གཤིན་རྗེ་ནག་པོ་སུམ་སྒྲིལ་གྱི་གནན་པའི་ཡིག་ཆུང་གཅིག་ཤེས་ཀུན་གྲོལ།

From Khyentse Lineage - A Tsadra Foundation Project
JLKO-KABUM-08-NYA-017
Wylie title gshin rje nag po sum sgril gyi gnan pa'i yig chung gcig shes kun grol
Location 'jigs gling bka' 'bum
Volume 8, Text 17, Pages 497-519 (Folios 1a1 to 12a6)
Author འཇིགས་མེད་གླིང་པ་
Less details More details
Citation 'jigs med gling pa. Gshin rje nag po sum sgril gyi gnan pa'i yig chung gcig shes kun grol. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 8: 497-519. New Delhi: Shechen Publications, 2025.
Genre Activity Manual - las byang
Deity gshin rje nag po
Colophon

ཞེས་མཁྱེན་བརྩེའི་འོད་ཟེར་གྱིས་གཞན་ངོ་བསྲུང་ཕྱིར་རང་ལོ་ཉི་ཤུ་པ་ལའོ།།

zhes mkhyen brtse'i 'od zer gyis gzhan ngo bsrung phyir rang lo nyi shu pa la'o//

[edit]

༄༅། །གཤིན་རྗེ་ནག་པོ་སུམ་སྒྲིལ་གྱི་གནན་པའི་ཡིག་ཆུང་གཅིག་ཤེས་ཀུན་གྲོལ་བཞུགས། །

༄༅། །ཁྱབ་བདག་བླ་མའི་ཞབས་དང་ལྷག་པའི་ལྷ། །དཔལ་ཆེན་གཤིན་རྗེ་གཤེད་པོར་གུས་བཏུད་ནས། །གནན་པའི་ལས་རིམ་རི་རབ་ནག་པོ་ཡི། །བཅས་ཤོམ་ལག་ལེན་འཆད་འདོད་གནང་བ་སྩོལ། །དེ་ཡང་མན་ངག་སྙིང་གཟེར་ནག་པོ་ལས། དམིགས་རྟེན་འབེམ་དུ་བཅའ་བ་ནི༔ དགྲ་བགེགས་ལིངྒ་འབྲི་བ་ཡིན༔ སྙིང་གར་རྣམ་ཤེས་ཡིག་འབྲུ་རེ༔ དཔྲལ་བར་མིང་བྲི་ཁ་ལ་རུས༔ སྟེང་འོག་གཉིས་ལ་གཅོད་གཟིར་གཉིས༔ མཐའ་ལ་འཕྲོག་བྱེད་ཡི་གེ་བཞི༔ ཡན་ལག་བཞི་ལ་གཅོད་བྱེད་བཞི༔ དཔུང་པ་གཉིས་ལ་མྱོས་བྱེད་བྲི༔ འདི་ལ་གཟུགས་ཅན་གཟུགས་མེད་དོ༔ ཞེས་གསུངས་པའི་དགོངས་དོན་གྱི་ཟབ་གནད་རྣམས་གཙོ་བོར་བྱས་ཏེ་རང་གཞུང་གི་མན་ངག་གིས་བརྒྱན་པའི་དཔེའུ་རིས་ཟུར་གསལ་གྱིས་དགྲ་འདྲེའི་ལིངྒ་སོ་སོར་བྲི་བ་ཡིན་ཏེ། དེ་ཡང་དུས་ཚོད་ནི། གྱིམ་ཤང་ཞགས་པ་ནག་པོ་ལས། ཤོག་བུ་གྲོ་ག་རོ་རས་ལ། །ཁྲག་ཆེན་བཙན་དུག་སྦྱར་ནས་ནི། །ཕུང་གསུམ་བྲ་ཉེའི་ཉིན་ཞག་ལ། །གཏུམ་པ་་་ཉི་མ་རྩེ་ཤར་ནས་སྲོད་ཚུན་ཆོད།་་་སྟག་གི་དུས་ཚོད་དུས། །ཁམས་་་རུས་ཆེན་གང་ཡིན།་་་དང་སྦྱར་བའི་ཕུང་དུས་དེར། །ལས་བྱེད་འབྲུག་གི་ཉི་མ་ལ། །དགྲ་བདུད་དུར་ཞུགས་ཀུན་ལ་འགྲེ། །ཞེས་དང་། དྲང་སྲོང་ཤ་ལྡེ་རུ་རྩེ་བའི་མན་ངག་ལས། ནམ་ལངས་ཡོས་ལ་ཉི་ཤར་འབྲུག །དུས་ཚོད་བཅུ་གཉིས་དེས་འགྲེའོ། །སྔ་དྲོ་མེ་ལ་ཉིན་གུང་ས། །ཕྱི་དྲོ་ལྕགས་ལ་དགོངས་ཀ་ཆུ། །ཉི་ཤར་ཤིང་ལ་ས་སྲོས་ཤིང་། །སྲོད་འཁོར་མེ་ལ་ནམ་གུང་ས། །ཐོ་རངས་ལྕགས་ལ་སྐྱ་རེངས་ཆུ། །འདི་རྣམས་ཞིབ་ཏུ་བརྩི་བ་གནད། །ཅེས་དང་། སྟག་ལོའི་བདུད་སྐར་མཆུ་གྲེ་གཉིས། །ཡོས་བུའི་སྦོ་ལ་འབྲུག་ས་རི། །སྦྲུལ་གྱི་དབྱུག་གུ་ལག་སོར་ཏེ། །རྟ་སྣྲུབས་ལྷ་མཚམས་གཉིས་པོ་སྟེ། །ལུག་གི་ཆུ་སྨད་གྲོ་བཞིན་དང་། །སྤྲེལ་གྱི་མོན་གྲེ་མོན་གྲུ་གཉིས། །བྱ་ཡི་ཁྲུམས་སྟོད་ཁྲུམས་སྨད་དང་། །ཁྱི་ཡི་ནམ་གྲུ་དབྱུག་གུ་སྟེ། །ཕག་གི་སྨིན་དྲུག་སྣར་མ་དང་། །བྱི་བའི་མགོ་ལག་གླང་ནབས་རྒྱལ། །དེ་ནི་སྐར་མའི་གྱིམ་ཤང་ངོ་། །ཞེས་དང་། གཞན་ཡང་ལོ་ཟླ་ཞག་དུས་ཟ་བདུན་མཐུན་བདུད་སོགས་ཞིབ་ཏུ་བརྩི་དགོས་ཀྱང་དེ་ཙམ་གྱིས་མཐའ་བསྡུས་ནས། མི་འདུས་རྐྱེན་བཞི་ཤོར་རྐྱེན་བཞི། །རྟེན་ལ་མི་ཁུག་གནད་བཞི་པོ། །སྤངས་ནས་ཚད་ལྡན་བྲི་བར་བྱ། །ཞེས་པའི་སྐྱོན་བྲལ་ཞིག་ངེས་པར་གཙོ་ཆེ། ཐོག་མར་རང་གི་ཁ་ལག་གདོང་གསུམ་དག་པར་བཀྲུས་ན་སྒོ་གསུམ་གྱིས་ནུས་པ་རྒྱས། དེ་རྗེས་ལག་པར་བསད་ཁྲག་དང་བསང་ཐལ་བྱུག །ཤ་ཆེན་ནམ། ཚ་བ་གསུམ་མུར་བཞིན་པར་པང་ཁེབས་ཁ་རས་དང་བཅས་གཤིན་རྗེའི་ང་རྒྱལ་ལ་གནས་པས་ཁ་བལྟ་ཕྱོགས། དམིགས་བྱའི་བདུད་གཅོད་དམ། ལྷོ་ནུབ། ལྷོ། སྒྲ་གཅན་སྡེ་བརྒྱད་སོགས་ཀྱི་ཐེབས་ཕྱོགས་དང་། ཉི་མའི་འཆར་བཞུད་སོགས་རང་གྲིབ་མི་འགོ་བའི་ཐབས་སོགས་ཕྱོགས་མཐུན་རིག་པའི་མདའ་མོ་ཡང་འཕེན། སྣག་ཚའི་རྒྱུ་ཡུགས་སའི་ཁོག་དྲེག་གམ། རྒྱ་སྣག་གཙང་མ། རོ་སོལ་སོགས་ལ། མཆོད་རྟེན་རྙིང་པའི་རྨངས་ཞབས། ཕུང་ཤུལ། རི་མཐོ་ཉི་འཆར་སྔ་བའི་རྨངས་སོགས་དང་། ཕག་ནག །གྲི་མཛེ། ར་ཁྲག །བྱ་ཤ་ཟན། གཅན་གཟན་གདུག་པ་ཅན་གྱི་ཁྲག །བཙན་དུག །ཏིལ་ནག །ལྡོང་རོས། ལན་ཚ། སྐྱེ་ཚེ། ཟར་ཁུ། མི་རུས་སོགས་ཅི་འཛོམ་བསྲེས་ནས་ཐོད་ངན་ནམ། གྲི་ལྕགས་ཀྱི་ཀོང་བུར་སྦྱངས་པས་ལས་རང་བཞིན་གྱིས་འགྲུབ་པའི་དགོས་པ་ཡོད། སྤྲོ་ན་བདག་ཉིད་ཕྱག་རྒྱ་ཟིལ་གནོན་གྱི་ཏིང་འཛིན་སྔགས་རྒྱས་གཟས་པོ་དངོས་སུ་བཀུག་ལ་སྣག་ཚ་དང་དབྱེར་མེད་རོ་གཅིག་ཏུ་བསྟིམ་ལ་རུས་པའམ་ལྕགས་ཀྱི་ལྡེ་མིག་གིས་སྣ་ཚ་མཉེ་བ་དང་ཕྱེ་མར་འཐག་པའི་དམིགས་པ་བྱེར། བྲི་སྨྱུག་ནི་མི་བསད་མདའ་སྨྱུག་གམ། བྱ་ཤ་ཟན་གྱི་སྒྲོ་རྩ། སྲིད་གཏེར་ལས། ཁྱད་པར་ཕོ་རོག་ཤིས་པ་ཡིན༔ ཞེས་གསུངས། ཆེ་ཆུང་ཚད་ནི་རབ་ལ་མདའ་གང་ངམ། །འབྲིང་མཐར་གཟས་པོའི་ཁྲུ་གང་མཐོ་གང་བྱ། །མི་འབྱམ་གནད་ལ་གྲོང་ཡུལ་ཕ་མ་དང་། །བུ་ཚའི་མིང་སོགས་ཤར་ཡིག་བྲི་བར་གསུངས། །མ་བུབ་མ་ཞ་མ་ལོང་མ་འགྱེལ་གནད། །སྲི་ཅན་ལ་ལིངྒ་སྤྱི་ཁོག་འདྲ་བ་ལ། ཁྱད་པར་དགྲ་མིང་རྣམས་སུ་སྲི་མིང་དང་སྙིང་གར་ཏྲི། མགོ་བོ་བསྒྱུར་དགོས་པས། ཕོ་སྲི་ལ་གཡག་དཀར།་་་སྤྱང་ཀིའང་གསུངས། མོ་སྲ་ིལ་ཁྱི། རྒན་སྲི་ཝ། ཆུང་སྲི་སྲེ་མོང་། དར་སྲི་སྤྱང་ཀི། དུར་སྲི་ཝ། དམ་སྲི་ཕག །སྤྱིའི་ཕུང་སྲི་རྔ་མོང་། རྒྱལ་སྲི་སེང་གེ། བློན་སྲི་རི་བོང་། དམངས་སྲི་དྲེའུ། དགྲ་སྲི་སྤྱང་ཀི། མཚོན་སྲི་ཤ་བ། གོད་སྲི་ར། གཡའ་སྲི་འཕར་བ། ཉེ་སྲི་སྡིག་པ། བྱེས་སྲི་རྟའམ་རྐྱེན་གང་ཡིན། གདོན་སྲིའི་རིགས་ལ། བཙན་སྲི་དམར་པོ་འུག་མགོ། གཞན་ཡང་ཚོན་ཁྲལ་བསྡུས་ནས་དེ་ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་བཅིང་།་་་གནན་དུས་སུ་རྩེ་མོ་ཐུར་ལ་བསྟན་ནས་གནན་ཆས་སྟེང་དུ་བཙུག་་་དེའི་སྟེང་དུ་མཆོད་རྟེན་བཞེངས་པ་ལ་སྔགས་འཆང་རྣལ་འབྱོར་པ་བྱིན་རླབས་ལྡན་པས་རབ་གནས་བྱས་ན། མཚོན་དང་འཁྲུག་པ་མཐའ་དམག་སོགས་ཞི་བར་གསུངས་པར། མཆོད་རྟེན་མ་འགྲུབ་ཀྱང་མཚོན་སྲིའི་རིགས་ལ་དེ་བཞིན་བསྟན་འགྲོར་དམིགས་ནས་བྱ་ཐུབ་ན་ལེགས། རྒྱལ་སྲི་དཀར་པོ་བྱ་ཕོ། ཀླུ་སྲི་སྔོན་པོ་སྦྲུལ། བདུད་སྲི་ནག་པོ་ཁྱུང་། ལོ་སྲི་ལོ་བདུད། ཟླ་སྲི་ཟླ་བདུད་ཀྱི་མགོ་ཅན། དུས་སྲི་དུས་དེར་དམོང་པ་སོགས་སོ། །དཔྲལ་བར་ཨེ་ཏྲིག་ནན་སོགས་ཁོ་བོས་དཔེ་རིས་ཟུར་དུ་གསལ་བར་བཀོད་པ་ལྟར་རོ། །དགྲ་བོའི་སྙིང་གའི་ས་བོན་ལ་ཡིག་རིགས་མི་འདྲ་བ་མང་དུ་བྱུང་། ལྔ་པ་ཆེན་པོའི་ཕྱག་བཞེས་ལ་རྣི་འདི་བཞིན་དང་། དབུར་སྨྱོན་ཆོས་ཀྱི་གྲགས་པས་གཤིན་རྗེ་ལྕགས་སྡིག་གིས་ལུང་ཁུངས་སུ་ནྲྀ་འདི་བཞིན་འདྲེན། གཞན་དག་ནྲི་ནྲིའདི་བཞིན་བཞེད་ཅིང་དོན་དུ་འགྲོ་བ་མིའི་ས་བོན་ཉོན་མོངས་དུག་གསུམ་གྱི་ངོ་བོ། སྙིང་དབུས་ཁྲག་སྦལ་གྱི་ནང་དུ་ཡི་གེའི་རྣམ་པར་གནས་པ། རྟེན་འབྲེལ་ལུགས་འབྱུང་དུ་དུག་གསུམ་རང་རྒྱུད་ལ་ཤར་བའི་འདོད་ཆགས་བྱ། ཞེ་སྡང་སྦྲུལ། གཏི་མུག་ཕག་སྟེ། གསུམ་པོའི་གཟུགས་ཀྱིས་མཚོན་བྱེད་དཔེའི་དབྱིབས་སུ་གྲུབ། སྤྲོ་ན་དགྲ་ལིང་གི་བརླ་གཡས་པར་ཤ་བའི་གཟུགས་བརྙན་ནམ། ཤ་བ་ཞེས་མིང་བྲིས་པའི་མཐར། དགྲ་བོའི་བླ་འཁྱམས་ཤ་བར་བརྫུ་བ་ཛཿཛཿ ཞེས་བསྐོར་ཏེ་འབྲི། དེ་བཞིན་དུ་རྐྱང་ལ་ཀྵ། རྟ་ལ་དྷ། གཡག་ལ་བྷུ། བོང་བུ་ལ་ཏྲི། གླང་ལ་གྷུ་ཏེ། བླ་རྟགས་ཆེ་བ་དྲུག་གི་སྲོག་དང་། བྱི་བ་ལ་ཧཱུ། ཕག་པ་ལ་ས། གནའ་བ་ལ། ལུག་ལ་སེ། ར་ལ་ཛ། གླ་བ་ལ་བྷ་སྟེ་ཆུང་བ་དྲུག་གི་སྲོག་མཐར། དགྲ་བོའི་བླ་འཁྱམས་འདི་དང་འདི་རུ་བརྫུ་བ་ཛཿཛ༔ ཞེས་སྔ་མ་ཇི་བཞིན་དུ་འབྲི། བརླ་གཡོན་པར་བླ་ལེན་འཕར་བ། སྤྱང་ཀི། དོམ། དྲེད། ཁྲ། གླག་སོགས་བླ་གཤེད་དྲུག་གི་ཁོག་པར་དགྲ་བོ་གླང་ལུག་ཁྱི་འབྲུག་བཞིའི་བླ་མེ་ཡིན་པས། ཤ་ར་བྷ་སྟེ་མཱ་ར་ཡ་རྦད། ཅེས་རྟའི་གཤེད་སྔགས་དང་། ས་ལ་སྲ་གྷེ་མ་ཏི་རྦད། ཅེས་སྦྲུལ་གྱི་གཤེད་སྔགས། དེས་འགྲེ་བར་སྟག་ཡོས་ལོ་པའི་བླ་དེའི་སྲོག་གི་མ་ཡིན་པས་བྱི་ཕག་གཉིས་ཀྱི་གཤེད་སྔགས། ས་དྷི་ཙ་ཡ་དུ་བྷི་ཏྲི་རྦད། ཅེས་བྱི་བ་དང་། ཟོ་སོ་ལུ་ཤ་སུ་ཏ་རྦད། ཅེས་ཕག །རྟ་སྦྲུལ་ལོ་པའི་བླ་དེའི་སྲོག་གི་མ་ཡིན་པས་སྟག་ཡོས་གཉིས་ཀྱི་གཤེད་སྔགས། ཨ་བྷི་ཏ་ར་མེ་བྷི་རྦད། ཅེས་དང་ཡོས་ལ། ཤ་ས་ཀ་ར་ཧ་ར་རྦད། བྱ་སྤྲེལ་ལོ་པའི་བླ་གོང་ལྟར་ལ། གླང་ལུག་ཁྱི་འབྲུག་བཞིའི་གཤེད་སྔགས། ཨ་དནྟ་གྷྲི་ཏ་རྦད་ཅེས་གླང་དང་། སུར་ཤ་བྷུ་ཏི་ས་ཕག་རྦད། ཅེས་ལུག །ཤུ་ན་ས་སུ་ར་ཏྲ་རྦད། ཅེས་ཁྱི། ས་ཧ་ག་ཏེ་ལི་དུ་རྦད། ཅེས་འབྲུག །དེ་ཡང་དཔེར་ན་གླང་ལོ་པ་ཡིན་ན་རྟ་སྦྲུལ་གང་རུང་རེས་ཆོག་སྟེ་གཉིས་ཀ་འདྲི་མི་དགོས་པ་སོགས་གཞན་ལའང་ཤེས་པར་བྱའོ། །བླ་བདུད་གཟུགས་ལ་དབབ་པ་ནི། བྱད་མའི་བླ་དྭགས་བྲི་བ་ཡིན། །ཞེས་གསུངས་པའི་ཟབ་གནད་ཐུན་མོང་མ་ཡིན་པ་ཡིན། ཡང་ན་ཡི་གེ་ཚ་ལ། ཏྲོཾ། ཏྲི། ཤཾ། ཏྲི། ཛ། ཁཾ། ཤ། གྷ། ཛ། ཏྲི། ཐུཾ། ཛཿ སོགས་ཡིག་མགོ་ལྟ་ཕྱོགས་ཕོར་ཕྱི་མོར་ལྡོག་ནས་འཁོར་མར་བྲི། ཡང་ན་ཏྲི་ཏྲོཾ་ཤམ་གྷ་ཤ་ཛཿཐུཾ། ཡང་ན་བླ་ཆེན་དྲུག་གི་མིང་མཐར་བླ་ཁུག་ཛཿ ཡང་ན་གནོད་བྱེད་དགྲ་བོའི་བླ་གང་དུ་བརྫུས་ཀྱང་ཁུག་ཛཿ ཅེས་བརླའི་རྩ་བ་ནས་ཕྲེད་ལ་འབྲི། དེ་ལྟར་དཔེའུ་རིས་ནས་བཤད་པའི་མཚན་ཉིད་ཚང་བའི་ལིངྒ་དེ་ཉིད་ལྷག་ཆད་བྲིས་བསུབས་སྤངས་ཏེ་དག་པར་བྲི། གལ་ཏེ་བྲིས་བསུབས་བྱེད་དགོས་ན་སྟག་གི་སྡེར་མོས་བྲད། དམིགས་བྱ་ལེགས་པར་ཚར་བ་དང་། ཕྱི་ནང་བྱེ་མ་གཤེར་ལྡན་གྱིས་ཕུར། ཟན་གཙང་མའི་དྲིལ་ཕྱིས་བྱ། ཚོན་གཏོང་ན། ཁ་དོག་འབྱུང་བ་གཤེད་དུ་བསྡེབ། ཅེས་པས་དམིགས་བྱའི་སྲོག་ཁམས་དང་བསྟུན། ཐུམས་འཁོར་རྩིབས་དེའི་གཤེད་དུ་སྡེབ་དགོས་པ་སོགས་ཕྲ་ཞིབ་ཀྱི་ལག་ལེན་མཐོང་རྒྱུན་བཞིན་བྱའོ། །སྐབས་འདིར་ལིང་ཁྲུས་ཟུར་གསལ་བཞིན་གྲུབ་ནས། བྱུག་རྫས་ནི། ཁྲག་སྣ་གང་འཛོམ། ཁྱད་པར་གྲི་མཛེའི་ཁྲག །དུག་སྣ་ཅི་ཚོགས། ཐང་ཕྲོམ་དཀར་ནག །བཙན་དུག །ཕུང་ས་སོགས་གདུག་པའི་ས་སྣ་གང་འཛོམ། ལྷ་ཁང་རྙིང་པ། རི་ཉིལ། མཆོད་རྟེན་ཞིག་རལ་སོགས་ཀྱི་ས་དང་། དམིགས་བྱར་དེའི་དྲི་མ་དྲུག་སོགས་ཟག་རྫས།་་་བྱུག་རྫས་རྣམས་ཁུ་བ་འབྱིན་པའི་ཕྱིར་མེར་བསྲོས་ནས་རླངས་ཐོན་ཙམ་བྱེད། ཀེག་སྲི་སོགས་བགེགས་རིགས་ལ་འདྲེ་ཚུགས་ཀྱི་ས་དང་། གང་གནོད་དེའི་ས་རྡོ་ཆུ་ཤིང་བསད་ཁྲག་དུག་སྣ་སོགས་བྱུག །བཟློག་གསད་ཀྱི་དཀྱིལ་འཁོར་ནི། གཞུང་ལས། ཕུང་གསུམ་ས་ལ་བ་བྱུང་ལྔའི༔ དཀྱིལ་འཁོར་སྟེགས་བུ་མདའ་གང་བ༔ བདུད་རྩི་ཁྲག་དང་ལྡན་པས་བྱུག༔ ཅེས་དང་། རྡོ་རྗེ་འཁོར་ལོའི་བར་དག་ཏུ༔ མིང་རུས་ལྡན་པའི་ལིངྒ་བཅུ༔ དཔལ་གཏོར་འོག་ཏུ་གཅིག་ཀྱང་བཀོད༔ ཅེས་པའི་དཀྱིལ་འཁོར་དཔེ་རིས་བཞིན་གྱི་དབུས་སུ་ལྕགས་སྣོད་སོགས་ཀྱི་འབྲུབ་ཁུང་མཚན་ཉིད་ཚང་བའི་ནང་དུ་འཇུག །རྩིབས་དང་ལྕགས་མཁར་གྱི་བར་དུ་མིང་རུས་ལྡན་པའི་ཟན་གྱི་ཉ་པོ་བཅུ་དང་མཐར་རྩང་ར་ཟོར་རྫས་སོགས་འགོད། འཇུག་པ་བདེ་ཕྱིར་ཕུང་ས་སོགས་དྲག་པོའི་ས་སྣ་དང་བྱེ་མ་ལ་བྱས་པའི་མཎྜལ་མདའ་གང་གྲུ་བཞི་རོ་སོལ་དང་ཐལ་ཆེན་གྱིས་ནག་པོར་བྱས་པའི་དབུས་སུ་བྲུབ་ཁུང་ཕྱེད་ཆ་ཙམ་ནུབ་པར་འཇུག་པའམ། ཡང་ན་ལྕགས་སླང་བུག་རྡོལ་མེད་པ་བྱེ་མས་བཀང་བའི་དབུས་སུ་ང་བྲུབ་ཁུང་ཇི་ལྟར་འཚམ་པ་བྲུས་ལ། གྲི་ཁྲག་དུག་ཆུ་དུར་ཐལ་སོགས་ཀྱིས་སྦགས་པའི་མཐར་སྐྱེར་རྩང་སྟོད་སྨད་ཁྲག་དང་དབུས་རོ་སོལ་གྱིས་ནག་པོར་བྱུག །རྩེ་མོར་ཤ་ཡིས་བརྒྱན་པ་ཉེར་གཅིག་སྲིན་མོ་འབྲོས་སམ་འཚུབ་མ་རིས་སུ་བཙུགས་ལ་འགུགས་བྱེད་ཀྱིས་ཕོ་ཉར་མངའ་གསོལ། དེ་ནས་ལིངྒ་རྣམས་མང་པོ་ཡོད་ན་བརྩེགས། འཁོར་ལིང་ཡོད་ཚེ་འོག་ཏུ་བཅུག་གཞུག་ཚུལ་ནི། ཇི་སྐད་དུ། ལིངྒ་གཤེད་བལྟབ་ནྲྀ་ཡིག་མཐོང་། །ཞེས་པས་མཐའ་ནས་རིམ་པར་བསྡུས་པའི་མཚོན་ལྟེབ་བམ་རོ་སྒོང་དུ་གྲགས་པས་སྙིང་གའི་ས་བོན་མཐོང་བའམ། ཡང་ན་སྐེ་རྒྱབ་ཏུ་བཅག་པའི་གཡས་གཡོན་གཤམ་སོགས་ཟུར་ལྟེབ་ཟུར་གསུམ་བཟོས་ནས་ས་བོན་མཐོང་བ་ཤི་སྐྲ་དང་། བྱད་ཐག་གིས་ཅུང་ཟད་དཀྲིས་ནས་གཞུག །དེའི་སྟེང་དུ་མཉྫིའམ་སྲིད་པ་ལུགས་འབྱུང་དྲག་པོའི་ཤིང་གིས་ཨེ་ཁྲམ་སྟེང་མཐོ་བར་གོང་གནོན་གྱི་གཏོར་མ་དཔེའུ་རིས་བཞིན་བཞུགས་སུ་གསོལ། །ཨེ་ཁྲམ་རེ་ནག་གམ། དར་ནག་གིས་དཀྲིས་ལ་ཉི་ཟླའི་ཟེར། མར་མེའི་འོད། བདུད་རྩིའི་ཟེགས་མ་སོགས་མི་འཇུག་པ་བྱེད། འབྲི་གུང་ཆོས་ཀྱིས་གྲགས་པས་ལིངྒ་ལ་བདུད་རྩི་འཐོར་ན་དམེར་འགྲོ་གསུངས། གཤིན་རྗེ་ཡང་བཟློག་གི་ཁྲིགས་རིམ་དུ་དགུག་གཞུག་གི་གོང་དུ་སྨན་མི་བྲན་པ་གནད་ཟབ་ཅེས་བཤད། གང་ཟག་གཞན་དག་བདུད་རྩི་ནི་དམ་ལྡན་སྨན་དང་དམ་ཉམས་ལ་དུག་ཏུ་འགྱུར་བའི་ཕྱིར་སྐྱོན་མེད་པར་འཆད་ཀྱང་། སློབ་དཔོན་ཆེན་པོས་ལིངྒ་ལ་སྨན་རག་བདུད་རྩི་མ་འཐོར་བ་གལ་ཆེ༔ གསུངས། ཉེ་ལོགས་ཅི་བདེ་བར་གཡག་རྒོད་ཀྱི་རྭར་ཐུན་རྫས་ནི། སྐེ་ཤངས་ཡུངས་ཏེ་འབྲུ་གསུམ། ལྕགས་ཟངས་རྡོ་གསུམ་སྟེ་ཕྱེ་གསུམ། སྤང་བྲ་རམས་གསུམ་སྟེ་ངན་གསུམ། ཕུང་ས་དགུ་སོགས་ས་སྣ་དང་བྱེ་མ། མཛེ་དམེ་རབས་ཆད་ཁྲ་སྤྱང་གྲི་ཁྲག་སོགས་ཁྲག་སྣ། བཙན་དུག་སོགས་དུག་སྣའི་རིགས་ཏེ་སྣ་གསུམ་རྣམས་ཀྱིས་བཀང་བའི་ཁ་དུག་ཤོག་ཁྲོལ་ཚགས་ཅན་གྱིས་བཀབ། མཐའ་བསྐོར་དུ་རང་གཞུང་ནས་གསུངས་པའི་གནན་སྣོད་ནི། རབ་མོན་ཐོད་གྲི་ཐོད་རབས་ཆད་ཐོད་པ། ཐ་མ་སྤྱང་དང་ཝ་ཁྱི་ཕག་པའི་ཐོད་པ་གཉིས། ཞེས་སྤྱིར་བཏང་དང་། སྲི་ཅན་ལ། གནན་སྣོད་དང་ས་དམིགས་ངག་འདོན་གྱིས་ཤིན་ཏུ་གོ་སླ་བས་འདིར་ཚིག་ཚོགས་ཆེ་བས་མ་བྲིས། དེ་དག་གད་བརྡར་ལེགས་པར་བྱས་པའི་འགྲམ་པ་གཡས་ལ། སྐྱེས་པ་ཕོའི་ཕོ་སྲི་ལངས་པ་ནན་ཆིངས་བྲུབ། འགྲམ་པ་གཡོན་ལ། བུད་མེད་ཀྱི་མོ་སྲི་ལངས་པ། ཡ་རྐན་ལ། མི་ཁ་དང་བྲ་མཆུ་ནན་ཆིངས་བྲུབ། ཁ་ལ། བྱིས་པའི་ཆུང་སྲི་ལངས་པ། དཔྲལ་བར། རྒན་པའི་རྒན་སྲི་ལངས་པ། གདོང་ལ། གཞོན་པའི་གཞོན་སྲི་ལངས་པ། མཆེ་བ་ལ། དར་མའི་དར་སྲི་ལངས་པ། སྤྱི་བོར། སྤྱི་དགྲ་ལངས་པ་ཐམས་ཅད། རྣ་ལྟག་གཡས་གཡོན་དུ། ཕུང་སྲི་གོད་སྲི་ལངས་པ་ནན་ཆིངས་བྲུབ། །ཅེས་བྲིས་ལ་རིང་ཆས་ཅུང་ཟད་དཀྲི། བྱེ་བྲག་གཞུང་གཞན་ལས། གནན་སྣོད་དང་ས་དམིགས་ནི། དགྲ་འདྲེ་སྤྱི་ཙམ་དུ། མོན་པ་རབས་ཆད་ཀྱི་ཐོད་པར་མཆོད་རྟེན་གྱི་ཞབས་སུ་གནན། དགྲ་བོ་སྤྱིར་སྤྱང་ཀིའམ་ཤ་ཁྱིའི་ཐོད་པ་ཡང་ན་ཁོ་རང་གི་ཕ་མེས་ཀྱི་ཐོད་པ། གླང་ངམ་གཡག་རྭ་མེ་ཆུས་མ་ཕོག་པ་སྐྱེས་པར་གཡས་དང་། བུད་མེད་ལ་གཡོན་ལམ་རྒྱ་གྲམ་དང་ལ་བཙས། འབྱུང་པོ་སྤྱི་ལ་ཕག་ཐོད་མཆོད་རྟེན་ཞབས། དེ་ཡང་ཞིབ་ཏུ་དབྱེ་ན་དགྲ་འདྲེ་གཉིས་ལས། དང་པོ་ནི་བླ་མ་ལ་བྱ་རྒོད་ཀྱི་ཐོད་པའམ། སྟག་གམ་བྱི་ལ་ཁྲག་རིས་ཅན་གྱི་ཐོད་པ་མཆོད་རྟེན་ཞབས། དགེ་སློང་ལ་ངང་སེར་མཆོད་རྟེན། སྔགས་པ་ལ་བྱ་རོག་ལྷ་ཁང་། ལྷ་སྔགས་དམ་ཚིག་གཅིག་པའི་མཆེད་དང་སློབ་མ་ལ། རུས་སྦལ་གྱི་ཁོག་པའམ། སྦལ་ནག་གི་ཐོད་པར་བྲག་གཅན་གཟན་འདྲ་བའི་འོག །བོན་པོ་དང་མུ་སྟེགས་ལ་གྲུམ་པ་དང་ཕག་ནག་གཅན་གཟན་གང་རུང་ལ་བཙས། རྒྱལ་པོ་ལ་སེངྒེའམ་ཁྱི་དཀར་རྒྱ་སྒོའི་ཐེམ་འོག །མི་དཔོན་གླང་ཐོད་སྦྲུལ་ནག་གམ་རུས་སྦལ་འདྲ་བའི་འོག །མི་སྐྱ་ཕག་ཐོད་དམ་གླང་རྭ་མེ་ཆུས་མ་འཕོག་པ་ཟམ་རྔུར། བུད་མེད་ཝ་ཐོད་རྒྱ་ལམ་མམ་དུར་ཁྲོད། བྱིས་པ་སྲེ་མོང་སྒོ་ཐེམ་འོག །མི་སྐྱ་ཁེར་འདོད་ཝ་ཐོད་ཤིང་གཅིག་གི་དྲུང་རྣམས་སུ་བཤད། གཉིས་པ་ནི། དམ་སྲི་འཕར་སྤྱང་ཁྱི་ཐོད་གྲོང་གི་དབུས། རྣལ་འབྱོར་པའི་དམ་སྲི་མི་ཁྱི་ར་ཕག་རབས་ཆད་ཀྱི་ཐོད་པ་མཆོད་རྟེན་འོག། འགོང་སྲི་སྤྲེལ་ཐོད་ལྷ་ཁང་ཐེམ། རྒྱལ་པོའི་ཕུང་སྲི་མོན་བོད་ཧོར་གསུམ་གྱི་ཐོད་པ་ཆོས་འཁོར་གྱི་དབུས་སམ་ལྷ་ཁང་། བློན་པོའི་ཕུང་སྲི་སྤྲེའུ་རི་བོང་ནེ་ཚོའི་ཐོད་པ་ཕོ་བྲང་གི་མདུན། ཡུལ་མིའི་ཕུང་སྲི་མཛོ་རྟོལ་དྲེའུའི་ཐོད་པ་སྦྲུལ་གྱི་སྲང་ངམ་ཡུལ་གྱི་དབུས། དགྲ་སྲི་རྟ་གཡག་གི་ཐོད་པ་དགྲ་བྱུང་དོགས་ཀྱི་གོང་གསུམ་མམ། ལམ་རྒྱ་གྲམ། ལུང་གསུམ་མདོ། ཕོ་སྲི་གཡག་རོག་གི་ཐོད་པར་གངས་སྟོངས་སམ་རི་རྩེའི་ལ་བཙས། མོ་སྲི་ཁྱི་མོ་ནག་མོའི་ཐོད་པ་རྒྱ་མཚོའི་གཏིང་ངམ་བྲག་གི་རྩིབ། དར་སྲི་ཝ་དམར་གྱི་ཐོད་པ་དུར་གྱི་འོག །ཆུང་སྲི་རེའུ་ལུ་གུ་ཁྱི་གུ་མིག་མ་བྱེ་བ་ཤོར་སྐྱེས་དང་། ཕེ་གུ་སྲེ་མོང་ཐོད་པ་མའི་མལ་འོག་གམ། ལམ་རྒྱ་གྲམ། རྒན་སྲི་ཝ་ཐོད་ཆད་པའི་ཞབས། དུར་སྲི་ཝ་ཐོད་དུར་ཁྲོད་དབུས། དབུལ་སྲི་སྤྱང་ཀིའམ་རི་བོང་གི་ཐོད་པ་རྒྱ་ཐབ་ཀྱི་འོག །ཕུང་སྲི་རྔ་མོའི་ཐོད་པ་གྲོག་པོ་ཕུགས་རྡུགས་ཕུ། ལྕེབ་སྲི་རྦབ་སྲི་ཕག་ཐོད་རྒྱ་གྲམ་ལམ། དམེ་སྲི་སྐྱ་གའི་ཐོད་པ་ཁང་པའི་ཞབས། གྲི་སྲི་ཤ་བའི་ཐོད་པ་ལ་བཙས་འོག །རྟ་སྲི་རྟ་ཐོད་རི་ཆེན་ཞབས། གོད་སྲི་འཕར་སྤྱང་ར་ལུག་སྤྲེའུ། འབྲི་རོག་གམ། བེའུ། ཡང་ན་གོད་མགོ་ཕྱི་མ་ར་བའི་དབུས། གཡའ་མོའི་གོད་སྲི་འཕར་བ་རྔ་མོའི་གསའ་ཡི་ཐོད་པ་འབྲོག་ལྷས། སེར་སྲི་ཤ་བའི་ཐོད་པ་སེར་བ་འོང་པའི་སྒང་ཟུར་གྱི་རྨང་། ཞིང་སྲི་གླང་རའམ་རྫའི་པར་བུ་འོད་ཁའི་དབུས་རྣམས་སུ་གནན་པར་བྱའོ། །གཞན་ཡང་མངོན་སྤྱོད་ཀྱི་ཡི་གེ་ལས། དགྲ་ཡུལ་མི་མཐུན་ས་ཡིན་ན༔ དགྲ་བོའི་ཡུལ་གྲུ་གང་ཞིག་གི་ཐོད་པར་གནན༔ དགྲ་བོའི་དམག་དཔོན་དྲེད་མོང་གི་ཐོད་པ་དང༔ དམག་མི་དོམ་གྱི་ཐོད་པར་གནན༔ ཡུལ་མཁར་དང་ནོར་རྫས་སྤྲེའུའི་ཐོད་པར་གནན༔ ཁྱད་པར་གང་རུང་གི་དགྲ་དང་སྲི་གནན་ཡིན་ན༔ དགྲ་བོ་ཆེ་རྒྱུད་དང་རྒན་སྲི་རྣམས་དོམ་མགོའི་ནང་དུ་གནན༔ དགྲ་བོ་ཆུང་རྒྱུད་དང་མོ་སྲི་རྣམས་ཕག་མགོའི་ནང་དུ་གནན༔ གཞོན་སྲི་དང་དབུལ་སྲི་རྣམས་སྤྱང་ཀིའི་མགོར་གནན༔ ཆུང་སྲི་དང་ཐེའུ་རང་རྣམས་སྲེ་མོང་མགོར༔ གོད་སྲི་དང་ནད་སྲི་ལངས་བ་བྱ་རོག་གི༔ མི་ཁ་དང་ཁ་མཆུ་ལངས་པ་རྣམས་ཝ་ཡི༔ ནད་ཡམས་དང་ཞིང་ཁའི་སྲི་རྣམས་བོང་བུའི༔ ཁྱིམ་དུ་འདྲེ་ཆགས་དང་འགོང་པོའི་སྲི་ཞུགས་ན་རི་བོང་གི༔ རྒྱལ་བསེན་དང་འབྱུང་པོས་རྒྱུན་དུ་ཟ་ཁ་ཟུག་ན་ཁྭ་ཏའི༔ སུན་ཁ་དང་གཤེད་ཁ་སྡང་ན་འུག་པའི༔ སྒྲུབ་ལ་ཕྱི་ནང་གི་བར་དུ་གཅོད་པ་བྱུང་ན་རའི༔ ཕ་རོལ་གྱིས་བྱད་ཟོར་དང་དམོད་པ་རྒྱུན་དུ་ཟུག་ན༔ སྐྱུང་ཀ་དང་བྱ་རོག་འུག་པ་དུར་བྱ་རྣམས་ཀྱི་མགོ་བོར་ལིངྒ་བཞག་ཅིང་མི་མགོའི་ནང་དུ་བཅུག་སྟེ་གནན༔ ཞེས་དང་། དགྲ་བོ་དཔུང་ཚན་ཆེ་བ་ཡི༔ དམག་དཔོན་སོགས་ལ་སྦ་བ་ན༔ གངས་རི་སྤང་རི་རྫ་རི་ལ༔ རྩེ་མོ་ནག་པོར་འདུག་པ་ན༔ མགོ་ཆད་འདུན་ཕོག་རི་ཡིན་བས༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ དགྲ་བོ་དཔུང་ཚན་ཆུང་བ་དང་༔ ཡུལ་མི་ལ་སོགས་དགྲ་ཡི་རིགས༔ མི་ནག་མཚོན་ཆ་དྲུད་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ ཕུང་སྲི་ལངས་དང་ནང་འཁྲུགས་ལ༔ གནམ་ལྕགས་མཆོད་རྟེན་བརྩེགས་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ གྲི་སྲི་གཞོན་སྲི་ལངས་པ་ན༔ ཆོས་འབྱུང་དགུ་བརྩེགས་བསྣོལ་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ ཆུང་སྲི་བུད་མེད་སྲི་ཡིན་ན༔ བཙུན་མོ་བྲང་རྒྱན་བཏགས་འདྲའི་རི༔ མདུན་གཤམ་འོག་ཏུ་དགྲ་བོ་གནན༔ སྒོ་ནོར་ཕྱུགས་ཀྱི་སྲི་ཡིན་ན༔ སྤྲེའུ་དཀར་བྱ་ར་བལྟ་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ ཡུལ་དང་ཞིང་གི་སྲི་ཡིན་ན༔ སེངྒེ་གནམ་དུ་མཆོངས་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ ཁ་མཆུ་མི་ཁའི་སྲི་ཡིན་ན༔ བྱ་ནག་ཤ་ལ་རྔམས་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ དམ་པ་ཆོས་ཀྱི་སྲི་ཡིན་ན༔ གླེགས་བམ་པོ་ཏི་གཤིབས་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ ཆོས་སྒྲུབ་བར་ཆད་སྲི་ཡིན་ན༔ བླ་མ་ཁྲི་ཁར་བཞུགས་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ ཕྱོགས་ཟས་མཐོ་གནོན་སྲི་ཡིན་ན༔ རྒྱལ་པོ་ལ་ཐོད་བསྡམས་འདྲའི་རི༔ དེ་ཡི་འོག་ཏུ་དགྲ་བོ་གནན༔ ཞེས་གསུངས། གཞན་ཡང་རྣལ་འབྱོར་པ་ལྟ་དགོངས་དང་ལྡན་ཕྱིན་རྭ་ཅོའི་རིགས་དང་། ཀུ་བ་བྱ་སྒོང་སོགས་རང་བྱུང་གི་སྣོད། རྫའི་གའུ་ལ་ཅའི་སྒྲོམ་བུ། ལྕགས་ཟངས་ཞ་ཉེའི་པར་བུ། ཚ་ཚའི་ཞབས་སོགས་སུ་རུང་། མན་ངག་སྙིང་གཟེར་ནག་པོ་སྲིད་པའི་གཏེར་ཁྱིམ། མན་ངག་རྫོང་འཕྲང་། རྡོ་རྗེ་གཙུག་ལག་སོགས་ཁོག་འབུབས། གྱིམ་ཤང་མཁའ་འགྲོའི་ཡིག་ཆུང་ལས། གཏོར་མ་ནི་དང་པོ་མངར་ལ་སྤྲད། དེ་ནས་ཤ་ཁྲག་གིས་མཆོད། གསུངས་པ་བཞིན་འགུགས་རིང་དཀར་མངར་གྱིས་སྦགས་པའི་གཏོར་ཟླུམ་མཐེབ་སྐྱུ་ཅན་དང་། ལས་གྲུབ་ནས་ཤ་ཁྲག་གིས་བརྒྱན་པར་དམར་གཏོར་བཤམས་ནས་གཏང་རག་ཏུ་ཁས་བླངས་ཏེ་འཇོག་པ་སོགས་མཐོང་རྒྱུན་ལྟར་བྱ། མི་བསད་གྲི། འབྲོང་རྔ། ས་ཚ་ནག་པོ། དུར་གཡམ་སྟོང་རྒྱའི་རི་མོ་ཅན། བྲུབ་ཁུང་གི་གཡས་གཡོན་དུ་ལྷ་དབྱེའི་སྒྲོ་གཉིས་འཛུགས། གཞན་ཡང་གནན་གསད་སོགས་ཀྱི་དུས་ཚོད་ངེས་པ་ནི། ཁྱད་པར་དཔྱིད་གསུམ་བདུན་གསུམ་དབྱར་གསུམ་བརྒྱད་གསུམ། སྟོན་གསུམ་དགུ་གསུམ་དགུན་གསུམ་གྱི། །ཡར་ངོའི་བཅུ་དང་མར་ངོའི་ལྔ། །དགུ་སྟོང་རྣམས་ལ་མགོན་སྐྱབས་བྲལ། །གནད་འགག་ཡིན་མིན་གཞན་དུ་ལྟོས། །ལས་འབྲེལ་རྩལ་གྱི་གཤིན་རྗེའི་ལས་མཐའ་དགྲ་ཁ་ལ་རྒྱས་འདེབས་ལས། གླང་གི་ཟླ་བའི་ཐོ་རངས་མནན་ན༔ གནམ་རིམ་པ་བཅུ་གསུམ་གྱི་སྟེང་དུ་འགྲོ༔ སྟོང་གི་ཉི་མ་སྲོད་ལ་མནན་ན༔ ས་རིམ་པ་དགུའི་འོག་ཏུ་འགྲོ༔ མེ་ཐོག་ཏུ་ས་འགྲོ་བ་དེ་ལ་གནན་ནོ༔ ཞེས་གསུངས་པས། གཞན་ཡང་། ཇི་སྐད་དུ། བླ་ཕུར་སྙིང་ཕུར་སྲོག་ཕུར་གསུམ༔ འདི་གསུམ་མེད་པར་ལས་སྦྱོར་བ༔ བྱ་རྒོད་གཟན་མེད་གཤོག་མི་ཕེབས༔ ཞེས་དང་། འཇའ་ཚོན་མ་ནིང་གི་དམར་ཁྲིད་ཡིག་ཆུང་ལས། བླ་ཕུར་སྲོག་ཕུར་སྙིང་ཕུར་གསུམ་གྱི་གནད་མ་ཤེས་ན། སྒྲུབ་པ་དོན་མེད་དུ་འགྲོ་ཉེན་ཡོད། ཅེས་གསུངས་པས། བྱ་རྒོད་ཀྱི་དད་རུར་བླ་ཕུར་བཅའ། དེ་ལ་གཞུང་གི་བླ་འགུགས་ཀྱི་སྔགས་དང་། ཨུ་པ་ཏི་ཙིཏྟ་ནག་པོ་ཨུ་པ་ཏིས་་་མི་རུ་བརྫུན་ཕོ་ཉ་སྲིན་པོའི་རྦད་སྔགས།་་་སོད། ༡ ཁཾ་བླ་ཏྲི་ཏ་ཨུ་དནྟྲི་སོད།་་་གཡག་ཤར་བརྫུན་སྟག་གཟིག་རྦད་པའི་སྔགས།་་་དགྲ་བོ་དུམ་བུ་གཙུག་ཉ་སྲི་སོད། གུག་ལིང་ཙིཏྟ་ནག་པོ་སོད། ཨ་ཏི་སུ་ཏི་ས་ལ་སོད། ཁ་ར་གཡག་སོད། ༢ ཨོཾ་ཨག་སོ་རྦད་སུ་་་གཉན་དང་བོང་བུའི་ཕོ་ཉ་དོམ་དྲེད་གཉིས།་་་སོད། ༣ ཙ་རག་ཁ་ཙ་རག་ཁ།་་་ར་དང་ལུག་ལ་ལྕགས་ཀྱི་སྤྱང་ཀིའོ།།་་་ཁ་རག་རྦད་དགྲ་བོ་སོད། མ་གི་དགྲ་སྙིང་དུམ་གུ་སོད། པ་ཤ་ཁྲག་རྦད་སུ་ཆོད། ༤ ཅེས་པའི་མཐར། བླ་ཤ་རེ་མ་ཏི་གྷྲཾ་ཤ་རེ་མ་ཏི་ཐུམ་ཐུམ་གུག་ཐུམ་རིལ། ཞེས་སྦྲེལ་ནས་བཟླས་པ་དང་། སེང་ཕུར་སོར་བརྒྱད་པར་སྙིང་ཕུར་དུ་བཅས་པར། རྦད་སྔགས་གོང་མའི་ཤམ་བུ། མྱོག་མྱོག་ཡེ་མུག །ཙར་ལིང་རྦད། ཅེས་བཟླ། གྲི་ལྕགས་ཀྱི་ཕུར་པ་སྲོག་ཕུར་དུ་བཅས་པར་གནན་གཞུང་གི་གསང་སྔགས་ཤམ་བུར། ཐིབས་དར་ཡ་ཐིབས་སྲོག་ལ་རྦད། སྙིང་མགོ་ཆོད། ཁ་ལ་ཟ་མུ་ལོང་རྦད། ཅེས་པ་རྣམས་རབ་བརྒྱ། འབྲིང་གང་ལྕོགས། ཐ་མ་ཉེར་གཅིག་བཟླས་ནས་ཕུར་པ་སོ་སོར་བཏབ་སྟེ་གདབ་པའི་དུས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཤི་ཏྲི་ཀུ་ཀུ་ལ་ཡཾ་ཤྲི་མཱ་ར་ཡ་ཤྲི་ཧཱུྃ་ཕཊ༔ ཅེས་བླ་གནས་དང་བསྟུན་ནས་བླ་སྲོག་འཛོམ་སྐབས་གདབ་པས་གཟུགས་ལ་ཡིད་ཆགས། ཡིད་ལ་བླ་འཁོར། བླ་སྲོག་ཟུང་འབྲེལ་གྱི་རཱུ་པ་ལ་ཕུར་པ་བཏབ་པས་སྲོག་འགགས་ཏེ་དབུགས་ཆད། བླ་བསད་པས་རྣམ་ཤེས་ཀྱི་རྟེན་མེད་པར་གསུངས་སོ། །ལིངྒ་ལྟེབ་པའི་གནད་ནི། དགྲ་འདྲེ་གཉིས་ལས། དང་པོ་ནི། ཇི་སྐད་དུ། ལིངྒ་ལྟག་པ་བཅག་སྟེ་སྙིང་གའི་ནྲྀ་ལ་ཁ་སྦྱར༔ འཕོངས་ནས་ཡར་ལྟེབ་སྟེ་མཚན་མ་ལྟག་པ་ལ་ཁ་སྦྱར༔ དེ་ནས་གཡས་ལྟེབ་དང་གཡོན་ལྟེབ་ལན་གསུམ་བྱས་ལ་འཁོར་ལོའི་དཀྱིལ་དུ་ལིངྒ་ཁ་སྦུབ་ལ་གཏུམས༔ འཁོར་ལོ་ལྟེབ་ཚུལ་ནི་ཟུར་གྱི་རྡོ་རྗེ་རྒྱ་གྲམ་ལྟེ་བར་ཡོད་པའི་ཟུར་ལྟེབ་ལན་གསུམ་བྱས་པའི་ཕྱི་ལ་རྡོ་རྗེ་རྒྱ་གྲམ་བྲི༔ ཞེས་དང་། བླ་མ་དགོངས་འདུས་ཀྱི་སྲུང་བཟློག་གསད་པའི་གབ་ཡིག་བྱད་མ་སྟོབས་འཇོམས་ལས། ལྟེབ་ཚུལ་གོང་དང་འདྲ་བར་གསུངས་པའི་རྗེས་རིམ་གྱིས་ལྟེབ་ལ་གྲུ་གསུམ་དུ་འབྱུང་བ་དང༔ རྩེ་མཐུར་དུ་ཕྱོགས་པར༔ ཡུགས་སའི་དོར་རྟས་གྲིལ༔ དེ་རོ་རས་ཀྱིས་གྲིལ་བ་སོགས་གསུངས། ཙ་ཀྲའི་ཡིག་འབྲུ་རྣམས་ཡེ་ཤེས་ལྷའི་ངོ་བོར་གྱུར་པ་རང་བཞིན་གྱི་གནས་སུ་གཤེགས༔ དམོད་བཅོལ་སྔགས་སྒྲ་དང་བཅས་པས་ཟློག་བྱེད་ཀྱི་ལས་བྱེད་པར་བསམ༔ ཞེས་དང་། ལྔ་པ་ཆེན་པོས་ལིངྒའི་ཡི་གེར་བྱུག་རྫས་ལ་དབྱེ་འབྱེད་མཛད་པའི་དགོངས་པ་མཐུན། དེ་ནི་འཁོར་ལིང་དང་འབྲེལ་བའི་དབང་དུ་བགྱིས་པ་སྟེ་འཁོར་ལོ་མེད་ཀྱང་ལྟེབ་ལུགས་བཤད་མ་ཐག་པ་ཁོ་ནར་བྱས་པ་ལ་ཤི་ལྟེབ་ཏུ་འབོད། རོ་ལྟེབ་ཧུ་བྱེད་ན། ཁ་རྐུབ་སྤྲད། འདྲེ་ལྟེབ་ལ་སྙིང་གའི་ས་བོན་བཅག །བགེགས་རིགས་ལ་འདི་ཉིད་རང་ཤས་ཆེ་བར་གསུངས། དེ་རྗེས་ཕོ་ལ་དཔུང་པ་གཡས་དང་། མོ་ལ་གཡོན་སྔོན་ལ་བཅོག །མགོ་ནས་མར་དྲིལ་བ་དང་། མཇུག་ནས་ཡར་ལྟེབ་ཙམ་བྱེད་པའི་ལུགས་གཉིས་སྣང་བ་སྔ་མ་ལྟར་ན་ཕྱི་མ་འཐད་པར་སེམས་ཤིང་དཔྱད་པར་བྱའོ། །རུས་ལྟེབ་ནི་དཀྱིལ་གཞུང་བཅག་སྟེ་ཟུར་གཉིས་ལྟེབ་པས་ཁ་སྦྱར་ཟུར་གསུམ་དུ་ཡོང་། ལྤགས་ལྟེབ་ནར་མོ་དྲིལ། མཚོན་ལྟེབ་བམ་རོ་སྒོང་དུ་གྲགས་པ་གོང་དུ་བཤད། རང་གཞུང་དུ། གཡས་ཀྱིས་གཡོན་བཀབ༔ མགོ་ནས་མར་དྲིལ༔ གསུངས་པ་གང་ལྟར་བྱེད་ཀྱང་ཡུགས་ས་མ་སྐྱེས་པ་གཞན་དང་འཁྲིག་པ་མ་སྤྱད་ཅིང་ཡུན་རིང་མ་སོང་བའི་སྐྲ་ཤད་དང་། བན་བོན་གྱི་ལག་ནས་བྱུང་བའི་ཚོན་སྐུད་སྔོ་དམར་རམ། སྣ་ལྔར་སྤྲོ་ན་སེར་པོ་ལ། བཛྲ་ཏི་རི་བི་རི་རྦུད། དམར་པོ་ལ། ཁ་ལ་རཀྵ་རྦད། སྔོན་པོར། དན་ཏི་རྦད་སུ་རྦད། དཀར་པོ་ལ། ལོ་ཤིག་ཁ་དུ་འབྱུང་བ་ཏྲིག་ནན་ན། ནག་པོ་ལ། ཟླ་སྲི། སྲི་ཤ་སོད་ཧཱུྃ། ཞེས་བརྒྱ་བརྒྱ་རེ་བཏབ་པ་སྡེ་བརྒྱད་ཀྱི་བྱད་ཐག་ཏུ་བསམས་ལ་དཀྲིས། གནན་ཆས་གཞུང་བཞིན་བྱའོ། །དེ་ནས་གནན་པའི་དོང་ཚད་ནི། གཏེར་ཁྱིམ་ལས། ཁྲུ་གང་ཡན་ཆད་ས་རོ་ཡིན༔ ཕན་གནོད་མེད་དོ༔ དེ་ནས་སོར་དགུ་མ་མོའི་གནས་ཡིན་འགོང་ཆོག་གནན༔ དེ་ནས་སོར་བཅུ་བརྟན་མའི་གནས་ཡིན་པས་དགྲ་བགེགས་གནན༔ དེ་ནས་སོར་ཉི་ཤུ་རྩ་བཞི་ཀླུའི་གནས་ཡིན་པས་མནན་ན་དགྲ་བོ་ཕུང་ངོ༔ ཞེས་དང་། ཟུར་གསུམ་ཐོད་པ་ཤོང་པ་འདྲུ༔ དེ་བས་རིང་ན་རྩུབ་སྟེ་རང་ལ་ལྡོག༔ དེ་བས་ཐུང་ན་འཇམ་པས་དགྲ་མི་འཆིའོ༔ ཞེས་དང་། རྡོ་རྗེ་གཙུག་ལག་ལས་གོང་དུ་བཤད་པ་དང་མཐུན་པའི་བརྟན་མའི་གནས་དེར་གནན་པ་ཐམས་ཅད་ཤིས་པར་གསུངས་པས་དེ་ཙམ་མདོ་རྒྱས་མཚམས། ལས་གྲུབ་ནས་ངག་ཏུ། ཨོཾ་ཡ་མཱནྟ་ཀ་ཡ་མ་ཀི་ཀི་དགྲ་བགེགས་སརྦ་ཏྲིག་ནན་རྦད་ནན། བྷི་ན་ཙིཏྟ་རྦད་ནན་ལམ་ནན་ནན། ཞེས་བརྒྱ་སྟོང་བཟླས་པས་ཕྱིས་མི་ལྡང་། ཁྲོམ་དང་མི་མང་གི་གསེབ་ཏུ་འཁྱམས་པ་དང་ཅལ་ཅོལ་འབྲེལ་མེད་ལབ་པ་མིང་བསྒྱུར་བ་སོགས་ཀྱང་བྱས་པས་རང་ལ་མི་ལྡོག །གཞན་ཡང་ལྷ་ལྔ་གཤེད་འབེབས་ཀྱི་སྐོར་གནམ་སྐས་གཏེར་མ་སོགས་ལ་འདྲིས་པར་ཡང་བྱའོ། །ཞེས་མཁྱེན་བརྩེའི་འོད་ཟེར་གྱིས་གཞན་ངོ་བསྲུང་ཕྱིར་རང་ལོ་ཉི་ཤུ་པ་ལའོ།། །།