དཔལ་བཀའ་འདུས་ཀྱི་ཆ་ལག་རྣལ་འབྱོར་རྒྱུན་གྱི་ལས་སྦྱོར་ལས། རིམ་པ་དང་པོ་བར་ཆད་བཟློག་པ་དམར་ཆེན་གཏོར་མའི་ལས་རིམ་གྱི་ལག་ལེན་ངག་འདོན་ཁྲིགས་སུ་བསྡེབས་པ་རིན་ཆེན་རྩེ་མོ་བརྒྱ་པའི་རྡོ་རྗེ།

From Khyentse Lineage - A Tsadra Foundation Project
JKW-KABAB-05-CA-037
Wylie title dpal bka' 'dus kyi cha lag rnal 'byor rgyun gyi las sbyor las/ rim pa dang po bar chad bzlog pa dmar chen gtor ma'i las rim gyi lag len ngag 'don khrigs su bsdebs pa rin chen rtse mo brgya pa'i rdo rje/ JKW-KABAB-05-CA-037.pdf
Location mkhyen brtse'i bka' babs
Volume 5, Text 37, Pages 659-685 (Folios 1a to 14a4)
Author མཁའ་ཁྱབ་རྡོ་རྗེ་
Less details More details
Tertön ཨོ་རྒྱན་གླིང་པ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (o rgyan gling pa, 'jam dbyangs mkhyen brtse'i dbang po)
Citation Karmapa, 15th. dpal bka' 'dus kyi cha lag rnal 'byor rgyun gyi las sbyor las rim pa dang po bar chad bzlog pa dmar chen gtor ma'i las rim gyi lag len ngag 'don khrigs su bsdebs pa rin chen rtse mo brgya pa'i rdo rje. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 5: 659-685. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Torma-offering Rituals - gtor chog  ·  Liturgy - ngag 'don  ·  Activity Practices - las tshogs
Cycle དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ་ (dpal bka' 'dus chos kyi rgya mtsho)
Karchag page JKW-KABAB-Volume-05-CA-Karchag
Colophon

།ཅེས་པའང་གནའ་བོའི་དུས་གངས་ཅན་པའི་མིའི་བདག་པོ་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེ་པའི་རྣམ་རྒྱལ་གྲྭ་ཚང༌། བན་གཙང་ཐུབ་བསྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་རྡོར་སློབ་ཐུབ་བསྟན་རྒྱལ་མཚན་དབང་ཕྱུག་གི་གཙོས། དབུ་ཆོས་ལས་སྣེ་འདུས་གྲྭ་རྣམས་ནས་ཁྱད་པར་འཕགས་པའི་རྟེན་གྱི་ཕྲེང་བ་བཅས། བོད་ཡུལ་བསྟན་འགྲོའི་བདེ་སྐྱིད་ཀྱི་གཞི་མར་ཆོས་སྡེ་དེ་ཉིད་དུ་དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚོགས་སྒྲུབ། སྨན་སྒྲུབ། ལས་སྦྱོར་སོགས་གསར་དུ་ཕྱག་ལེན་བསྟར་རྒྱུའི་ཆ་རྐྱེན་དུ་ཆེད་ཀྱིས་བསྐུལ་མ་ནན་ཏན་མཛད་པའི་གཡར་ངོ་མ་ལྡོག་ཙམ་དུ། གཏེར་གཞུང་གི་དངོས་བསྟན་རྩ་བར་བཟུང༌། རིགས་མཐུན་གྱི་གཏེར་ཁ་གཞན་ནས་ཁ་བསྐང་ཞིང༌། རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་ཕྱག་བཞེས་ཀྱིས་ཟུར་བརྒྱན་ཏེ་འདུ་བགྱིད་པ་པོ་ནི། སངས་རྒྱས་ཀརྨ་པའི་མཚན་གྱི་བྱིན་རླབས་ཐོབ་པའི་སྔགས་བཙུན་རང་བྱུང་མཁའ་ཁྱབ་རྟག་པའི་རྡོ་རྗེས། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་གདན་ས་ཆེན་པོའི་ཡང་དབེན་གྱི་སྤོ་རུ་རབ་བྱུང་བཅོ་ལྔ་པའི་ནང་ཚན་དུས་ཀྱི་ཕོ་ཉ་ཞེས་པ། ས་རྟ་ནག་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་བྲིས་པའི་ཡི་གེ་པ་ནི་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།།

ces pa'ang gna' bo'i dus gangs can pa'i mi'i bdag po pho brang chen po sne'u gdong rtse pa'i rnam rgyal grwa tshang*/__ban gtsang thub bstan bshad sgrub 'phel rgyas gling gi rdor slob thub bstan rgyal mtshan dbang phyug gi gtsos/__dbu chos las sne 'dus grwa rnams nas khyad par 'phags pa'i rten gyi phreng ba bcas/__bod yul bstan 'gro'i bde skyid kyi gzhi mar chos sde de nyid du dpal bka' 'dus chos kyi rgya mtsho'i tshogs sgrub/__sman sgrub/__las sbyor sogs gsar du phyag len bstar rgyu'i cha rkyen du ched kyis bskul ma nan tan mdzad pa'i g.yar ngo ma ldog tsam du/__gter gzhung gi dngos bstan rtsa bar bzung*/__rigs mthun gyi gter kha gzhan nas kha bskang zhing*/__rdo rje 'dzin pa chen po rnams kyi phyag bzhes kyis zur brgyan te 'du bgyid pa po ni/__sangs rgyas karma pa'i mtshan gyi byin rlabs thob pa'i sngags btsun rang byung mkha' khyab rtag pa'i rdo rjes/__mkha' spyod thugs kyi 'khor lo gdan sa chen po'i yang dben gyi spo ru rab byung bco lnga pa'i nang tshan dus kyi pho nya zhes pa/__sa rta nag zla'i dmar phyogs kyi rgyal ba gsum par bris pa'i yi ge pa ni 'jam dpal tshul khrims kyis bgyis pa dge legs 'phel

[edit]
༄༅། །དཔལ་བཀའ་འདུས་ཀྱི་ཆ་ལག་རྣལ་འབྱོར་རྒྱུན་གྱི་ལས་སྦྱོར་ལས། རིམ་པ་དང་པོ་བར་ཆད་བཟློག་པ་དམར་ཆེན་གཏོར་མའི་ལས་རིམ་གྱི་ལག་ལེན་ངག་འདོན་ཁྲིགས་སུ་བསྡེབས་པ་རིན་ཆེན་རྩེ་མོ་བརྒྱ་པའི་རྡོ་རྗེ་ཞེས་བྱ་བ་བཞུགས་སོ།། ཤྲཱི་བཛྲ་ཀྲོ་དྷཱ་མཎྜལ་གུ་ར་ཝེ། །མ་རིག་བདུད་དགྲ་འདུལ་བའི་ཕྱིར། །རིག་པ་ཡེ་ཤེས་ཕྱག་རྒྱར་བཞེངས། །དཔལ་ཆེན་ཁྲག་འཐུང་བཀའ་འདུས་ལྷར། །བཏུད་ནས་གཏོར་མའི་ལས་རིམ་བཤད། །འདིར་མ་ཧཱ་གུ་རུའི་ཐུགས་བཅུད་བླ་ན་མེད་པ། ཞི་ཁྲོའི་དཀྱིལ་འཁོར་ཡོངས་རྫོག །དཔལ་བཀའ་འདུས་ཀྱི་རྣལ་འབྱོར་རྒྱུན་གྱི་ལས་སྦྱོར་ལས། ཕྱི་ནང་གསང་བའི་བར་ཆད་གཏོར་མས་བཟློག་པའི་ལས་རིམ་གྱི་ངག་འདོན་ཁྲིགས་སུ་བསྡེབས་པ་ལ། སྦྱོར་བ། སྔོན་འགྲོ། དངོས་གཞི། རྗེས་རིམ། ཕན་ཡོན་དང་ལྔ་ལས། དང་པོ་སྦྱོར་བ་ནི། དབང་ནོད་ཅིང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་ཕུག་ལོགས་སུ་དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་སྟེགས་རིམ་པ་དང་པོ་ལ། དབུས་སུ་པད་སྣོད་དུ་དཔལ་གཏོར་གཙོ་འཁོར་ཉེར་གཅིག །མཐེབས་ཀྱུ་དང་གདུགས་ཀྱིས་བརྒྱན་པ་དང༌། གཡས་སུ་དམ་ཅན་འདུས་པའི་མཆོད་གཏོར་དབུས་སུ་དམར་གཏོར་ཆེ་ཆུང་གཉིས་ལ། འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ། མཐེབ་ཀྱུ་གྲངས་མང༌། དར་གདུགས་ཀྱིས་བརྒྱན་པ་དང༌། ཆད་ཐོ། སྨན། གཡོན་དུ་བསྐང་བའི་གཏོར་མ་གཞུང་མཐུན། བརྟན་མ། རཀྟ། མདུན་དུ་ཞི་དྲག་གི་མཆོད་པ་མཇུག་སྤྲོད་ཀྱི་ཉེར་སྤྱོད་སྤྱི་ལྟར་བཤམས། དེའི་མདུན་དུ་ལས་དཀྱིལ་ཟངས་ལྕགས་ཀྱི་སྣོད་དུ་དུར་ཁྲོད་ཀྱིས་ས་འཐས་པར་གཏམས་ལ། ཁྲག་ཆང་གིས་ཆག་ཆག་གདབ་ཅིང་རྒྱ་དཔང་སྤྱོད་ཡུལ་དང་མཉམ་པར་རོ་སོལ་གྱིས་བྱུག་པའི་སྟེང༌། ཐིག་ཆེན་བརྒྱད་སྤྱི་ལྟར་བཏབ་པའི་ལྟེ་བར་ཆ་ཆེན་གཅིག་གིས་བསྐོར་བའི་ཤར་གྱི་ཚངས་ཐིག་དང༌། བསྐོར་ཐིག་དང་པོ་འཛོམས་ནས། ལྟེ་བ་ཆ་གསུམ་དུ་བསྒོས་པའི་ཆ་གཉིས་ཀྱིས་ཚད་དེས་གཡས་གཡོན་དུ་མཚན་མ་བཏབ་པས་ཆོས་འབྱུང་གི་ཐིག་འགྲུབ། དེའི་ཕྱིར་ཆ་བྲན་ཕྱེད་ཀྱི་མེ་རིའོ། །ཤར་གྱི་ཚངས་ཐིག་གི་མེ་རིའི་རྩེ་ནས་ཆ་ཆུང་དགུ་བསྐོར་བ་ཨེ་ཁྲོམ་གྱི་ས་དང༌། དེ་མཐར་མ་ཆུང་གཅིག་གིས་བསྐོར་བ་རྡོ་རྭ་དང༌། དེ་ཕྱིར་ཆ་ཆུང་གཉིས་ཀྱིས་བསྐོར་བ་མེ་རིའི་ས་གནས་ཡིན་ལ། ཨེ་ཁྲམ་དངོས་ནི། མུ་ཁྱུད་ཆ་ཉི་ཤུར་བགོས་པའི་ཤར་གྱི་ཚངས་ཐིག་ནས། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུྃ་གི་འབྲུ་རེ་མཚན་མ་རེར་བགྲང་པས། ཨོཾ་ནས་ཧཱུྃ་དུ་འཐེན་པའི་ཐིག་གདབ། སླར་ཧཱུྃ་གི་མལ་དུ་ཨོཾ་དྲངས་ཏེ་གོང་བཞིན་མཚན་མ་བཟུང་བའི་གཡས་བསྐོར་གྱིས་རིམ་པར་བཏབ་པས་ཨེ་ཁྲམ་ཉི་ཤུའོ། །སླར་ཡང་སོ་སོའི་ནང་ནས་ཆ་ཁྲན་གཅིག་གིས་གཞི་ཆས་སྔར་བཞིན་བཏབ་པས་མེ་རི་འབྱུང་ལ། ལྟེ་བའི་ཨེ་དང་བཅས་པས་ཨེ་ཁྲམ་ཉེར་གཅིག་འགྲུབ་ཅིང་དེ་ལ་ཚོན་ནི། གྲུ་གསུམ་མཐིང་ག །མུ་ཁྱུད་མེ་རིའི་ཕྲེང་བ། ཨེ་ཁྲམ་ལྗང་ནག །མེ་རི་དམར། ས་གཞི་སྨུག །རྡོ་རྭ་སྤྱི་མཐུན། མེ་རི་དམར་ནག་གཡོན་བསྐོར། དེ་རྒྱབ་མ་ཏྲཾ་མགོ་བོ་ལྷོ་ནུབ་ཏུ་བསྟན་པ་སྤྱི་ལྟར་བྲིས་པའི་སྟེང༌། བཟློག་པའི་གཏོར་མ་དྲག་པོའི་འཐུ་སྣའི་དར་ཕྱེ། དུག་ཁྲག་ཆང་གིས་སྤྲུས་པའི་ཟུར་གསུམ་ཐོག་མདེལ་གྱི་དབྱིབས། སྤྲོ་ན་ཁྲོ་ཞལ་དང་ལྡན་པ་དབུས་ཀྱི་ཨེ་དང༌། འཁོར་དེའི་ཕྱེད་དུ་སླེབ་པའི་དམར་གཏོར་ཉི་ཤུ་ཨེ་ཁྲམ་ཉི་ཤུར་བཀོད། བར་མཚམས་རྣམས་སུ་གཏོར་ཆུང་དང༌། ཁྲག་ཀོང༌། མཐེབས་ཀྱུ་བཅད་ཁ་ཕྱིར་བསྟན་བཅས་གྲངས་མེད་ཀྱིས་བསྐོར་བ། དྲག་རྒྱན། མེ་རི། དར་གདུགས། མཚེ་ཡུངས་རྩང་དང༌། ཤ་དུམ་རྣམས་ཀྱིས་བརྒྱན་ལ། མཐའ་བསྐོར་དུ། རྩང་ཕུར་དམར་ནག་རེ་བཞི་སྲིན་མོའི་འགྲོས་སུ་བཙུགས་པར། ནང་ཁྲོལ་དང༌། བ་སུ་ཏ། ཚོན་སྐུད་སྔོ་དམར་གྱིས་དཀྲིས་ཤིང༌། ཕྱོགས་བཞིར་ལས་བཞིའི་རྩང་ཕུར་དཀར་སེར་དམར་སྔོ་རྣམས་ཡར་མར་གྱི་རྩེ་མོ་ཟླུམ་པོ། གྲུ་བཞི། ཟླ་གམ། ཟུར་གསུམ། རྐེད་པ་རྒྱ་མདུད་ཅན་ཁྲུ་གང་བ་རེ་བཅས་རྔམས་བརྗིད་དང་ལྡན་པར་བཤམས། དགྲ་བགེགས་བསྒྲལ་ལིང༌། བསྲེག་ལིང༌། ཟོར་ལིང་སོགས་སོ་སོའི་ཤམ་ལྡན་སྤྱི་མཐུན་བྲིས་ཤིང༌། ལིང་ཁྲུས་དང༌། འགུག་གཞུག་གནད་སྨིན་བགྱིས་ནས་ལྕགས་ཧོམ་དུ་བཅུག །གོ་ཡུལ་འགྲིགས་ན་གཏོར་བཟློག་གི་འོག་དང༌། མི་འགྲིགས་ན་ལྷོ་ནུབ་ཏུ་བཞག །མཐའ་བསྐོར་དུ་ཡུངས་ཟོར། ཁྲམ་ཟོར། ཁྲག་ཟོར། རྡོ་ཟོར། ཐོད་ཟོད། མདའ་གཞུ། ཐབ་རྡོ་ལ་དུག་ཁྲག་གིས་བྷྱོ་ཟློག་བྲིས་པ། དུག་ཟོར་རྣམས་དང་ལྡན་པའི་ཀོང་ཟོར་གཏོར་ཆེན་གྱི་ཕྱོགས་མཚམས་རྣམས་སུ་བཀོད། མདུན་དུ་དུག་ཁྲག་གི་མཆོད་ཡོན་སོགས་དྲག་པོའི་ཉེར་སྤྱོད་དང༌། ལོགས་སུ་གསེར་སྐྱེམས། གཡབ་དར། ཕྱག་རྒྱ་བཞི། བྱ་འུག་དོང་རུ། ཡུངས་དཀར་ནག །བྱད་ཐག་སྔོ་དམར། སྨྱོ་ཁྲག །གདབ་ཕུར། བྲབ་རྫས་ཡུངས་དཀར་དང༌། བདུག་རྫས་གུ་གུལ། བྱུག་རྫས་རཀྟ། ཐུན་རྫས་ལ་རཀྟ་དང༌། ཡུངས་དཀར། མཚེ། དུག་སྣ། ཟངས་ལྕགས་ཕྱེ་མ། རྦབ་རྡོ་སོགས་ཕྱོགས་བསྡུས། སྒྲོལ་གྲི། ཐོ་བ། གཏུན་ཁུང་བཅས་གདབ་པའི་ཆས་རྣམས་དང༌། སྔོན་གཏོར། སྲུང་མའི་གཏོར་འབུལ། ཚོགས་ཀྱི་ཡོ་བྱད། བཟློག་བསྐུལ་སྐབས་སུ་འབུལ་རྒྱུའི་གཏོར་ཆུང་དང༌། ཤ་དུམ་གྲང་མང༌། ཆད་བརྟན་སོགས་ཉེར་མཁོའི་ཡོ་བྱད་རྣམས་འཚོགས་པར་བྱའོ། །གཉིས་པ་སྔོན་འགྲོ་ནི། ཚིག་བདུན་ནས་བཟུང༌། བདག་གི་རྣལ་འབྱོར་འདི་ཉིད་ཀྱི་ཕྲིན་ལས་བཟླས་པའི་མཐར་ཐུག་པའི་བར་བཏང་ངོ༌། །གསུམ་པ་དངོས་གཞིའི་ལས་རིམ་ལ་རྣམ་གྲངས་བཅུ་དགུ་ལས། དང་པོ་དྲག་པོའི་གཏོར་དཀྱིལ་གསལ་གདབ་པ་ནི། ཁྲོ་བོའི་སྤྱི་དྲིལ་ལན་གཅིག་བརྗོད་པའི་རྐྱེན་གྱིས། བདག་གི་ཐུགས་ཀ་ནས་ཧཱུྃ་ཡིག་མཐིང་ནག་དྲག་ལ་རྩུབ་པ་གདུག་པའི་དབལ་ཟེར་མི་བཟད་པར་འཕྲོ་བ། མདུན་གྱི་ནམ་མཁར་བཞུགས་པའི་འོད་ཟེར་གྱི་ལྕགས་ཀྱུའི་རྩེ་ལས། སྤྲུལ་པའི་ཕོ་ཉའི་དམག་ཚོགས་ཀྱིས་ལམ་རྒྱུད་ལྔའི་ཉོན་མོངས་པ་ཐམས་ཅད་འདུས་པའི་ངོ་བོ་མ་ཊྃ་གྱི་རྣམ་པར་བཀུག །མ་ཊྃ་རཱུ་དྲ་ཛཿ དྲག་པོའི་མཚོན་གྱིས་བསྒྲལ་བའི་ཡན་ལག་དང༌། ནང་ཁྲོལ་ཕྱོགས་རྣམས་སུ་ཁྱབ་པ་ལས། རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ། ཁོག་པ་དཔལ་ཆེན་ཁྲག་འཐུང་རོལ་པའི་ཕོ་བྲང་ཆེན་པོར་གྱུར། པྲ་བེ་ཤ་ཡ་ཕཊ༔ ཨ་བེ་ཤ་ཡ་ཨཱཿ ཞེས་བརྗོད་པས། ནམ་མཁའི་ཧཱུྃ་ཡིག་ཉིད་དྭངས་བའི་རྒྱ་མཚོ་ལ་གཟའ་སྐར་ཤར་བ་བཞིན་དུ་ཕོ་བྲང་སོ་སོའི་དབུས་སུ། ཧཱུྃ་ཡིག་གི་ཚོགས་གཙོ་འཁོར་ཡོངས་རྫོགས་ཀྱི་གྲངས་དང་མཉམ་པར་གྱུར་པ་བབ་པ་ལས། དཔལ་ཆེན་ཚོམ་བུ་ཉེར་གཅིག་གི་དཀྱིལ་འཁོར་གྱི་ལྷ་ཚོགས་གཙོ་འཁོར་བཀའ་སྡོད། ཡང་སྤྲུལ་ཕོ་ཉའི་ཚོགས་དང་བཅས་པ་དྲག་པོའི་གཟི་བྱིན་ཆེར་འབར་ཞིང༌། བསྟན་པ་འཇིག་པའི་དགྲ་བགེགས་བསྒྲལ་བ་ལ་གཅིག་ཏུ་དགྱེས་པའི་ཉམས་བརྒྱས་བརྗིད་པ། བཟོད་པར་དཀའ་བའི་གཟི་བྱིན་གྱི་འདུ་འཕྲོ་ཅན་དུ་གསལ་ཞིང༌། བདག་མདུན་ལྷ་ཚོགས་རྣམས་ཀྱི་གནས་གསུམ་རྡོ་རྗེ་གསུམ་གྱི་ཡི་གེས་མཚན་པ་དང༌། དྭངས་སྲོག་རྡོ་རྗེའི་ཡིག་འབྲུ་ལས་འོད་ཟེར་གྲངས་མེད་འཕྲོས་པས། སྐུ་གསུམ་གྱི་ཞིང་རབ་འབྱམས་ན་བཞུགས་པའི་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་ཐམས་ཅད་བསྒོམ་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོར་བཞེངས་ཏེ། དུས་མཐའི་དྲག་ཆར་གཡོ་བ་ལྟར་སྐད་ཅིག་གི་མདུན་གྱི་ནམ་མཁར་བྱོན་པར་གྱུར། ཅེས་གསལ་བཏབ་ལ། གཉིས་པ་དེ་དང་རྗེས་འབྲེལ་སྤྱན་འདྲེན་སོགས་བྱ་བ་ནི། ཕྲིན་ལས་ནར་མ་རིན་ཆེན་སྙིང་པོའི་སྤྱན་འདྲེན་ནས། བསྟོད་པའི་མཐའ་བར་བཏང་བས། དྲངས་བསྟིམ་བཞུགས་ཕྱག་མཆོད་བསྟོད་ཀྱི་ཆོ་གའི་ཡན་ལག་ཚང་བར་བསྒྲུབ་བོ། །གསུམ་པ་དྲག་པོའི་ཏིང་འཛིན་གྱི་འཁྲུལ་འཁོར་ནི། བདག་མདུན་དཀྱིལ་འཁོར་གཙོ་བོ་ཚོམ་བུ་ཉེར་གཅིག་གི་ཐུགས་ཀར་ཉི་གདན་ལ་ས་བོན་གྱིས་མཚན་པའི་མཐར་རྡོ་རྗེའི་སྔགས་ཀྱི་ཕྲེང་བས་བསྐོར་བ༔ རང་གི་ཐུགས་ཀ་ནས་འོད་ཟེར་དང་༔ ཞལ་ནས་དྲག་སྔགས་བཟླས་པའི་སྒྲས་བསྐུལ་བ་ལས༔ ཚ་ཞིང་རྩུབ་པའི་འོད་དང་༔ མཚོན་ཆའི་ཆར་གཟེངས་ཤིང་འབེབས་པས༔ རྩ་གསུམ་རྒྱལ་བ་རབ་འབྱམས་རྣམས་དྲག་པོའི་ཐུགས་དམ་བསྐུལ༔ སྣང་སྲིད་མ་མོ་མཁའ་འགྲོ་སྡེ་བརྒྱད་དྲག་ཤུལ་ཅན་རྣམས་དམ་ལ་གཟིར༔ མ་རུང་པའི་དགྲ་བགེགས་ཐམས་ཅད་ཚར་བཅད་དེ་མངོན་སྤྱོད་ཀྱི་ལས་རབ་འབྱམས་ཐོགས་མེད་དུ་འགྲུབ་པར་བསམས་ལ༔ ཁྲོ་བོའི་སྤྱི་དྲིལ་ནི། ཨོཾ་བཛྲ་ཙཎྜ་མ་ཧཱ་ཤྲཱི་ཧེ་རུ་ཀ་སརྦ་ཀྲོ་དྷ་སརྦ་དུཥྟཾན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུྃ་བྷྱོ་ཧཱུྃ་ཕཊ༔ ཞེས་པའི་ཤམ་བུར། སརྦ་དུཥྟན་ནྲྀ་ཏྲི་ཕཊ༔ མཱ་ར་ཡ་རྦད༔ ཅེས་བཏགས་པ་རྩུབ་ལ་དྲག་པར་བཟླ། མཐར་ཐུན་རྫས་ལ་སྔགས་ཀྱིས་ངར་བཏབ་པ་ཟོར་རྫས་རྣམས་ལ་བྲབ་པས། དེ་རྣམས་རྡོ་རྗེའི་ཐོག་ཆར་ལྟ་བུའི་ནུས་ལྡན་དུ་བསམ་མོ། །བཞི་པ་རྒྱབ་རྟེན་སྲུང་མའི་གཏོར་ཆོག་ནི། བཀའ་སྲུང་མགོན་པོ་གནམ་ལྕགས་མེ་འབར་དམ་ཅན་འདུས་པའི་མཆོད་ཐབས་ཀྱི་བྱིན་རླབས་ནས་བཟླས་པའི་མཐའ་བར་བཏང་ངོ༌། །ལྔ་པ་དགྱེས་པ་བསྐྱེད་ཅིང་ཐུགས་དམ་བསྐང་བ་ནི། ཐབས་ཤེས་ཀྱི་ཚོགས་རྫས་རྣམས་བཤམས་ལ། ཕྲིན་ལས་ནར་མ་ལྟར། ཧཱུྃ། བདག་ཉིད་འབར་བ་སོགས་ནས་ཚོགས་དང་པོ་ཚོགས་ཕུད་ཕུལ་བའི་རྗེས། བསྐང་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་ཅིང་སྤེལ་ལ། ཧཱུྃ། ཆོས་ཀྱི་དབྱིངས་ལས་སོགས་བསྐང་བསྡུས་རིན་ཆེན་སིལ་མ་བཤགས་པ་བཅས་དང༌། ཧཱུྃ༔ ཡེ་ཤེས་ལས་གྲུབ་སོགས་བཀའ་སྲུང་མཆོད་ཐབས་བཞིན་སྲུང་མའི་སྒེར་སྐོང་བཤགས་པ་བཅས་སྦྱར་བའི་རྗེས། ཧོཿ དཔལ་ཆེན་ལྷ་ཚོག་སོགས་ཕྲིན་ལས་ཀྱི་ཚོགས་བཤགས་བཅས་བྱའོ། །དྲུག་པ་དྲག་པོའི་ལས་ལ་ཐུགས་དམ་བསྐུལ་བ་ནི། རོལ་མོ་རྔ་ཆེན་བཤུག་པའི་སྒྲ་དང༌། དར་ནག་གི་གཡབ་མོའི་བརྡ་དང་བཅས་པས། ཧཱུྃ་ཧཱུྃ༔ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ སོགས་ཕྲིན་ལས་ནར་མའི་བསྐུལ་བ། ས་མ་ཡ༔ ཞེས་པའི་མཇུག་ཏུ། སངས་རྒྱས་བསྟན་དང་རྣལ་འབྱོར་སྒྲུབ་པོ་ལ༔ གནོད་ཅིང་འཚེ་བའི་དགྲ་བགེགས་འབྱུང་པོའི་ཚོགས༔ ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་བས༔ མངོན་སྤྱོད་དམོད་པའི་ཕྲིན་ལས་དུས་ལ་བབ༔ སྲུང་བའི་གུར་ཁང་རྡོ་རྗེའི་ཐོག་གིས་ཤིག༔ བཟློག་པའི་ནུས་པ་རང་གཤེད་རང་ལ་གཟིར༔ འགུགས་ཅིང་སྡོམ་མྱོས་ཕྱག་རྒྱས་རྟེན་ལ་ཕོབ༔ དྲག་ཤུལ་ཆེན་པོས་བསྒྲལ་བའི་ཕྲིན་ལས་མཛོད༔ ཅེས་བསྐུལ། བདུན་པ་གསེར་སྐྱེམས་འབུལ་ཞིང་སྟོངས་གྲོགས་ཞུ་བ་ནི། རྃ་ཡྃ་ཁྃ། འདོད་ཡོན་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ལན་གསུམ་གྱིས་བརླབ། ཧཱུྃ༔ བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་༔ ཡི་དམ་ཞི་ཁྲོ་དཔལ་ཆེན་བཀའ་འདུས་ལྷ༔ སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ མཐུ་སྟོབས་གནམ་ལྕགས་མེ་ལྟར་འབར་བའི་མགོན༔ དམ་ཅན་འདུས་པའི་ལྷ་ཚོགས་དྲག་རྩལ་ཅན༔ ཡེ་ཤེས་ལས་ལས་གྲུབ་པའི་དམ་ཅན་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ ཕྱི་ནང་གསང་བ་གབ་སྦས་བསྟན་པ་སྐྱོང་༔ དྲེགས་པ་སྡེ་བརྒྱད་ཡུལ་ལྷ་གཞི་བདག་སོགས༔ སྲིད་གསུམ་འབྱུང་པོ་མཐུ་སྟོབས་ཅན་རྣམས་ལ༔ གསེར་སྐྱེམས་མཆོད་པ་འབུལ་ལོ་ཕྲིན་ལས་མཛོད༔ ཅེས་ཕུད་ཀྱིས་མཆོད། བརྒྱད་པ་མ་ཉེས་པའི་གཟུ་དཔང་གསོལ་བ་ནི། ཧཱུྃ༔ ཕྱོགས་བཅུ་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ བླ་མ་རིག་འཛིན་རྒྱལ་བ་སྲས་དང་བཅས༔ ཡི་དམ་དཔལ་ཆེན་བཀའ་འདུས་ལྷ་ཚོགས་རྣམས༔ བརྩེ་བའི་ཐུགས་རྗེས་བདག་ལ་དགོངས་སུ་གསོལ༔ བདག་ནི་རྣལ་འབྱོར་རིག་འཛིན་སྒྲུབ་པ་པོ༔ སྔགས་འཆང་སྒྲུབ་པ་པོ་ལ་དགྲ་བྱུང་གིས༔ དྲང་པོའི་གཟུ་དང་དཔང་དུ་དཀོན་མཆོག་བཞུགས༔ བདེན་རྫུན་ཞལ་ལྕེ་སྣང་སྲིད་ལྷ་འདྲེས་ཆོད༔ ལས་ངན་དམ་ཉམས་དགྲ་བགེགས་སྡིག་ཅན་འདིས༔ སངས་རྒྱས་བསྟན་བཤིག་དཀོན་མཆོག་དབུ་འཕང་སྨད༔ གསང་སྔགས་སྙིང་པོའི་དཀྱིལ་འཁོར་བཤིག་ཅིང་བཀྲལ༔ རིག་འཛིན་གདུང་བཅད་དགེ་འདུན་འདུས་པ་བཤིག༔ ཉེས་མེད་རྣལ་འབྱོར་བདག་ལ་སྡང་ཞིང་བསྡོས༔ དགེ་བཅུ་ཁྱད་གསོད་མི་དགེ་དང་དུ་ལེན༔ སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བ་བསྒྲུབས༔ མཚམས་མེད་ལྔ་ཡི་ལས་ངན་སྤྱོད་པ་འདི༔ དྲག་པོའི་ཐབས་ཀྱིས་བསྒྲལ་བའི་ཞིང་ཡིན་པས༔ ཁྲག་འཐུང་འདུས་པའི་ལྷ་ཚོགས་འཁོར་དང་བཅས༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ རྔམས་བརྗིད་ཚུལ་དུ་ཁྲོ་བོའི་སྐུར་བཞེངས་ལ༔ བསྒྲལ་བའི་ཞིང་བཅུ་འདུལ་བའི་དུས་ལ་བབས༔ མ་གཡེལ་མ་གཡེལ་བཀའ་འདུས་ཞི་ཁྲོའི་ཚོགས༔ དམ་ཉམས་དགྲ་བགེགས་སྒྲོལ་བའི་ཕྲིན་ལས་མཛོད༔ ཅེས་གསོལ་བས། སྣོད་བཅུད་ལྷར་གསལ་བ་ཐམས་ཅད་སྔོན་གྱི་ཐུགས་དམ་ལས་བཞེངས་ཏེ། རང་ལ་གནང་བ་སྩལ་ཞིང༌། དགྲ་བགེགས་ལ་ཐུགས་ཆེར་འཁྲུགས་པས་དྲག་པོའི་ལས་ལ་རྔམས་ཤིང་རིངས་པའི་ཚུལ་དུ་བཞུགས་པར་བསམ་མོ། །དགུ་པ་དམིགས་པ་བསྐྱེད་པ་ནི། ཨེ་ཡྃ་རྃ་སྥ་ར་ཎ་ཕཊ༔ སཾ་ཧ་ར་ཎ་ཧཱུྃ། ཨེ་ལས་ཐར་མེད་གནམ་ལྕགས་གཤིན་རྗེའི་སྒྲོམ༔ ཟུར་གསུམ་མེ་འབར་ལས་ཀྱི་རླུང་ཤུགས་གཡོ༔ དེ་དབུས་གནོད་བྱེད་དགྲ་དང་འགལ་རྐྱེན་བགེགས༔ ཉམ་ཐག་སྐྱབས་བྲལ་མངོན་སུམ་གསལ་བར་གྱུར༔ ནྲྀ་ཏྲི་སརྦ་ཤ་ཏྲཱུན་བིགྷྣཱན་ཧཱུྃ་ཕཊ༔ ཅེས་གསལ་གདབ་བོ། །བཅུ་པ་བདེན་སྟོབས་བརྗོད་པ་ནི། ན་མོ། །སངས་རྒྱས་ཀྱི་བཀའ་བདེན་པ་དང༌། ཆོས་ཀྱི་བཀའ་བདེན་པ་དང༌། དགེ་འདུན་གྱི་བཀའ་བདེན་པ་དང༌། ཁྱད་པར་ཁྲག་འཐུང་འདུས་པའི་སྤྱི་དཔལ་ཆེན་པོ་ཚོམ་བུ་ཉེར་གཅིག་གི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང༌། བཀའ་སྲུང་ཕོ་ཉ་ལས་མཁན་རྣམས་ཀྱི་བཀའ་བདེན་པ་དང༌། གཞན་ཡང་གསང་སྔགས་དང༌། རིག་སྔགས་དང༌། གཟུངས་སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། ཏིང་ངེ་འཛིན་དང༌། བདེན་པའི་སྟོབས་ཀྱིས་བདག་ཅག་རྣལ་འབྱོར་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། བར་ཆད་ཀྱི་རྐྱེན། ཁྱད་པར་དུ་བྱད་མ་རྦོད་གཏོང་ལྷ་དང་བཅས་པ་རྣམས་མགོན་སྐྱབས་བྱེད་པའི་ལྷ། ཚེ་དང་དབང་ཐང༌། བསོད་ནམས་དང༌། དུས་ཀྱི་དབང་དུ་མ་གཏོང་བར་ད་ལྟ་ཉིད་དུ་ལིངྒ་འདི་ལ་ཁུག་ཅིག །ཅེས་དང༌། ཁྲོ་བོའི་སྤྱི་དྲིལ་ཤམ་བུར། ནྲྀ་ཏྲཱི་ཧུར་ཐུཾ་ཛཿཧཱུྃ་བྃ་ཧོཿ ཨཱ་བེ་ཤ་ཡ་ཨ་ཨཱཿ །ཞེས་འགུགས་གཞུག་ལན་གསུམ་གྱིས་བཀུག །བཅུ་གཅིག་པ་ཕོ་ཉ་འགྱེད་ཅིང་གདབ་པའི་ཁ་ཚར་ནི། ཧཱུྃ་བྷྱོཿ དཔལ་ཆེན་བཀའ་འདུས་དྲག་པོའི་དཀྱིལ་འཁོར་དུ༔ བྱང་ཆུབ་སྒྲུབ་དང་བསྟན་ལ་འཚེ་བ་ཡི༔ དགྲ་བགེགས་འབྱུང་པོའི་ཚོགས་རྣམས་ཚར་བཅད་ཕྱིར༔ འབར་བ་ཆེན་པོའི་ཐུགས་དམ་གནད་ནས་བསྐུལ༔ བྱམས་པ་ཁྲོས་པའི་ལྕགས་ཀྱུས་སྙིང་ནས་ཟུངས༔ སྙིང་རྗེ་ཁྲོས་པའི་ཞགས་པས་མགུལ་ནས་ཆིངས༔ དགའ་བ་ཁྲོས་པའི་སྒྲོག་གིས་ཡན་ལག་སྡོམས༔ བཏང་སྙོམས་ཁྲོས་པའི་དྲིལ་བུ་མྱོས་སུ་ཆུག༔ སྟོང་ཉིད་ཁྲོས་པའི་ཕྱག་རྒྱས་ལྷ་དང་ཕྲོལ༔ བདེ་ཆེན་ཁྲོས་པའི་ཤུགས་ཀྱིས་གཟུགས་ལ་ཕོབས༔ སྔོ་དམར་བྱད་ཐག་སྦྲུལ་གྱི་ཞགས་པ་ཡིས༔ དགྲ་བགེགས་འབྱུང་པོ་བྱད་དུ་གཞུག་པར་གྱིས༔ དུག་ཁྲག་རྒྱ་མཚོ་འབར་བའི་ཆར་ཕབ་པས༔ དགྲ་བགེགས་འབྱུང་པོ་སྨྱོ་ཞིང་འབོག་ཏུ་ཆུག༔ ཁྲོ་བོའི་སྤྱི་དྲིལ་ཤམ་དུ། སརྦ་ཤ་ཏྲཱུན་བཛྲ་ཨཾ་ཀུ་ཤཱ་ཛཿས་ལྕགས་ཀྱུས་སྙིང་ནས་བཟུང༌། བཛྲ་པཱ་ཤ་ཧཱུྃ་གིས་ཞགས་པས་སྐེ་ནས་བཅིངས། བཛྲ་སྥོ་ཊ་བྃ་གྱིས་ཡན་ལག་ལྕགས་སྒྲོག་གིས་བསྡམས། བཛྲ་གཎྜེ་ཧོཿས་དྲིལ་བུས་མྱོས་སུ་བཞུག བཛྲ་པྲ་ཝེ་ཤ་ཡ་ཕཊ་ཀྱིས་བྱ་འུག་གི་དོང་རུས་ལྷ་དང་དབྱེ། བཛྲ་ཨཱ་བེ་ཤ་ཡ་ཨས་ཡུངས་ཐུན་གྱིས་གཟུགས་ལ་དབབ། ཧ་ས་ར་ཡ་ཧ་ས་ར་ཡ་ཧཱུྃ་ཕཊ༔ཀྱིས་བྱད་ཐག་གིས་བཅིངས། ཛྭ་ལཱ་པ་ཡ་ཛྭ་ལཱ་པ་ཡ་ཧཱུྃ་ཕཊ༔ཀྱིས་སྨྱོ་ཁྲག་གི་ཆར་དབབ་བོ། །བཅུ་གཉིས་པ་གདབ་པའི་ལས་རིམ་དངོས་ནི། ཁྲོ་བོའི་སྤྱི་དྲིལ་ཤམ་ཅན་གོང་གི་ཏིང་འཛིན་དྲག་པོའི་འཁྲུལ་འཁོར་གྱི་བཟླས་པ་བཞིན་དབྱངས་དང་བཅས་པས། ལས་ཕུར་ལ་ཡུངས་ཀར་ཐུན་གྱིས་བྲབ། གུ་གུལ་གྱིས་བདུག །རཀྟས་བྱུག་པས་གཟི་བྱིན་བསྐྱེད་ཅིང་ངར་ལྡན་དུ་བསྒྲུབས་ལ། ཕུར་པ་གསོད་བྱེད་ལས་ཀྱི་སྲས་མཆོག་དབུ་དགུ་ཕྱག་བཅོ་བརྒྱད་པ། ཕྱག་ཐམས་ཅད་ཀྱིས་ཐུན་གྱི་ཕུར་བུ་འདྲིལ་བ་བསྣམས་པ། དྲག་པོའི་ཉམས་དང་ཆས་རྣམས་རྫོགས་ཤིང༌། སྐུ་སྨད་ལྕགས་སྲེག་གི་ཕུར་བུའི་དབལ་ཅན། དམ་ཅན་ཕོ་ཉའི་ཚྭ་ཚྭ་འཕྲོ་བར་བསམས་ལ། རྫོང་འཕྲང་སྲོག་གསུམ་དང༌། ལུང་གསུམ་གྱི་དགོངས་པ་དང་ལྡན་པའི་ངང་ནས་སྟངས་སྟབས་ཕུར་སྐོར་བཅས། ཧཱུྃ་བྷྱོ༔ སངས་རྒྱས་ཕྲིན་ལས་ཡོངས་རྫོགས་ལ༔ དྲག་ཤུལ་གསོད་བྱེད་ལས་ཀྱི་ལྷ༔ ཐོགས་མེད་བཛྲ་ཀཱི་ལ་ཡ༔ སྟེང་དུ་གདེངས་པས་ལྷ་རྣམས་བསྐུལ༔ བར་དུ་བསྐོར་བས་འཇིག་རྟེན་གཡོ༔ གཡས་སུ་བསྒྲིལ་བས་ཕོ་རྒྱུད་གཟིར༔ གཡོན་དུ་བསྒྲིལ་བས་མོ་རྒྱུད་འདར༔ དབུས་སུ་བསྒྲིལ་བས་གཉིས་མེད་ཐུལ༔ བཏབ་ན་ལྷ་ཡང་བརླག་བྱེད་ན༔ དགྲ་དང་བགེགས་ལ་སྨོས་ཅི་དགོས༔ ཡེ་ཤེས་དྲག་པོའི་སྟོབས་བསྐྱེད་ཅིག༔ དགྲ་བགེགས་ཚེ་བསོད་དྭངས་མ་ཀུན༔ སྒྲུབ་ལ་སྟིམས་ཤིག་ཀཱི་ལ་ཡ༔ རྣམ་ཤེས་རྡོ་རྗེ་སེམས་དཔའ་ཡི༔ སྲས་སུ་སྤོར་ཞིག་ཀཱི་ལ་ཡ༔ དུག་གསུམ་ཕུང་ཁམས་སྐྱེ་མཆེད་རྟེན༔ དུམ་བུར་གཏུབས་ཤིག་ཀཱི་ལ་ཡ༔ ཁྲོ་བོའི་སྤྱི་དྲིལ་མཐར། བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་རྃ་རྃ༔ ཨཱ་ཡུར་བིནྟུ་བྷྲཱུྃ༔ ཨེ་ཡཾ་སྥ་ར་ཎ་ཕཊ༔ སརྦ་ཤ་ཏྲཱུྃ་བིགྷྣཱན་མཱ་ར་ཡ་ཕཊ༔ ཅེས་གདབ་པའི་ལས་རྫོགས་པར་བྱས་ལ། ཐུན་རྫས་ཀྱིས་བྲབ། རལ་གྲིས་གཏུབ་བོ། །བཅུ་གསུམ་པ་གཏུན་དུ་བརྡུང་བ་ནི། ཐབས་ཤེས་ཀྱི་སྦྱོར་བས་ཐོ་གཏུན་ཐོགས་ལ། ཧཱུྃ་བྷྱོ༔ བརྡུངས་ཤིག་རྡོ་རྗེ་འབར་བའི་གཏུན༔ ཁྲོ་མོ་ཨེ་ཡི་དབྱིངས་ཉིད་དུ༔ རྡོ་རྗེ་ཁྲོ་བོའི་གཏུན་གྱིས་བརྡུངས༔ དགྲ་བགེགས་ལྔ་ཕུང་རྡུལ་དུ་རློག༔ སྤྱི་དྲིལ་ཤམ་བུ། ཨོཾ་བཛྲ་ཨ་ཀོ་ཊ་ཡ་ཁ་ཐཾ་ཁ་ཐཾ༔ ཞེས་ཤ་རུས་རྣམས་ཐོ་གཏུན་གྱིས་བརྡུང་ངོ༌། །བཅུ་བཞི་པ་ཞལ་དུ་བསྟབ་པ་ནི། ཧོམ་གཟར་དུ་ཤ་ཁྲག་སྤུངས་པ་སྨན་རག་གིས་དྲན་པ་བསྟབ་ཏེ། ཧཱུྃ་བྷྱོཿ དུག་གསུམ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ འཇིགས་བྱེད་ཁྲག་འཐུང་ལྷ་ཚོགས་ཞལ་དུ་སྦྱོར༔ འཁོར་གྱི་མཁའ་འགྲོ་དམ་ཅན་དགྱེས་པར་རོལ༔ དགྲ་བགེགས་འབྱུང་པོའི་བདུན་རྒྱུད་རྩད་ནས་ཆོད༔ ཁྲོ་བོའི་སྤྱི་དྲིལ་ཤམ་དུ། སརྦ་ཤཱ་ཏྲཱུན་བིགྷྣཱན་མཱ་ར་ཡ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧིཿ ཞེས་ཕུལ་བས། ཧ་ཧ་ཧི་ཧི་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་དགྱེས་པའི་བཞད་སྒྲ་དང་བཅས་ལྷག་མེད་དུ་བཞེས། ཟག་མེད་བདེ་ཆེན་དྲག་ཤུལ་གྱི་ཡེ་ཤེས་ལྷག་པར་རྒྱས་ཤིང་ངོ་མཐོན་དུ་བཞུགས་པར་བསམས་མོ། །བཅོ་ལྔ་པ་བསྒྲལ་མཐའ་དངོས་གྲུབ་བསྐུལ་བ་ནི། ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་སོགས་ཕྲིན་ལས་ཀྱི་ཚོགས་བསྒྲལ་རྗེས་སུ་འབྱུང་བ་བཞིན་བྱའོ། །བཅུ་དྲུག་པ་ཚོགས་ཀྱི་དངོས་གྲུབ་གསོལ་བ་ནི། ཧོ༔ ཚོམ་བུ་ཉེར་གཅིག་དཀྱིལ་འཁོར་སོགས་བརྗོད། ཚོགས་དྲང་ཤིང་ཕྱི་ནང་གི་ཚོགས་རོལ་སོགས་བྱའོ། །བཅུ་བདུན་པ་ལྷག་མ་བསྔོ་བ་ནི། ཨོཾ་ཨཱཿཧཱུྃ༔ རིགས་ཀྱི་སོགས་ཡར་མར་གྱི་ཕུད་ལྷག་སྟོབས་ཤིང་བསྔོ་བ་རྣམས་ཕྲིན་ལས་ལྟར་བྱའོ། བཅོ་བརྒྱད་པ་བཟློག་བསྒྱུར་གྱི་ཕྲིན་ལས་གསོལ་བ་ནི། ཤ་རུས་ཀྱི་གཏོར་མ་འབུལ། ཁྲག་སྐྱེམས་སྦྱར། ཐོད་རྔ་བརྡུང་ཞིང་དྲག་པོའི་ངར་དང་ལྡན་པས། ཧཱུྃ་བྷྱོ༔ ཞི་བ་ཆེན་པོའི་ངང་ལས་མ་གཡོས་ཀྱང་༔ དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་བའི་ཕྱིར༔ རྩ་གསུམ་ཁྲག་འཐུང་འབར་བའི་ལྷ་ཚོགས་རྣམས༔ ཐུགས་དམ་གནད་ནས་བསྐུལ་ལོ་ཕྲིན་ལས་མཛོད༔ ཅེས་པའི་ཐུགས་དམ་བསྐུལ་བ་སྔོན་དུ་འགྲོ་བས། ཧཱུྃ་བྷྱོ༔ དབུས་ཕྱོགས་ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་ནས༔ སོགས་རྒྱུན་གྱི་ལས་སྦྱོར་གྱི་རིམ་པ་དང་པོ་ནས་གསུངས་པའི་བཟློག་བསྐུལ་ཡོངས་རྫོགས་མཐའི། བྷྱོ་ཟློག་ཅིག༔ ཅེས་པའི་བར་ཚང་བ་དྲག་ཏུ་གྱེར་ཞིང་ཐལ་མོ་བརྡབ། བཟློག་པ་གྲངས་བསོག་སྐབས་བསྡུས་པ་ལ་མོས་ན། གོང་གི། ཧཱུྃ་བྷྱོ༔ ཞི་བ་ཆེན་པོའི་སོགས་གོང་གསལ་ཤཱ་ལོ་ཀ་དང༌། ཧཱུྃ་བྷྱོ༔ དབུས་ཕྱོགས་ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་དང༌། །ཕྱོགས་མཚམས་སྟོད་སྨད་ཚད་མེད་བསྡུ་དངོས་བཞི། །ལྟ་བ་རྣམ་ཐར་དྲན་པ་ཉེར་བཞག་པའི། །རང་བཞིན་རྣམ་དག་དཀྱིལ་འཁོར་ཉེར་གཅིག་ནས། །དཔལ་ཆེན་བཀའ་འདུས་ལྷ་ཚོགས་བཙོ་དང་འཁོར། ཐུགས་དམ་སྨོན་ལམ་དབང་གིས་དབྱིངས་ནས་བཞེངས། །བཟློག་བསྒྱུར་དྲག་པོའི་ཕྲིན་ལས་དུས་ལ་བབ། །ནད་རིགས་བཞི་བརྒྱ་རྩ་བཞི་དགྲ་ལ་ཟློག །སོགས་ནས་བཟློག་བྱང་སྔགས་བཅས་གྲུབ་ཀྱི་བར་སྦྱར། ཡང་རྒྱས་པར་འདོད་ན། ཧཱུྃ་བྷྱོ༔ ཞི་བ་ཆེན་པོའི་སོགས་དང༌། ཧཱུྃ་བྷྱོ། དབུས་ཕྱོགས་ཆོས་དབྱིངས་རོལ་པའི་དཀྱིལ་འཁོར་ནས༔ སོགས་སྤྱི་དཔལ་ཆེན་པོ་ནས་བཟུང་བཀའ་སྡོད་རྫོགས་ཀྱི་བར་ལེ་ཚན་ཉེར་གཉིས་པོ་སོ་སོའི་མཇུག་ཏུ། ཧཱུྃ་བྷྱོཿ ནད་རིགས་བཞི་བརྒྱ་རྩ་བཞི་སོགས་བཟློག་བྱང་རེ་རེ་བཞིན་ཤམ་བུ་སྦྱར་ཞིང༌། བཟློག་སྔགས་དབུར་སྤྱི་དྲིལ་གྱི་མལ་དུ། གཙོ་འཁོར་སོ་སོའི་སྔགས་སྐབས་ཐོབ་དང༌། མཇུག་གི་རྩ་གསུམ་ཆོས་སྐྱོང་སྤྱི་ལ་སྤྱི་དྲིལ་བཅས་སོ་སོར་བསྒྱུར་ཤེས་པར་བྱའོ། །བཅུ་དགུ་པ་རྒྱུན་གྱི་རྗེས་རིམ་ནི། དེ་ལྟ་བུའི་རིམ་པས་བསྒྲུབ་པའི་ཞག་མ་རྫོགས་ཀྱི་བར་དུ་འབད་དགོས་པས། གནས་སྐབས་ཕྲིན་ལས་ཀྱི་རྗེས་རིམ། སྲུང་མའི་གཏོར་འབུལ། ཆད་བརྟན་སོགས་བྱའོ། །རྩ་བའི་བཞི་པ་རྗེས་ཀྱི་ལས་དྲག་པོའི་གཡུལ་འགྱེད་པ་ལ། ཟ་ལམ་བསྟན་པ། གཏོར་ཟོར་འཕེན་པ། མཇུག་བསྡུ་བ་གསུམ་མོ། །དང་པོ་ཟ་ལམ་བསྟན་པ་ལ་བརྒྱད་ཀྱི་དང་པོ་ལམ་སེལ་གྱི་གསེར་སྐྱེམས་འབུལ་བ་ནི། སྒྲུབ་ཞགས་རྫོགས་པའི་ཉིན་ཚོགས་སྐོང་གི་བཤགས་པ་ཡན་གྲུབ་པ་དང༌། ཁང་སྟེང་ནས་བསང་དང་གསེར་སྐྱེམས་འབུལ། ཞལ་བསྟབས་ཀྱི་སྐབས་བསྒྲལ་ལིང་མེར་བསྲེག་པའི་ཐལ་བ་གཏོར་ཆེན་དུ་བསྟབ། བཟློག་པའི་མཐའ་བར་བྱ། གཉིས་པ་སྒོ་དབྱེ་བ་ནི། སློབ་དཔོན་བདུད་ཆས་སུ་ཞུགས་ལ། ཧཱུྃ་ཕཊ་ཛཿས་ ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་གྱི་ནམ་མཁར་བཏེགས། དམ་ཚིག་པའི་དམག་དཔུང་དྲག་པོའི་ལས་ལ་རྔམས་ཤིང༌། དགྲ་བགེགས་སྒྲོལ་བ་ལ་རིངས་པའི་སྟབས་ཀྱིས་བཞུགས་པར་མོས་ལ། ཧཱུྃ་བྷྱོ༔ ཕྲིན་ལས་བཞི་རྫོགས་སྒོ་སྲུང་ཚོགས༔ ཐབས་དང་ཤེས་རབ་ཡེ་ཤེས་ཀྱིས༔ དྲག་པོའི་ཕོ་བྲང་སྒོ་ཕྱེས་ལ༔ གཏོར་མའི་ཟོར་ལམ་དགྲ་ལ་བསྒྱུར༔ ཛཿཧཱུྃ་བྃ་ཧོ༔ ས་མ་ཡ་པྲ་བེ་ཤ་ཡ་ཕཊ་བྷྱོ༔ ཞེས་དབྱངས་དང་བཅས་པས་གྱེར། མཐར་སྒོ་རྩང་ཤར་ནས་བྱང་སོགས་གཡོན་བསྐོར་གྱིས་ཕྱུངས། །གསུམ་པ་ཟོར་ལམ་བསྟན་པ་ནི། གོང་གསལ་བཟློག་བསྡུས་ཀྱིས་ཐུགས་དམ་བསྐུལ་ཞིང་སྲུང་མའི་གཏོར་མ་མཆོད་ཐབས་མཇུག་ནས་འབྱུང་བ་ལྟར་གྱི་བསྐུལ་བ་གྱེར་ལ་ཡང་ཐོག་ཏུ་ཕུལ། ཕྲིན་ལས་ནར་མ་བཞིན་ཆད་ཐོ་བསྒྲག་གོ །བཞི་པ་ཟོར་བསྐུལ་ནི། ཧཱུྃ་བྷྱོ༔ དྲག་པོ་ཟོར་གྱི་དཔུང་ཚོགས་དབྱིངས་ནས་བཞེངས༔ རིག་འཛིན་རྩ་བརྒྱུད་བླ་མས་རྒྱབ་རྟེན་མཛོད༔ ཡི་དམ་ལྷ་ཚོགས་མངོན་སྤྱོད་ལས་ལ་དགོངས༔ བཀའ་སྲུང་དྲེགས་པའི་ཚོགས་རྣམས་ལས་ལ་ཆོས༔ སངས་རྒྱས་བསྟན་ལ་སྡང་བའི་དགྲ་དར་ན༔ མ་གཡེལ་མ་གཡེལ་ཟོར་གྱི་དཔུང་ལ་གཤེགས༔ ལྔ་པ་ཕུར་ཁ་བསྒྱུར་ཞིང་ཟོར་ལམ་གསལ་བ་དངོས་ནི། ཕུར་བུ་བསྒྲྀལ་ལ། ཧཱུྃ་བྷྱོ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ དུས་གསུམ་རྒྱལ་བའི་ཕྲིན་ལས་རྫོགས༔ བཀའ་འདུས་ལྷ་ཚོགས་དམག་དཔུང་འུར༔ དེ་རིང་གདུག་པའི་ཟོར་འཕེན་གྱིས༔ ལྷ་གཤེགས་གངས་དཀར་རྩེ་ལ་གཤེགས༔ ཀླུ་གཤེགས་རྒྱ་མཚོའི་གཏིང་ལ་གཤེགས༔ བཙན་གཤེགས་བྲག་དམར་ངོས་ལ་གཤེགས༔ གདོང་དུ་སུ་ཡང་མ་སྡོད་ཅིག༔ དེ་རིང་ཐམས་ཅད་ལས་ལ་ཆོས༔ བྱ་ཁྱུང་རྒྱལ་པོས་དམག་སྣ་དྲོངས༔ རྒྱལ་ཆེན་བཞི་ཡིས་ཤུལ་མཚོན་ཏེ༔ མགོན་པའི་ཚོགས་ཀྱིས་དམག་དཔོན་གྱིས༔ སྣང་སྲིད་ལྷ་འདྲེ་དམག་ལ་འུར༔ ཕྱོགས་སྐྱོང་བཅུ་ཡིས་རུ་མཚོན་ཕྱོར༔ སྡེ་དཔོན་སུམ་ཅུ་ཇག་པར་རྒྱུག༔ བརྟན་མ་རྣམས་ཀྱི་སོ་ཁ་སྲུངས༔ རཱ་ཧུ་ལ་ཡིས་དཀྱིལ་ནས་འཁྱུག༔ དབང་ཕྱུག་རྣམས་ཀྱི་མཐའ་ནས་སྡུས༔ ཁྲོ་བོའི་ཚོགས་ཀྱིས་རྟིང་མནན་ཏེ༔ ཕ་རོལ་བདུད་དང་དགྲ་བགེགས་ལ༔ མངོན་སྤྱོད་ལས་ཀྱིས་གཡུལ་ངོ་སྤྲོད༔ བདུད་ཀྱི་རུ་དར་བསྙིལ་བར་གྱིས༔ དགྲ་དཔུང་བདུན་རྒྱུད་རྩད་ནས་ཆོད༔ བགེགས་དཔུང་ཐལ་བའི་རྡུལ་བཞིན་རློག༔ དྲུག་པ་གཡུལ་དུ་ཞུགས་པ་ནི། གཏོར་མ་རྣམས་བཏེགས་ལ། ཧཱུྃ་བྷྱོ༔ ཟོར་གྱི་དཔུང་ཚོགས་བཅས་པ་ནི༔ སྲིན་པོ་ཆས་པའི་ཆོ་འདྲ་སྟེ༔ སྲིན་ཞལ་དམར་པོ་ཡ་ལ་ལ༔ འབྲོང་དར་ཆས་པའི་ཆོ་འདྲ་སྟེ༔ རྩང་རྣོན་རུ་ཐུར་ཟངས་སེ་ཟངས༔ བདུད་རྒྱལ་ཆས་པའི་ཆོ་འདྲ་སྟེ༔ དར་མདུང་དམར་པོ་ཕྱ་ར་རཿ མ་མོ་ཆས་པའི་ཆོ་འདྲ་སྟེ༔ དུག་མཚོན་མང་པོ་ཉི་ལི་ལི༔ ཀུ་བསོ་ཆ་སྒྲ་དི་རི་རི༔ སྤྱི་ཆག་ཐམས་ཅད་གཏོར་མས་ཟློག༔ སྒོས་ཆགས་ཐམས་ཅད་ཁྱུང་གིས་སྒྱུར༔ ཟོར་གྱི་དམག་དཔུང་མཁའ་ལ་གཤེགས༔ མི་མཐུན་ཐམས་ཅད་བཟློག་པ་དང་༔ དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད༔ ཅེས་བརྗོད་ཅིང་ཕུད་དང་རཀྟ་སྦྲེང༌། དར་ནག་དང༌། རུ་དར་ཕྱར་བས་སྣ་དྲངས་པའི་ཕྱི་བཞིན་དུ་སྐྱེས་བུ་གིང་ཆས་སུ་ཞུགས་པས་དཀར་གཏོར་དང་གསེར་སྐྱེམས། ཟོར་ཆས། བཟློག་གཏོར་རྣམས་རིམ་བཞིན་ཁྱེར། རྣལ་འབྱོར་པ་རྣམས་ལྟ་བའི་གདིང༌། བསྒོམ་པའི་གསལ་སྣང་དང་མ་བྲལ་བར་རིག་པ་ཧུར་ཕྱུངས་ཏེ། གོང་གསལ་བཟླས་པ་སྤྱི་དྲིལ་ཤམ་བུ་ཅན་བཟླ་ཞིང༌། རོལ་མོ་དང་བཅས་པས་དེ་དག་གི་ཕྱི་བཞིན་དུ་བསྐྱོད་དེ། དཔལ་ཆེན་ཁྲག་འཐུང་ཚོམ་བུ་ཉེར་གཅིག་གི་ལྷ་ཚོགས་དམག་དཔུང་འུར་དིར་གྱིས་ཆས་པར་བསམ་མོ། །བདུན་པ་རིགས་ཀྱི་མ་མོ་རྣམས་ལ་ཟ་ལམ་བསྟན་པ་ནི། གོམ་པ་བདུན་ཅུའི་སའམ་ཁྱམས་སུ་སླེབས་པ་དང༌། དམར་གཏོར་ཁྲག་ཀོང་དང་བཅས་པ་བཤམས་ཤིང༌། རཀྟ་སྦྲེངས་ལཿ བྷྱོ༔ བཟློག་བྱེད་མ་ཅིག་སྤྱན་འདྲེན་ནོ༔ སྒྱུར་བྱེད་མ་ཅིག་སྤྱན་འདྲེན་ནོ༔ སྲི་མོ་ཟ་ལམ་གོམ་པ་བདུན་ཅུ་འདས་པའི་ཕ་རོལ་ན༔ འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིན༔ ཡེ་ཤེས་གྲུབ་ཀྱང་ལས་ཀྱི་མཁའ་འགྲོ་མ༔ རྡོ་རྗེ་མོ་བཏབ་ལྟས་ངན་བྷྱོས་ཟློག་ཅིག༔ སོ་སོའི་རིགས་དང་མིང་སྲིང་ལྕམ་དྲལ་ཚུལ༔ འདོད་ཅིང་ཆགས་པའི་ཚུལ་འཆང་རྣལ་འབྱོར་མ༔ ཚིག་འདི་ཤོག་སེར་དུ་མེད། མཆན། བྷྱོ༔ དཀར་མོ་སྤྱན་གཅིག་རྡོ་རྗེ་རིགས་ཀྱི་ལྕམ༔ ཉིད་ཀྱི་མིང་པོ་ཤར་ཕྱོགས་བཀའ་བསྒྱུར་མ༔ རྣལ་འབྱོར་བདག་གིས་འཁོར་དུ་གཏོགས་པ་ལ༔ ཤར་ཕྱོགས་རྒྱལ་པོའི་གློ་བུར་ཤོར་ར་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་རྒྱལ་པོའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ སྲིན་མོ་ཤུགས་འཆང་རིན་ཆེན་རིགས་ཀྱི་ལྕམ༔ ཉིད་ཀྱི་མིང་པོ་གཤིན་རྗེའི་བཀའ་བསྒྱུར་མ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ འཆི་བདག་གཤིན་རྗེའི་ཁྲམ་ལ་བཏབ་ལ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་གཤིན་རྗེའི་ཆོ་འཕྲུལ་དགྲ་ལ་བསྒྱུར༔ བྷྱོ༔ གར་གྱི་དབང་ཕྱུག་པདྨ་རིགས་ཀྱི་ལྕམ༔ ཉིད་ཀྱི་མིང་པོ་ཀླུ་ཡི་བཀའ་སྒྱུར་མ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་རྣམས༔ ས་བདག་ཀླུ་ཡི་བྱད་དུ་ཆུད་ད་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་ཀླུ་ཡི་ཆོ་འཕྲུལ་དགྲ་ལ་བསྒྱུར༔ བྷྱོ༔ གར་གྱི་དབང་ཕྱུག་ལས་ཀྱི་རིགས་ཀྱི་ལྕམ༔ ཉིད་ཀྱི་མིང་པོ་གནོད་སྦྱིན་བཀའ་བསྒྱུར་མ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ གནོད་སྦྱིན་གདུག་པའི་གདོན་གྱིས་ཟིན་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་གནོད་སྦྱིན་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ དབྱིངས་ཕྱུག་དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ ཀོང་བཙུན་ཕྱྭ་ཡི་ཚོགས་ཀྱི་བཀའ་སྒྱུར་མ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ ཕྱྭ་ཡི་དྲྭ་རྙི་ཐམས་ཅད་ཕབས་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་མི་སྙིང་གློ་འཕྲོག་དགྲ་ལ་བསྒྱུར༔ བྷྱོ༔ སྔགས་སྲུང་ཨེ་ཀ་ཛཱ་ཊི་རལ་གཅིག་མ༔ བདུད་པོ་རྐོས་རྗེ་དྲང་དཀར་བཀའ་བསྒྱུར་མ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ བདུད་ཀྱི་རྒྱལ་པོའི་ཁྲམ་ནག་བརྐྱང་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་བདུད་ཀྱི་ཞགས་པ་དགྲ་ལ་སྒྱུར༔ བྷྱོ༔ ཨེ་ཀ་ཛ་ཊི་ནག་མོ་གློག་མ་སྤྲིན༔ བདུད་པོ་རེ་ཏེ་མགོ་ཡག་བཀའ་བསྒྱུར་མ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་རྣམས༔ ནག་པོ་བདུད་ཀྱི་བྱན་པོས་བརྐུས་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་བདུད་ཀྱི་ཞགས་པ་དགྲ་ལ་སྒྱུར༔ བྷྱོ༔ དཀར་མོ་ཆེན་མོ་ཉི་མའི་ཐོད་ཕྲེང་ཅན༔ ཉིད་ཀྱི་མིང་པོ་གནམ་ལྷའི་བཀའ་བསྒྱུར་མ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་རྣམས༔ རྒྱལ་པོ་དཀར་པོས་དམངས་སུ་ཕབས་ཏ་རེ༔ བཟློག་གི་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་རྒྱལ་པོའི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ མ་མོ་ཨེ་ཀ་ཛ་ཊི་ཐལ་མདོག་མ༔ གྲོང་གི་ཐེའུ་བྲང་ཁྲ་བོའི་བཀའ་བསྒྱུར་ལ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ འབྱུང་པོ་ཐེའུ་བྲང་ཡུལ་དུ་ཕབ་ཏ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་ཐེའུ་བྲང་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ ས་བདག་ཆེན་མོ་ནག་མོ་རལ་གཅིག་མ༔ ས་ཡི་ཐེའུ་བྲང་ནག་པོའི་བཀའ་བསྒྱུར་མ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ ཐེའུ་བྲང་རྣམས་ཀྱི་ཆོ་འཕྲུལ་ཤོར་ལ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་ཐེའུ་བྲང་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ གནམ་ལྷ་ཤེལ་བཟའ་ལ་རོ་སྨན་གཅིག་མ༔ དཀར་སྐྱ་གཟའ་བདུད་རྣམས་ཀྱི་བཀའ་བསྒྱུར་མ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ དྲང་སྲོང་གཟའ་ཡི་གདུག་རྩུབ་ཤོར་ལ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་གཟའ་ཡི་ཆོ་འཕྲུལ་དགྲ་ལ་སྒྱུར༔ བྷྱོ༔ བཙན་ལ་རོལ་པའི་རྡོ་རྗེ་སྨན་གཅིག་མ༔ ཉིད་ཀྱི་མིང་པོ་བཙན་གྱི་བཀའ་བསྒྱུར་མ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ བཙན་གྱི་རྒྱལ་པོའི་རྟ་བབ་ཤོར་ལ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་བཙན་གྱི་ཆོ་འཕྲུལ་དགྲ་ལ་བསྒྱུར༔ བྷྱོ༔ ཉམས་ཆེན་འཇིགས་མ་ཁྲག་གི་རལ་གཅིག་མ༔ ཀླུ་སྲིན་ཕོ་མོ་ཡོངས་ཀྱི་བཀའ་བསྒྱུར་མ༔ རྣལ་འབྱོར་བདག་གི་འཁོར་དུ་གཏོགས་པ་ལ༔ ཀླུ་སྲིན་རྣམས་ཀྱིས་ཆོ་འཕྲུལ་ཤོར་ལ་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་ཀླུ་སྲིན་ཆོ་འཕྲུལ་དགྲ་ལ་བསྒྱུར༔ བྷྱོ༔ ལྷ་མོ་ནག་མོ་ལས་ཀྱི་དབང་མོ་ཆེ༔ མདོར་ན་བདག་ཅག་འཁོར་དང་བཅས་པ་ལ༔ སྣང་སྲིད་མ་མོའི་ཁྲོམ་ནག་ཤོར་ར་རེ༔ བཟློག་གོ་དམར་ཆེན་གཏོར་མ་འདི་ཡིས་ཟློག༔ བསྒྱུར་རོ་མ་མོའི་ཁྲོམ་སྣ་དགྲ་ལ་བསྒྱུར༔ ཞེས་བསྐུལ་ལ་གཏོར་མ་འབུལ་ལོ། བརྒྱད་པ་ཕུར་བསྒྱུར་གྱིས་བསལ་ཞིང་ཟོར་ལམ་བསྟན་པ་ནི། ཕུར་བུ་བསྒྲིལ་ཞིང༌། ཧཱུྃ་བྷྱོ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ དུས་གསུམ་སོགས་བརྗོད་མཐར། སྒྲ་གཅན་ཐེབས་དང་བསྟུན་སྔར་བཞིན་བསྐྱོད་དོ། །གཉིས་པ་གཏོར་ཟོར་འཕེན་པ་ལ་བདུན་གྱི་དང་པོ་འཕྲང་བསལ་བ་ནི། གང་དུ་འཕང་བའི་སར་སླེབ་པ་དང༌། གསེར་སྐྱེམས་འབུལ་ཞིང་སྟོང་གྲོགས་ཞུ་བ་དང༌། གཉིས་པ་མ་ཉེས་པའི་དཔང་གསོལ་བ། གསུམ་པ་དམིགས་བྱ་བསྐྱེད་ཅིང་འབེན་དུ་བཅའ་བ། བཞི་པ་བདེན་སྟོབས་བརྗོད་ཅིང་དགྲ་བགེགས་བཀུག་བསྟིམས་ལན་གསུམ་དུ་བྱ་བ་རྣམས་གོང་གསལ་གདབ་ཁའི་སྐབས་ལྟར་བྱའོ། །ལྔ་པ་ཟོར་འཕེན་པ་དངོས་ནི། ཧཱུྃ་བྷྱོ༔ ང་ནི་དཔལ་ཆེན་ཧེ་རུ་ཀ༔ འཁོར་འདས་ཀུན་གྱི་མཐུ་སྟོབས་རྫོགས༔ སྐུ་གསུང་ཐུགས་ནི་རྡོ་རྗེའི་ངང་༔ སངས་རྒྱས་ཀུན་དང་མཉམ་པར་སྦྱོར༔ དྲག་ཤུལ་གར་གྱིས་ས་གསུམ་གཡོ༔ འཇིགས་པའི་གད་མོས་རི་རབ་བསྒྱེལ༔ སྙིང་རྗེ་ཁྲོས་པས་དགྲ་བགེགས་གསོད༔ སྤྲུལ་པའི་ཕོ་ཉ་སེར་ལྟར་འདྲིལ༔ ཟོར་ཆེན་མཚོན་ཆའི་ཆར་ཆེན་འབེབས༔ སྡང་དགྲ་གནོད་བྱེད་ཐལ་བར་རློག༔ དཔལ་ཆེན་ཁྲག་འཐུང་བཀའ་ཉན་པའི༔ ལྷ་སྲིན་སྡེ་བརྒྱད་དགྲ་ལ་བྷྱོ༔ སྟོང་གསུམ་གངས་རིས་བསྐོར་བ་ནས༔ གནོད་སྦྱིན་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་ཟངས་རིས་བསྐོར་བ་ནས༔ བཙན་དམག་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་ལྕགས་རིས་བསྐོར་བ་ནས༔ བདུད་དམག་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་བྲག་རིས་བསྐོར་བ་ནས༔ སྲིན་པོ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་གཡུ་རིས་བསྐོར་བ་ནས༔ སྨན་མོ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་གསེར་རིས་བསྐོར་བ་ནས༔ གཤིན་རྗཻ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་དུག་མཚོ་འཁྱིལ་པ་ནས༔ ཀླུ་བདུད་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་ཁྲག་མཚོ་འཁྲུགས་པ་ནས༔ མ་མོ་ཐམས་ཅད་དགྲ་ལ་བྷྱོ༔ སྟོང་གསུམ་འདི་ན་ཆེ་བ་ཡི༔ རྒྱལ་ཆེན་ཕྱོགས་སྐྱོང་དགྲ་ལ་བྷྱོ༔ ཞེས་བསྐུལ་ཞིང༌། ཟོར་རྣམས་རིམ་པར་ཐོགས་ལ། ཧཱུྃ་བྷྱོ༔ ཉམས་པའི་དགྲ་བགེགས་དཔུང་བཅས་ལ༔ རྒྱལ་ཆེན་བཞི་ཡིས་ཡུངས་ཟོར་རྒྱོབ༔ གཤིན་རྗེ་རྣམས་ཀྱིས་ཁྲམ་ཟོར་རྒྱོབ༔ མ་མོ་རྣམས་ཀྱིས་ཁྲག་ཟོར་རྒྱོབ༔ བདུད་རྒྱལ་རྣམས་ཀྱིས་ཀོང་ཟོར་རྒྱོབ༔ གཟའ་བདུད་རྣམས་ཀྱིས་ཐོད་ཟོར་རྒྱོབ༔ བཙན་དམག་རྣམས་ཀྱིས་མདའ་ཟོར་རྒྱོབ༔ གནོད་སྦྱིན་རྣམས་ཀྱིས་རྡོ་ཟོར་རྒྱོབ༔ ཀླུ་བདུད་རྣམས་ཀྱིས་དུག་ཟོར་རྒྱོབ༔ ལུས་ངག་ཐལ་བའི་རྡུལ་དུ་རློག༔ མིང་ཙམ་མེད་པར་ཚར་ཆོད་ཅིག༔ ཅེས་དང༌། ཁྲོ་བོའི་སྤྱི་དྲིལ་བཟློག་སྔགས་ཤམ་ལྡན་བཟླ་ཞིང༌། ཟོར་རྣམས་རོལ་འོག་ཏུ་འཕེན་ནོ། །སྤྲོས་བཅས་བྱེད་ན་ཚིགས་བཅད་ཁ་ཕྲལ་ཏེ། ཧཱུྃ་བྷྱོ༔ ཉམས་པའི་དགྲ་བགེགས་དཔུང་བཅས་ལ༔ རྒྱལ་ཆེན་བཞི་ཡིས་ཡུངས་ཟོར་རྒྱོབ༔ ལུས་ངག་ཐལ་བའི་རྡུལ་དུ་རློག༔ མིང་ཙམ་མེད་པར་ཚར་ཆོད་ཅིག༔ ཅེས་དང༌། ཁྲོ་བོའི་སྤྱི་དྲིལ་བཟློག་སྔགས་ཤམ་ལྡན་བརྗོད་ཅིང་ཡུངས་ཟོར་འཕེན་པ་སོགས་རེ་རེ་བཞིན་བྱའོ། དྲུག་པ་དྲག་པོའི་གཏོར་ཆེན་འཕེན་པ་ནི། གཏོར་ཆེན་གྱི་ལྷ་དམ་ཚིག་པ་རྣམས་རང་ལ་ཐིམ་པས་གཟི་བྱིན་མཐུ་སྟོབས་མཆོག་ཏུ་འབར། གཏོར་མ་ཁྲོ་བོའི་དམག་ཚོགས་དང༌། ཟོར་རྫས་ལ་ཆག་སྒོ་རྐྱེན་བགེགས་ཐམས་ཅད་བསྟིམ་པས་ནད་མཚོན་སྨྱོ་དུག་གི་ཆར་ཆེན་པོའི་རང་བཞིན་ཏུ་གྱུར་པར་བསམས་ལ། ཧོཿ དགོངས་སུ་གསོལ་ལོ་རྒྱལ་བ་རྣམས༔ མཆོག་གསུམ་ཐུགས་དམ་མ་གཡེལ་ཅིག༔ རིག་འཛིན་བྱིན་རླབས་དཔུང་བསྐྱེད་ཅིག༔ ཡི་དམ་ལྷ་ཚོགས་མཐུ་མ་ཆུང་༔ ཁྲོ་བོའི་ཚོགས་རྣམས་རྩལ་མ་ཞན༔ ཆོས་སྐྱོང་སྲུང་མ་བང་མ་བུལ༔ དྲེགས་པ་སྡེ་བརྒྱད་ལས་ལ་འདུས༔ གུམ་གུམ་ཆུམ་ཆུམ་དུས་ལ་བབ༔ གཏོར་ཆེན་ལག་ཏུ་ཐོགས་ནས། ཧཱུྃ་བྷྱོ༔ དྲེགས་པའི་སྡེ་དཔོན་ཚོགས་རྣམས་དང་༔ ལྷ་སྲིན་འབྱུང་པོའི་དམག་ཚོགས་ཀུན༔ ཧེ་རུ་ཀ་དཔལ་བཀའ་བྱུང་གིས༔ དེ་རིང་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ་བྷྱོ༔ དཔལ་ཆེན་གཙོ་འཁོར་དབྱིངས་ནས་དགོངས་པ་སྐྱེད༔ མ་མོ་མཁའ་འགྲོའི་ཚོགས་རྣམས་ལས་ལ་ཆོས༔ རྡོ་རྗེའི་སྲུང་མས་དྲག་པོའི་རྩལ་ཤུགས་ཕྱུངས༔ ལྷ་སྲིན་སྡེ་བརྒྱད་ཚོགས་རྣམས་དམག་ལ་ཆོས༔ གཏོར་ཟོར་དུག་དང་མཚོན་ཆའི་ཆར་ཆེན་པོས༔ དམ་ཉམས་དགྲ་བགེགས་བྱད་མ་རྡུལ་དུ་རློག༔ དགྲ་དཔུང་རྩད་ཆོད་བགེགས་དཔུང་དྲུང་ནས་ཕྱུངས༔ མི་མཐུན་ཕྱོགས་རྣམས་བཟློག་པའི་དུས་ལ་བབས༔ ཆག་ཆེ་ཉམས་ང་བསྒྱུར་བའི་དུས་ལ་བབས༔ དགྲ་བགེགས་རྩད་ནས་བརླག་པའི་དུས་ལ་བབས༔ ཐུགས་དམ་དུས་ལ་བབས་བོ་ས་མ་ཡ༔ ཤྲཱི་ཧེ་རུ་ཀ་དྷཱ་ཀ་དྷཱ་ཀི་ནཱི་ཨཿཡཿམཿདུཿརུཿཙཿཤཿནཿས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་དང༌། གཞན་ཡང་སྤྱི་དྲིལ་ཤམ་ཅན་བཟློག་སྔགས་བཟླ་ཞིང༌། ཚམ་རྔམས་བཅས་གཏོར་རྩེ་དགྲ་ཕྱོགས་སུ་བསྟན་ལ་འཕང་པས། དགྲ་བགེགས་དམ་སྲི་ཐམས་ཅད་ཀྱི་གནས་ལུས་ལོངས་སྤྱོད་དང་བཅས་པ་རྩྭ་སྦུར་ལ་མེ་བརྒྱབ་པ་ལྟར་རྗེས་ཤུལ་ལྷག་མ་མེད་པར་བཅོམ་ཞིང༌། མི་ལྡོག་པར་རྒྱས་བཏབ་པར་བསམས་ལ། ཐལ་མོ་དང་དུལ་མོ་བརྡབ་ཅིང་དམོད་མོ་འུར། དགོངས་པའི་གདེངས་བསྐྱེད་ལ། ལྟ་སྟངས་ཀྱིས་གཟིར་བ་སོགས་བྱའོ། །བདུན་པ་ཟོར་རྗེས་གཅོད་པ་ནི། ཡེ་ཤེས་ཀྱི་བྱ་ཁྱུང་འཇིགས་སུ་རུང་བ་ཞིག་གིས་མཚམས་བཅད་པར་བསམས་ལ། ཨོཾ་ཁྲོཾ་བཛྲ་ག་རུ་ཌཱ་བྷྱོ་ཟློག༔ ཅེས་ཉེར་གཅིག་བཟླས་ལ། རྡོ་རྗེའི་གུར་དུ་བདག་གཞན་བསྲུང་བྱ་ཐམས་ཅད་ཚུད་པར་བསམས་ལ། ཕྲིན་ལས་བཞིན་སྲུང་འཁོར་གསལ་གདབ་བརྗོད། རྡོ་རྗེ་སློབ་དཔོན་གྱིས་རྟིང་མནན་ལ་ཚུར་ལྡོག་པའི་སྐབས་ཕྱི་སྙོགས་གཅོད་ཕྱིར་གདོང་ཕྱིར་བལྟས་ཏེ། ཧཱུྃ་ཧཱུྃ་ཧཱུྃ་བདུད་པྲ་མཱ་ར་ཡ་རྦད་ནན༔ ཁ་ལ་ཛ་མ་ལི་རྦད་ནན༔ ར་ཙ་དུ་ལིང་ཤག་རྦད་ནན༔ ཤིག་ཤིག་དུམ་དུམ་རྦད་ནན༔ ཚལ་བ་ཚལ་བ་རྦད་ནན༔ ཁྲོཾམ་ཁྲོམ་བྷྱོ་རྦད་ནན༔ རྨུག་རྨུག་རྦད་ནན༔ ཏིར་ཏིར་རྦད་ནན༔ ཚལ་དུ་ཚལ་དུ་རྦད་ནན༔ ཞེས་ཉེར་གཅིག་གམ་བདུན་བཟླའོ། །གསུམ་པ་མཇུག་བསྡུ་བ་ལ་གསུམ་ལས། དང་པོ་བརྟན་མ་སྐྱོང་བ་ནི། སྒོ་དྲུང་དུ་གཏོར་གཞོང་བཤལ་བའི་ཕུད་ཀྱིས་བརྟན་མའི་གཏོར་མ་བྲན་ལ། རྃ་ཡྃ་ཁྃ་གིས་བསང༌། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ་ཕྲིན་ལས་བཞིན་འབུལ་ལོ། །གཉིས་པ་གཏོར་མནན་ནི། སྒྲུབ་ཁང་གི་སྒོ་དྲུང་དུ་དོང་བྲུས་པར་དྲག་པོའི་སྦྱིན་སྲེག་གི་ཐལ་བ་བླུགས། དོང་བཅད་པའི་ཁར་གཏོར་གཞོང་སྦུབས་ལ་གྲོ་ར་བསྐོར་ཏེ། ཨེ་གྲུ་གསུམ་བར་དགྲ་དགེགས་དམ་སྲི་ཐམས་ཅད་བཀུག་པར་བསམ་ཞིང༌། དགུག་གཞུག་དང༌། བྲོ་བརྡུང་ཕྲིན་ལས་བཞིན་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ནི། ནང་དུ་ལོག་ནས་རྣལ་འབྱོར་རྒྱུན་གྱི་ལས་སྦྱོར་གྱི་རིམ་པ་ལྔ་པ་རྡོ་རྗེ་ཚེ་སྒྲུབ་ལྟར་ཏིང་འཛིན་གསལ་ཞིང་བཟླས་པ་ཚེ་འགུགས་བྱ། སྔར་ནམ་མཁར་བཞུགས་པའི་ལྷ་རྣམས་ལ་མཆོད་ཅིང་བསྟོད་དེ་དངོས་གྲུབ་བླངས་ཤིང་རང་ལ་བསྟིམ། ལྷག་ཆད་ཁ་བསྐང༌། དཀྱིལ་འཁོར་བསྡུ་ཞིང༌། བསྔོ་སྨོན་བཀྲ་ཤིས་རྣམས་ཀྱིས་མཐའ་བརྒྱན་པར་བྱའོ། །རྩ་བའི་ས་བཅད་ལྔ་པ་དགོས་ཆེད་ཕན་ཡོན་བསྟན་པ་ནི། དེ་ལྟར་བགྱིས་པས་ནུས་སྟོབས་ཀྱི་ཕན་ཡོན་བླ་ན་མེད་པ་འབྱུང་བ་གཞུང་ཆེན་པོ་རྣམས་ནས་གསུངས་པ་ལྟར་ཡིན་ལ། འདི་ཉིད་ལས། དེས་ནི་ནད་གདོན་བྱད་ཕུར་རྦོད་གཏོང་ཟུག་པ་སོགས་མི་མཐུན་པའི་རྐྱེན་དང་བར་ཆད་ཐམས་ཅད་འཕྲལ་དུ་བཟློག་པར་ཐེ་ཚོམ་མེད་དོ། །ཞེས་རྡོ་རྗེའི་ལུང་གིས་ངེས་པས་བསྟན་པ་བཞིན། དམ་ཚིག་དང་ལྡན་པས་གཞུང་བཞིན་བསྒྲུབ་ན་དྲག་པོའི་ཕྲིན་ལས་ཀྱི་དངོས་གྲུབ་ཚུལ་བཞིན་དུ་འབྱུང་བ་ནི་ངེས་པའི་ཚད་མའོ། །ཡེ་ཤེས་དབྱིངས་ལས་གདུག་པ་འདུལ་བའི་གར། །དཔལ་ཆེན་མཐུ་སྟོབས་རྡོ་རྗེའི་སྒྱོགས་ཆེན་པོས། །བདུད་དང་མུ་སྟེགས་རྒོལ་བ་གཏན་ནས་བརླག །རྣམ་རྒྱལ་རུ་མཚོན་སྲིད་རྩེར་སྦྲེང་གྱུར་ཅིག །ཅེས་པའང་གནའ་བོའི་དུས་གངས་ཅན་པའི་མིའི་བདག་པོ་ཕོ་བྲང་ཆེན་པོ་སྣེའུ་གདོང་རྩེ་པའི་རྣམ་རྒྱལ་གྲྭ་ཚང༌། བན་གཙང་ཐུབ་བསྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་རྡོར་སློབ་ཐུབ་བསྟན་རྒྱལ་མཚན་དབང་ཕྱུག་གི་གཙོས། དབུ་ཆོས་ལས་སྣེ་འདུས་གྲྭ་རྣམས་ནས་ཁྱད་པར་འཕགས་པའི་རྟེན་གྱི་ཕྲེང་བ་བཅས། བོད་ཡུལ་བསྟན་འགྲོའི་བདེ་སྐྱིད་ཀྱི་གཞི་མར་ཆོས་སྡེ་དེ་ཉིད་དུ་དཔལ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་ཚོགས་སྒྲུབ། སྨན་སྒྲུབ། ལས་སྦྱོར་སོགས་གསར་དུ་ཕྱག་ལེན་བསྟར་རྒྱུའི་ཆ་རྐྱེན་དུ་ཆེད་ཀྱིས་བསྐུལ་མ་ནན་ཏན་མཛད་པའི་གཡར་ངོ་མ་ལྡོག་ཙམ་དུ། གཏེར་གཞུང་གི་དངོས་བསྟན་རྩ་བར་བཟུང༌། རིགས་མཐུན་གྱི་གཏེར་ཁ་གཞན་ནས་ཁ་བསྐང་ཞིང༌། རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་ཕྱག་བཞེས་ཀྱིས་ཟུར་བརྒྱན་ཏེ་འདུ་བགྱིད་པ་པོ་ནི། སངས་རྒྱས་ཀརྨ་པའི་མཚན་གྱི་བྱིན་རླབས་ཐོབ་པའི་སྔགས་བཙུན་རང་བྱུང་མཁའ་ཁྱབ་རྟག་པའི་རྡོ་རྗེས། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ་གདན་ས་ཆེན་པོའི་ཡང་དབེན་གྱི་སྤོ་རུ་རབ་བྱུང་བཅོ་ལྔ་པའི་ནང་ཚན་དུས་ཀྱི་ཕོ་ཉ་ཞེས་པ། ས་རྟ་ནག་ཟླའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་བྲིས་པའི་ཡི་གེ་པ་ནི་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བགྱིས་པ་དགེ་ལེགས་འཕེལ།། །།

Footnotes

Other Information