བཀའ་འདུས་སྨན་སྒྲུབ་གཏོར་ཟློག་བཅས་ཀྱི་ཟིན་ཐོ།

From Khyentse Lineage - A Tsadra Foundation Project
JKW-KABAB-05-CA-038
Wylie title bka' 'dus sman sgrub gtor zlog bcas kyi zin tho JKW-KABAB-05-CA-038.pdf
Location mkhyen brtse'i bka' babs
Volume 5, Text 38, Pages 687-710 (Folios 1a to 12b3)
Author མཁའ་ཁྱབ་རྡོ་རྗེ་
Less details More details
Tertön ཨོ་རྒྱན་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (o rgyan gling pa, 'jam dbyangs mkhyen brtse'i dbang po)
Citation Karmapa, 15th. bka' 'dus sman sgrub gtor zlog bcas kyi zin tho. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 5: 687-710. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Notes - zin bris  ·  Torma-offering Rituals - gtor chog  ·  Activity Practices - las tshogs  ·  Medicinal Pills - Making and Activating Practices - sman sgrub
Cycle དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ (dpal bka' 'dus chos kyi rgya mtsho)
Karchag page JKW-KABAB-Volume-05-CA-Karchag
Colophon

ཞེས་པའང་དོན་གཉེར་ཅན་གྱི་འདོད་ངོ་མ་ཆོག་པར་སྔགས་བཙུན་མཁའ་ཁྱབ་རྡོ་རྗེར་འབོད་པས་བགྱིས་པ་དགེ།

zhes pa'ang don gnyer can gyi 'dod ngo ma chog par sngags btsun mkha' khyab rdo rjer 'bod pas bgyis pa dge

[edit]
༄༅། །བཀའ་འདུས་སྨན་སྒྲུབ་གཏོར་ཟློག་བཅས་ཀྱི་ཟིན་ཐོ་བཞུགས།།ན་མོ་གུ་རུ་ཤྲཱི་བཛྲ་ཀྲོ་དྷཱ་ཡེ། གཏེར་ཆེན་ཨོ་རྒྱན་གླིང་པའི་གཏེར་བྱོན་ཀུན་གཟིགས་མཁྱེན་བརྩེའི་ཡང་གཏེར་དུ་བྱོན་པའི་བཀའ་འདུས་སྨན་སྒྲུབ། གཏོར་བཟློག་དང་བཅས་པ་དཀྱུས་གཅིག་ཏུ་ཉིན་དགུར་བསྟར་བའི་ལག་ལེན། འདོན་འབྲིགས་ཟིན་ཐོར་བཀོད་པ་ལ། རྩ་གསུམ་ཞི་ཁྲོའི་སྒྲུབ་པ་སྤྱིའི་ཁོག་ཕུབ་ཁྱེར་བདེར་བཀོད་པ་གཅིག་ཤེས་ཀུན་གྲོལ་གཞིར་བཞག་ལ། སྣ་སེལ་རྣམས་སྔོན་ཏུ་བཏང་ནས། ཉིན་དང་པོའི་ཐོ་རང་སྔ་བར་རྡོ་རྗེ་འཚམས་པས་ཕུར་པའི་བདག་བསྐྱེད་སྔོན་འགྲོས། སྔོན་དུ་མ་སོང་ན་ཤོག་ལིང་རྣམས་ལ་ལིང་ཁྲུས་ཚད་ལྡན། ཚོགས་བསྒྲལ་སྐབས་འགུགས་བསྟིམ་གནད་ལྡན་དང༌། དམ་སྲིའི་མནན་ལིང་ལ་མནན་ཆས་རྒྱལ་ཐོའི་སེར་ཕྲེང་མ་ཕེབས་གོང་གྲུབ་པར་བྱ། དྲག་པོའི་སྦྱིན་སྲེག་བྱ། སྐོར་ཆོག་པ་རྣམས་ནས་ཁྲུས་ཆོག་ཟླ་བའི་བདུད་རྩི་ལྟར་ཁྲུས་བུམ་བསྒྲུབ། གཞུང་ཚོགས་རྣམས་ཀྱིས། ཚིག་བདུན། སྐུ་གསུམ་གསོལ་འདེབས། བརྒྱུད་འདེབས་བསྡུས་པའི་རྗེས་རྒྱུན་ཁྱེར་སྐྱབས་སེམས་ཚོགས་བསགས་མཐར། ཧཱུྃ༔ དེ་བཞིན་ཉིད་དབྱིངས་སོགས་ཀྱི་བདག་བསྐྱེད། བཟླས་པ། བསྡུ་ལྡང་གྲུབ་རྗེས་ཟུར་འདེབས་རིན་ཆེན་ཕྲ་ཚོམ་ལྟར་བསང་ཆུ་བསྒྲུབ། སྒྲུབ་ཁོག་ལྟར་ས་ཆོག་གི་མཆོད་བརླབ་ནས། གཤེགས་གསོལ་མཐར། མཆོད་རོལ་རིང་བའི་འོག་གཏོར་མ་འབུལ་ཞིང༌། མཆོད་པ་དང་མཎྜལ་བསྡུ། སློབ་དཔོན་ཞྭ་ཆོས་བཅས་གཞི་དེར་ཕེབས་ཤིང་དབང་མཆོག་ཕུར་པས་ས་དབང་དུ་བྱ་བ་ནས། ཏིང་ངེ་འཛིན་གྱི་བཟླས་པའི་རྗེས་དབང་མཆོག་ཕུར་པ་བསྡུ། བཀའ་བསྒོའི་མཇུག་མཆོད་རོལ་རིང་བའི་འོག །སློབ་དཔོན་གྱིས་དཀྱིལ་འཁོར་གྱི་གཞིར་དབང་ལྡན་ནས་བརྩམས། ལན་གསུམ་བསྐོར་ཞིང་ཡུངས་ཐུན་བྲབ་ཅིང་རྡོ་རྗེགསོར། ལས་ཕུར་བྱང་ཤར་དུ་གདབ། སེར་ཕྲེང་གིས་ཤར་ནས་བརྩམ་རྒྱལ་ཐོ་བཙུག །དམ་སྲི་མནན་པའི་གཅིག་ནི་བརྗོད་མེད་སོགས་བརྗོད་སྐབས་སློབ་དཔོན་གྱིས་རྡོ་རྗེ་རྒྱ་གྲམ་ཚིག་རེ་དང་བསྟུན་རྒྱ་གྲམ་བཅུ་བྱ། ལས་བྱང་གི་བྲོ་བརྡུང་གྱེར་སྐབས། དྲག་པོའི་བྲོ་ར་རྩེ་མོ་ལྷོར་བསྟན། མཐེའུ་ཆུང་སྦྲེལ། གཤིན་རྗེའི་སྐུའི་རྒྱབ་ཀྱི་འདོད་གསོལ། གསང་ཆེན་ལྷུན་གྲུབ་སོགས་དང༌། འཁྱིལ་བའི་སྐུའི་རྒྱབ་ཀྱི་འདོད་གསོལ། ཁྲོ་བོ་བདུད་རྩི་འཁྱིལ་པ་སོགས་བྲི། བྲུབ་ཁུང་དུ་དམ་སྲིའི་མནན་ལིང་བཞིན་བྲིས་པའི་ལིང་ག་བཅུག །ནང་དུ་ཕེབས་ཤིང༌། སློབ་དཔོན་དཀྱིལ་འཁོར་གྱི་ནུབ་ནས་ཤར་དུ་ཕྱོགས་པར་སྔགས་ཆས་བཅས་སྟོང་ཐུན་བཤད། མ་ཏྲཾ་བསྒྲལ། སློབ་དཔོན་གྱིས་རྡོ་རྗེ་འགྲོས་ཀྱི་དཀྱིལ་འཁོར་གྱི་གཞི་དེར། ཧཱུྃ་གསུམ་ལ་བསྐོར་བ་གཅིག །ཧ་གསུམ་ལ་བསྐོར་བ་གཅིག །ཕཊ་གསུམ་ལ་བསྐོར་བ་གཅིག་སྟེ་བསྐོར་བ་གསུམ་བསྐོར་ནས། དབུས་ནས་ཤར་དུ་ཞལ་ཕྱོགས་པས། སྟེང་ནས་ཕྱོགས་བཞིར་གཡས་བསྐོར། ཤར་ལྷོ་ནས་འོག་བར་གཡོན་བསྐོར་གྱིས་ཁྲོ་བཅུའི་ཕུར་པ་གདབ་དོན་གྱི་སྲུང་འཁོར་ཕྲིན་ལས་ལྟར། ཧཱུྃ༔ ཡེ་ཤེས་རང་རྩལ་འབར་བའི་སོགས་ནས། ཧཱུྃ་ཕཊཿ བར་རོ། སློབ་དཔོན་དཀྱིལ་འཁོར་གྱི་ཤར་ནས་ནུབ་ཏུ་ཕྱོགས་པས་བཞེངས་ཏེ་བྱང་ཤར་ནས་བརྩམ་གཡས་བསྐོར་གྱིས་འཐོར་གཡབ་ཀྱིས་བདུད་རྩི་འཐོར། ལས་རྡོར་གྱིས་གཡོན་བསྐོར་དུ་ཁྱེ་མ་མེད་པའམ། བར་མཚམས་མེད་པ་ལེགས་པར་བྱུག །ལྷ་སྟ་གོན་ཚོམ་བུ་བཀོད་གྲུབ་རྗེས། དེ་མཐར་ཕྱི་མཆོད་བསྐོར་བཤམ། དེ་མདུན་ནང་མཆོད་སྨན་གཏོར་རཀྟ་ཕྲེང་ཚར་དུ་བཤམ། ཕྲིན་ལས་ལྟར་མཆོད་རླབས་རྗེས། ཨོཾ་མ་ཧཱ་ཤུ་ནྱ་ཏ་སོགས་ཀྱིས་དམ་ཚིག་པ་བསྐྱེད། མཆོད་པ་རང་གཞུང་གིས་འཐུས། སྤོས་དྲིལ་བཅས་གསོལ་བ་གདབ། བུམ་པར་ཞི་ཁྲོའི་སྤྱི་དྲིལ་བརྗོད་པས་རྫས་བླུག །མཆོད་བསྟོད། ཟུར་འདེབས་ཀྱི་རྗེས་ཆོག་སྐབས་ཀྱི་མཆོད་བསྟོད་སྦྱར། བཟླས་པ་ཞི་ཁྲོའི་སྤྱི་དྲིལ་བཟླ། ལས་བུམ་ཟུར་འདེབས་ཀྱི་བསང་ཆུ་ལྟར་བསྒྲུབ། དངོས་སྟ་ཉིན་གཅིག་ལ་སྦྲེལ་སྐབས་བདག་གི་རྣལ་འབྱོར་གོང་དུ་སོང་བས་འཐུས་པས་འདིར་མི་དགོས། ཁྲུས་ཆོག་ཟླ་བའི་བདུད་རྩི་ལྟར་ཞི་དྲག་ཕྱེད་མའི་སྦྱོང་བ། བདེན་སྟོབས་སྐབས། དེང་འདིར་གསང་བ་ཟབ་མོའི་ཆོ་གས་དངོས་གྲུབ་བསྒྲུབ་པ་ལ་བར་དུ་ཞེས་བསྒྱུར་ཞིང་རྟེན་ཁྲུས་གོས་ཟུང་འབུལ་ཞིང་བཀྲ་ཤིས་ཀྱི་མངའ་དབུལ་བའི་བར་བྱ། རྒྱན་བཀོད་སྐབས་སློབ་དཔོན་གྱིས་སྤོས་སྣ། ཡུམ་གྱིས་དར་ལམ་གྱིས་སྣ་དྲངས་པའི་སྨན་གྱི་ཕོ་བྲང༌། རྒྱལ་ཚབ་རྒྱལ་ཐེབས་སོགས་ཀྱིས་བུམ་པ། སྐུ་གསུང་ཐུགས་རྟེན། སྨན་རག་གཏོར་གསུམ། སྒབ་བསྐོར་ཆས། ཁྲོ་བཅུའི་ཕུར་པ། མ་ཏྲཾ་རྣམས་ཐོགས་ནས། ཞི་ཁྲོའི་སྤྱི་དྲིལ་ཛབ¿་དབྱངས་ལན་གསུམ་དང་སྦྲག་དཀྱིལ་འཁོར་བསྐོར་བ་ལན་གསུམ་རྗེས། སྨན་སྒྲུབ་ལྟར། གདོད་ནས་རྣམ་དག་གིས་ལྡིང་ཁྲི་འོག་མར་སྨན་གྱི་ཕོ་བྲང་བཞུགས་པའི་ཤར་ལྷོ་ནས་བརྩམས་ཆང་ཆུ་འོ་མ་རིན་ཆེན་རྣམས་མཚམས་བཞི་དང༌། སྨན་གྱི་ཕོ་བྲང་ཐོག་མཉྫའི་སྟེང་སྨན་སྒྲུབ་ཕབ་གཏའ་ཆུ་གཙང་གིས་བརླན་པ་བཞུགས། ཟུར་གང་བདེར་ཆང་ཕབ་ཞིབ་མོར་བཏུལ་བ། དམ་རྩི། ཁ་དོག་བསྒྱུར་བྱེད། རྩི་རྣམས་ཚང་བར་བཞག །སྨན་གྱི་ཕོ་བྲང་སྟེང་གཟུང་ཐག་བཞག་པའི་རྡོ་རྗེ་དང༌། སྟེང་གི་ཚངས་པའི་དམུ་ཐག་སྦྲེལ། སྒྲུབ་ཁོག་གི་རྒྱན་བཀོད་རྣམས་གྱེར་ཞིང༌། ལྡིང་ཁྲི་བར་པར། དབུས་སུ་རྣམ་བུམ་དུང་ཆོས་གཟུངས་རྡོར་དང་བཅས་པ། དབུས་དང་ཕྱོགས་མཚམས་རྣམས་སུ་སྐུ་ཙཀ་རྣམས་མ་འཆོལ་བར་བཀོད། དབང་དང་འབྲེལ་ཚེ་དབང་རྫས་རྣམས་ཀྱང་བཀོད། ལྡིང་ཁྲི་གོང་མར། སྐུ་རྟེན་ཐོད་སྐུ་སྤྱི་དཔལ་ཆེན་པོ་ཕྱག་རྒྱ་རྒྱས་པ་ལྟར་བྲིས་པ། གསུང་རྟེན་བཀའ་འདུས་གླེགས་བམ། སྔགས་བྱང་གི་ཙཀླི། ཐུགས་རྟེན་ཕྱག་མཚན་ཙཀླི་དང་ཤེལ་རྡོ། རྒྱབ་ངོས་སྨན་གཏོར་རཀྟ། དེ་མཐར་ཉེར་སྤྱོད་བསྐོར་བཤམས་བཅས་དང༌། སྒབ་སྐོར་སྟོད་སྨད། ཐུགས་ཡོལ་སྔོན་པོ། གསུང་ཡོལ་དམར་པོ། སྐུ་ཡོལ་དཀར་པོ་རྣམས་ནང་ནས་ཕྱིར་དཀྲིས། རུ་དར། རལ་གྲི་སོགས་དང༌། ཁྲོ་བཅུའི་ཕུར་པ་དང་མ་ཏྲཾ་བཅས་སྔ་མ་བཞིན་སོ་སོར་མ་འཆོལ་བར་བཀོད། མ་ཏྲཾ་གྱི་ཁོག་པ་རས་བྲིས་འོག་ཏུ་བཞག །དཀྱིལ་འཁོར་གྱི་མདུན་དུ་མཆོད་གཏོར། རྒྱབ་ཏུ་བསྐང་གཏོར་གཞུང་མཐུན། ལྷོར་འདོད་ཡོན་ལྔ། བྱང་དུ་སྲུང་མའི་གཏོར་མ་དང་ཆད་བརྟན། མདུན་དུ་ཞི་དྲག་གི་ཉེར་སྤྱོད་མཇུག་སྤྲོད། སྨན་གཏོར་རཀྟ། མཐའ་བསྐོར་ཕྱི་ནང་ཚོགས་མཆོད་བཅས་བརྒྱ་རྩས་བསྐོར་ཞིང༌། བླ་མེད་མཆོག་གི་མཐར་ཚོགས་གྲོལ། མཆོད་པ་སོགས་ཞིབ་པར་བཤམས་ནས། ཡར་འཚོགས་གཞུང་ཟུར་ཚོགས་པ་ཐམས་ཅད་དང༌། སྒྲུབ་ཆེན་གྱི་ལས་བྱེད་མ་ལུས་པ་འཚོགས་དགོས། རྡོ་རྗེ་རྒྱལ་ཐེབས་ཞྭ་ཆོས་བཅས་གྲལ་གཤམ་ནས། སྟོང་ཐུན་བཤད་དེ། མངའ་གསོལ་རྗེས་ཟློས། ལས་རྡོར་གྱིས་ཐོད་པའི་བདུད་རྩི་རིམ་བཞིན་རྡོ་རྗེ་རྒྱལ་པོ། རྒྱལ་ཚབ་དང་རྒྱལ་ཐེབས་བཞི། ཡུམ་ལས་རྡོར། གིང༌། འཚམས་པ། སྤྱན་པ། དུས་མཚམས་པ་ནི་དགེ་བསྐོས་་་་བྱ་རོག་ཀྱང་ཟེར། ཕྱག་ཚང་ནི་ཕྱག་གཉེར། བྱན་པོ་ནི་མ་ཆེན་སོགས་ལ་དྲངས་ཤིང་མཐར་མཆོད་རོལ་རིང་བ་བྱ། ཡང་རྒྱལ་ཐེབས་ཀྱིས་གཏོང་ཐུན་བཤད་དེ་རྟགས་གདབ་བྱ་སྐབས། མགྲིན་པར་ཞག་གི་ཟོ་རིས་ཟླ་ཕྱེད། མཁུར་ཚོས་ལ་རཀྟའི་ཐིག་ལེ་སུམ་སྒྲོམ། དཔྲལ་བར་ཐལ་ཆེན་ཚོམ་བུ་རྩེ་གསུམ་རིས། མཐར་མཆོད་རོལ་རིང་བའི་འོག་འདུས་པ་སྤྱི་ལ་རྟགས་གདབ་གྲུབ་པར་བྱ། སློབ་དཔོན་ཆོས་གོས་དང་ཞྭ་འཕྲག་འགེལ་གྱིས་དཀྱིལ་འཁོར་མདུན་དུ་བཞེངས་ལ་བརྡ་སྒོ་དབྱེ་སྐབས། དབྱེ་སྔགས་ལན་བཞི་ལ་དཀྱིལ་འཁོར་ལ་བསྐོར་ཞིང༌། ཕྱོགས་བཞིར་ལག་གཉིས་ཁུ་ཚུར་དཔུང་མགོར་བསྣོལ་བ་དབྱེ་བའི་ཕྱག་རྒྱ་རེ་བྱ། སླར་སློབ་དཔོན་དཀྱིལ་འཁོར་མདུན་དུ་བཞེངས་ཏེ་ཐལ་སྦྱར་གྱིས་བརྡའ་ཕྱག །ཨ་ཏི་པུ་ཧོཿལན་བཞིར་གཡས་བསྐོར་གྱིས་ཐལ་སྦྱར་རེ་དང༌། པྲ་ཏིཙྪ་ཧོཿའི་སྐབས་འགྲེང་ཞིང་འདུད་རྒྱ་བཅས། ལྷ་རྣམས་ཀྱི་ཕྱག་ལེན་གནང་བར་མོས། མཆེད་གསར་ལོགས་སུ་ཕྱེས། རྙིང་པ་རྣམས་ནས་བདུད་རྩི་བྱིན་རླབས། བསྡུ་ན། ཡི་གེ་གསུམ་གྱིས་བསང་སྦྱང༌། དགུ་པའི་ཛབ¿་དབྱངས་ལན་གསུམ་གྱིས་བརླབ། མཆོད་པའི་ཟུར་འདེབས་བཞིན་བརྒྱུད་མཆོད་ཁཱ་ཧི་བཅས་བྱ། དངོས་གྲུབ་བླང་བ་མི་དགོས། བསྡུ་ན་བཀའ་བསྒོ་བཞག །ཁྲོ་བོའི་སྤྱི་དྲིལ། ཧཱུྃ་བཞི། དྲག་འབེབ། རྐང་རག །ཨོཾ་བཛྲ་རཀྵ་ཧཾ་གསུམ་གྱིས་སྲུང་འཁོར་བསྒོམ། རྒྱལ་ཚབ་བམ། རྡོ་རྗེ་རྒྱལ་ཐེབས་ཀྱིས་བདུད་རྩི་འགྲིམ། ཆུ་འདིས་འགྲུབ། མཐར། འོག་གི་ཞེས་མྱོང་བ་སོགས། གྱུར་པར་བསམ་ལ་རྡོ་རྗེའི་གཡར་དམ་བཟུང་བ་འདིའི་རྗེས་ཟློས། ཨི་དནྟེ་སོགས། སློབ་དཔོན་ལ་བདུད་རྩི་དྲངས་མི་དགོས། གཞན་གསར་རྙིང་ཐམས་ཅད་ལ་གཡོན་བསྐོར་གྱིས་དྲངས། མཐར་དམ་ཚིག་གཏོང་ཐུན་རྒྱལ་ཚབ་བམ། རྡོ་རྗེ་རྒྱལ་ཐེབས་ཀྱིས་བཤད། བརྒྱ་བརྡུང་རོལ་འོག །ལས་རྡོར་གྱིས་སྤོས་དང་གཡབ་དར་སྣ་ལྔ། སློབ་དཔོན་གྱིས་གཡབ་དྲིལ། ཡུམ་གྱིས་རྡོར་དྲིལ་ཕྲེང་བ། རྒྱལ་ཚབ་གཡབ་དར་སྣ་ལྔ་དང༌། རྒྱལ་ཐེབས་བཞིའི་གཡབ་དྲིལ་བཅས་དཀྱིལ་འཁོར་བསྐོར་ཞིང༌། ཞྭ་ཆོས་བཅས་དཀྱིལ་འཁོར་མདུན་དུ་ཕྲེང་ཚར་གྱིས་དཀྱིལ་འཁོར་ལ་ཕྱོགས་པར་བཞེངས། འདུས་པ་ཐམས་ཅད་ཞྭ་བཅས་རང་གྲལ་ནས་བཞེངས་ཏེ། ལྷ་སྐོས་སུ་གདབས། སྔགས་ཞི་ཁྲོའི་སྤྱི་དྲིལ། མཐར་འབེབས་སུམ་བརྡུང་གིས་བྱིན་འབེབས། དུས་གསུམ་བདེ་གཤེགས། མཐར་འབེབས་སུམ་བརྡུང་གིས་སྨན་སྒྲུབ་ལྟར་ཀུན་བཟང་རྡོར་སེམས་སོགས་ཀྱི་མཐར། བརྒྱུད་གསུམ་རོལ་མོ་ལ་དཀྱིལ་འཁོར་ལན་གསུམ་བསྐོར་ཞིང༌། ཕྱོགས་བཞི་སོ་སོར་གཡབ་དར་ལན་རེ་བྱ། འདི་ནུབ་སྒྲུབ་པའི་ཐུན་གྱི་དབུ་མི་འཛུག་ན། སྒྲུབ་ཁོག་ཏུ་གསལ་བ་བཞིན་དང༌། ཐུན་གྱི་དབུ་འཛུག་ཏེ་ཉིན་དང་པོའི་གོ་ཆོད་བྱེད་སྐབས། བསྡུ་ན་ཕྲིན་ལས་ནར་མའི་སྐྱབས་སེམས་ཚོགས་བསགས་ལན་གསུམ་རྗེས། མཆོད་རླབས་ནས། བྱིན་འབེབས་དང་སྤྱན་འདྲེན་སྐབས། ལས་རྡོར་གྱིས་ཞྭ་བཅས་སྤོས་དང་གཡབ་དར་གྱིས་དཀྱིལ་འཁོར་ལ་ལན་རེ་བསྐོར་བ་མཐོང་རྒྱུད་བཞིན་བྱ་ཞིང༌། མཆོད་ཕྲེང་ཟུར་འདེབས་མ་སྦྱར་བའི་མཆོད་པ་གཞུང་བཞིན་བསྟོད་པའི་མཐའ་བར་བཏང༌། ཟུར་འདེབས་རིན་ཆེན་ཕྲ་ཚོམ་ལྟར་ཛབ¿་ཁང་ཕྱེ་བ་ནས། ཁྲོ་བོའི་སྤྱི་དྲིལ་བཟླས་པ་གྲུབ་པ་དང༌། ཞི་ཁྲོའི་སྤྱི་དྲིལ་སྦྲེལ་མ་གདངས་བཅས་ལན་བདུན་གྱེར་སྐབས། ཐུན་དཔོན་གྱིས་མེ་ཏོག་ཕུལ་ཞིང་པད་བསྐོར་བཅས་རྒྱལ་ཚབ་བམ། རྡོ་རྗེ་རྒྱལ་ཐེབས་ལ་ཐུན་ཐག་ཞུ། འདི་ནས་བཟུང་ཛབ¿་རྒྱུན་མ་ཆད་པ་དང༌། ཐུན་ཐག་སྟོང་པར་མ་བོར་བ་དགོས། འདི་མཚམས་ཛབ¿་མཆོད། རཀྟའི་མཆོད་བསྟོད། ཡིག་བརྒྱའི་རྗེས། བཀའ་སྲུངས་བསྐང་བཤགས། ཚོགས་སྐོང༌། ལྷག་མའི་སྐབས། ལྷག་མ་བཙོན་འཛིན་དཀྱིལ་འཁོར་གྱི་ལྷོ་ནུབ་ཏུ་བྱ་ཞིང༌། བསྐུལ་ཆད་བརྟན་བཀྲ་ཤིས་མཐའ་བར་ཟུར་འདེབས་བཞིན་བཏང༌། གྲུབ་ན་ཉུ་ལེ་བསྐྲད་པ། བྱིན་འབེབས་ཛབ¿་དབྱངས་བཅས་ཚོགས་གཞུང་ནས་བྱ་བའམ། མི་ལྕོགས་ན་རྡོ་རྗེ་འཚམས་པས་བྱ། རྟ་བྲོའི་སྐབས་རྡོ་རྗེ་མཚམས་པས་བགེགས་བསྐྲད། མཚན་ཐུན་གསུམ་འོག་ནས་འབྱུང་བ་ལྟར་བྱ། ༈ །ཉིན་གཉིས་པར། ཚིག་བདུན། སྐུ་གསུམ་གསོལ་འདེབས། བརྒྱུད་འདེབས་འབྲིང་པོའི་མཐར་བརྒྱ་བརྡུང༌། བདག་བསྐྱེད་གསལ་ཞིང་བསང་ཆུ་བསྒྲུབ་པ་ནས་ཟུར་འདེབས་བཞིན་མཐར་ཆགས་སུ་བཏང༌། བཀའ་བསྒོའི་སྐབས་རྡོ་རྗེ་འཚམས་པས་ཐུན་བྲབ་པ་ཀུན་ལ་འགྲེས་སུ་ཤེས་དགོས། ཛབ¿་སོ་སོའི་སྐབས་ཛབ྄་མཆོད་རྒྱས་པའི་ལུགས་བཞིན་ཏུ་སྦྱར་ལ། ཁྲོ་བོ་སྤྱི་དྲིལ་གྱི་སྟོང་ཚིགས་རྗེས། བུམ་བཟླས་སྒྲུབ་ཁོག་གི་བུམ་པ་སྟ་གོན་སྐབས་སུ་འབྱུང་བ་ཉིད་ཀྱིས་གཙོ་བུམ་དང་ལས་ཀྱི་བུམ་པ་གཉིས་སྒྲུབ། དེ་མཚམས་ཚེ་སྒྲུབ་མཐར། ཡིག་བརྒྱ་ལན་གསུམ་གྱིས་སྔགས་ཀྱི་ནུས་པ་བརྟན་པའི་བར་ཟུར་འདེབས་བཞིན་བཏང་བས་ཉིན་ཐུན་དང་པོ་འགྲུབ། རྡོ་རྗེ་འཚམས་པའམ་རྒྱལ་ཐེབས་རེས་མོས་ཀྱིས། ཉུ་ལེ་བསྐྲད་ཅིང་བྱིན་འབེབས། ཛབ¿་དབྱངས་བཅས་བྱ། སླར་ཕྲིན་ལས་ནར་མའི་མཆོད་པ་བྱིན་རླབས་ནས་བརྩམ། མཆོད་ཕྲེང་ཟུར་འདེབས་མི་སྦྱར་བ་ཙམ་ལས་བཟླས་པ་ལ་ཐུག་གི་བར་སྔར་བཞིན་བཏང༌། འགྲུབ་ན་ཞི་བ་དང༌། དཔལ་ཉེར་གཅིག །ཁྲོ་བོའི་སྤྱི་དྲིལ་བཅས་བཟླ་བ་དང༌། སྟོང་ཚིག་འབྲིང་པོའི་ལུགས་ལྟར་དགོས་ཤིང༌། མི་ནུས་ན་ཞི་ཁྲོའི་སྤྱི་དྲིལ་སོ་སོར་ཅི་ནུས་རེ་བསྙེན། བུམ་པ་དང་ཚེ་སྒྲུབ་དོར་བའི་ཛབ¿་མཆོད། རཀྟའི་མཆོད་བསྟོད། ཡིག་བརྒྱ་བཅས་དང༌། གོང་ལྟར་ཉུ་ལེ་བསྐྲད་པ་སོགས་ཀྱིས་ཉིན་ཐུན་གཉིས་པ་གྲུབ། སླར་ཕྲིན་ལས་ནར་མའི་མཆོད་པ་བྱིན་བརླབ་ནས། ཡིག་བརྒྱའི་མཐའ་བར་ཐུན་གཉིས་པ་བཞིན་བསྐྱར་རྗེས། བཀའ་སྲུང་གཏོར་ཆོག་ནས་བཟུང་བཀྲ་ཤིས་ཀྱི་བར་ཟུར་འདེབས་བཞིན་ནར་འདེད་ཀྱིས་བཏང་མཐར། ཚོགས་གཞུང་ནས་སྒྲུབ་ཁོག་ལྟར་ཉུལ་ལེ་བསྐྲད་ཅིང༌། ཐམས་ཅད་བཞེངས་ལ་ཞྭ་བཅས་བྱིན་འབེབས་ཛབ¿་དབྱངས་བཅས་གྲུབ་ནས་ཚོགས་གྲོལ། མཚན་ཐུན་འདོན་ལུགས། ཐུན་སོ་སོའི་དབུར། ཕྲིན་ལས་ནར་མའི་སྐྱབས་སེམས་ཚོགས་བསགས་རྗེས་སྲུང་འཁོར། མཆོད་པ་བྱིན་རླབས་ནས་ཡིག་བརྒྱའི་མཐའ་བར་ཉིན་ཐུན་གསུམ་པ་བཞིན་དང༌། དེ་ནས་ཉུལ་ལེ་བསྐྲད་ཅིང༌། བྱིན་འབེབས་ཛབ¿་དབྱངས་བཅས་སོ་སོར་བྱ་ཞིང༌། ཐོར་ཐུན་མཐར་ཡིག་བརྒྱའི་རྗེས། ཟུར་སྐོང་མི་སྦྱར་བའི་ཚོགས་རྐྱང་པ་ལྷག་མའི་མཐའ་བར་བཏང༌། རྗེས་ཆོག་མཆོད་བསྟོད། ནོངས་བཤགས། བརྟན་བཞུགས་རྣམས་ཟུར་འདེབས་ལྟར་དང༌། བསྡུ་ལྡང་བསྔོ་བ་བཀྲ་ཤིས་བཅས་རྒྱུན་ཁྱེར་མཇུག་གི་མདོར་བསྡུས་བཏང་རྗེས། ཉུལ་ལེ་བསྐྲད་ཅིང་བྱིན་འབེབས་ཛབ¿་དབྱངས་བཅས་བྱ་དགོས། དེ་ལྟ་བུའི་སྒྲུབ་པ་ཉིན་གསུམ་སོགས་བཏང་བའི་ཉིན་ཐ་མར། ཉིན་ཐུན་དང་པོ་རཀྟའི་མཆོད་བསྟོད་ཡིག་བརྒྱའི་རྗེས། རྒྱུན་གྱི་དངོས་གྲུབ་བླང་བ་ཟུར་འདེབས་ལྟར་གྱེར་ཞིང༌། འདུས་པ་རྣམས་ལ་བདུད་རྩི་དྲངས། དེ་མཚམས་ཉུལ་ལེ་བསྐྲད་པ་སོགས་རྒྱུན་ལྟར་བྱ། ཐུན་གཉིས་པར། སྨན་ཁྲོལ་སྒྲུབ། ཧཱུྃ༔ བདག་ཉིད་རྩ་བའི་སོགས་མཐར་ཆགས་སུ་བཏང༌། ཐུན་སྔགས་བརྗེ་སྐབས། ད་ལམ་བཟློག་སྒྲུབ་དང་སྦྲེལ་དགོས་གཤིས། ཞི་ཁྲོའི་སྤྱི་དྲིལ་དང༌། ཁྲོལ་སྒྲུབ་སོགས་འོག་མ་འབྲུ་བཅུ་གསུམ་པ་སྦྱར་བའི་ཐུན་གདངས་ཀྱི་སྐབས། ཐུན་བརྗེ་ཞིང༌། སྔགས་གསུམ་སྦྲེལ་དབུ་བཙུགས་པ་སོགས་མཐོང་རྒྱུན་ལྟར་དགོས་པ་ཁྱད་པར་ཙམ་ལས། སྨན་སྒྲུབ་གཞུང་གསལ་བཞིན་ཉིན་ཐུན་ཕྱི་མ་རྣམས་མཐར་དབྱུང༌། མཚན་ཐུན་སྔ་མ་བཞིན། བཟླས་པའི་རྗེས་སྟོང་ཚིག་མཐར་སྨན་སྒྲུབ་སྦྲེལ་ཞིང༌། བཟླས་པའི་འབྲུ་གསུམ་པའི་སྐབས། སྔག་གསུམ་སྦྲེལ་གྱི་ཐུན་བཟུང་ཞིང༌། སྨན་སྒྲུབ་ཐུན་སྔ་མ་རྣམས་ལྟར་ལ། ཐོར་ཐུན་རྗེས་ཚོགས་མཆོད་སྦྱར་བ་སོགས་སྔ་མ་བཞིན་དགོས་ཤིང༌། བྱིན་འབེབས་རྗེས་སྨན་གྱི་བྱིན་འབེབས་རེ་སྦྱར་བ་ཁྱད་པར་རོ། དེ་ལྟ་བུའི་ཁྲོལ་སྒྲུབ་ཉིན་གྲངས་བཅད་ཅིང༌། སང་བཏགས་བཙག་གི་དོ་ནུབ་སྨན་སྤོལ་ཆས་ཆང་གཙང་མ་བཤམས་ལ། བགེགས་བསྐྲད་ཅིང་བྱིན་རླབས་ཀྱི་དམིགས་པ་དང༌། ཁྱད་པར་ཕྱིར་ནང་ལས་བྱང་གི་བདུད་རྩི་བྱིན་རླབས་སྐབས་དམིགས་པས་ཁྱབ་པར་བྱ་དགོས། ཐེམས་པའི་ཉིན་དང་པོ་སྨན་གྱི་བྱིན་འབེབས་མཐའ་བར་སྔར་ཉིན་མོ་ལྟར་བཏང་རྗེས། སྨན་བཏགས་པ་བཙགས་ཀྱི་ཐོག་མར། སྨན་སྒྲུབ་གཞུང་གསལ་སྨན་མཆོད་སྔོན་སོང་སྨན་གྱི་དངོས་གྲུབ་བླང་བ་གྲུབ་ཀྱི་བར་བཏང༌། བར་འདིར་རྡོ་རྗེ་རྒྱལ་ཐེབས་ཀྱིས་གཏོང་ཐུན་སྔོན་སོང་དབྱངས་བོར་ལེན་བཅས་རྟགས་གདབས་ངེས་པར་བྱ་དགོས། གཞན་གཞུང་གསལ་བཞིན་ཕོ་བྲང་དཀྱིལ་འཁོར་དུ་བཞུགས་ཟིན་པའི་ནར་འདེད་ཀྱིས་བཏང་ལ། ཕྱག་ལེན་རྣམས་མཐོང་རྒྱུན་བཞིན་ཞིབ་ཚག་ལྡན་པ་གལ་ཆེ། ལོང་ཁྱབ་མེད་པ་སོགས་ཀྱིས་ཕྱི་སྒྲུབ་ཉིན་གྲངས་མང་པོ་མི་ལྕོགས་ན། འདི་ནུབ་ཀྱི་ཐུན་ལ་ཕྱི་སྒྲུབ་ཀྱི་དབུ་འཛུག་དགོས་པས། ཧཱུྃ༔ སྙིང་པོ་རང་བྱུང་སོགས་ཀྱི་དམ་ཚིག་གསལ་གདབ་ནས། འོད་ཞུའི་བར་བཏང་ལ། བདུད་རྩི་དགུག་པའི་ཛབ¿་ཐུན་གདངས་སྐབས། ཞི་ཁྲོའི་སྤྱི་དྲིལ་དང་སྦྲེལ་དགོས་པ་ནི་འདི་ཕྱིན་ཐམས་ཅད་ལ་མཚུངས་པར་སྦྱོར་དགོས་པ་ཁྱད་པར་བ་དང༌། གོང་འཕྲོས་སླར་ཡང་ཐུན་ལན་གཅིག་བསྐྱར་གྲུབ་ན་ལེགས་ཤིང༌། ནུས་མིན་སྐབས་དང་བསྟུན། གང་ལྟར་ཡང་བཀའ་སྲུང་ཕྱིན་སྔར་ལྟར་མཐར་དབྱུང༌། མཚན་ཐུན་གསུམ་པོའང་སྔ་མ་ལྟར་ལ་ཁྲོལ་སྒྲུབ་དོར་ལ་ཕྱི་སྒྲུབ་ལ་འཇུག་པ་སོགས་ཀྱི་ཁྱད་པར་ཞིབ་མོ་མཐོང་རྒྱུན་ལྟར་གནང་དགོས། དེ་ལྟ་བུའི་སྒྲུབ་ཞག་གིས་བདུད་རྩི་གནད་དབབ། བདུད་རྩི་བསྐྱིལ་བ། འབེབས་པ་སོ་སོར་ཐུན་དྲུག་རེ་འགྲོ་དགོས་ཀྱང༌། ལོང་ཁྱབ་ཀྱིས་མ་ལྕོགས་ན། ཕྱི་སྒྲུབ་ཉིན་གཉིས་པའི་ཉིན་མཚན་ཐུན་དྲུག་སོ་སོར་གཤམ་གསལ་ལེ་ཚན་རྣམས་རིམ་པར་སྦྱར་དགོས་ཀྱང༌། ད་ལམ་འཇུག་བདེའི་སླད་ཉིན་ཐུན་དང་པོའི་མཇུག་གནད་དབབ་འོད་ཞུ་བཅས་དང༌། ཐུན་གཉིས་པར་གནད་དབབ་བཟླས་པའི་རྗེས། བདུད་རྩི་བསྐྱིལ་བ་འོད་ཞུ་བཅས་བཏང༌། ད་ལམ་དགོས་སྒྲུབ་དགོས་སྟབས། དངོས་གྲུབ་ཀྱི་རྫས་རྣམས་འདིར་བཤམས་མི་དགོས། སྨན་གྱི་ཕོ་བྲང་བཞུགས་ཡུལ་སྟེགས་ཀྱི་ཁར་ཐོད་ཆང་ཁེབས་ལྡན་བཀོད་པས་འཐུས། ཐུན་གསུམ་པར་བསྐྱིལ་སྔགས་རྗེས། དབབ་པ་གསང་སྒོ་དབྱེ་ཞིང་བདུད་རྩི་དབབ་པའི་བཟླས་པ་སྟོང་ཚིག་བཅས་སྦྱར་རོ། འོད་ཞུ་མི་བྱེད་པར་སྔོན་ཚེ་ཁྲག་འཐུང་སོགས་བཟླས་པའི་མཐར་སྟོང་ཚིག །འོད་ཞུའི་རྗེས་སྲུང་མའི་གཏོར་ཆོག་སོགས་སྔར་ལྟར་བྱ། མཚན་ཐུན་གསུམ་ལ། འཇུ་འདུལ་ལམ་ཕྱི་སྒྲུབ་སྐབས་ལྟར་ལས་གནད་དབབ་ཕྱིན་མ་སྦྱར་ནའང་ཆོག་རྒྱུ་བགྱིད་པ་ལས་འོས་མེད་སྙམ་མོ། ཕྱིར་ནང་སྔ་བར་ཚོགས་ནས། ཕྲིན་ལས་བཟླས་པའི་རྗེས་སྨན་སྒྲུབ་ཉིན་སྔ་མའི་ཐུན་གསུམ་པའི་སྐབས་ལྟར་བཏང་བའི་བཟླས་པ་མཉྫུ་ཤྲཱི་ཅན་མཐར་སྟོང་ཚིག་འབུལ། འོད་ཞུ་མི་བྱེད། བསྙེན་རྒྱུན་པས་སྤྱི་དྲིལ་གཉིས། དངོས་གྲུབ་སྤྱིར་གསོལ་་་་་བའི་རང་བྱུང་བདུད་རྩིའི་ཕོ་བྲང་མཇུག་གི་སྔགས། མཆན། ཛབ¿་བཏགས་པ་བཟླ་དགོས། རྒྱུན་དུ་སྐབས་འདིར་སྒྲུབ་ཁོག་དངོས་གྲུབ་ལེན་ཆོག་གི་དབུར་འཇུག་པ་ཡིན་ཀྱང༌། ད་ལམ་སྒྲུབ་བཟློག་དང་སྦྲེལ་བའི་སྨན་གྱི་དངོས་གྲུབ་ལེན་པ་རྐྱང་པ་བྱ་དགོས་པས་སྨན་སྒྲུབ་ནང་གསལ་བགེགས་བསྐྲད་ནས། དོན་བཤགས་རྗེས། ཧཱུྃ་བྷྱོ༔ ཆོས་སྐུ་སྤྲོས་བྲལ་སོགས། པུཎྱེ་ཏིཥྛཱ་ཨོཾ་གྱིས་མངའ་གསོལ་བའི་བར་མཐར་ཆགས་སུ་བཏང༌། དེ་ནས་སྔགས་རྒྱུན་པ་རྣམས་ཀྱིས་དངོས་གྲུབ་གསོལ། སྔགས་བཞག་སྟེ། ཞི་ཁྲོ་སྤྱི་དྲིལ་རྐྱང་པས་ཐུན་བཟུང༌། རིན་ཆེན་རྒྱལ་ཐེབས་དཔོན་གཡོག་གིས་རྒྱས་པའི་སྦྱིན་སྲེག་བྱ། ཡར་འཚོགས། དམར་ཆེན་གཏོར་མའི་ལས་རིམ་ལྟར་ཁྲོ་བོའི་སྤྱི་དྲིལ་ལན་གཅིག་བརྗོད་པ་སོགས་བཟློག་དཀྱིལ་གསལ་འདེབས་ནས། མཆོད་པར་ཟུར་འདེབས་མ་སྦྱར་བའི་བསྟོད་པའི་མཐར་བཟླས་དམིགས་གསལ་བཏབ་ནས། ཞི་བ་དང་ཁྲོ་བོའི་སྤྱི་དྲིལ་དྲག་པོའི་ཤམ་བཅས་སྦྲེལ་ཐུན་གདངས་ཀྱིས་ཛབ¿་རྒྱུན་བཟུང༌། གཞུང་ཚོགས་པ་རྣམས་ནས་ཁྲོ་བོའི་སྤྱི་དྲིལ་ཤམ་ཅན་གྱི་བཟླས་པ་བརྒྱ་ཡན་གང་འགྲུབ། སྲུང་མའི་གཏོར་ཆོག་ནས། བཟློག་པ་གྲུབ་ཀྱི་བར་དང༌། རྒྱུན་གྱི་རྗེས་རིམ་ལྟར་ནར་འདེད་བཏང་ནས། བཀྲ་ཤིས་གྲུབ་རྗེས་ཉུལ་ལེ་བསྐྲད་ཅིང༌། རྒྱུན་གྱི་བྱིན་འབེབས་རྐྱང་པ་དང༌། ཞི་ཁྲོ་སྤྱི་དྲིལ་ཤམ་ཅན་གྱི་ཛབ¿་དབྱངས་བྱ། ཕྱིར་ཉིན། ཉིན་དང་པོ་གཉིས་པ་སྒྲུབ་པའི་སྐབས་ལྟར། གསུམ་པར་གོང་དུ་བརྗོད་པ་ལྟར་གྱིས་གྲུབ། འཕང་བའི་ཐུན་དང་པོ་སྔར་ལྟར་དང༌། ཐུན་གཉིས་པར་ཟློག་དཀྱིལ་གསལ་གདབ་ནས། བཟློག་པའི་མཐའ་བར་བཏང༌། དེ་མཚམས་སྲིན་མོ་ཟ་ལམ་གྱི་ཡོ་བྱད་རྣམས་དང༌། སྒོ་དྲུང་དུ་མནན་དོང་གྲབ་ཤོམས་དང༌། སེར་ཕྲེང་ཆས་སྟ་གོན་ཚར་བ་དང༌། ཟོར་སྒོ་དབྱེ་བ་ནས། དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད། མཐར་སློབ་དཔོན་གྱིས་ཁྲོ་བོའི་སྤྱི་དྲིལ་ཤམ་བུ་ཅན་བཟླ་ཞིང་གཏོར་མ་རྣམས་ཕྱིར་དཔག །ཕྱི་རོལ་བླ་གཡེལ་ལྟ་བུའི་ཟོར་ཚུག་སྟེང་སླེབ་པ་དང༌། གཏོར་ཆེན་སྟེགས་ལ་བཀོད་དེ། སྲིན་མོ་ཟ་ལམ། བྷྱོཿ བཟློག་བྱེད་མ་གཅིག་སོགས་ཀྱིས་བཏང་བ་ནས། ཕུར་བསྒྱུར་མཐར་སྔར་བཞིན་དྲག་སྔགས་བཟླ་ཞིང་བྱོན་ལ། འཕང་བའི་སར་སླེབ་པ་དང༌། གདབ་ཁའི་དབུར་འབྱུང་བའི་བྱིན་རླབས་སྔོན་འགྲོས། གསེར་སྐྱེམས་བཟུུ་དཔང་དང༌། དམིགས་བྱ་བསྐྱེད་པ། འགུགས་གཞུག་ལན་གསུམ་བཅས་བཏང་རྗེས། ཧཱུྃ་བྷྱོཿ ང་ནི་དཔལ་ཆེན་སོགས་ནས་རྟ་བྲོ་གྲུབ་ཀྱི་བར་བཏང་མཐར། ནང་དུ་སླེབས་པ་དང༌། དཀྱིལ་འཁོར་མདུན་ལྕོགས་སྟེགས་རས་དཀར་བཀབ་པའི་ཁར། སྒྲུབ་ཁོག་ལྟར་དངོས་གྲུབ་ཀྱི་རྫས་རྣམས་བཤམ་དགོས། སླར་ཚེ་སྒྲུབ་བཟླས་པ། ཚེ་འགུགས་མཐའ་བར་ལན་གཅིག་བསྐྱར་བ་རྟེན་འབྲེལ་གྱི་གནད་དུ་བཤད། དེ་ནས་སྒྲུབ་ཁོག་ནང་གསལ་དངོས་གྲུབ་དབང་དུ་བྱེད་པའི་བཟླས་པ་སྦྱོར་དགོས་པས། སླར་རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་སོགས་དམིགས་པ་གསལ་བཏབ་ནས། ཞི་ཁྲོ་སྤྱི་དྲིལ་ཤམ་བུར་ཀཱ་ཡ་ཝཱ་ཀཱ་སོགས་བཏགས་པ་ཐོག་མར་ཐུན་གདངས་བཅས། བསྙེན་རྒྱུན་པ་རྣམས་ཀྱིས་དངོས་གྲུབ་ལེན་སྔགས་རྒྱུན། འདི་ཉིན་དངོས་གྲུབ་ལེན་ཆོག་མ་གྲུབ་བར་ནམ་མཁར་བཞུགས་པའི་ལྷ་རྣམས་ལ་རྗེས་ཆོག་བཞིན་མཆོད་བསྟོད་ཕུལ་ཏེ་རྟེན་དང་དབྱེར་མེད་དུ་བཞུགས་པར་དམིགས། ལྷག་ཆད་ཁ་སྐོང་ནས་བཀྲ་ཤིས་བར་གྲུབ་པ་དང༌། སྔར་བཞིན་ཉུལ་ལེ་བསྐྲད་ཅིང་བྱིན་འབཻབས་ཛབ¿་དབྱངས་བཅས་བྱ། མཚན་ཐུན་གསུམ་སྔར་བཞིན་ལ་གཞུང་བསྙེན་གྲུབ་པ་དང༌། གོང་གསལ་གྱི་དམིགས་པ་སྦྱར་ནས་དངོས་གྲུབ་ལེན་སྔགས་ཉིད་ལ་ཐུན་བཟུང་ངོ༌། །ཕྱིར་ནང་ཅུང་སྔ་བར་འཚོགས་ནས། གཞུང་འདོན་ཉིན་དང་པོ་ཆ་ཚང་ཚེ་སྒྲུབ་སྟོང་ཚིག་མཐར་སྔ་ནུབ་བཞིན་དངོས་གྲུབ་དབང་དུ་བྱེད་པའི་དམིགས་པ་སྦྱར་བ་བརྒྱ་རྩ་སོགས་བཟླས་ལ། སྟོང་ཚིག་བཏང༌། རཀྟའི་མཆོདཔ། ཡིག་བརྒྱའི་མཐའ་བར་བཏང༌། དེ་མཚམས་བཀའ་སྲུང་གཏོར་ཆོག །ཚོགས་ཀྱི་དངོས་གྲུབ་བླང་བའི་མཐའ་བར་བཏང༌། ཚོགས་བསྒྲལ་སྐབས་ཉུལ་ལེའི་ལིང་ག་མེར་བསྲེག་པའི་ཐལ་བ་ཆོས་སྐྱོང་གི་གཏོར་མར་བསྟབ། སྐབས་འདིར་ཟུར་འཚོགས་རྣམས་ཀྱང་ཆོ་ག་བསྡུས་གྲུབ་པ་དགོས། དེ་ནས་གཞུང་ཟུར་མཉམ་དུ་འཚོགས། ཕྲིན་ལས་ལྟར་བཀའ་བསྒོ་བགེགས་བསྐྲད། རྡོ་རྗེ་མཚམས་པས་བསྒྲུབ་རྫས་དང༌། མཆེད་ལྕམ་རྣམས་ལ་ཐུན་བྲབ། སྲུང་འཁོར་སྒོམ་གྲུབ་པ་དང༌། ལས་རྡོར་དང༌། རྒྱལ་ཚབ་བམ། སློབ་དཔོན་གྱིས་གཡབ་དྲིལ་བཅས་དཀྱིལ་འཁོར་མདུན་དུ་འགྲེང་ལ། བྱིན་འབེབས་དུས་གསུམ་བདེ་གཤེགས་གྱེར་མཐར་སྒྲུབ་རྫས་དང་མཆེད་ལྕམ་རྣམས་ལ་བྱིན་དབབ། ཡེ་ཤེས་སྐུ་མཆོག་དང་ཡིག་བརྒྱ་ཅུང་ཟད་བཟླས་པས་ཉེས་བྱས་བཤགས། དངོས་གྲུབ་བསྐུལ་བ། གཏེར་གཞུང་ཟབ་ཁྲིད་ལྟར། ཧཱུྃཿ ནམ་མཁའི་སྐུ་མངའ་སོགས་བཞི་དྲིལ་གྱིས། བླ་མེད་འབྲས་བུའི་དངོས་གྲུབ་སྩལ་དུ་གསོལ། བར་མཆོད་རོལ། སྒྲུབ་ཁོག་གི ཧཱུྃཿ ལྷ་དང་རིག་འཛིན་སོགས་ཚིག་བཞི་མཚམས་དང་སྔགས་ལ་དྲིལ་བསིལ། མཐར་མཆོད་རོལ། དེ་ལྟར་རྩེ་གཅིག་སོགས་ཀྱིས་དམིགས་པ་གསལ་ལ། ཞི་ཁྲོའི་སྤྱི་དྲིལ་ཤམ་དུ་ཀཱ་ཡ་སོགས་སྟོང་ཕྲག་བཟླས། དངོས་གྲུབ་རང་ལ་བསྡུས་རྗེས་མཆོད་རོལ་འོག །རྒྱལ་ཐབས་གཙོ་བོ་ཞྭ་ཆོས་བཅས་ཕེབས་ཏེ་སྒྲུབ་རྫས་རྣམས་སློབ་དཔོན་ལ་འབུལ་ཞིང༌། ཧྲཱིཿ ཡེ་ཤེས་ལུས་ཅན་མཐར་མཆོད་རོལ། གཏེར་གཞུང་ཁྲིད་ཡིག་གི་དངོས་གྲུབ་བླང་བ་སྔ་མའི་འཕྲོས། ཨོཾ་ཨཱཿཧཱུྃ༔ དཔལ་ཆེན་ཞི་ཁྲོ་སོགས་ཤྭ་ལོ་ཀ་དང༌། ཞི་ཁྲོའི་སྤྱི་དྲིལ་མཐར། ཀཱ་ཡ་སིདྡྷི་སོགས་བཟླ་བཞིན་མཆོད་རོལ་རིང་པོའི་འོག །རྡོ་རྗེ་རྒྱལ་པོས་རྣམ་བུམ། རྒྱལ་ཐེབས་རྣམས་ཀྱིས་ཐོད་སྐུ། སྐུ་ཙཀ་སོགས་སྐུ་གསུང་ཐུགས་རྟེན་རྣམས་ཀྱི་དབང་མཆེད་ལྕམ་རྣམས་ལ་བསྐུར། ལས་རྡོར་རྣམས་ཀྱིས་དངོས་གྲུབ་བྱིན་རླབས་ཀྱི་བཟའ་བཅའ་གཡས་བསྐོར་དང༌། བདུད་རྩི་གཡོན་བསྐོར་གྱིས་དྲངས་ཤིང་ལོངས་སྤྱད། སློབ་དཔོན་རྣམས་རང་གྲལ་དུ་བཞུགས་གྲུབ་ནས་མཆོད་རོལ་བཞག །དམིགས་པ་བརྗོད་ཅིང་དགོངས་པའི་གདེངས་བསྐྱེད། རྩ་བའི་བླ་མའི་ཞབས་བརྟན་དང་བསྟན་པ་རྒྱས་པའི་སྨོན་ལམ་གདབས། སླར་ཡང་སྐབས་འདིར་རྒྱས་པའི་སྦྱིན་བསྲེག་བསྐྱར། དབང་དགོས་མིན་སྐབས་དང་བསྟུན། ཚོགས་ལ་རོལ། ལྷག་གིང་བཅས་ལྷག་མ་བཙོན་འཛིན་ཐམས་ཅད་ཀྱང་འབུལ། སྒྲུབ་ཁང་གི་ཐལ་བ་རྣམས་ཕྱིར་བསྐྱེལ་བ་ཕྱག་བཞེས། ཕྲིན་ལས་ཀྱི་བསྐུལ་བ། བཀའ་སྲུང་གི་གཉེར་གཏད་བརྗོད་ཅིང་གཏོར་མ་འབུལ་བ་སོགས། གཏང་རག་གི་མཆོད་བསྟོད་སྐབས་ཕྲིན་ལས་ནར་མ་བཞིན་མཆོད་བརླབ་དང༌། ཟུར་གསལ་མཆོད་ཕྲེང་གིས་མཆོད། གཞུང་གི་བསྟོད་པ་ཚང་བས་བསྟོད་ཅིང༌། མཆོད་རོལ། དྲིལ་བསིལ། ཕྲིན་ལས་ཀྱི་བསྡུ་ལྡང་རྗེས། སྒྲུབ་ཁོག་གི་ངར་འཛིན་རྣམ་དག་སོགས་དོར་ལ། མི་འགྱུར་མི་ཤིགས་སོགས་གོ་བསྒོས་རྒྱས་གདབ། འདུས་སྤྱི་ཞྭ་ཆོས་སོགས་སེར་ཕྲེང་གིས་ཕྱིར་ཕེབས་ནས། རྒྱལ་ཐོ་རྣམས་བསྡུ། ཕུར་པ་བསྡུ་བའི་ཕྱིར་སློབ་དཔོན་ནམ་རྒྱལ་ཚབ་ཞྭ་ཆོས་བཅས་དཀྱིལ་འཁོར་ནུབ་ཏུ་འཁོད། གཞན་རྣམས་རང་གྲལ་དུ་བཞུགས། ཕྱག་གཉིས་སྐམ་པའི་རྒྱས་ཕུར་པ་ལྡོག་ཕྱོགས་ནས་བཏོན་ལ། ཕུར་རྩེ་འོ་མ་དང་དྲི་ཆུའི་ནང་དུ་བཅུག་སྟེ། བཀྲུས་པའི་ཐིག་པ་ཕུར་ཤུལ་དུ་བླུགས་པས། བགེགས་ཀྱི་གཙོ་བོ་རྣམས་རྨས་པ་སོས་ཏེ་བརྒྱལ་སངས་ནས་དགའ་བའི་མདངས་ཕྱུངས་ཤིང་རང་གནས་སུ་སོང་བར་བསམ། རས་བྲིས་བསྡུས་ནས་རང་གྲལ་དུ་བཞུགས། རྡོ་རྗེ་རྒྱལ་པོ་མ་གཏོགས་པས། མཆེད་རྒན་གྲལ་རྣམས་ལ་གཞོན་གྲལ་པ་རྣམས་བཞེངས་ནས་ཕྱག་གསུམ་བཅས་པུས་བཙུག་ཐལ་སྦྱར་གྱིས་མེ་ཏོག་བཟུང་སྟེ་ནོངས་བཤགས་ཚར་གཅིག་བརྗོད། ཡང་རྒན་གྲལ་རྣམས་ཀྱིས་གཞོན་གྲལ་ལ་སྔར་བཞིན་ནོངས་བཤགས་ཚར་གཅིག་བྱ། མཆེད་ཐམས་ཅད་བཞེངས་ནས་སློབ་དཔོན་ལ་ཕྱག་གསུམ་བྱས་ཏེ་ལུས་ལོངས་སྤྱོད་འབུལ་བའི་མཚོན་བྱེད་ལས་རྡོར་གྱིས་ཕྲེང་བ་རྣམས་བསྡུས་ལ། སློབ་དཔོན་མདུན་ལྕོགས་སྟེགས་སུ་བཀོད་ཅིང་ཐམས་ཅད་ཀྱིས་ཐལ་སྦྱར་ཏེ་མེ་ཏོག་དང་བཅས་པས་པུས་བཙུག་གིས། ཧོཿ རྡོ་རྗེ་སློབ་དཔོན་སོགས་བརྗོད་ཅིང་ཞབས་སྤྱི་བོར་བླངས་པའི་དོད་ཐམས་ཅད་ཀྱིས་སླར་ཕྱག་གསུམ་ནས་རང་གྲལ་དུ་འཁོད། ལས་རྡོར་གྱིས་ཕྲེང་བ་རྣམས་སླར་སོ་སོར་ཕྱིར་འབུལ་བྱ། སྨོན་ལམ་ནི། ཀྱེ་ཧོཿ མི་གནས་ཡེ་ཤེས་སོགས་དང༌། ཧོཿ ཕྱོགས་དུས་རྩ་བརྒྱུད་སོགས། དྲི་མེད་ཀུན་དགའི་ཟབ་གཏེར་ལས་བྱོན་པ་དང༌། གཞན་ཡང་སྨོན་ལམ་ཇི་ལྟར་རིག་པའི་མཐར། རྒྱལ་ཐེབས་གཙོ་བོས་ཞྭ་ཆོས་བཅས་གཞུང་གྲལ་གཤམ་ནས་གཏོང་ཐུན་སྔོན་འགྲོས་དབྱངས་བོར་ལེན་གྱིས་མར་མེའི་སྨོན་ལམ་སྐབས་མཆེད་རྣམས་དར་ཐག་གིས་སྦྲེལ། མར་མེ་ཐོགས། མཐར་མཆོད་རོལ་བྱ། བཟང་སྤྱོད་སྨོན་ལམ། ཕྱོགས་བཅུ་དུས་བཞི་སོགས་དང༌། གཞུང་གི་བསྔོ་བ། དགེ་བ་འདི་ཡིས་སོགས་རྒྱུན་ཁྱེར་མཇུག་ལྟར་དང༌། ཞྭ་བཅས། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ནི། ཕུན་སུམ་ཚོགས་པ་སོགས་སྤྱིའི་མཐར་མཆོད་རོལ། སླར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སོགས་ཀྱི་བཀྲ་ཤིས་རྒྱས་པར་བརྗོད་ཅིང༌། ཡི་དམ་ལ་རྒྱུན་ཁྱེར་མཇུག་གི །བདེ་གཤེགས་ཞི་བ་སོགས་བཀའ་འདུས་བཀྲ་ཤིས་ངེས་པར་སྦྱང་བས། བཀྲ་ཤིས་གྲལ་བསྐོར་སོགས་མཐའ་རྒྱས་སུ་བྱས་པས་ལེགས་པར་གྲུབ་བོ། ༈ །ལར་ཉིན་དགུ་མའི་སྐབས། ཉིན་དང་པོར་ས་ཆོག །སྟ་གོན། དངོས་གཞིའི་སྒྲུབ་པར་འཇུག་ཅིང༌། ཁྲོ་བོའི་སྤྱི་དྲིལ་བཟླས་རྗེས། ཞི་ཁྲོའི་སྤྱི་དྲིལ་སྦྲེལ་མའི་ཐུན་བཟུང༌། ཉིན་གཉིས་པར་སྒྲུབ་པ། ཉིན་གསུམ་པའི་ཐུན་དང་པོའི་བཟླས་པའི་རྗེས་རྒྱུན་གྱི་དངོས་གྲུབ་བླངས། སྔ་དྲོར་རྡོ་རྗེ་རྒྱལ་ཐེབས་སོགས་ཀྱིས་ཞི་བའི་སྦྱིན་སྲེག་བླུག་ཅིང༌། ཕྱི་སྒྲུབ་དྲོད་འབེབས་ཀྱི་མར་མེ་སྦར། སྨན་ཁྲོལ་སྒྲུབ་ཐུན་གཉིས། བསྙེན་རྒྱུན་ལ་ཞི་ཁྲོའི་སྤྱི་དྲིལ་གཉིས་དང༌། ཁྲོལ་སྒྲུབ་སྔགས་གསུམ་སྦྲེལ་བའི་ཐུན་བཟུང༌། ཉིན་བཞི་པའི་ཐུན་དང་པོའི་མཐར་ཁྲོལ་སྒྲུབ་གྲུབ། འདི་སྐབས་བསྙེན་རྒྱུན་པས་ཞི་ཁྲོའི་སྤྱི་དྲིལ་ཁོ་ན་ཐུན་བཟུང༌། དེ་ནས་སྨན་བཏག་བཙག་སྤོལ་སོགས་བྱས་ལ། ཕྱི་སྒྲུབ་ཚུགས་ཤིང་བསྙེན་རྒྱུན་པས་ཞི་ཁྲོའི་སྤྱི་དྲིལ་གཉིས་དང༌། ཕྱི་སྒྲུབ་འགུགས་སྔགས་གསུམ་སྦྲེལ་གྱི་ཐུན་བཟུང༌། ཉིན་ལྔ་པར་ཕྱི་སྒྲུབ་ཀྱི་འགུགས། དབབ། བསྐྱིལ་དབབ་རྣམས་སྦྱར། པདྨ་རྒྱལ་ཐེབས་སོགས་ཀྱིས་དབང་གི་མེ་མཆོད་བླུག །ཉིན་དྲུག་པའི་ཐུན་དང་པོའི་རྗེས། བསྙེན་རྒྱུན་པས་ཞི་ཁྲོ་སྤྱི་དྲིལ་དང༌། དངོས་གྲུབ་གསོལ་སྔགས་སྦྲེལ་བ་ཐུན་གཉིས། སྨན་གྱི་དངོས་གྲུབ་བླངས་ཤིང་སྨན་དབང་བསྐུར། བསྙེན་རྒྱུན་པས་ཞི་ཁྲོའི་སྤྱི་དྲིལ་གཉིས་ཁོ་ན་སྔགས་རྒྱུན་བཟུང་ཞིང༌། རིན་ཆེན་རྒྱལ་ཐེབས་སོགས་ཀྱིས་རྒྱས་པའི་མེ་མཆོད་བླུག །གཏོར་བཟློག་བྱ་ཞིང༌། བསྙེན་རྒྱུན་པས་ཞི་ཁྲོའི་སྤྱི་དྲིལ་དང༌། དྲག་པོའི་ཤམ་བུ་སྦྱར་བ་ཐུན་བཟུང༌། ཉིན་བདུན་པར་གཏོར་བཟློག །ཉིན་བརྒྱད་པར་བཟློག་པའི་ཟོར་འཕེན། དྲག་པོའི་ཕྲིན་ལས་ཀྱི་ངར་འདོགས་སུ་ཀརྨ་རྒྱལ་ཐེབས་སོགས་ཀྱིས་དྲག་པོའི་མེ་མཆོད་བྱ། ཚེ་སྒྲུབ་རྗེས་བསྙེན་རྒྱུན་བས་ཞི་ཁྲོའི་སྤྱི་དྲིལ་དང༌། དངོས་གྲུབ་སྔགས་སྦྲེལ་བའི་ཐུན་བཟུང༌། ཉིན་དགུ་པར་དངོས་གྲུབ་ལེན་ཅིང༌། མཐའ་རྒྱས་སུ་རིན་ཆེན་རྒྱལ་ཐེབས་སོགས་ཀྱི་རྒྱས་པའི་མེ་མཆོད་བླུགས། རྗེས་ཆོག །ཐོ་གྲོལ། མར་མེའི་སྨོན་ལམ་སོགས་མཐའ་རྒྱས་སུ་བྱ། ཉིན་རེ་བཞིན་རྒྱལ་ཐོ་གསོ་རྒྱུ་དང༌། རྡོ་རྗེ་མཚམས་པས་ཡང་སྟེང་ནས་བསང་དང༌། གསེར་སྐྱེམས་ཀྱིས་དངོས་གྲུབ་བསྐུལ་བ། བཀའ་བསྒོ་དང་རྟ་བྲོའི་སྐབས་རྡོ་རྗེ་འཚམས་པས་ཐུན་བྲབ་རྒྱུ་སོགས་བྱའོ། །ཞེས་པའང་དོན་གཉེར་ཅན་གྱི་འདོད་ངོ་མ་ཆོག་པར་སྔགས་བཙུན་མཁའ་ཁྱབ་རྡོ་རྗེར་འབོད་པས་བགྱིས་པ་དགེ། །།

Footnotes

Other Information