆོག་ལྡན་དང་འདུ་འབྲལ་མེད་པ། མ་དག་ཆགས་སྡང་རྨོངས་གསུམ་གྱི་རྒྱུ་འབྲས་ཀྱང་བླ་མའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་སུ་ཤེས་པས་རང་ཤར་རང་གྲོལ་དུ་ལམ་ཁྱེར་བྱ། དག་པ་ཉམས་དང་རྟོགས་པའི་སྣང་ཆ་ཡང་བླ་མ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་རྩལ་སྣང་དུ་ཐག་བཅད་ལ་འཛིན་ཞེན་གྱི་རྟོག་པ་སྤང༌། མདོར་ན་བླ་མའི་སྐུ་གསུང་ཐུགས་རྒྱུད་ཐ་དད་མེད་པ་ཡེ་ཤེས་གཅིག་ཉིད་གང་འདུལ་དུ་འཆར་བའི་གནད་ཀྱིས་རང་གི་སྒོ་གསུམ་དང་སྣང་གྲགས་རིག་པ་ཐམས་ཅད་བླ་མའི་གསང་གསུམ་ཡེ་ཤེས་ཆེན་པོ་དང་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་ལྟ་བས་རྒྱས་ཐེབས་པའི་ངང་ནས་མོས་གུས་དང་དག་སྣང་གི་རྩལ་སྦར་ཏེ། སྤྱི་གཙུག་གི་བླ་མའི་ཐུགས་ཀར་ཟླ་དཀྱིལ་སྟེང་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཐུགས་སྲོག་ཧྲཱིཿཡིག་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ། ཁྱད་པར་སྣོད་བཅུད་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོ་གཅིག་གི་དཀྱིལ་འཁོར་དུ་མ་རོ་གཅིག་ཏུ་ཤེས་པའི་ལྟ་བའི་ངང་ལ་མཉམ་པར་གཞག་ནས་བཛྲ་གུ་རུའི་བཟླས་པ་ཆིག་དྲིལ་དུ་འབད། དེ་ཐམས་ཅད་ཀྱི་སྐུ་ལས་ཡེ་ཤེས་འོད་ཟེར་ཁ་དོག་སྣ་ལྔའི་སྤྲོ་བསྡུ། སྔགས་ཀྱི་རང་སྒྲ་འཇམ་མཉེན་བརྗིད་ཆགས་སྙན་ལ་ཡིད་འཕྲོག་པ་འབྲུག་སྒྲ་དྲག་པོ་ལྟ་བུ་མ་ངེས་པ་དང༌། སྐུ་སྔགས་ཕྱག་མཚན་གྱི་འཕྲོ་འདུས་ཐོད་ཕྲེང་རིགས་ལྔ་སྐབས་སུ་གང་བབ་གཙོ་བོར་བགྱིས་པས་ལས་སྦྱོར་གྱི་གནད་ཀྱང་ཚང་བ་ཡིན་ནོ། །གསུམ་པ་རྗེས་རིམ་ནི། དེ་ལྟར་བསྙེན་སྒྲུབ་དམིགས་བསལ་དང་རྒྱུན་གྱི་རྣལ་འབྱོར་གང་ལ་འཇུག་པའི་ཐོག་མཐའ་དང་ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་གི་སྐབས་སྤྲོ་ན་ཚོགས་མཆོད་གཞུང་གསལ་ལྟར་བྱ། བསྙེན་སྒྲུབ་གྲོལ་བའི་སྐབས། གུ་རུ་མཁའ་འགྲོའི་ཚོགས་བཅས་ཀྱི་འདོན་ཚིག་དང་སྦྲག་སྐུ་རྟེན་དང༌། གཏོར་མ་ལས་དབང་ལེན་བགྱི་བགོས་ཤིང༌། བཀའ་སྲུང་གི་གཏོར་འབུལ་མ་ཆད་པར་བྱ། གཞན་བསྡུ་ལྡང༌། དགེ་བ་སྔོ། ཤིས་བརྗོད། ཟངས་མདོག་དཔལ་རིའི་སྨོན་ལམ་རྣམས་བྱ་དགོས་སོ། །བཞི་པ་བཟའ་བཏུང་མཆོད་པ་བྱིན་རླབས་ཐུན་མཚམས་ཀྱི་རྣལ་འབྱོར་ནི། མདོར་ན་མཉམ་རྗེས་ཀྱི་སྤྱོད་ལམ་ཐམས་ཅད་བླ་མའི་སྣང་བ་དང་མ་བྲལ་བར་གནད་ཐམས་ཅད་འདུས་པས་ན་འདུག་པའི་ཚེ་བླ་མ་སྤྱི་གཙུག་ཏུ་བསྒོམས་ལ་གསོལ་བ་བཏབ། འགྲོ་བའི་ཚེ་ཕྲག་པ་གཡས་སུ་བསྒོམས་ལ་བླ་མ་ལ་བསྐོར་བ་བྱེད་པར་མོས། བཟའ་བཏུང་གི་ཚེ་བླ་མ་མགྲིན་པར་བསྒོམས་ལ་ཁ་ཟས་ཀྱི་དྭངས་མ་བླ་མས་བཞེས་པར་མོས། ཉལ་བའི་ཚེ་སྙིང་དབུས་སུ་བསྒོམས་ལ་གཉིད་འོད་གསལ་དུ་འཆར་བའི་གསོལ་འདེབས་བྱ། སྤྱི་བོའི་བླ་མའི་སྐུ་ལས་བབ་པའི་བདུད་རྩིས་རང་གི་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་རྣག་ཁྲག་སྲོག་ཆགས་དུད་ཁུ་མི་གཙང་བ་སོགས་ཀྱི་རྣམ་པར་ཐོན་པར་བསམས་ལ་ཚིག་བདུན་དང་བཛྲ་གུ་རུ་བཟླས་པས་སྒྲིབ་སྦྱངས། སྐུ་གསུམ་ཞིང་གི་བཀོད་པ་དང་བདག་ལུས་ལོངས་སྤྱོད་བཅས་འབུལ་བར་མོས་ལ་མཎྜལ་རྒྱས་བསྡུས་བསགས་པ་དང༌། ལུས་ཕྱག་དངོས་སུ་འཚལ་བས་སྔོན་འགྲོ་བསགས་སྦྱང་གི་གནད་ཀྱང་ཚང་ཞིང་མདོར་ན་སྐྱིད་སྡུག་བར་མའི་སྣང་བ་གང་ཤར་ཡང་བླ་མའི་རྣམ་རོལ་དུ་ཤེས་པར་བྱ། བདེ་སྡུག་གི་སྣང་ཆ་དེ་དག་ཀྱང་བླ་མའི་སྐུའི་རྣམ་འགྱུར་དུ་གསལ་འདེབས་དགོས། སྐྱིད་ཀྱང་ཞེན་ཆགས་མེད་པས་སྒྱུ་མ་དང་རྨི་ལམ་ལྟ་བུ། སྡུག་ཀྱང་སྐྱོ་སུན་མེད་པ་ལས་སྒྲིབ་སྦྱང་ཞིང་སྙིང་རྗེའི་གསལ་འདེབས། །བཏང་སྙོམས་བར་མའི་སྐབས་ཀྱང་བླ་མ་ལ་ཡིད་དུང་ངེ་ཡོད་པས་གང་སྣང་སེམས་ཀྱི་རང་རྩལ་དུ་ཤེས་པས་གནས་ལུགས་རང་ངོ་བསྐྱང་བ་གལ་ཆེ། མདོར་ན་སྐྱིད་སྡུག་གི་སྣང་བས་སེམས་མཐོ་དམན་དུ་བྱེད་ན་འཁྲུལ་པ་ཡིན། ཐ་སྙད་དུ་བློའི་འཛིན་སྟང་ཙམ་ལས་སྐྱིད་སྡུག་གཉིས་ཀ་དཔྱད་ན་སྟོང་ཉིད་ཡིན། སྟོང་ཉིད་དེ་བླ་མའི་དགོངས་པ་ཡིན་པར་ངོ་ཤེས་པས་བདེ་སྡུག་བཟང་ངན་གྱི་འདམ་ཀ་གང་ཡང་མེད། ཆོས་ཉིད་གཅིག་ཏུ་དག་པར་ཤར་གྲོལ་དུ་གྱུར་བའི་གནད་དེ་ཤེས་པ་གལ་ཆེ། །བདེ་སྡུག་ཐམས་ཅད་སྟོང་ཉིད་དུ་ལམ་ཁྱེར་ནུས་ན་རོ་སྙོམས་ཀྱི་གནད་ཀྱང་ཚང༌། དེ་ཉིད་བླ་མའི་ཐུགས་ཡེ་ཤེས་དང་གཉིས་མེད་དུ་རྟོགས་པས་མོས་གུས་བྱས་ན་བླ་མའི་རྣལ་འབྱོར་ཀྱང་ཡིན། རྐྱེན་དེ་དག་ལམ་དུ་ཁྱེར་བས་ཉམས་མྱོང་གོང་འཕེལ་དུ་གྱུར་པ་དང་གེགས་སེལ་བོགས་འདོན་དུ་འགྱུར་བའོ། །མདོར་ན་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་ལམ། སྐྱེ་འཆི་བར་དོའི་ཉམས་ལེན་ཐམས་ཅད་ཚང་ཞིང་ཟབ་མྱུར་ཉམས་སུ་ལེན་བདེ་བའི་ཁྱད་ཆོས་དང་ལྡན་པའོ། །སྐལ་བཟང་ཐར་འདོད་རྣམས་ཀྱིས་གཅེས་སྤྲས་སུ་ཟུངས་ཤིག །ཚིག་ཚོགས་ཉུང་ཡང་དོན་གནད་ཟབ་དྲིལ་གྱི། །སྨིན་གྲོལ་ལམ་འདི་ནམ་ཡང་མི་ཉམས་པ། །བསྟན་འགྲོའི་ཕན་བདེའི་སྲོག་གི་ཟུངས་གྱུར་ནས། །ཀུན་བཟང་པདྨའི་ཕྲིན་ལས་མཁའ་ཁྱབ་ཤོག །ཅེས་པའང་མཁས་གྲུབ་ཀྱི་དབང་ཕྱུག་མཆོག་གི་རྡོ་རྗེ་སློབ་དཔོན་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་རྫོགས་ཆེན་གསང་བ་སྙིང་ཐིག་གི་ཉམས་ལེན་ཁྲིད་ཀྱི་ཡི་གེ་འདིའང༌། སྐུ་གསུང་ཐུགས་ཀྱི་རིགས་སྲས་མཆོག་སྤྲུལ་པདྨ་དབང་རྒྱལ་སྐུ་མཆེད་རྣམས་ནས་གསུང་གིས་བསྐུལ་ཞིང༌། གདུལ་བྱའི་ལྷག་མ་འཛམ་གླིང་མཐའི་རྒྱལ་ཁབ་རྣམས་ཀྱི་རྣལ་འབྱོར་ཕོ་མོ་རྣམས་ལ་ཕན་པའི་ལྷག་བསམ་གྱི་གུས་སློབ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་དཔལ་འབར་གྱིས་ཨ་རི་བྷེ་ག་ཌའི་ཀརྨ་ཆོས་གླིང་དུ་བྲིས་པ་འདིས་ཀྱང་འགྲོ་ཀུན་བླ་མ་སྐུ་བཞིའི་གསང་གསུམ་རྡོ་རྗེའི་དབྱིངས་སུ་མངོན་པར་བྱང་ཆུབ་ཆེན་པོ་བརྙེས་པའི་རྒྱུ་ཁོ་ནར་གྱུར་ཅིག །སརྦ་མངྒ་ལམ།། །།}} | ༄༅། །སྲིད་ཞི་བརྟན་གཡོ་ཀུན་ཁྱབ་བདེ་བ་ཆེ། །རིགས་ཀུན་ཁྱབ་བདག་བླ་མའི་རྣམ་རོལ་གྱིས། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་དེར་བཏུད་ནས། །དེ་ཉིད་སྒྲུབ་པའི་ཟབ་ལམ་མདོ་ཙམ་དབྱེ། །མདོ་སྔགས་ལམ་རྣམས་ཀུན་གྱི་ཡང་སྙིང་བྱིན་རླབས་བླ་མ་སྒྲུབ་པའི་ཐུགས་ཐིག་རྫོགས་ཆེན་གསང་བ་སྙིང་ཐིག་གི་བླ་སྒྲུབ་བྱིན་རླབས་སྙིང་པོ་ཉམས་སུ་ལེན་པར་འདོད་པས། གཏེར་སྟོན་གྲུབ་ཐོབ་ཡོངས་ཀྱི་རྒྱལ་པོ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་བླ་མ་གསང་འདུས་ཀྱི་སྒྲུབ་ཡིག་ལས། སྙིང་རྗེ་བྱང་ཆུབ་སེམས་བསྒོམ་ལ༔ རང་གི་སེམས་རྒྱུད་བྱིན་གྱིས་བརླབ༔ ༡ གར་སྡོད་ཨོ་རྒྱན་གནས་སུ་མོས༔ ས་ཕྱོགས་ཐམས་ཅད་བྱིན་གྱིས་བརླབ༔ ༢ ཁང་པ་གཞལ་ཡས་ཁང་དུ་དམིགས༔ གནས་མལ་བྱིན་གྱིས་བརླབ་པར་བྱ༔ ༣ གང་ཚོགས་ལྷ་ཡི་རྣམ་པར་བལྟ༔ ཡེ་ཤེས་ལྷ་རུ་བྱིན་གྱིས་བརླབ༔ ༤ བཟའ་བཏུང་བདུད་རྩིར་མོས་བྱས་ཏེ༔ མཆོད་པའི་རྫས་སུ་བྱིན་གྱིས་བརླབ༔ ༥ དེ་ལྟར་བྱིན་རླབས་རྣམ་ལྔ་ལས༔ སྤྲོས་པའི་ཡན་ལག་བསམ་མི་ཁྱབ༔ ཅེས་གསུངས་པ་ལྟར་ཉམས་སུ་ལེན་པར་བྱ་བ་ལ་ལྔ་ལས། དང་པོ་བདག་རྒྱུད་བྱིན་གྱིས་བརླབ་པའི་སྔོན་འགྲོའི་རྣལ་འབྱོར་ནི། དེ་ཡང་རང་རེ་རྣམས་འཛམ་གླིང་ཆོས་དར་བའི་ཡུལ་གྲུར་སྐྱེས། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས། མཚན་ལྡན་གྱི་བླ་མ་ལས་གདམས་ངག་ཐོབ་པ་ཉམས་སུ་བླངས་ན་ཚེ་ལུས་གཅིག་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་ངེས་པའི་སྐལ་པ་ཤིན་ཏུ་བཟང་པོ་བྱུང་ཡང༌། ལུས་སེམས་ཀྱི་ཚོགས་པ་འདིས་མཚོན་པའི་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་རྟག་བརྟན་མེད་པ་རྨི་ལམ་གྱི་བཀོད་པ་ལྟར་ཡིན་པས་ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད་ཀྱིས་རྒྱུད་བསྐུལ་ཏེ་བློ་སྣ་ཐུང་ངུར་མ་བྱས་ན། གློ་བུར་དུ་འཆི་བས་དུས་གཏུགས་ན་མེ་ཤི་བའམ། ཆུ་སྐམ་པ་ལྟར་མེད་དུ་མི་འགྲོ་བར་ཕྱི་མའི་ལམ་པོ་ཆེར་འཇུག་དགོས། དེའི་ཚེ་ལས་དགེ་སྡིག་རང་གིས་བྱས་པ་དང་རྣམ་ཤེས་ལྷན་ཅིག་ཏུ་འགྲོགས་པ་ལས། ཚེ་འདིའི་སྙན་གྲགས། །སྟོབས་འབྱོར་མངའ་ཐང་ཕར་ཞོག་ཤིན་ཏུ་གཅེས་པར་བསྐྱངས་པའི་ལུས་ཀྱང་རྗེས་སུ་མི་འབྲང༌། འཁོར་བ་མཐོ་དམན་ནི་ལས་འབའ་ཞིག་གིས་བྱེད། རང་གིས་བསགས་པའི་ལས་རང་གིས་མྱོང་བ་ལས་གཞན་ལ་མི་འཕོ། གཞན་གྱིས་བྱས་པ་རང་ལ་མི་འགོ །རྒྱུ་འབྲས་བསླུ་བ་མེད་པའི་གནས་ལ་སྙིང་ནས་ཡིད་ཆེས་ཀྱིས་དགེ་སྡིག་བླང་དོར་ལ་ད་ལྟ་རང་དབང་ཡོད་པའི་སྐབས་སུ་བརྩོན། སྡིག་པ་ཆེ་ཕྲ་མཐའ་དག་བཤགས། དགེ་བ་ཆེ་ཕྲ་ཅི་ནུས་སུ་བསགས་པར་མ་བྱས་ན། ཤི་ནས་བར་དོར་སླེབས་སྐབས་བདེ་འགྲོ་དང་ཐར་པ་འདོད་ཀྱང་དགེ་བའི་ལས་མ་བསགས་ན་མི་ཐོབ། །ངན་སོང་དང་འཁོར་བ་མི་འདོད་ཀྱང་སྡིག་པ་བྱས་ཕྱིན་སྐྱེ་དགོས། དེར་མ་ཟད་འཁོར་བའི་གནས་རིགས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་མེད་པ་གཅིག་ཀྱང་མེད། ཚེ་རབས་ཐོག་མེད་ནས་འཁོར་བའི་སྡུག་བསྔལ་འབའ་ཞིག་མྱོང་ཡང་སྡུག་བསྔལ་དུ་མི་ཤེས་པ་འདི་འཁྲུལ་པས་ཡིན། འཁྲུལ་པ་འདི་ལས་ཉོན་ལས་བྱུང་བས་དེ་སྤང་བ་ལ་བླ་མའི་གདམས་ངག་དགོས། གདམས་ངག་ཀྱང་བླ་མ་མཚན་ལྡན་ཁོ་ན་ལས་འབྱུང་བས་ད་ལྟ་དམ་པའི་བླ་མ་མཇལ། ཟབ་མོའི་གདམས་པ་ཐོབ་པའི་སྐལ་པ་བཟང་པོ་མངོན་དུ་གྱུར་པ་འདིའི་སྟེང་ནས་རྣམ་གྲོལ་གཏན་གྱི་བདེ་བ་ཐོབ་ངེས་པ་ཞིག་བྱ་སྙམ་པའི་ངེས་བྱུང་གཤའ་མ་ཞིག་བསྐྱེད། ག་རེ་རང་གཅིག་པུ་ཙམ་འཁོར་བ་ལས་ཐར་པས་ཅི་ཕན། སེམས་ཅན་ཐམས་ཅད་རང་གི་ཕ་མ་ཡིན། འདི་ཐམས་ཅད་རང་བཞིན་དུ་འཁྲུལ་པའི་རྒྱུ་འབྲས་ལ་སྤྱོད་དེ་སྡུག་བསྔལ་གྱིས་མནར་འདུག་པས། སྐྱབས་ཁྱད་པར་ཅན་ཞིག་ལ་བརྟེན་ནས་མཁའ་ཁྱབ་ཀྱི་འགྲོ་བ་སྡུག་བསྔལ་སྲིད་པའི་རྒྱ་མཚོ་ལས་སྒྲོལ་ནུས་པ་ཞིག་བདག་གིས་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་ལེན་སྙམ་པའི་ངེས་ཤེས་བསྐྱེད་ལ། འདུ་འཛི་མེད་པའི་དབེན་པར་བསམ་གཏན་གྱི་སྤྱིལ་བུར་སྤྲོས་པ་དང་འབྲེལ་ན་གཞུང་མཐུན་གྱི་སྐུ་ཚབ་བྱིན་ལྡན་ནམ་གུ་རུ་རིན་པོ་ཆེའི་སྐུ་རྟེན་བྲིས་འབུར་གང་རུང་མདུན་སྨན་གཏོར་རཀྟ། ཉེར་སྤྱོད་སོགས་མཐོང་བརྒྱུད་ལྟར་བཤམ། རྒྱུན་གྱི་ཉམས་ལེན་སྐབས་དེ་དག་མ་འབྱོར་ཀྱང་རུང༌། ཡར་མར་ཚེས་བཅུ་ཞིག་ལ་བསྙེན་སྒྲུབ་ཀྱི་དབུ་ཚུགས་པར་བྱས་ལ། བདེ་བའི་སྟན་ལ་རང་སེམས་ཁོང་ལྷོད་པས། ཐོག་མར་སྔོན་འགྲོ་ཉམས་སུ་ལེན་པ་ལ། ལམ་གྱི་ཐོག་མར་སྐྱབས་འགྲོ་ནི། སྐྱབས་ཡུལ་ལ་མཆོག་ཏུ་གུས་ཤིང་གདུང་བའི་བློས། ན་མོ་ཞེས་ཕྱག་གི་བཏུད་པ་སྔོན་དུ་འགྲོ་བས། སྐྱབས་ཀྱི་གཙོ་བོ་བླ་མ་ནི་དུས་གསུམ་ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་གཅིག་ཏུ་འདུས་པ་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་སྐུ། མདོ་སྔགས་ཐུན་མོང་གི་སྐྱབས་གནས་དཀོན་མཆོག་གསུམ། སྔགས་ལུགས་ཀྱི་རྩ་བ་གསུམ། འབྲས་བུའི་སྐྱབས་མཐར་ཐུག་སངས་རྒྱས་སྐུ་གསུམ་དབྱེར་མེད་ཀྱི་རང་བཞིན་མདུན་གྱི་ནམ་མཁར་གཅིག་ཆོག་ནོར་བུའི་ལུགས་སུ་བཞུགས་པ་ལ། སྐྱབས་སུ་འགྲོ་བ་པོ་བདག་དང་མཁའ་ཁྱབ་འགྲོ་བ་དྲུག་གི་སེམས་ཅན་རྣམས། དགོས་པ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྐྱོབ་ཅིང༌། སྐུ་བཞི་ཡེ་ཤེས་ལྔ་ལྡན་འབྲས་བུའི་སྐྱབས་ཀྱི་གོ་འཕང་མངོན་དུ་མ་གྱུར་བར་དུ། རྣམ་པ་སྒོ་ལུས་ངག་ཡིད་གསུམ་འཇུག་པ་གཅིག་པའི་དྭངས་འདོད་ཡིད་ཆེས་ཀྱི་དད་པས་བློ་གཏད་ལིང་སྐྱུར་གྱི་ཚུལ་དུ་སྐྱབས་སུ་མཆི་སྙམ་པས་གྲངས་ཅི་ནུས་བསགས། གཉིས་པ་ཐེག་ཆེན་ལམ་གྱི་རྩ་བ་སེམས་བསྐྱེད་ནི། སྐྱབས་ཡུལ་དེ་ཉིད་དཔང་པོར་བྱས་ཏེ། སྲིད་ཞིའི་མཐར་ལྷུང་བའི་སེམས་ཅན་ལ་དམིགས་པས་ཧོ་ཞེས་བརྗོད་པས་བསྐུལ་ཏེ་བདག་གིས་ཀུན་རྫོབ་དང་དོན་དམ་གྱི་སེམས་བསྐྱེད་ཀྱི་དམ་བཅའ་གཟུང་བའི་ཡུལ་ནི། ནམ་མཁའ་དང་མཉམ་པའི་འགྲོ་བ་འཁྲུལ་སྣང་འཁོར་བའི་རྒྱུ་འབྲས་ལ་སྤྱོད་པ་ཀུན་གྱི་དོན་དུ། ཆེད་དུ་བྱ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་དུ་ཚུལ་ཇི་ལྟར་བྱེད་ན་རྒྱལ་བ་སྲས་དང་བཅས་པའི་སྤྱོད་ཡུལ་རླབས་པོ་ཆེ་གཅིག་ཏུ་རྫོགས་པ་ཁྱབ་བདག་བླ་མ་རྫོགས་པའི་སངས་རྒྱས་སྐུ་བཞིའི་གོ་འཕང་ཐབས་ཟབ་མོ་བླ་མའི་རྡོ་རྗེ་གསུམ་གྱི་རྣལ་འབྱོར་གྱིས་བསྒྲུབས་ནས་ནི། བྱེད་ལས་རང་དོན་ཡལ་བར་དོར་ནས་གདུལ་བྱ་རིགས་ཅན་གསུམ་གང་ལ་སྐུ་གསུང་ཐུགས་གང་གིས་འདུལ་བའི་ཕྲིན་ལས་ཀྱིས་འགྲོ་བའི་དོན་ནམ་མཁའ་ཇི་སྲིད་དུ་རྒྱུན་མི་ཆད་པར་བྱེད་པར་སེམས་བསྐྱེད་དོ་སྙམ་པས་གྲངས་ཅི་རིགས་བསགས། འདི་ལྟ་བུའི་སྐྱབས་སེམས་གཉིས་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ། མདོ་སྔགས་མ་ལུས་པའི་ལམ་གནད། འཕྲལ་དུ་ཉམས་སུ་ལེན་བདེ་ཞིང་ཕུག་གཏན་དུ་འཚེངས་ངེས་པའི་གདམས་ངག་ཡིན་པས་གནད་དུ་འགྲོ་བའི་ཉམས་ལེན་བྱའོ། །གཉིས་པ་ས་ཕྱོགས་བྱིན་གྱིས་བརླབས་ཤིང་དག་པར་སྦྱངས་པ་ནི། སྤྱིར་འཇིག་རྟེན་གསུམ་གྱི་འཁྲུལ་སྣང་འདི་གང་ལས་བྱུང་ན་སེམས་ཉིད་སྟོང་པ་འདི་གནས་དོན་ལུས་གསུམ་དུ་ཐ་མལ་དུ་བདེན་པར་ཞེན་ཅིང་ཆགས་པ་ལས་བྱུང་ཞིང༌། དེའི་སྣང་ཆ་དག་པར་སྦྱངས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞིང་དག་པར་སྦྱངས་བ་དང་གནད་གཅིག་པའི་ཕྱིར། ཨཿ སྣང་སྲིད་གདོད་ནས་ཀ་དག་སོགས་ཀྱིས་གསུངས་པ་ལྟར་སྣོད་བཅུད་འདིའི་གནས་ཚུལ་ཡང་དག་བྱས་ན་སྐུ་དང་ཡེ་ཤེས་ཀྱི་རྣམ་རོལ་ཡིན་པས་གང་དུ་འདུག་པའི་གནས་འོག་མིན་མཁའ་ཁྱབ་ཀྱི་གྲོང་ཁྱེར་དག་ཆེན་ཡེ་ཤེས་ཀྱི་བཀོད་པ་ཕུན་སུམ་ཚོགས་པ་མཛེས་པར་བསྒོམ། གསུམ་པ་གནས་མལ་བྱིན་གྱིས་བརླབ་པ་ནི། རང་ཉིད་གང་དུ་གནས་པ་ཁམས་གསུམ་འཁོར་བའི་འཁྲུལ་རྟོག་རྣམ་ཐར་སྒོ་གསུམ་གྱི་ལྟ་བས་ཟིལ་གྱིས་གནོན་པའི་རྟགས་སུ་འོད་ཀྱི་སྟོང་གཟུགས་ཆོས་འབྱུང་གདན་ཐབས་རྩེ་མོ་རྒྱབ་ཏུ་བསྟན་པའི་སྟེང་དུ། ཟག་མེད་འཕགས་བཞིའི་སྤང་རྟོགས་ཐམས་ཅད་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་འདི་ལས་འབྱུང་བར་མཚོན་ཕྱིར་ཆོས་འབྱུང་ཁང་ཐབས་ཕྱི་དམར་ནང་དཀར་རྩ་བ་ཕྲ་བ་གདན་ཐབ་ཀྱི་དབུས་སུ་ཟུག་ཅིང་ཁ་གདེང་གཡེལ་བ་ཟུར་མདུན་བསྟན་ཟང་ངེ་ཡོད་པའི་ཆོས་འབྱུང་གི་གྲ་བཞིར་དགའ་བ་བཞི་མཚོན་པའི་འོད་དཀར་གྱི་དགའ་འཁྱིལ་བཞི་གཡོན་བསྐོར་དུ་ཀྱི་ལི་ལི་འཁོར་བ། ཆོས་འབྱུང་དེའི་སྐེད་པ་ཙམ་དུ་སྟོང་ཉིད་ཕྱོགས་གཅིག་མ་ཡིན་པ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་འདུ་འབྲལ་མེད་པའི་མཚོན་བྱེད་དུ་པདྨ་དམར་པོ་འདབ་མ་རབ་ཏུ་རྒྱས་པའི་གེ་སར་ལ་རྟགས་ཀྱི་གཏུམ་མོ་ཡེ་ཤེས་ཀྱི་ཨ་ཐུང་མཚོན་པའི་ཉི་མའི་དཀྱིལ་འཁོར་འོད་འབར་བའི་སྟེང༌། གཏུམ་མོའི་བྱེད་ལས་ཀྱིས་གཟུང་འཛིན་མཚན་རྟོག་བྲལ་བའི་བརྡར་བམ་རོ་དམར་སེར་མགོ་བོ་གཡོན་ཤེས་རབ་ཀྱི་ཕྱོགས་སུ་བསྟན་པ་གན་རྐྱལ་དུ་ཡོད་པ་བསྒོམ། བཞི་པ་བདག་མདུན་ལྷ་རུ་སྒོམ་པ་ནི་བསྐྱེད་བཟླས་གཉིས་ལས། དང་པོ་བྱིན་རླབས་ཀྱི་སྣོད་རུང་དུ་བསྐྱེད་པའི་ལས་རིམ་རང་རིག་རྡོ་རྗེ་རྣལ་འབྱོར་མ་སོགས་ཏེ་དོན་དམ་ལྷན་སྐྱེས་ཀྱི་ཡེ་ཤེས་ནམ་མཁའ་ལྟ་བུ་དེ་ཉིད་ཕྱག་རྒྱའི་བདེ་བས་ཐབས་བྱས་པ་མྱུར་དུ་རྒྱུད་ལ་འདྲེན་ཚུལ་གྱི་ནུས་པ་མཚོན་པའི་ཕྱིར། རང་གི་ལུས་སེམས་རྒྱལ་ཀུན་བསྐྱེད་ཡུམ་རྡོ་རྗེ་རྣལ་འབྱོར་མ་གསུང་པདྨའི་རིགས་ཀྱི་མཁའ་འགྲོ་མ་དམར་མོ། བཅུ་དྲུག་གི་དགའ་བ་རྗེས་སུ་མཚོན་པའི་གཞོན་ནུ་མ་དར་ལ་བབ་པ་བཞིན་སྐེད་སྐབས་ཕྲ་ཞིང་ནུ་འབུར་རྒྱས་པ། གསང་བའི་ཆུ་སྐྱེས་རྒྱས་ཤིང་མཁྲེགས་པ། ཞལ་རས་འཛུམ་བག་གིས་སྒེག་པས་ཞི་བ། སྤྱན་གསུམ་བགྲད་ཅིང་ཞལ་གདངས་མཆེ་བའི་མྱུ་གུ་ཡིད་ཙམ་མངོན་ལ་ལྗགས་བུང་བ་ལྟར་གཡོ་བས་འདྲིལ་བ། ཆགས་མདངས་རྒྱས་ཤིང་ཟུར་མིག་གི་སྤྱན་གཡོ་བ། སྐུ་སྨད་དུ་ཁམས་གསུམ་ཟིལ་གྱིས་གནོན་པའི་སྟག་ཤམ་འཕྱང་ཞིང་སེམས་བྱུང་དག་པའི་མི་མགོ་ལྔ་བཅུའི་ཕྲེང་བ། དུག་ལྔ་གནས་དག་ཐོད་སྐམ་ལྔའི་དབུ་རྒྱན། འཁོར་བ་ལུགས་ལྡོག་གི་བརྡར་རལ་པ་དམར་སེར་གྱེན་དུ་བརྫེས་པ། དོན་དམ་ཆོས་ཉིད་ཀྱི་བདེན་པ་རྟོགས་ཏེ་སྲིད་ཞི་མཉམ་ཉིད་དུ་གཟིགས་པའི་བརྡར་སྤྱི་གཙུག་ཏུ་ཕག་ཞལ་ནག་པོ་གདོང་གྱེན་དུ་ཕྱོགས་ནས་ངུར་བ། ཕྱག་གཡས་པས་གཟུང་འཛིན་རྩད་ནས་གཅོད་པའི་བརྡར་གྲི་གུག་ཕྱར་ཞིང༌། གཡོན་པས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་བརྙེས་པའི་བརྡར་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་གཏོད་དེ་འཛིན་པ། ཕར་ཕྱིན་དྲུག་མཐར་ཕྱིན་པའི་བརྡར་རུས་པའི་ཕྱག་རྒྱ་ལྔའི་རྒྱན་ལ་རིན་པོ་ཆེས་ཕྲ་བཏབ་པ། བདེ་དྲོད་འོད་ཕུང་འཁྲིགས་པའི་ཀློང་ན་འཁོར་བའི་སྐྱེ་སྒོ་དགག་པའི་ཞབས་གཡས་བསྐུམ་པའི་རྟིང་པ་བྷ་གར་གཏད་ཅིང༌། ཞི་བ་ཕྱོགས་གཅིག་ཏུ་མ་བཞུགས་པར་ཐུགས་རྗེས་སྲིད་པ་བཟུང་བའི་གཡོན་བརྐྱང་པའི་སོར་རྩེས་བམ་རོའི་སྙིང་གར་མནན་པ། གྲུ་མོ་གཡོན་དུ་ཐབས་མཆོག་ཡབ་དང་འདུ་འབྲལ་མེད་པའི་བརྡ་རྟགས་སུ་རྡོ་རྗེའི་ཁ་ཊྭཱཾ་གིས་མཚན་པ། སྣང་ཆ་ཞལ་ཕྱག་གི་རྣམ་འགྱུར་འཇའ་ཚོན་བཞིན་གསལ་ཡང༌། གདོས་བཅས་མཚན་མའི་ཆོས་སུ་གདོད་ནས་མ་གྲུབ་པ་སྟོང་པ་ཉིད་དང་འདུ་འབྲལ་མེད་པ་ཅན་དུ་སྒོམ། དེ་ལྟར་གསལ་བའི་སྤྱི་གཙུག་གམ་མདུན་གྱི་ནམ་མཁར་ཞེས་འདམ་ག་ཅན་དུ་གསུངས་པ་ནི། རྒྱུན་གྱི་ཉམས་ལེན་གྱི་གསོལ་བ་འདེབས་པའི་སྐབས་སྤྱི་གཙུག་དང༌། དམིགས་བསལ་དབང་ལེན་གྱི་སྐབས་མདུན་གྱི་ནམ་མཁར་གསལ་བའི་དོན་ཏེ། གང་ལྟར་ཡང་ཉེས་པའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨ། གསུང་རྡོ་རྗེའི་རིགས་སུ་བྱོན་པའི་བརྡར་ཁ་དོག་དམར་པོ། གང་འདུལ་གྱི་རྣམ་ཐར་དང་ཕྲིན་ལས་བསམ་མི་ཁྱབ་པའི་རྟགས་སུ་འདབ་མ་འབུམ་ཕྲག་བརྡལ་བའི་ཟེའུའི་འབྲུར་བདེ་སྟོང་གི་ཡེ་ཤེས་མཚོན་པའི་ཉི་ཟླ་གཉིས་བརྩེགས་ཀྱི་སྟེང་དུ། པདྨ་བཀའ་ཡི་ཐང་ཡིག་ལས། སངས་རྒྱས་འདུལ་ཞིང་ཁྱད་པར་འཕགས་པ་རུ༔ འགྲོ་རེའི་མདུན་དུ་སྤྲུལ་སྐུའི་སྟོན་པ་འབྱོན༔ སྔོན་ཚེ་སྣང་བ་མཐའ་ཡས་འོད་དཔག་མེད༔ རི་བོ་ཏ་ལར་མགོན་པོ་སྤྱན་རས་གཟིགས༔ དྷ་ན་ཀོ་ཤར་པདྨ་འབྱུང་གནས་སྐུ༔ མཚོན་ཚུལ་ཙམ་ལ་གསུམ་དུ་སྣང་གྱུར་ཀྱང༔ དོན་ལ་དབྱེར་མེད་སོ་སོར་ཐ་མི་དད༔ ཆོས་དབྱིངས་གནས་སུ་ཀུན་ཏུ་བཟང་པོ་དང༔ སྟུག་པོ་བཀོད་པར་རྡོ་རྗེ་འཆང་ཆེན་པོ༔ རྡོ་རྗེ་གདན་དུ་ཐུབ་པ་ཆེན་པོ་ཉིད༔ གཉིས་མེད་པདྨ་འབྱུང་གནས་ལྷུན་གྱིས་གྲུབ༔ འགྲོ་དོན་ཀུན་ལས་བྱིན་རླབས་རྨད་པོ་ཆེ༔ ཞེས་དང༌། གུ་རུ་རིན་པོ་ཆེའི་ཞལ་ནས༔ ལེགས་སོ་ལེགས་སོ་ལྷའི་སྲས་པོ༔ སྤྱིར་རང་ལ་ལམ་སྟོན་པའི་བླ་མ་དེ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་ཡིན༔ བྱེ་བྲག་ཏུ་གསང་སྔགས་ཀྱི་གདམས་པ་གནང་བའི་བླ་མ་དེ་དུས་གསུམ་གྱི་སངས་རྒྱས་ལས་ཀྱང་ལྷག༔ དེ་ལ་མོས་གུས་ཁ་ཙམ་མིན་པ་མེད་ན་ཆོས་ཀྱི་རྩ་བ་རུལ་འགྲོ་བར་འདུག༔ ཁྱད་པར་བོད་ཡུལ་ཆོས་བྱེད་ཀུན་གྱི་བླ་མ་ནི་བདག་ཁོ་ན་ལ་ཐུག་པ་ཡིན་ཏེ༔ ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་དགོངས་པ་དབྱེར་མེད་དུ་གྱུར༔ ལོངས་སྐུའི་སངས་རྒྱས་ཐམས་ཅད་སྤྲོ་ཞིང་སྡུད༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་རོ་གཅིག་པ་ལས་ཐ་དད་པའི་ཚུལ་དུ་བསྟན་ནས༔ འཛམ་བུ་གླིང་དང་བྱེ་བྲག་གདོང་དམར་བོད་ཀྱི་རྒྱལ་ཁམས་འདུལ་བའི་ཆེད་དུ་སྤྲུལ་པ་ཡིན་པས་ན༔ ད་ལྟར་བཞུགས་པའི་ཆོས་རྒྱལ་ལོ་པཎ་སྐྱེས་མཆོག་རྣམས་དང༔ མ་འོངས་པ་བོད་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་འབྱོན་པར་འགྱུར་བའི་བསྟན་འཛིན་སྐྱེས་བུ་དམ་པ་རྣམས་ཀྱང༔ བདག་པདྨ་འབྱུང་གནས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་ངང་ལས༔ གང་འདུལ་སྒྱུ་འཕྲུལ་དྲྭ་བར་བསྟན་པ་ཙམ་ཡིན་ནོ༔ དེ་བས་ན་ཁོ་བོ་ལ་སྐྱབས་གནས་ཐམས་ཅད་ཀྱི་བདག་ཉིད་རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་སུ་མོས་པས་དུས་རྒྱུན་དུ་མ་བརྗེད་པར་གསོལ་བ་ཐོབ་ཅིག་དང༔ འདོད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་མ་གྱུར་ན་ཁོ་བོས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསླུས་པར་གྱུར་རོ༔ ཁྱད་པར་བར་ཆད་ཐམས་ཅད་སེལ་བའི་དོན་དུ་གསོལ་བ་འདི་ལྟར་ཐོབ་ཅིག༔ ཅེས་རྡོ་རྗེའི་གསུང་དངོས་ཀྱིས་ཡང་ཡང་གསུངས་པ་ལྟར་ངོ་བོ་རང་གི་རྩ་བའི་བླ་མ་ལ་རྣམ་པ་ཡིད་བཞིན་ནོར་བུ་ལྟ་བུ་བསམ་པ་ལྷུན་གྱིས་གྲུབ་པའི་གུ་རུ་བཅུ་གསུམ་གྱི་ཁྱབ་བདག །སྐྱབས་གནས་རྒྱ་མཚོའི་སྤྲོ་བསྡུའི་མེས་པོ་མ་ཧཱ་གུ་རུ་བདེ་བ་ཆེན་པོ་སྐུ་མདོག་དཀར་གསལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་བྱིན་མཚུངས་པ་མེད་པ། ཐུགས་རྗེ་འགྲོ་ལ་ཆགས་པའི་དམར་མདང་ཅུང་ཟད་འཚེར་བ། ལྷ་མིའི་ཐེག་པའི་ཡོན་ཏན་རྫོགས་པའི་བརྡར་ནང་དུ་རྡོ་རྗེའི་གསང་གོས་དཀར་པོ། གསང་སྔགས་རྒྱུད་སྡེ་བཞིའི་ས་ལམ་རྫོགས་པའི་བེར་ཆེན་སྔོ་ཁྲ། ཐུབ་པ་རྒྱུད་ཀྱི་ཐེག་པའི་ཡོན་ཏན་རྫོགས་པའི་ཆོས་གོས་རྣམ་གསུམ་དམར་སེར། སྣང་སྲིད་དབང་དུ་སྡུད་པའི་ཟ་བེར་སྨུག་པོ་བཅས་ཐེག་པ་རིམ་པ་དགུའི་སྟོན་པར་བཞུགས་པའི་ན་བཟའ་རྒྱན་ཆས་ཡོངས་སུ་རྫོགས་པ། དགོངས་པ་ཆོས་ཉིད་ལས་མི་གཡོ་བས་སྲིད་ཞིའི་སྤྱི་དཔལ་དུ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་འཁོར་འདས་མཉམ་ཉིད་དུ་རྟོགས་པའི་ཕྱག་མཉམ་བཞག་གིས་སྟོང་ཆེན་ཆོས་ཀུན་བདེ་ཆེན་ཐིག་ལེ་ཆེན་པོའི་ཡེ་ཤེས་ཀྱི་ཀློང་དུ་སྡོམ་པའི་བརྡར་བྷནྡྷ་བདུད་རྩིའི་བཅུད་ཀྱིས་ཁེངས་པའི་སྟེང་ཨེ་ཝཾ་མཉམ་སྦྱོར་གྱི་ཡི་གེས་མཚན་པ། སྤྱན་ཟུང་རྡོ་རྗེའི་ལྟ་སྟངས་མི་གཡོ་བས་འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས་སུ་གཟིགས་པ། མདོ་རྒྱུད་མན་ངག་གི་གཏེར་མཛོད་དུ་གྲུབ་པས་དབུ་ལ་པཎ་ཞུ་དམར་ཟླུམ་གསོལ་བ། སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་འཕྲོ་བས་ཕྱོགས་དུས་རྒྱལ་བ་རབ་འབྱམས་ཀྱི་ཞིང་ཀུན་ཁྱབ་པར་བརྡལ་ནས་རྩ་གསུམ་དཀྱིལ་འཁོར་རྒྱ་མཚོའི་ཚོགས་སྤྲོ་ཞིང་སྡུད་པ། སྐུ་ཡི་བ་སྤུའི་ཁུང་བུ་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས། ཞིང་རེ་རེར་ཡང་སྟོན་པ་འཁོར་མཛད་པ་བསམ་གྱིས་མི་ཁྱབ་པའི་ངོ་མཚར་འབྱམས་སུ་ཀླས་པའི་བདག་ཉིད་ཅན་དུ་གསལ་བ་ལ། མོས་གུས་དྲག་པོས་གསོལ་བ་བཏབ་པས་སྤྱི་བོའི་བླ་མའི་གནས་གསུམ་དུ་ཨོཾ་དཀར། ཨཱཿདམར། ཧཱུྃ་མཐིང་ག་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པ་ལས་འོད་ཟེར་འཕྲོས་པས་སྐུ་གསུམ་དག་པའི་ཞིང་རབ་འབྱམས་དང༌། ཁྱད་པར་རྔ་ཡབ་ཟངས་མདོག་དཔལ་གྱི་རི་བོར་ཁྱབ། དེ་དག་ཏུ་བཞུགས་པའི་སྐྱབས་གནས་རབ་འབྱམས་རྒྱ་མཚོའི་ཚོགས་ཐམས་ཅད་གུ་རུ་རིན་པོ་ཆེའི་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་ཆར་དྲག་ཏུ་འབབ་པ་ལྟར་བྱོན་ཏེ། སྤྱི་བོའི་བླ་མ་ལ་ཐིམ་པར་བསམ་ལ། ཌཱ་དྲིལ་སྤོས་རོལ་དང་བཅས་ཏེ་སྤྱན་དྲངས། དམ་ཡེ་དབྱེར་མེད་དུ་ཏིཥྛ་ལྷན་གྱིས་བསྟིམ། ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོས་ཕྱག་གིས་བཏུད། རང་རྣལ་འབྱོར་མའི་ཐུགས་ཀ་ནས་མཆོད་པའི་ལྷ་མོའི་ཚོགས་སྤྲོས་ཏེ་མཆོད་པར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་སོགས་ཉེར་སྤྱོད་བདུན་གྱིས་ཕྱི་མཆོད། རཱུ་པ་ཤབྡ་སོགས་འདོད་ཡོན་ལྔའི་ནང་མཆོད། མ་ཧཱ་པཉྩ་སོགས་སྨན་རཀ་གཏོར་མའི་གསང་མཆོད། མ་ཧཱ་སུ་ཁས་མཆོད་པའི་ལྷ་མོ་རྣམས་སྐུ་ལ་འཁྲིལ་ཏེ་སྙོམས་འཇུག་གི་དགའ་བཞིས་མཆོད་པ། སརྦ་ཛྙཱ་ན་དྷརྨ་དྷཱ་ཏུ་སོགས་ཀྱིས་འཁོར་གསུམ་སྤྲོས་བྲལ་གྱི་མཆོད་པ་རྣམས་ཆིག་རྫོགས་སུ་ཕུལ། བརྟན་གཡོ་སྲིད་ཞིའི་སྒྲ་སྐད་ཐམས་ཅད་ཀྱིས་བླ་མའི་ཡོན་ཏན་སྒྲོགས་པའི་བསྟོད་དབྱངས་འབའ་ཞིག་ཏུ་གྱུར་པར་མོས་ལ་ཕྲིན་ལས་ཀྱི་རིམ་པ་རྣམས་བྱའོ། །གཉིས་པ་བཟླས་པ་ལ་གསུམ་ལས། དང་པོ་གསོལ་འདེབས་བསྙེན་པའི་རྣལ་འབྱོར་ནི། སྤྱིར་བླ་མ་སྒྲུབ་པ་ལ་ཕྱི་གསོལ་འདེབས་ལྟར་སྒྲུབ་པ། ནང་བླ་མ་སྐུ་གསུམ་དུ་སྒྲུབ་པ། གསང་བ་ལུས་དཀྱིལ་དང་རླུང་སེམས་ཀྱི་སྒྲུབ་པ། ཡང་གསང་བླ་མ་དྲག་པོ་སྒྲུབ་ཚུལ་དང་བཞི་ལས། ཐོག་མར་གསོལ་འདེབས་ཀྱི་ཚུལ་དུ་བསྙེན་པ་ནི། ལམ་ཟབ་ལེའུ་བདུན་མ་ལས། མ་འོངས་པདྨ་བདག་ཉིད་ལ༔ དད་ཅིང་མོས་པའི་གང་ཟག་རྣམས༔ སྐྱབས་གནས་གཞན་དུ་ཚོལ་མི་དགོས༔ ང་ནི་དཀོན་མཆོག་ཀུན་འདུས་ཡིན༔ སྒྲུབ་ཐབས་མང་པོར་འཇུག་མི་དགོས༔ ང་ཉིད་རྩ་གསུམ་ཀུན་འདུས་ཡིན༔ བོད་འབངས་ཡོངས་ལ་བུ་བཞིན་དགོངས༔ ལྷག་པར་སྙིགས་དུས་ཐུགས་རྗེ་མྱུར༔ མོས་ཤིང་གུས་པའི་བློ་ཡོད་ན༔ ཉེ་རིང་མེད་པར་སྤྱན་གྱིས་གཟིགས༔ རྒྱུན་ཆད་མེད་པར་བྱིན་རླབས་འཇུག༔ དེ་བས་དབང་པོ་མཆོག་དམན་ཀུན༔ ལམ་ཟབ་འདི་ཉིད་ཉམས་སུ་ལོངས༔ འགལ་རྐྱེན་ཞི་ཞིང་ལེགས་ཚོགས་འགྲུབ༔ ཚེ་གཅིག་རིག་འཛིན་ས་ཐོབ་འགྱུར༔ ཞེས་གསུངས་པ་ལྟར་སྤྱི་བོར་བཞུགས་པའི་བླ་མ་ཉིད་མཁྱེན་བརྩེ་ནུས་པའི་མངའ་བདག་སྐྱབས་གནས་ཀུན་འདུས། བླ་མའི་གསོལ་འདེབས་ཀྱི་རྣལ་འབྱོར་འདི་ཉིད་མདོ་སྔགས་ཀྱི་ལམ་ཟབ་ཀུན་འདུས། སྔོན་འགྲོ་དངོས་གཞི་གེགས་སེལ་བོགས་འདོན་གྱི་གདམས་པ་ཐམས་ཅད་འདི་ལ་མ་འདུས་པ་མེད་པས་གཅིག་ཆོག་རྒྱལ་པོ་སྐྱེ་འཆི་བར་དོའི་ལམ་ཁྱེར་ཐམས་ཅད་འདིས་ནུས་པར་ཤེས་པའི་ཡིད་ཆེས་ཀྱིས་རྒྱས་པ་སྤྲོ་ན་གསོལ་འདེབས་ལེའུ་བདུན་མ། བར་ཆད་ལམ་སེལ། བསམ་ལྷུན། རྗེ་བླ་མའི་གསུང་ཚེས་བཅུའི་གསོལ་འདེབས། བསམ་ལྷུན་དང་བར་ཆད་ལམ་སེལ་བསྡུས་པ་རྣམས་ཀྱང་ཅི་རིགས་སྦྱར་ཞིང༌། ཁྱད་པར་རྡོ་རྗེའི་ཚིག་རྐང་བདུན་མའི་གསོལ་འདེབས་ཀྱིས་ཕུར་ཚུགས་སུ་ཡང་ཡང་གསོལ་བ་གདབ། རེས་བླ་མའི་སྐུའི་གསལ་སྣང༌། རེས་བཀའ་དྲིན་དང་ཡོན་ཏན་དྲན་པའི་མོས་གུས་ཀྱིས་ཐུགས་རྒྱུད་བསྐུལ་བས། བླ་མའི་གནས་གསུམ་འོད་ཟེར་སྤྲོ་བསྡུས་དང་དམིགས་པ་ཡང་ཡང་བྱས་ན་བྱིན་རླབས་མྱུར་དུ་འཇུག་པའི་དགོས་པ་ཡོད་དོ། །གཉིས་པ་ཐུགས་དམ་རྒྱུད་བསྐུལ་ཐོད་ཕྲེང་རྩལ་གྱི་བཟླས་པས་སྒྲུབ་པ་ནི། སྤྱིར་སྦྱང་གཞི་རང་གི་གཉུག་མའི་སྒོ་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་གཉིས་སུ་མེད་པར་གདོད་ནས་གནས་ཀྱང༌། བློ་བུར་འཁྲུལ་རྟོག་དྲི་མས་བསྒྲིབས་ཏེ་རང་གི་ལུས་ངག་ཡིད་གསུམ་ཐ་མལ་ལས་ཉོན་གྱི་ཕུང་པོར་གནས་པ་ཉིད། བླ་མ་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་དག་པ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ཡེ་ཤེས་ཀྱིས་དབང་དང་བྱིན་རླབས་སྩོལ་བའི་ནུས་པ་དང༌། སློབ་མའི་སྒོ་གསུམ་གྱི་སྒྲིབ་པ་སྦྱངས་ཤིང་དག་པ་རྡོ་རྗེ་གསུམ་གྱི་ཡོན་ཏན་མངོན་གྱུར་དུ་སད་ན་ས་ལམ་ཐམས་ཅད་རྫོགས་ནས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པར་ངེས་པའི་གནད་ཁོང་དུ་ཆུད་པས། དབང་བཞི་ལེན་པའི་དམིགས་པ་ཡིད་ཆེས་པར་བྱས་རྗེས་སློབ་མའི་སྒོ་གསུམ་ལ་བླ་མའི་རྡོ་རྗེ་གསུམ་གྱི་ཡེ་ཤེས་འཕོས་པས་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་དག་པའི་རྡོ་རྗེ་གསུམ་གྱི་ནུས་པ་མངོན་གྱུར་དུ་སད་ནས་གཉིས་སུ་མེད་པར་གྱུར་པའི་ངེས་ཤེས་ལ་མཉམ་པར་བཞག །གདོད་ནས་ཐུགས་ཡིད་དབྱེར་མེད་དུ་བཞུགས་པའི་གདེང་གིས་ཐོད་ཕྲེང་རྩལ་ཛཔ་དབྱངས་བྱས་ནས་བྱིང་རྨུག་དང་ཁམས་དུབ་པ་སངས་ཤིང་ཉམས་རྟོགས་ཀྱི་རྩལ་རྒྱས་པར་གསུངས། གང་ལྟར་ཡང་ཐོད་ཕྲེང་རྩལ་གྱི་བཟླས་པ་འབུམ་བཞི་བཟླ་པ་གྲངས་བསྙེན་གྱི་ཚད་དུ་གསུངས། དམིགས་པ་ནི་དབང་བཞི་ལེན་པ་ཉིད་གཙོ་བོར་ཡིན་པས་རྡོ་རྗེ་ཚིག་རྐང་བདུན་པའི་གསོལ་འདེབས་དང་སྤེལ་ཏེ་བྱས་ན་ལེགས་སྙམ་མོ། །གསུམ་པ་རང་གི་སྒོ་གསུམ་བླ་མའི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་སྒྲུབ་པ་ཆེན་པོ་དང༌། ལས་སྦྱོར་དབྱེར་མེད་པ་རྡོ་རྗེའི་རྩ་སྔགས་འབྲུ་བཅུ་གཉིས་པའི་རྣལ་འབྱོར་ནི། སྣོད་བཅུད་སྣང་གྲགས་རིག་པའི་ཆ་ཐམས་ཅད་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་གདོད་ནས་གནས་པའི་ཡིན་ལུགས་མངོན་གྱུར་དུ་སད་དེ། གར་སྡོད་ཨོ་རྒྱན་གནས་སུ་མོས༔ གང་ཚོགས་ལྷ་ཡི་རྣམ་པར་བལྟ༔ ཞེས་གསུངས་པ་ལྟར་ཕྱི་སྣོད་ཟངས་མདོག་དཔལ་རི། ནང་བཅུད་དཔའ་བོ་ཌཱ་ཀི །སྒྲ་གྲགས་བཛྲ་གུ་རུའི་རང་སྒྲ། སེམས་ཀྱི་འགྱུ་འཕྲོ་བླ་མའི་ཐུགས་ཡེ་ཤེས་ཆེན་པོའི་རོལ་པར་རོ་གཅིག་དུ་མར་ཤར་བར་ཐག་བཅད་དེ་སྣང་སྲིད་དག་པ་རབ་འབྱམས་སུ་སད་པས་སྣང་ཆ་ལྷ་ཡི་དཀྱིལ་འཁོར། དོན་ལ་བདེ་སྡུག་ཞེན་སྣང་ཐམས་ཅད་ཆུ་ཟླ་དང་འཇའ་ཚོན་བཞིན་སྟོང་ཉིད་རྣམ་ཀུན་མཆོག་ལྡན་དང་འདུ་འབྲལ་མེད་པ། མ་དག་ཆགས་སྡང་རྨོངས་གསུམ་གྱི་རྒྱུ་འབྲས་ཀྱང་བླ་མའི་བདེ་གསལ་མི་རྟོག་པའི་ཡེ་ཤེས་སུ་ཤེས་པས་རང་ཤར་རང་གྲོལ་དུ་ལམ་ཁྱེར་བྱ། དག་པ་ཉམས་དང་རྟོགས་པའི་སྣང་ཆ་ཡང་བླ་མ་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་རྩལ་སྣང་དུ་ཐག་བཅད་ལ་འཛིན་ཞེན་གྱི་རྟོག་པ་སྤང༌། མདོར་ན་བླ་མའི་སྐུ་གསུང་ཐུགས་རྒྱུད་ཐ་དད་མེད་པ་ཡེ་ཤེས་གཅིག་ཉིད་གང་འདུལ་དུ་འཆར་བའི་གནད་ཀྱིས་རང་གི་སྒོ་གསུམ་དང་སྣང་གྲགས་རིག་པ་ཐམས་ཅད་བླ་མའི་གསང་གསུམ་ཡེ་ཤེས་ཆེན་པོ་དང་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་ལྟ་བས་རྒྱས་ཐེབས་པའི་ངང་ནས་མོས་གུས་དང་དག་སྣང་གི་རྩལ་སྦར་ཏེ། སྤྱི་གཙུག་གི་བླ་མའི་ཐུགས་ཀར་ཟླ་དཀྱིལ་སྟེང་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཐུགས་སྲོག་ཧྲཱིཿཡིག་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ། ཁྱད་པར་སྣོད་བཅུད་ཐམས་ཅད་བླ་མའི་སྐུ་གསུང་ཐུགས་ཡེ་ཤེས་ཆེན་པོ་གཅིག་གི་དཀྱིལ་འཁོར་དུ་མ་རོ་གཅིག་ཏུ་ཤེས་པའི་ལྟ་བའི་ངང་ལ་མཉམ་པར་གཞག་ནས་བཛྲ་གུ་རུའི་བཟླས་པ་ཆིག་དྲིལ་དུ་འབད། དེ་ཐམས་ཅད་ཀྱི་སྐུ་ལས་ཡེ་ཤེས་འོད་ཟེར་ཁ་དོག་སྣ་ལྔའི་སྤྲོ་བསྡུ། སྔགས་ཀྱི་རང་སྒྲ་འཇམ་མཉེན་བརྗིད་ཆགས་སྙན་ལ་ཡིད་འཕྲོག་པ་འབྲུག་སྒྲ་དྲག་པོ་ལྟ་བུ་མ་ངེས་པ་དང༌། སྐུ་སྔགས་ཕྱག་མཚན་གྱི་འཕྲོ་འདུས་ཐོད་ཕྲེང་རིགས་ལྔ་སྐབས་སུ་གང་བབ་གཙོ་བོར་བགྱིས་པས་ལས་སྦྱོར་གྱི་གནད་ཀྱང་ཚང་བ་ཡིན་ནོ། །གསུམ་པ་རྗེས་རིམ་ནི། དེ་ལྟར་བསྙེན་སྒྲུབ་དམིགས་བསལ་དང་རྒྱུན་གྱི་རྣལ་འབྱོར་གང་ལ་འཇུག་པའི་ཐོག་མཐའ་དང་ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་གི་སྐབས་སྤྲོ་ན་ཚོགས་མཆོད་གཞུང་གསལ་ལྟར་བྱ། བསྙེན་སྒྲུབ་གྲོལ་བའི་སྐབས། གུ་རུ་མཁའ་འགྲོའི་ཚོགས་བཅས་ཀྱི་འདོན་ཚིག་དང་སྦྲག་སྐུ་རྟེན་དང༌། གཏོར་མ་ལས་དབང་ལེན་བགྱི་བགོས་ཤིང༌། བཀའ་སྲུང་གི་གཏོར་འབུལ་མ་ཆད་པར་བྱ། གཞན་བསྡུ་ལྡང༌། དགེ་བ་སྔོ། ཤིས་བརྗོད། ཟངས་མདོག་དཔལ་རིའི་སྨོན་ལམ་རྣམས་བྱ་དགོས་སོ། །བཞི་པ་བཟའ་བཏུང་མཆོད་པ་བྱིན་རླབས་ཐུན་མཚམས་ཀྱི་རྣལ་འབྱོར་ནི། མདོར་ན་མཉམ་རྗེས་ཀྱི་སྤྱོད་ལམ་ཐམས་ཅད་བླ་མའི་སྣང་བ་དང་མ་བྲལ་བར་གནད་ཐམས་ཅད་འདུས་པས་ན་འདུག་པའི་ཚེ་བླ་མ་སྤྱི་གཙུག་ཏུ་བསྒོམས་ལ་གསོལ་བ་བཏབ། འགྲོ་བའི་ཚེ་ཕྲག་པ་གཡས་སུ་བསྒོམས་ལ་བླ་མ་ལ་བསྐོར་བ་བྱེད་པར་མོས། བཟའ་བཏུང་གི་ཚེ་བླ་མ་མགྲིན་པར་བསྒོམས་ལ་ཁ་ཟས་ཀྱི་དྭངས་མ་བླ་མས་བཞེས་པར་མོས། ཉལ་བའི་ཚེ་སྙིང་དབུས་སུ་བསྒོམས་ལ་གཉིད་འོད་གསལ་དུ་འཆར་བའི་གསོལ་འདེབས་བྱ། སྤྱི་བོའི་བླ་མའི་སྐུ་ལས་བབ་པའི་བདུད་རྩིས་རང་གི་སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་རྣག་ཁྲག་སྲོག་ཆགས་དུད་ཁུ་མི་གཙང་བ་སོགས་ཀྱི་རྣམ་པར་ཐོན་པར་བསམས་ལ་ཚིག་བདུན་དང་བཛྲ་གུ་རུ་བཟླས་པས་སྒྲིབ་སྦྱངས། སྐུ་གསུམ་ཞིང་གི་བཀོད་པ་དང་བདག་ལུས་ལོངས་སྤྱོད་བཅས་འབུལ་བར་མོས་ལ་མཎྜལ་རྒྱས་བསྡུས་བསགས་པ་དང༌། ལུས་ཕྱག་དངོས་སུ་འཚལ་བས་སྔོན་འགྲོ་བསགས་སྦྱང་གི་གནད་ཀྱང་ཚང་ཞིང་མདོར་ན་སྐྱིད་སྡུག་བར་མའི་སྣང་བ་གང་ཤར་ཡང་བླ་མའི་རྣམ་རོལ་དུ་ཤེས་པར་བྱ། བདེ་སྡུག་གི་སྣང་ཆ་དེ་དག་ཀྱང་བླ་མའི་སྐུའི་རྣམ་འགྱུར་དུ་གསལ་འདེབས་དགོས། སྐྱིད་ཀྱང་ཞེན་ཆགས་མེད་པས་སྒྱུ་མ་དང་རྨི་ལམ་ལྟ་བུ། སྡུག་ཀྱང་སྐྱོ་སུན་མེད་པ་ལས་སྒྲིབ་སྦྱང་ཞིང་སྙིང་རྗེའི་གསལ་འདེབས། །བཏང་སྙོམས་བར་མའི་སྐབས་ཀྱང་བླ་མ་ལ་ཡིད་དུང་ངེ་ཡོད་པས་གང་སྣང་སེམས་ཀྱི་རང་རྩལ་དུ་ཤེས་པས་གནས་ལུགས་རང་ངོ་བསྐྱང་བ་གལ་ཆེ། མདོར་ན་སྐྱིད་སྡུག་གི་སྣང་བས་སེམས་མཐོ་དམན་དུ་བྱེད་ན་འཁྲུལ་པ་ཡིན། ཐ་སྙད་དུ་བློའི་འཛིན་སྟང་ཙམ་ལས་སྐྱིད་སྡུག་གཉིས་ཀ་དཔྱད་ན་སྟོང་ཉིད་ཡིན། སྟོང་ཉིད་དེ་བླ་མའི་དགོངས་པ་ཡིན་པར་ངོ་ཤེས་པས་བདེ་སྡུག་བཟང་ངན་གྱི་འདམ་ཀ་གང་ཡང་མེད། ཆོས་ཉིད་གཅིག་ཏུ་དག་པར་ཤར་གྲོལ་དུ་གྱུར་བའི་གནད་དེ་ཤེས་པ་གལ་ཆེ། །བདེ་སྡུག་ཐམས་ཅད་སྟོང་ཉིད་དུ་ལམ་ཁྱེར་ནུས་ན་རོ་སྙོམས་ཀྱི་གནད་ཀྱང་ཚང༌། དེ་ཉིད་བླ་མའི་ཐུགས་ཡེ་ཤེས་དང་གཉིས་མེད་དུ་རྟོགས་པས་མོས་གུས་བྱས་ན་བླ་མའི་རྣལ་འབྱོར་ཀྱང་ཡིན། རྐྱེན་དེ་དག་ལམ་དུ་ཁྱེར་བས་ཉམས་མྱོང་གོང་འཕེལ་དུ་གྱུར་པ་དང་གེགས་སེལ་བོགས་འདོན་དུ་འགྱུར་བའོ། །མདོར་ན་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་ལམ། སྐྱེ་འཆི་བར་དོའི་ཉམས་ལེན་ཐམས་ཅད་ཚང་ཞིང་ཟབ་མྱུར་ཉམས་སུ་ལེན་བདེ་བའི་ཁྱད་ཆོས་དང་ལྡན་པའོ། །སྐལ་བཟང་ཐར་འདོད་རྣམས་ཀྱིས་གཅེས་སྤྲས་སུ་ཟུངས་ཤིག །ཚིག་ཚོགས་ཉུང་ཡང་དོན་གནད་ཟབ་དྲིལ་གྱི། །སྨིན་གྲོལ་ལམ་འདི་ནམ་ཡང་མི་ཉམས་པ། །བསྟན་འགྲོའི་ཕན་བདེའི་སྲོག་གི་ཟུངས་གྱུར་ནས། །ཀུན་བཟང་པདྨའི་ཕྲིན་ལས་མཁའ་ཁྱབ་ཤོག །ཅེས་པའང་མཁས་གྲུབ་ཀྱི་དབང་ཕྱུག་མཆོག་གི་རྡོ་རྗེ་སློབ་དཔོན་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་རྫོགས་ཆེན་གསང་བ་སྙིང་ཐིག་གི་ཉམས་ལེན་ཁྲིད་ཀྱི་ཡི་གེ་འདིའང༌། སྐུ་གསུང་ཐུགས་ཀྱི་རིགས་སྲས་མཆོག་སྤྲུལ་པདྨ་དབང་རྒྱལ་སྐུ་མཆེད་རྣམས་ནས་གསུང་གིས་བསྐུལ་ཞིང༌། གདུལ་བྱའི་ལྷག་མ་འཛམ་གླིང་མཐའི་རྒྱལ་ཁབ་རྣམས་ཀྱི་རྣལ་འབྱོར་ཕོ་མོ་རྣམས་ལ་ཕན་པའི་ལྷག་བསམ་གྱི་གུས་སློབ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་དཔལ་འབར་གྱིས་ཨ་རི་བྷེ་ག་ཌའི་ཀརྨ་ཆོས་གླིང་དུ་བྲིས་པ་འདིས་ཀྱང་འགྲོ་ཀུན་བླ་མ་སྐུ་བཞིའི་གསང་གསུམ་རྡོ་རྗེའི་དབྱིངས་སུ་མངོན་པར་བྱང་ཆུབ་ཆེན་པོ་བརྙེས་པའི་རྒྱུ་ཁོ་ནར་གྱུར་ཅིག །སརྦ་མངྒ་ལམ།། །།}} | ||
</onlyinclude> | </onlyinclude> | ||
Line 27: | Line 50: | ||
==Other Information== | ==Other Information== | ||
{{Footer}} | {{Footer}} | ||
[[Category:DKR-KABUM-Volume-10-THA]] | [[Category:DKR-KABUM-Volume-10-THA]] | ||
[[Category:Khyentse Lineage Project]] | [[Category:Khyentse Lineage Project]] |
Revision as of 16:09, 28 November 2022
Wylie title | rdzogs chen gsang ba snying thig gi bskyed rdzogs nyams su len tshul gyi khrid yig byin rlabs nyin byed | |
---|---|---|
Location | dil mgo mkhyen brtse bka' 'bum Volume 10, Text 19, Pages 80-92 (Folios 1a to 13a2) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | ཀློང་ཆེན་ཡེ་ཤེས་རྡོ་རྗེ་ (Kangyur Rinpoche) | |
Associated People | པདྨ་འབྱུང་གནས་ (pad+ma 'byung gnas) | |
Citation | Khyentse, Dilgo. Rdzogs chen gsang ba snying thig gi bskyed rdzogs nyams su len tshul gyi khrid yig byin rlabs nyin byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 80-92. Delhi: Shechen Publications, 1994. | |
Genre | Contemplative Guide Books and Instructional Manuals - khrid yig | |
Cycle | རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་ (rdzogs pa chen po gsang ba snying thig) | |
Colophon |
།ཅེས་པའང་མཁས་གྲུབ་ཀྱི་དབང་ཕྱུག་མཆོག་གི་རྡོ་རྗེ་སློབ་དཔོན་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་རྫོགས་ཆེན་གསང་བ་སྙིང་ཐིག་གི་ཉམས་ལེན་ཁྲིད་ཀྱི་ཡི་གེ་འདིའང༌། སྐུ་གསུང་ཐུགས་ཀྱི་རིགས་སྲས་མཆོག་སྤྲུལ་པདྨ་དབང་རྒྱལ་སྐུ་མཆེད་རྣམས་ནས་གསུང་གིས་བསྐུལ་ཞིང༌། གདུལ་བྱའི་ལྷག་མ་འཛམ་གླིང་མཐའི་རྒྱལ་ཁབ་རྣམས་ཀྱི་རྣལ་འབྱོར་ཕོ་མོ་རྣམས་ལ་ཕན་པའི་ལྷག་བསམ་གྱི་གུས་སློབ་འཇིགས་མེད་མཁྱེན་བརྩེ་འོད་ཟེར་དཔལ་འབར་གྱིས་ཨ་རི་བྷེ་ག་ཌའི་ཀརྨ་ཆོས་གླིང་དུ་བྲིས་པ་འདིས་ཀྱང་འགྲོ་ཀུན་བླ་མ་སྐུ་བཞིའི་གསང་གསུམ་རྡོ་རྗེའི་དབྱིངས་སུ་མངོན་པར་བྱང་ཆུབ་ཆེན་པོ་བརྙེས་པའི་རྒྱུ་ཁོ་ནར་གྱུར་ཅིག །སརྦ་མངྒ་ལམ།། | |
/ces pa'ang mkhas grub kyi dbang phyug mchog gi rdo rje slob dpon klong chen ye shes rdo rje'i dgongs gter rdzogs chen gsang ba snying thig gi nyams len khrid kyi yi ge 'di'ang*/_sku gsung thugs kyi rigs sras mchog sprul pad+ma dbang rgyal sku mched rnams nas gsung gis bskul zhing*/_gdul bya'i lhag ma 'dzam gling mtha'i rgyal khab rnams kyi rnal 'byor pho mo rnams la phan pa'i lhag bsam gyi gus slob 'jigs med mkhyen brtse 'od zer dpal 'bar gyis a ri b+he ga Da'i karma chos gling du bris pa 'dis kyang 'gro kun bla ma sku bzhi'i gsang gsum rdo rje'i dbyings su mngon par byang chub chen po brnyes pa'i rgyu kho nar gyur cig__/sarba mang+ga lam// |