བླ་རྫོགས་ཐུགས་གསུམ་འདུས་པའི་ཟབ་དོན་ཀུན་འདྲིལ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ་གྱི་ལས་བྱང་ཡེ་ཤེས་སྣང་བ།

From Khyentse Lineage - A Tsadra Foundation Project
JKW-KABAB-04-NGA-028
Wylie title bla rdzogs thugs gsum 'dus pa'i zab don kun 'dril yid bzhin nor bu mthong ba rang grol gyi las byang ye shes snang ba JKW-KABAB-04-NGA-028.pdf
Location mkhyen brtse'i bka' babs
Volume 4, Text 28, Pages 495-525 (Folios 1a to 16a6)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Tertön ཉི་མ་སེངྒེ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (nyi ma seng+ge, 'jam dbyangs mkhyen brtse'i dbang po)
Citation phun tshogs rnam rgyal. bla rdzogs thugs gsum 'dus pa'i zab don kun 'dril yid bzhin nor bu mthong ba rang grol gyi las byang ye shes snang ba. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 4: 495-525. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Activity Manual - las byang  ·  Revelations - gter ma
Cycle ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་ཞི་ཁྲོ་རྣམ་པར་རོལ་པ་ (thugs rje chen po pad+ma rgyal po zhi khro rnam par rol pa)
Karchag page JKW-KABAB-Volume-04-NGA-Karchag
Colophon

།ཅེས་བླ་རྫོགས་ཐུགས་གསུམ་འདུས་པའི་ཟབ་དོན་ཀུན་འདྲིལ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ་གྱི་ལས་བྱང་ཡེ་ཤེས་སྣང་བ་ཞེས་བྱ་བ་འདི་ནི་འཁོར་ལོའི་མགོན་པོ་༧ འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་མཁྱེན་བརྩེ་དབང་པོའི་བཀའ་བབས་ཀྱི་སྨིན་གྲོལ་སྩལ་སྐབས། ཆོག་བསྒྲིགས་རིགས་གང་དགོས་གྱིས་ཤིག་པའི་བཀའ་ཡི་གནང་བ་ཐོབ་ཅིང༌། བློ་གྲོས་ཕུན་ཚོགས་ལགས་ནས་ཀྱང་བསྐུལ་མ་ཡང་ཡང་གནང་བ་ལ་བརྟེན་ནས། ཡུལ་བྲག་གཡབ་གཞུང་ཤོད་དུ་སྐྱེས་ཤིང་མདོ་ཁམས་རྫོང་སར་དགོན་དུ་ངལ་སྟེགས་འཆའ་བ་ཕུན་ཚོགས་རྣམ་རྒྱལ་ཏུ་འབོད་པས་བསྡེབས་པ་སྟེ་དགེ་བས་མཚོ་སྐྱེས་བླ་མའི་བསྟན་པ་ལ་ཤིན་ཏུ་སྨན་པའི་རྒྱུར་གྱུར་ཅིག །མངྒ་ལཾ།།།།

ces bla rdzogs thugs gsum 'dus pa'i zab don kun 'dril yid bzhin nor bu mthong ba rang grol gyi las byang ye shes snang ba zhes bya ba 'di ni 'khor lo'i mgon po 7_'jam dbyangs mkhyen brtse thub bstan chos kyi rgya mtshos mkhyen brtse dbang po'i bka' babs kyi smin grol stsal skabs/__chog bsgrigs rigs gang dgos gyis shig pa'i bka' yi gnang ba thob cing*/_blo gros phun tshogs lags nas kyang bskul ma yang yang gnang ba la brten nas/__yul brag g.yab gzhung shod du skyes shing mdo khams rdzong sar dgon du ngal stegs 'cha' ba phun tshogs rnam rgyal tu 'bod pas bsdebs pa ste dge bas mtsho skyes bla ma'i bstan pa la shin tu sman pa'i rgyur gyur cig__/mang+ga laM//

[edit]
༁ྃ༔ བླ་རྫོགས་ཐུགས་གསུམ་འདུས་པའི་ཟབ་དོན་ཀུན་འདྲིལ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ་གྱི་ལས་བྱང་ཡེ་ཤེས་སྣང་བ་ཞེས་བྱ་བ་བཞུགས་སོ།། ཐུགས་ཆེན་པདྨ་རྒྱལ་པོ་དང༌། །དབྱེར་མེད་བླ་མ་ཨོ་རྒྱན་རྗེར། །སྒོ་གསུམ་དྭངས་བས་ཕྱག་འཚལ་ནས། །དེའི་ལས་བྱང་ཁྲིགས་སུ་བསྡེབས། དེ་ལ་བླ་མ་ཡི་དམ་དབྱེར་མེད་ཐུགས་རྗེ་ཆེན་པོ་པདྨ་རྒྱལ་པོ་སྒོམ་པར་འདོད་པས། གནས་དབེན་པར་ཕྱི་ནང་གི་འབྲེལ་པ་བཅད་ལ་སྐུ་གསུངས་ཐུགས་ཀྱི་རྟེན་དང༌། དབང་དང་སྒྲུབ་མཆོད་ཀྱི་ཚེ་ན་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་སོགས་དབང་ཆོག་ནས་འབྱུང་བ་ལྟར་དང༌། ཚོགས་མཆོད་དཀྱུས་མ་ཙམ་ལ་བླ་གཏོར་སྨན་རཀ་ཆད་བརྟན་ཉེར་སྤྱོད་དཀར་བགེགས་བཅས་དང་ཚོགས་ཀྱི་ཡོ་བྱད་སོགས་བཟང་ལ་མཛེས་པར་བཤམས། སྒྲུབ་པ་པོའི་མདུན་དུ་ཌ་དྲིལ་ནང་མཆོད་མེ་ཏོག་སོགས་འདུ་བྱས། བདེ་བའི་གདན་ལ་འཁོད། ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ལ་དགུ་ཡོད་པའི་ཐོག་མར་སྐྱབས་སུ་འགྲོ་བ་ནི། མདུན་གྱི་ནམ་མཁར་བླ་མ་དང་ཐུགས་རྗེ་ཆེན་པོ་བདེ་བཤེགས་ཞི་ཁྲོ་རྩ་གསུམ་རྒྱལ་བ་རབ་འབྱམས་མངོན་སུམ་དུ་བཞུགས་པར་མོས་ལ། ན་མོ༔ བླ་མ་ཡི་དམ་ཐུགས་རྗེ་ཆེ༔ ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ལྷ༔ སྐྱབས་གནས་རྒྱ་མཚོའི་བདག་ཉིད་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་པ་ནི། མར་གྱུར་འགྲོ་བ་ཀུན་དོན་ཏུ༔ བླ་མ་ཞི་ཁྲོ་བསྒྲུབས་ནས་ནི༔ སྟོང་ཉིད་སྙིང་རྗེ་དབྱེར་མེད་པས༔ གཞན་དོན་བྱེད་པར་སེམས་བསྐྱེད་དོ༔ གསུམ་པ་ཚད་མེད་བཞི་བསྒོམ་པ་ནི། འགྲོ་ཀུན་བདེ་དང་ལྡན་པ་དང་༔ སྡུག་བསྔལ་རྒྱུར་བཅས་ཀུན་དང་བྲལ༔ བདེ་ལས་རྟག་ཏུ་མི་ཉམས་ཤིང་༔ བཏང་སྙོམས་མཆོག་ལ་འགོད་པར་བགྱི༔ བཞི་པ་ཚོགས་བསགས་པ་ནི། ཧོ༔ བླ་མ་ཞི་ཁྲོའི་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་ལོ༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད༔ སྡིག་ལྟུང་གནོང་འགྱོད་དྲག་པོས་བཤགས༔ དགེ་ཚོགས་ཀུན་ལ་ཡི་རང་ངོ་༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས༔ ཆོས་འཁོར་བསྐོར་བཞིན་བཞུགས་པར་གསོལ༔ བསོད་ནམས་བྱང་ཆུབ་ཆེན་པོར་བསྔོ༔ ལྔ་པ་སྡོམ་པ་བཟུང་བ་ནི། ཧོ༔ བླ་མ་ཞི་ཁྲོའི་ལྷ་ཚོགས་དགོངས༔ བདག་གིས་འགྲོ་བ་ཀུན་དོན་དུ༔ སོ་ཐར་བྱང་སེམས་རིག་འཛིན་གྱི༔ སྡོམ་པ་མ་ལུས་ཡོངས་སུ་བཟུང་༔ བྱང་ཆུབ་བར་དུ་མི་བཏང་ན༔ ཐུགས་རྗེས་བྱིན་གྱིས་བརླབ་ཏུ་གསོལ༔ ཛཿཧཱུྃ་བྃ་ཧོཿས་ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། ཨོཾ་ཤྲི་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། རང་ཉིད་སྐད་ཅིག་གིས་རྟ་མཆོག་ཧེ་རུ་ཀ་སོགས་ཀྱི་དཀར་གཏོར་བཏང༌། དྲུག་པ་བགེགས་གཏོར་བཏང་བ་ནི། རྃ་ཡྃ་ཁྃ་གིས་བསང༌། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བརླབ། ཨོཾ་སརྦ་བྷཱུ་ཏ་ཨ་ཀརྵ་ཡ་ཛཿས་མགྲོན་བཀུག །ཨོཾ་སརྦ་བིགྷྣཱན་ན་མཿསརྦ་སོགས་ལན་གསུམ་གྱིས་བསྔོས་ལ། བགེགས་ལ་བཀའ་བསྒོ་བ་ནི། ཧྲཱིཿཧཱུྃ༔ ང་ནི་དབང་ཆེན་རྟ་མགྲིན་རྒྱལ༔ རྡོ་རྗེ་གསང་བའི་བདག་ཉིད་དེ༔ བགེགས་ཀྱི་ཚོགས་ཀུན་ཕྱིར་དེངས་ཤིག༔ འདས་ན་བརླག་པར་གདོན་མི་ཟ༔ དྲག་སྔགས་ཡུངས་ཐུན་ཚམ་རྔམ་བཅས་བསྐྲད། བདུན་པ་མཚམས་བཅད་པ་ནི། ཧཱུྃ༔ ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཀུན༔ སྟོང་ཉིད་ཡེ་ཤེས་རྡོ་རྗེའི་གུར༔ མི་ཕྱེད་འབར་བའི་འོད་ཟེར་འཁྲིགས༔ བར་ཆད་འབྱུང་པོ་མཚམས་བཅད་དོ༔ བཛྲ་ཛྙཱ་ན་རཀྵ་ཛྭ་ལ་རྃ་ཏིཥྛ་བྷྲུྃ༔ བརྒྱད་པ་བྱིན་དབབ་པ་ནི། སྤོས་བསྲེག་རོལ་མོའི་དབྱངས་དང་བཅས་པས། ཧཱུྃ་ཧྲཱིཿ སྐུ་གསུམ་རབ་འབྱམས་ཞིང་ཁམས་ནས༔ བླ་མ་རིག་འཛིན་ཡི་དམ་ལྷ༔ ཞི་ཁྲོ་རྒྱལ་བ་རྒྱ་མཚོའི་ཚོགས༔ ཐུགས་རྗེ་ཐུགས་དམ་དུས་ལ་བབ༔ གནས་འདིར་ཡེ་ཤེས་བྱིན་ཆེན་ཕོབ༔ རྣལ་འབྱོར་རྒྱུད་ལ་དབང་མཆོག་སྐུར༔ སྒྲུབ་པའི་རྫས་ཀྱི་གཟི་བྱིན་སྐྱེད༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཛཿཧཱུྃ་བྃ་ཧོཿ དགུ་པ་ཡོ་བྱད་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ༔ སྣོད་བཅུད་གཟུང་འཛིན་རྣམ་དག་ངང་༔ པདྨ་དགྱེས་པའི་ཞིང་ཁམས་སུ༔ ཕྱི་ནང་གསང་བ་རྨད་བྱུང་བའི༔ མཆོད་པའི་སྤྲིན་ཆེན་གཏིབས་པར་གྱུར༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤབྡ་པཉྩ་ཀཱ་མ་གུ་ཎ་མ་ཧཱ་སུ་ཁ་ཨཱཿཧཱུྃ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཨོཾ་ཨཱཿཧཱུྃ་ཧྲཱིཿཐཱ༔ གཉིས་པ་དངོས་གཞི་ལ་བདག་བསྐྱེད་ལ་བརྟེན་ནས་བསྙེན་པ་དང༌། མདུན་བསྐྱེད་ལ་བརྟེན་ནས་སྒྲུབ་པ་གཉིས་ལས་དང་པོ་ལ་བདུན་ལས་དང་པོ་ལྷའི་ཏིང་ངེ་འཛིན་བསྒོམས་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔ རང་རིག་སྟོང་གསལ་ཆེན་པོའི་ངང་ལས་ངག་ཏུ་ཧྲཱི་ཧྲཱི་ཞེས་བརྗོད་པས་སྣོད་བཅུད་པདྨ་དབང་གི་ཞིང་ཁམས་དང་རྡོ་རྗེ་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བར་གསལ་བའི་དབུས་སུ༔ པདྨ་དང་ཉི་ཟླའི་གདན་ལ་རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་སྐུ་མདོག་བྱེ་རུའི་སྡོང་པོ་ལ་ཏིལ་མར་གྱིས་བྱུགས་པར་ཉི་འོད་ཁྱབ་པ་ལྟ་བུ༔ ཞལ་གཅིག་ཕྱག་བཞི་པ༔ འཛུམ་ཞིང་ཆགས་ལ་ཅུང་ཟད་ཁྲོ་བའི་ཉམས་ཅན༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་པདྨ་རཱ་གའི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ༔ གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་དང་༔ གཡོན་འོག་མས་ཨུཏྤལ་དམར་པོའི་སྡོང་བུ་བསྣམས་པ༔ ཡུམ་ཡི་གེ་དྲུག་མ་གསང་བ་ཡེ་ཤེས་དམར་མོ་ཌ་མ་རུ་དང་ཐོད་ཆང་བསྣམས་པས་འཁྲིལ་བ༔ གཉིས་ཀའང་དར་དང་རིན་ཆེན་རུས་པ་དང་མེ་ཏོག་གི་ རྒྱན་གྱིས་བརྒྱན་པ༔ ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་ཐུགས་རྗེའི་འོད་ཟེར་དམར་པོ་འཕྲོ་བའི་ཀློང་ན་བཞུགས་པ༔ འཁོར་ལོ་ལྔའི་དབུས་སུ་རིགས་ལྔ་ཡབ་ཡུམ་དང་༔ དབང་པོ་བཞིའི་གཡས་གཡོན་དུ་སེམས་དཔའ་ཡབ་ཡུམ་མཉམ་པར་སྦྱོར་ཞིང་༔ དཔུང་པ་གཡས་སུ་སྲས་ནོར་བུ་འཛིན་པ༔ གཡོན་དུ་སྲས་མོ་གསང་སྔགས་འཛིན་མ༔ སྤྱི་བོ་ལ་སོགས་པའི་གནས་དྲུག་ཏུ་ཐུབ་པ་དྲུག༔ ཡན་ལག་བཞི་ལ་ཁྲོ་ཆེན་བཞི༔ བ་སྤུའི་བུ་ག་ཐམས་ཅད་དུ་བསྐལ་བཟང་གི་སེམས་དཔའ་སྟོང་དང་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་སོགས་རྩ་གསུམ་རྒྱལ་བ་རབ་འབྱམས་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་ཤིགས་སེར་བཞུགས་པ༔ སྤྱི་བོའི་གཙུག་ཏུ་པདྨ་དང་ཉི་ཟླའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་ཨོ་རྒྱན་པདྨ་རྡོ་རྗེ་འཆང་གི་རྣམ་པ་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་བདེ་བའི་དབང་ཕྱུག་མ་དམར་སྐྱ་པདྨ་དྲིལ་བུ་འཛིན་པ་འཁྲིལ་བ༔ གཉིས་ཀའང་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་འོད་ཐིག་ལེ་རིག་འཛིན་དཔའ་བོ་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བའི་ཀློང་ན་བཞུགས་པའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས༔ ཡེ་ཤེས་ཀྱི་དཀྱིལ་འཁོར་ནམ་མཁའ་གང་བ་སྤྱན་དྲངས་པར་བསམས་ལ༔ གཉིས་པ་སྤྱན་དྲངས་པ་ནི། དབྱངས་རོལ་བཅས། ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ རི་པོ་ཏ་ལའི་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ གསང་བ་ཡེ་ཤེས་གཤེགས་སུ་གསོལ༔ གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་ནས༔ རྩ་གསུམ་རྒྱ་མཚོ་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ལོ་ཀེ་ཤྭ་ར་པདྨ་རཱ་ཛ་བཛྲ་ས་མ་ཡ་ཛཿཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་ཡང་ཡང་བརྗོད། གསུམ་པ་བཞུགས་གསོལ་ནི། ཧཱུྃ་ཧྲཱི༔ རང་བྱུང་ལྷུན་གྲུབ་གཞལ་ཡས་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཛཿཧཱུྃ་བྃ་ཧོཿཏིཥྛ་ལྷན༔ ཞེས་པས་དམ་ཚིག་དང་ཡེ་ཤེས་དབྱེར་མེད་དུ་བཞུགས་པར་བསམ། བཞི་པ་དབང་བསྐུར་རྒྱས་གདབ་ནི། སླར་ཡང་དབང་གི་ལྷ་ནམ་མཁའ་གང་བར་བྱོན་ནས་བདུད་རྩིའི་དབང་བསྐུར་བས་བྱིན་གྱིས་བརླབས༔ ཆུ་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་པས་དབུར་བརྒྱན་པར་བསམ༔ ལྔ་་པ་ཕྱག་མཆོད་བསྟོད་པ་ནི། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་ཕྱག་མཆོད་བསྟོད་པ་བྱེད་པར་བསམ་ལ། ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཧྲཱི༔ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང་༔ ཞལ་དང་སྙན་དུ་མཆོད་པ་འབུལ༔ པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤཔྡ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨའི་རྒྱལ༔ སྐུ་མདོག་དམར་པོ་རྗེས་ཆགས་ཡེ་ཤེས་འབར༔ ཉག་གཅིག་ཞལ་དང་ཚད་མེད་བཞི་ཡི་ཕྱག༔ ཆོས་སྐུའི་རང་བཞིན་འོད་གསལ་རྡོ་རྗེར་སྡོམ༔ ལོངས་སྤྱོད་ཡོངས་རྫོགས་རིན་ཆེན་ཕྲེང་བ་འདྲེན༔ སྤྲུལ་པའི་རྣམ་འཕྲུལ་པདྨ་རྒྱས་པ་འཆང་༔ གསང་བ་ཡེ་ཤེས་བདེ་ཆེན་གཉིས་མེད་སྦྱོར༔ སྣང་སྟོང་མཚན་དཔེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ མཛེས་པའི་གཟུགས་དང་སྙན་པའི་སྒྲ༔ དྲི་ཞིམ་རོ་བཅུད་འཇམ་འཁྲིལ་རེག༔ ཟག་མེད་ཆོས་ཀུན་འབྱུང་བའི་གནས༔ ཡེ་ཤེས་དབྱིངས་སུ་མཆོད་པར་འབུལ༔ རཱུ་པ་ཤཔྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨའི་རྒྱལ༔ ཨཱ་ལི་ཀཱ་ལི་རང་བྱུང་སྔགས་ཀྱི་སྒྲས༔ བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཆར་ཆེན་འབེབས༔ ཕྱི་ནང་ས་ཆུ་མེ་རླུང་འབྱུང་བ་བཞི༔ འགྲོ་བ་རིགས་དྲུག་སོ་སོའི་སྒྲ་སྐད་ཀུན༔ ཡི་གེ་དྲུག་པའི་སྔགས་ཀྱི་དབྱངས་སུ་བསྒྱུར༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་མཛད་པའི༔ གྲགས་སྟོང་རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་ལ༔ གསང་བའི་མཆོད་པ་འབུལ་བ་ནི༔ ཡིད་འཕྲོག་རྡོ་རྗེའི་ལྷ་མོའི་ཚོགས༔ ནམ་མཁའ་གང་བར་རབ་སྤྲུལ་ནས༔ སྙོམས་འཇུག་དགའ་བཞིའི་སྒྱུ་རྩལ་མཆོག༔ ཟག་མེད་བདེ་ཆེན་རྒྱས་ཕྱིར་འབུལ༔ མ་ཧཱ་སུ་ཁ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨའི་རྒྱལ༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་དབྱིངས་སུ་སངས༔ ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྒྱས༔ འགྲོ་བ་ཀུན་ལ་བུ་གཅིག་ལྟ་བུར་བརྩེ༔ སངས་རྒྱས་ཀུན་དང་དབྱེར་མེད་བཅོམ་ལྡན་འདས༔ ལྷུན་གྲུབ་རྩོལ་མེད་ཕྲིན་ལས་མཁའ་དང་མཉམ༔ གདོད་ནས་རྣམ་དག་རང་བྱུང་ཆོས་ཀྱི་སྐུ༔ རིག་སྟོང་འོད་གསལ་ཐུགས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་ལ༔ ཁྱད་པར་མཆོད་པ་འབུལ་བ་ནི༔ རྩ་བརྒྱད་སྟོང་སྦྱར་སྨན་གྱིས་མཆོད༔ ཉོན་མོངས་བསྒྲལ་བའི་རཀྟས་མཆོད༔ བརྗིད་ལྡན་འདོད་ཡོན་གཏོར་མས་མཆོད༔ ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨའི་རྒྱལ༔ གར་གྱི་དབང་ཕྱུག་ཁྱབ་བདག་ཀུན་ཏུ་བཟང་༔ གསང་བ་ཡེ་ཤེས་བཟང་མོ་གཉིས་མེད་སྦྱོར༔ རིགས་འདུས་བླ་མ་གཙུག་གི་རྒྱན་དུ་འཆང་༔ ཕུང་ཁམས་སྐྱེ་མཆེད་རྟོག་ཚོགས་ཐམས་ཅད་ཀུན༔ ཞི་ཁྲོ་རབ་འབྱམས་རྩ་གསུམ་འཁོར་ལོར་རྫོགས༔ དྲན་པས་གདུང་སེལ་དངོས་གྲུབ་གཏེར་གྱི་མཛོད༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དྲུག་པ་ཉེས་བྱས་བཤགས་ཤིང་དངོས་གྲུབ་གསོལ་བ་ནི། ཧོ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་ཉོན་མོངས་འཁྲུལ་པའི་གཞན་དབང་གིས༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ ཚོར་དང་མ་ཚོར་སྡིག་ལྟུང་ཉམས་ཆག་ཀུན༔ འགྱོད་པས་བཤགས་སོ་བྱང་ཞིང་དག་པ་དང་༔ རྡོ་རྗེའི་ཚེ་དང་གཡུང་དྲུང་ལྟ་བུའི་ལུས༔ དད་དང་སྙིང་རྗེ་ཤེས་རབ་ཏིང་འཛིན་སྒོ༔ མངོན་ཤེས་རྗེས་དྲན་གཟུངས་དང་སྤོབས་པའི་གཏེར༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་རྣམ་པ་བཞི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ལྷ་སྔགས་ཡེ་ཤེས་དཀྱིལ་འཁོར་ལ་བརྟེན་ནས༔ ཐུགས་རྗེ་ཡུལ་ལ་འཇུག་པའི་ཕྲིན་ལས་ཀྱིས༔ ད་ལྟ་ཉིད་དུ་བདག་ལ་སྩལ་ནས་ཀྱང་༔ མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བ་དང་༔ འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་བཏབ་ཅིང་ལྷ་སྐུ་བདེ་བ་ཆེན་པོའི་ཡེ་ཤེས་སྒྱུ་མ་ལྟ་བུའི་ངང་དུ་མཉམ་པར་བཞག་གོ །བདུན་པ་བཟླས་པ་སྔགས་ཀྱི་ཏིང་ངེ་འཛིན་ལ་འཇུག་པ་ལ། བསྙེན་པ་ལས་ཕྱེ་བའི་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་བསྙེན་པའི་རྀམ་པ་ནི། སྤྱི་བོའི་བླ་མ་ལ་མོས་གུས་རྩེ་གཅིག་པས། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ གུ་རུ་པདྨ་རྡོ་རྗེ་འཆང་༔ བདག་ལ་རེ་ས་གཞན་ན་མེད༔ ཡེ་ཤེས་ཐུགས་རྗེས་དགོངས་སུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ལུས་ངག་ཡིད་ལ་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བཟླས་པས༔ གནས་གསུམ་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བདུད་རྩིའི་རྒྱུན་དང་བཅས་པ་རིམ་དང་གཅིག་ཅར་དུ་བྱུང་༔ རང་གི་གནས་གསུམ་དུ་རིམ་དང་གཅིག་ཅར་དུ་ཞུགས་ཤིང་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ་བཟླས་བརྗོད་འབུམ་ཕྲག་བཞི་བྱའོ། གཉིས་པ་སྒྲུབ་པ་ནི། རང་གི་སྙིང་གར་ཐུགས་རྡོ་རྗེ་མི་བསྐྱོད་པའི་ཐུགས་ཀའི་དབུས་སུ་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོགས་བཞིན་དུ་འཁོར་བ་ལས་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ ཞིང་རབ་འབྱམས་ཀྱི་རྩ་གསུམ་རྒྱལ་བ་རྒྱ་མཚོ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ནས་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་བསམས་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་འབུམ་ཕྲག་བདུན་བཟླའོ། གསུམ་པ་ལས་སྦྱོར་ནི། སླར་ཡང་ཐུགས་སྲོག་ས་བོན་གྱི་མཐར་གཟུངས་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས༔ ལུས་དཀྱིལ་གྱི་ལྷ་ཐམས་ཅད་ལ་ཁྱབ༔ མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་གསལ་བར་བྱས༔ བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་འབར་བའི་འོད་ཀྱིས་རིགས་དྲུག་གི་སེམས་ཅན་ལ་ཕོག༔ དེ་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས༔ སྣང་གྲགས་འགྱུ་གསུམ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ གང་ལ་གང་འདུལ་བའི་མཆོག་དང་ཐུན་མོང་གི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམས་ལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ་དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ༔ བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ མ་མ་སརྦ་པཱ་པཾ་ཀླེ་ཤ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྤྱི་དྲིལ་གྱི་ལས་སྦྱོར་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མོ་བྷ་ག་ཝ་ཏེ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་པདྨ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སཾ་མྱཀ་སཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་ན་མོ་པདྨ་ཤཱ་རི་རཱ་ཡ༔ པདྨ་ཨུཥྞཱི་ཥ་ཡ༔ པདྨ་ལོ་ཙ་ནཱ་ཡ༔ པདྨ་མུ་ཁཱ་ཡ༔ པདྨ་ཧསྟཱ་ཡ༔ པདྨ་པ་ད་ནཱ་ཡ༔ པདྨ་དྷ་རཱ་ཎཱ་ཡ༔ པདྨ་ཛྙཱ་ནཱ་ཡ༔ པདྨ་པཱ་རཱ་ཡ༔ པདྨ་ཨཾ་ཀུ་ཤཱ་ཡ༔ པདྨ་ཤཱ་རཱ་ཡ༔ པདྨ་བཛྲ་གརྦྷཱ་ཡ༔ པདྨ་སཾ་གྲ་ཧཱ་ཡ༔ པདྨ་སུ་ཁཱ་ཡ༔ པདྨ་ཕུལླཱ་ཡ༔ པདྨ་པྲ་བྷཱ་ཡ༔ པདྨ་ཏེ་ཛཱ་ཡ༔ པདྨ་པི་ཤྲནྷཱ་ཡ༔ པདྨ་སིཾ་ཧ་ནཱ་དཱ་ཡ༔ པདྨ་ལོ་ཀེ་ཤྭ་རཱ་ཡ༔ པདྨ་ཁ་ཙརྻཱ་ཡ༔ པདྨ་ག་ག་ན་རཱ་ཛཱ་ཡ༔ པདྨ་ཀྲཱི་ཏི་གརྦྷཱ་ཡ༔ པདྨ་བཱི་བྷ་ཡཱ་ཡ༔ པདྨ་ཙིནྟ་ཙཀྱཱ་ཡ༔ པདྨ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ པདྨ་ཨ་མོ་གྷ་པཱ་ཤཱ་ཡ༔ པདྨ་ཙིནྟ་མ་ཎཱི་ཡ༔ ཏདྱ་ཐཱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ མ་མ་སརྦ་སཏྭ་པཱ་པཾ་ཀླེ་ཤ་ཤོདྡྷ་ཡ་ཤོ་དྷ་ཡ༔ བི་ཤོ་དྷ་ཡ་བི་ཤོ་དྷ་ཡཿ སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ༔ ཧ་ན་ཧ་ན༔ པྲ་ཏི་ཧ་ན་པྲ་ཏི་ཧ་ན༔ ད་ཧ་ན་ད་ཧ་ན༔ སིཉྩ་ཡ་སིཉྩ་ཡ༔ སརྦ་མ་ལ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ དེ་ལྟར་ལས་སྦྱོར་སྤྱི་དྲིལ་གཟུངས་སྔགས་དང་བཅས་པ་འདི་ཁྲི་ཕྲག་གཅིག་བཟླས་པས་ཚེ་རབ་འཁོར་བ་གྲངས་མེད་དུ་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང་༔ འདོད་རྒུ་ཐམས་ཅད་ཡིད་བཞིན་དུ་འབྱོར་པ་དང་༔ འཁོར་བ་དོངས་ནས་སྤྲུགས་པའི་ཕྲིན་ལས་ལ་དབང་འབྱོར་བར་འགྱུར་རོ༔ ཐུན་མཐར་དབྱངས་གསལ་རྟེན་སྙིང་ཡིག་བརྒྱ་ལྷག་ཆད་བསྐང་མདུན་བསྐྱེད་དགོས་ན། སྐབས་འདིར་གཏོར་མ་འབུལ་མི་དགོས་པས་གཏོར་འབུལ་གྱི་མཇུག་གི་མཆོད་བསྟོད་དང་བསྡུ་ལྡང་བྱ། མདུན་བསྐྱེད་མེད་སྐབས་ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། ཅི་འབྱོར་པའི་གཏོར་མ་བསང་སྦྱང་བྱིན་གྱིས་བརླབས་ལ། གཏོར་མགྲོན་སྤྱན་དྲངས་པ་ནི། ཧྲཱི༔ བླ་མ་ཡི་དམ་ཐུགས་རྗེའི་ལྷ་ཚོགས་རྣམས༔ ཆོས་ཀྱི་དབྱིངས་ལ་རྩོལ་རྟོག་མི་མངའ་ཡང་༔ བདག་ཅག་ཚོགས་བསག་མཆོད་པ་བཞེས་སླད་དུ༔ ཡེ་ཤེས་སྒྱུ་མའི་རོལ་པས་གནས་འདིར་གཤེགས༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་པདྨ་རཱ་ཛ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ཛཿཧཱུྃ་བྃ་ཧོ༔ པདྨ་ཨཱ་ས་ན་ཏིཥྛནྟུ༔ གཏོར་མ་འབུལ་བ་ནི། ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀ་པདྨ་རཱ་ཛ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ༔ ཞེས་ལན་བདུན་གྱིས་ཕུལ། མཆོད་བསྟོད་ནི། ཧྲཱི༔ ཉེར་སྤྱོད་འདོད་ཡོན་བདེ་བ་ཆེ༔ སྨན་རག་གཏོར་ཚོགས་བསམ་མི་ཁྱབ༔ ཕྱི་ནང་གསང་བ་རྨད་བྱུང་བའི༔ མཆོད་པའི་ཕྱག་རྒྱ་ཆེན་པོར་རོལ༔ ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀཱ་རུ་ཎི་ཀ་པདྨ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་སརྦ་པཱུ་ཛ་ཧོ༔ ཧྲཱི༔ མཁའ་ཁྱབ་རྡོ་རྗེའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་ཀུན་ཏུ་སྟོན༔ བླ་མ་ཐུགས་རྗེའི་ལྷ་ཚོགས་ལ༔ སྒོ་གསུམ་གུས་པས་ཕྱག་འཚལ་བསྟོད༔ ཕྲིན་ལས་གསོལ་བ་ནི། འདོད་ཡོན་གཏོར་མ་འདི་བཞེས་ལ༔ བྱང་ཆུབ་ལམ་གྱི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཛོད༔ ཡི་གེ་བརྒྱ་པས་ནོངས་པ་བཤགས་ཤིང་ཛཿཧཱུྃ་བྃ་ཧོཿས་གཏོར་མགྲོན་རང་ལ་བསྟིམ། བསྡུ་ལྡང་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ༔ རང་ཉིད་གཞི་ལུས་ལྷ་དང་བཅས་པ་ལ་ཐིམ་ཞིང༔ དེའང་ཐུགས་སྲོག་ཧྲཱིཿའི་བར་དུ་འདུས་ནས་འོད་གསལ་སྤྲོས་པ་དང་བྲལ་བའི་ངང་དུ་གྱུར་པར་བསམས་ལ་མཉམ་པར་བཞག༔ སླར་ཡང་རང་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་བླ་མ་རིགས་ཀྱི་བདག་པོར་བཞུགས་པའི་སྐུར་ལམ་སྟེ་གྱུར་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་ཀཱ་ཝཱ་ཙི་རཀྵཱ་ཧྃ་ཞེས་སྒོ་གསུམ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ༔ སྨོན་ལམ་ནི། དགེ་བའི་རྩ་བ་འདི་ཡིས་བདག་གཞན་འགྲོ༔ སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་ཡོངས་སུ་རྫོགས༔ ས་དང་ལམ་གྱི་བགྲོད་པ་མཐར་ཕྱིན་ནས༔ འགྲོ་འདུལ་འཕགས་པའི་གོ་འཕང་མྱུར་ཐོབ་ཤོག༔ བཀྲ་ཤིས་ནི། བྱིན་རླབས་སྤྲིན་ཕུང་བླ་མ་རྡོ་རྗེ་འཆང་༔ དངོས་གྲུབ་ཆར་འབེབས་ཡི་དམ་ཐུགས་རྗེའི་གཏེར༔ འཁོར་བ་དོང་སྤྲུགས་བདེ་གཤེགས་སེམས་དཔའི་ཚོགས༔ རབ་འབྱམས་རྩ་གསུམ་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཅེས་བསྔོ་སྨོན་བཀྲ་ཤིས་བྱ༔ ཐུན་མཚམས་ཐམས་ཅད་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བསགས་སྦྱང་ལ་བཙོན་པར་བྱའོ༔ དེ་ལྟར་འབད་པས་རབ་དངོས༔ འབྲིང་ཉམས༔ ཐ་མ་རྨི་ལམ་དུ་བླ་མ་ཡི་དམ་གྱི་ཞལ་མཐོང་བ༔ གསུང་ཐོས་པ༔ ཡེ་ཤེས་རྒྱུད་ལ་སྐྱེ་བ་སོགས་རྟགས་མཐོང་ཞིང་༔ ཕྱིར་མི་ལྡོག་པའི་ས་ལ་རེག་པར་འགྱུར་རོ་གསུངས། གཉིས་པ་མདུན་བསྐྱེད་ལ་བརྟེན་ནས་སྒྲུབ་པ་ལ་དྲུག་ལས་དང་པོ་ལྷའི་རྣལ་འབྱོར་ནི། མདུན་རྟེན་ཨོཾ་མ་ཧཱ་ཤུ་ནྱཱེ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ༔གིས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཧྲཱི་ཧྲཱི་ཞེས་བརྗོད་པས་མདུན་བསྐྱེད་ཀྱི་དཀྱིལ་འཁོར་འབྱུང་བཞི་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་སྣ་ཚོགས་རྡོ་རྗེའི་སྟེགས་བུ་ལ་གནས་པའི་རྡོ་རྗེའི་སྲུང་འཁོར་ཡངས་ཤིང་རྒྱ་ཆེ་བ་གསལ་བརྟན་འོད་ཟེར་རབ་ཏུ་འབར་བ༔ དེའི་དབུས་སུ་བྷྲཱུྃ་ལས་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་བརྒྱན་པ༔ ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཕྱི་ནང་སྒྲིབ་མེད་དྭང་གསལ་འོད་ཀྱི་རང་བཞིན་ཅན་གྱི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་བཞི་པ་ཟེའུ་འབྲུ་དང་བཅས་པའི་སྙིང་པོར་ཟླ་བའི་དཀྱིལ་འཁོར་ཧྲཱིཿཡིག་དམར་པོས་མཚན་པ༔ དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་པདྨ་རཱ་ག་ལས་གྲུབ་པའི་རྡོ་རྗེ་དམར་པོ་རྩེ་ལྔ་པ་འོད་འབར་བ་ཧྲཱིཿཡིག་གིས་མཚན་པ་ལས་གཞལ་དུ་མེད་པའི་འོད་ཟེར་འཕྲོས༔ འཕགས་པ་རྣམས་མཆོད་ཅིང་ཐུགས་དམ་བསྐུལ༔ སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་སྦྱངས་ཏེ་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ལ་བཀོད༔ འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས་ཐུགས་རྗེ་ཆེན་པོ་པདྨའི་རྒྱལ་པོ་སྐུ་མདོག་བྱེ་རུའི་སྡོང་པོ་ལ་ཏིལ་མར་གྱིས་བྱུགས་པར་ཉི་འོད་ཁྱབ་པ་ལྟ་བུ༔ ཞལ་གཅིག་ཕྱག་བཞི་པ༔ འཛུམ་ཞིང་ཆགས་ལ་ཅུང་ཟད་ཁྲོ་བོའི་ཉམས་ཅན༔ ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་པདྨ་རཱ་གའི་རྡོ་རྗེ་རྩེ་ལྔ་པ་བསྣམས་པ༔ གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་དང་༔ གཡོན་འོག་མས་ཨུཏྤལ་དམར་པོའི་སྡོང་བུ་བསྣམས་པ༔ ཡུམ་ཡི་གེ་དྲུག་མ་གསང་བ་ཡེ་ཤེས་དམར་མོ་ཌ་མ་རུ་དང་ཐོད་ཆང་བསྣམས་པས་འཁྲིལ་བ༔ གཉིས་ཀའང་དར་དང་རིན་ཆེན་རུས་པ་དང་མེ་ཏོག་གི་རྒྱན་གྱིས་བརྒྱན་པ༔ ཞབས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་ཐུགས་རྗེའི་འོད་ཟེར་དམར་པོ་འཕྲོ་བའི་ཀློང་ན་བཞུགས་པ༔ དེའི་སྤྱི་བོར་པདྨ་དང་ཉི་ཟླའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་ཨོ་རྒྱན་པདྨ་རྡོ་རྗེ་འཆང་གི་རྣམ་པ་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་བདེ་བའི་དབང་ཕྱུག་མ་དམར་སྐྱ་པདྨ་དྲིལ་བུ་འཛིན་པ་འཁྲིལ་བ༔ གཉིས་ཀའང་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ༔ ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་འོད་ཐིག་ལེ་རིག་འཛིན་དཔའ་བོ་མཁའ་འགྲོའི་སྤྲིན་ཕུང་འཕྲོ་བའི་ཀློང་ན་རོལ་པ༔ གཙོ་བོའི་གཡས་སུ་སྲས་ནོར་བུ་འཛིན་པ༔ གཡོན་དུ་སྲས་མོ་གསང་སྔགས་འཛིན་མ༔ གཉིས་ཀའང་སྐུ་མདོག་དམར་གསལ་གཞོན་ཞིང་འཛུམ་པའི་ཉམས་ཅན༔ ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ༔ གཡས་འོག་མས་མུ་ཏིག་དམར་པོའི་ཕྲེང་བ་དང་༔ གཡོན་འོག་མས་པདྨ་དམར་པོ་འཆང་བ༔ དར་དང་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བས་བརྒྱན་ཅིང་ཞབས་སེམས་སྐྱིལ་གྱིས་གཙོ་བོ་ལ་འདུད་པའི་ཚུལ་གྱིས་པད་ཟླའི་གདན་ལ་བཞུགས་པ༔ པད་འདབ་བཞིའི་ལྟེ་བར་ཟླ་བའི་གདན་ལ་མདུན་དུ་རྣམ་པར་སྣང་མཛད༔ ཤར་དུ་རྡོ་རྗེ་སེམས་དཔའ༔ ལྷོར་རིན་ཆེན་འབྱུང་ལྡན༔ ནུབ་ཏུ་སྣང་བ་མཐའ་ཡས༔ བྱང་དུ་དོན་ཡོད་གྲུབ་པ་རྣམས་རང་རང་གི་རིགས་ཀྱི་ཡུམ་དང་མཉམ་པར་སྦྱོར་བ༔ དེའི་ཕྱི་རོལ་མུ་ཁྱུད་སྣ་ཚོགས་པདྨ་འདབ་མ་བརྒྱད་ལ་ཟླ་བའི་སྟེང་དུ་ཕྱི་ནང་གི་སེམས་དཔའ་ཡབ་ཡུམ་བཅུ་དྲུག་འཁྲིལ་སྦྱོར་དུ་རོལ་པ༔ དེའི་ཕྱི་རོལ་ཏུ་མུ་ཁྱུད་རིམ་པ་བཞིར་པད་འདབ་སྟོང་དང་ཟླ་བའི་གདན་ལ་བསྐལ་བཟང་གི་སེམས་དཔའ་སྟོང་༔ ཁྱམས་ཀྱི་ཕྱོགས་བཞི་སྟེང་འོག་རྣམས་སུ་སྤྲུལ་སྐུ་ཐུབ་པ་དྲུག༔ སྒོ་བཞིར་ཉི་མ་ལ་གནས་པའི་མཐར་བྱེད་སྒོ་བ་ཡབ་ཡུམ་བརྒྱད་རྣམས་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་མ་འདྲེས་ཡོངས་རྫོགས་ཆེན་པོར་གསལ་བའི་སྟེང་གི་ནམ་མཁར་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང་༔ གཞན་ཡང་རྩ་གསུམ་རྒྱལ་བ་རབ་འབྱམས་ཐམས་ཅད་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་བདེ་སྟོང་འོད་ཀྱི་ཕུང་པོར་ཤིགས་སེར་བཞུགས་པའི་གཙོ་འཁོར་ཐམས་ཅད་ཀྱི་གནས་གསུམ་ཡིག་འབྲུ་གསུམ་ལས་འོད་ཟེར་འཕྲོས༔ འཇིག་རྟེན་དབང་ཕྱུག་ཞི་ཁྲོ་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་མཁའ་ཁྱབ་ཏུ་སྤྱན་དྲངས་པར་བསམ་ལ༔ གཉིས་པ་སྤྱན་འདྲེན་ནི། སྤོས་རོལ་དབྱངས་དང་བཅས་ཏེ། ཧཱུྃ་ཧྲཱི༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ དྷ་ན་ཀོ་ཥའི་མཚོ་གླིང་དུ༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ རི་པོ་ཏ་ལའི་ཕོ་བྲང་ནས༔ ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ གསང་བ་ཡེ་ཤེས་གཤེགས་སུ་གསོལ༔ གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་ནས༔ རྩ་གསུམ་རྒྱ་མཚོ་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་དྷེ་ཝ་དྷཱ་ཀི་ནཱི་ལོ་ཀེ་ཤྭ་ར་པདྨ་རཱ་ཛ་བཛྲ་ས་མ་ཡ་ཛཿཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་ཡང་ཡང་བརྗོད། གསུམ་པ་བཞུགས་གསོལ་ནི། ཧཱུྃ་ཧྲཱི༔ རང་བྱུང་ལྷུན་གྲུབ་གཞལ་ཡས་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་རྣམས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡ་ཛཿཧཱུྃ་བྃ་ཧོཿཏིཥྛ་ལྷན༔ ཞེས་པས་དམ་ཚིག་དང་ཡེ་ཤེས་དབྱེར་མེད་དུ་བཞུགས་པར་བསམ། བཞི་པ་དབང་བསྐུར་རྒྱས་གདབ་ནི། སླར་ཡང་དབང་གི་ལྷ་ནམ་མཁའ་གང་བར་བྱོན་ནས་བདུད་རྩིའི་དབང་བསྐུར་བས་བྱིན་གྱིས་བརླབས༔ ཆུ་ལྷག་མ་སྤྱི་བོར་འཁྱིལ་པ་ལས་རིགས་ཀྱི་བདག་པོ་འོད་དཔག་མེད་པས་དབུར་བརྒྱན་པར་བསམ༔ ལྔ་་པ་ཕྱག་མཆོད་བསྟོད་པ་ནི། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོའི་ཚོགས་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ་ཕྱག་མཆོད་བསྟོད་པ་བྱེད་པར་བསམ་ལ། ན་མོ༔ སྐྱེ་འགག་འགྱུར་མེད་ཕྲིན་ལས་རྫོགས༔ རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ༔ ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ ཧྲཱི༔ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་ལ༔ ཕྱི་ཡི་མཆོད་པ་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཡིད་འོང་རྣམས༔ སྤྱན་ཤངས་ཐུགས་ཀ་སྐུ་ལུས་དང་༔ ཞལ་དང་སྙན་དུ་མཆོད་པ་འབུལ༔ པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བིདྱཱ་ཤཔྡ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨའི་རྒྱལ༔ སྐུ་མདོག་དམར་པོ་རྗེས་ཆགས་ཡེ་ཤེས་འབར༔ ཉག་གཅིག་ཞལ་དང་ཚད་མེད་བཞི་ཡི་ཕྱག༔ ཆོས་སྐུའི་རང་བཞིན་འོད་གསལ་རྡོ་རྗེར་སྡོམ༔ ལོངས་སྤྱོད་ཡོངས་རྫོགས་རིན་ཆེན་ཕྲེང་བ་འདྲེན༔ སྤྲུལ་པའི་རྣམ་འཕྲུལ་པདྨ་རྒྱས་པ་འཆང་༔ གསང་བ་ཡེ་ཤེས་བདེ་ཆེན་གཉིས་མེད་སྦྱོར༔ སྣང་སྟོང་མཚན་དཔེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧྲཱིཿ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་ལ༔ རང་བྱུང་ནང་མཆོད་འབུལ་བ་ནི༔ མཛེས་པའི་གཟུགས་དང་སྙན་པའི་སྒྲ༔ དྲི་ཞིམ་རོ་བཅུད་འཇམ་འཁྲིལ་རེག༔ ཟག་མེད་ཆོས་ཀུན་འབྱུང་བའི་གནས༔ ཡེ་ཤེས་དབྱིངས་སུ་མཆོད་པར་འབུལ༔ རཱུ་པ་ཤཔྡ་གནྡྷེ་ར་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱི༔ ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨའི་རྒྱལ༔ ཨཱ་ལི་ཀཱ་ལི་རང་བྱུང་སྔགས་ཀྱི་སྒྲས༔ བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་ཆར་ཆེན་འབེབས༔ ཕྱི་ནང་ས་ཆུ་མེ་རླུང་འབྱུང་བ་བཞི༔ འགྲོ་བ་རིགས་དྲུག་སོ་སོའི་སྒྲ་སྐད་ཀུན༔ ཡི་གེ་དྲུག་པའི་སྔགས་ཀྱི་དབྱངས་སུ་བསྒྱུར༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་མཛད་པའི༔ གྲགས་སྟོང་རྡོ་རྗེའི་གསུང་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་ལ༔ གསང་བའི་མཆོད་པ་འབུལ་བ་ནི༔ ཡིད་འཕྲོག་རྡོ་རྗེའི་ལྷ་མོའི་ཚོགས༔ ནམ་མཁའ་གང་བར་རབ་སྤྲུལ་ནས༔ སྙོམས་འཇུག་དགའ་བཞིའི་སྒྱུ་རྩལ་མཆོག༔ ཟག་མེད་བདེ་ཆེན་རྒྱས་ཕྱིར་འབུལ༔ མ་ཧཱ་སུ་ཁ་ག་ཎ་གུ་ཧྱ་པཱུ་ཛ་ཧོ༔ ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨའི་རྒྱལ༔ ཉོན་མོངས་ཤེས་བྱའི་སྒྲིབ་གཉིས་དབྱིངས་སུ་སངས༔ ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་རྒྱས༔ འགྲོ་བ་ཀུན་ལ་བུ་གཅིག་ལྟ་བུར་བརྩེ༔ སངས་རྒྱས་ཀུན་དང་དབྱེར་མེད་བཅོམ་ལྡན་འདས༔ ལྷུན་གྲུབ་རྩོལ་མེད་ཕྲིན་ལས་མཁའ་དང་མཉམ༔ གདོད་ནས་རྣམ་དག་རང་བྱུང་ཆོས་ཀྱི་སྐུ༔ རིག་སྟོང་འོད་གསལ་ཐུགས་ལ་ཕྱག་འཚལ་བསྟོད༔ ཧྲཱི༔ རྩ་གསུམ་ཐུགས་རྗེའི་ལྷ་ཚོགས་ལ༔ ཁྱད་པར་མཆོད་པ་འབུལ་བ་ནི༔ རྩ་བརྒྱད་སྟོང་སྦྱར་སྨན་གྱིས་མཆོད༔ ཉོན་མོངས་བསྒྲལ་བའི་རཀྟས་མཆོད༔ བརྗིད་ལྡན་འདོད་ཡོན་གཏོར་མས་མཆོད༔ ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ་ཧྲཱིཿ ཐུགས་རྗེ་ཆེན་པོ་འགྲོ་འདུལ་པདྨའི་རྒྱལ༔ གར་གྱི་དབང་ཕྱུག་ཁྱབ་བདག་ཀུན་ཏུ་བཟང་༔ གསང་བ་ཡེ་ཤེས་བཟང་མོ་གཉིས་མེད་སྦྱོར༔ རིགས་འདུས་བླ་མ་གཙུག་གི་རྒྱན་དུ་འཆང་༔ ཕུང་ཁམས་སྐྱེ་མཆེད་རྟོག་ཚོགས་ཐམས་ཅད་ཀུན༔ ཞི་ཁྲོ་རབ་འབྱམས་རྩ་གསུམ་འཁོར་ལོར་རྫོགས༔ དྲན་པས་གདུང་སེལ་དངོས་གྲུབ་གཏེར་གྱི་མཛོད༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དྲུག་པ་ཉེས་བྱས་བཤགས་ཤིང་དངོས་གྲུབ་གསོལ་བ་ནི། ཧོ༔ འགྲོ་འདུལ་ཐུགས་རྗེའི་ལྷ་ཚོགས་དགོངས་སུ་གསོལ༔ བདག་ཅག་ཉོན་མོངས་འཁྲུལ་པའི་གཞན་དབང་གིས༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ ཚོར་དང་མ་ཚོར་སྡིག་ལྟུང་ཉམས་ཆག་ཀུན༔ འགྱོད་པས་བཤགས་སོ་བྱང་ཞིང་དག་པ་དང་༔ རྡོ་རྗེའི་ཚེ་དང་གཡུང་དྲུང་ལྟ་བུའི་ལུས༔ དད་དང་སྙིང་རྗེ་ཤེས་རབ་ཏིང་འཛིན་སྒོ༔ མངོན་ཤེས་རྗེས་དྲན་གཟུངས་དང་སྤོབས་པའི་གཏེར༔ ཚར་གཅོད་རྗེས་འཛིན་ཕྲིན་ལས་རྣམ་པ་བཞི༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག༔ ལྷ་སྔགས་ཡེ་ཤེས་དཀྱིལ་འཁོར་ལ་བརྟེན་ནས༔ ཐུགས་རྗེ་ཡུལ་ལ་འཇུག་པའི་ཕྲིན་ལས་ཀྱིས༔ ད་ལྟ་ཉིད་དུ་བདག་ལ་སྩལ་ནས་ཀྱང་༔ མཐོང་ཐོས་དྲན་རེག་སྨིན་ཅིང་གྲོལ་བ་དང་༔ འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས༔ ཞེས་གསོལ་བ་བཏབ། བདུན་པ་བཟླས་པ་སྔགས་ཀྱི་ཏིང་ངེ་འཛིན་ལ་འཇུག་པ་ལ་གསུམ་ལས། དང་པོ་བསྙེན་པའི་རིམ་པ་ནི། ཀྱེ་ཀྱེ་བླ་མ་རིན་པོ་ཆེ༔ གུ་རུ་པདྨ་རྡོ་རྗེ་འཆང་༔ བདག་ལ་རེ་ས་གཞན་ན་མེད༔ ཡེ་ཤེས་ཐུགས་རྗེས་དགོངས་སུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་སོལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ལུས་ངག་ཡིད་ལ་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་ཅུང་ཟད་བཟླ། གཉིས་པ་གཙོ་བོར་སྒྲུབ་པའི་དམིགས་བཟླས་ནི། རང་གི་སྙིང་གར་ཐུགས་རྡོ་རྗེ་མི་བསྐྱོད་པའི་ཐུགས་ཀའི་དབུས་སུ་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ལྟེ་བར་ཧྲཱིཿཡིག་དམར་པོ་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་རང་སྒྲ་སྒྲོགས་བཞིན་དུ་འཁོད་པ་ལས་སྔགས་ཀྱི་ཕྲེང་བ་ལུ་གུ་རྒྱུད་དུ་བར་མ་ཆད་པར་བྱུང་བ་ཞལ་ནས་ཐོན༔ མདུན་བསྐྱེད་ཀྱི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ༔ དེ་ལས་འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ ཞིང་རབ་འབྱམས་ཀྱི་རྩ་གསུམ་རྒྱལ་བ་རྒྱ་མཚོ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་སྤྱན་དྲངས་ནས་རང་ལ་ཐིམ་པས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་བསམ་ལ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཞེས་ཡིག་བདུན་འབུམ་ཕྲག་གསུམ་མམ། གཉིས་སམ། གཅིག་གིས་མཐའ་བརྟེན་པར་བཟླ། གསུམ་པ་ལས་སྦྱོར་ལ་ཐུན་མོང་དང་ཁྱད་པར་གཉིས་ལས་དང་པོ་ནི། སླར་ཡང་རང་གི་ཐུགས་སྲོག་ས་བོན་གྱི་མཐར་གཟུངས་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས༔ མདུན་བསྐྱེད་ཀྱི་ལྷ་ཚོགས་རྣམས་ལ་ཐིམ༔ གསལ་བརྟན་བདེ་བ་ཆེན་པོའི་ཡེ་ཤེས་མཆོག་ཏུ་འབར་བའི་འོད་ཀྱིས་རིགས་དྲུག་གི་སེམས་ཅན་ལ་ཕོག༔ དེ་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས༔ སྣང་གྲགས་འགྱུ་གསུམ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་རབ་འབྱམས་ཀྱི་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས༔ གང་ལ་གང་འདུལ་བའི་མཆོག་དང་ཐུན་མོང་གི་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པར་བསམ་ལ། ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མོ་བྷ་ག་ཝ་ཏེ་སརྦ་ཏ་ཐཱ་ག་ཏ་ལོ་ཀེ་ཤྭ་ར་པདྨ་རཱ་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨརྷ་ཏེ་སཾ་མྱཀ་སཾ་བུདྡྷཱ་ཡ༔ ཏདྱ་ཐཱ༔ ཨོཾ་ན་མོ་པདྨ་ཤཱ་རི་རཱ་ཡ༔ པདྨ་ཨུཥྞཱི་ཥ་ཡ༔ པདྨ་ལོ་ཙ་ནཱ་ཡ༔ པདྨ་མུ་ཁཱ་ཡ༔ པདྨ་ཧསྟཱ་ཡ༔ པདྨ་པ་ད་ནཱ་ཡ༔ པདྨ་དྷ་རཱ་ཎཱ་ཡ༔ པདྨ་ཛྙཱ་ནཱ་ཡ༔ པདྨ་པཱ་རཱ་ཡ༔ པདྨ་ཨཾ་ཀུ་ཤཱ་ཡ༔ པདྨ་ཤཱ་རཱ་ཡ༔ པདྨ་བཛྲ་གརྦྷཱ་ཡ༔ པདྨ་སཾ་གྲ་ཧཱ་ཡ༔ པདྨ་སུ་ཁཱ་ཡ༔ པདྨ་ཕུལླཱ་ཡ༔ པདྨ་པྲ་བྷཱ་ཡ༔ པདྨ་ཏེ་ཛཱ་ཡ༔ པདྨ་པི་ཤྲནྷཱ་ཡ༔ པདྨ་སིཾ་ཧ་ནཱ་དཱ་ཡ༔ པདྨ་ལོ་ཀེ་ཤྭ་རཱ་ཡ༔ པདྨ་ཁ་ཙརྻཱ་ཡ༔ པདྨ་ག་ག་ན་རཱ་ཛཱ་ཡ༔ པདྨ་ཀྲཱི་ཏི་གརྦྷཱ་ཡ༔ པདྨ་བཱི་བྷ་ཡཱ་ཡ༔ པདྨ་ཙིནྟ་ཙཀྱཱ་ཡ༔ པདྨ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ༔ པདྨ་ཨ་མོ་གྷ་པཱ་ཤཱ་ཡ༔ པདྨ་ཙིནྟ་མ་ཎཱི་ཡ༔ ཏདྱ་ཐཱ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ མ་མ་སརྦ་སཏྭ་པཱ་པཾ་ཀླེ་ཤ་ཤོདྡྷ་ཡ་ཤོ་དྷ་ཡ༔ བི་ཤོ་དྷ་ཡ་བི་ཤོ་དྷ་ཡ༔ སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ཡ༔ ཧ་ན་ཧ་ན༔ པྲ་ཏི་ཧ་ན་པྲ་ཏི་ཧ་ན༔ ད་ཧ་ན་ད་ཧ་ན༔ སིཉྩ་ཡ་སིཉྩ་ཡ༔ སརྦ་མ་ལ་བི་ཤོ་དྷ་ན་ཡེ་སྭཱ་ཧཱ༔ ཅེས་གཟུངས་སྔགས་ཁྲི་ཕྲག་གཅིག་བཟླའོ། །གཉིས་པ་ཁྱད་པར་གྱི་ལས་སྦྱོར་སྐུ་ཕྱག་རྒྱ་མཐོང་གྲོལ། གསུང་ཐོས་པས་གྲོལ་བ། ཐུགས་དགོངས་པས་གྲོལ་བ། ཡོན་ཏན་རེག་པས་གྲོལ་བ། ཕྲིན་ལས་ཚོར་བས་གྲོལ་བ། ཡོངས་རྫོགས་མྱོང་བས་གྲོལ་བ་རྣམས་ཉམས་སུ་བསྟར་བར་འདོད་ན་གཏེར་གཞུང་ལས་རྟོགས་པར་བྱའོ། །ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་བཟླས་པས་ལྷག་ཆད་ཁ་བསྐང་ཤིང༌། གོང་བསྙེན་པའི་མཇུག་ལྟར་གཏོར་མ་ཕུལ་ཤིང་བསྡུ་ལྡང་སྨོན་ལམ་ཤིས་བརྗོད་རྣམས་མི་དགོས། དེ་ནས་བཀའ་གཏེར་སྲུང་མའི་གཏོར་བསྔོ་དང་ན་རག་བསྐང་བཤགས་བརྗོད་མེད་དོན་བཤགས་བཅས་ཅི་རིགས་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ་དགུ་ལས། དང་པོ་ཚོགས་ཀྱི་མཆོད་པ་ནི། ཚོགས་རྫས་རྣམས་ལ་བདུད་རྩིས་བྲན། ཧཱུྃ༔ ཡེ་ཤེས་རིག་རྩལ་མེ་རླུང་ཆུས༔ ཚོགས་རྫས་དངོས་འཛིན་བསྲེག་གཏོར་བཀྲུས༔ པདྨ་བྷཉྫའི་སྣོད་ཡངས་པར༔ འདོད་ཡོན་བདུད་རྩིའི་བཅུད་དུ་འཁྱིལ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཞེས་བརླབ། ཚོགས་ཞིང་སྤྱན་འདྲེན་པ་ནི། ཧྲཱི༔ དམིགས་མེད་མཁའ་ལྟར་དག་པ་ལས༔ ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་ཚུལ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ལྷ༔ ཚོགས་མཆོག་དཀྱིལ་འཁོར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དེ་བ་ཌཱ་ཀི་ནི་མཎྜ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ས་མ་ཡ་ཧོ༔ ས་མ་ཡ་སྟཾ༔ ཕུད་དང་པོ་མཆོད་པ་ནི། ཨོཾ་ཨཱཿཧཱུྃ༔ ཚོགས་རྫས་བདུད་རྩིའི་རྒྱ་མཚོ་ཆེ༔ ཁ་དོག་དྲི་རོ་ནུས་བཅུད་ལྡན༔ འདོད་ཡོན་རྣམ་པ་ཐམས་ཅད་པས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་གྱུར་ཅིག༔ མ་ཧཱ་ག་ཎ་ཙ་ཀྲ་པཱུ་ཛ་ཧོ༔ བར་པ་བཤགས་པ་ནི། ཧོཿ ཐོག་མེད་དུས་ནས་ད་ལྟའི་བར༔ མི་ཤེས་ཉོན་མོངས་བག་མེད་པས༔ སྡིག་ལྟུང་ཉམས་ཆག་ཅི་མཆིས་པ༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ཅེས་དང་ཡི་གེ་བརྒྱ་པ་བརྗོད། ཐ་མ་བསྒྲལ་ཤིང་བསྟབ་པ་ནི། བདག་ཉིད་རྟ་མཆོག་ཧེ་རུ་ཀའི༔ ཐུགས་ལས་སྤྲུལ་པའི་ཕོ་ཉ་སྤྲོས༔ དགྲ་བགེགས་འབྱུང་པོ་དགུག་ཅིང་བསྟིམ༔ མཚན་མའི་རྫས་དང་དབྱེར་མེད་གྱུར༔ ཨེ་ནྲྀ་ཏྲི་ཛཿཧཱུྃ་བྃ་ཧོཿ ཧཱུྃ༔ ཕུར་པ་དཔལ་ཆེན་ཀཱི་ལ་ཡ༔ རྣོ་དཔལ་འབར་བའི་མཚོན་ཆ་ཡིས༔ གདུག་ཅིང་གཏུམ་པའི་ཚོགས་རྣམས་ཀུན༔ རྡུལ་དུ་བྱས་ནས་ཚོགས་ལ་འབུལ༔ ཨོཾ་པདྨ་ཀཱི་ལི་ཀཱི་ལཱ་ཡ་སརྦ་དུཥྟཱན་མཱ་ར་ཡ་ཧཱུྃ་ཕཊ༔ སརྦ་དུཥྟཱན་མཱཾ་སཀྟ་ཀིཾ་ནི་རི་ཏི་ག་ཎ་ཙཀྲ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་དབུལ། དེ་ནས་དམ་ཚིག་གི་རྫས་ལོངས་སྤྱོད་པས་ལུས་དཀྱིལ་གྱི་ལྷ་རྣམས་ཟག་པ་མེད་པའི་བདེ་བས་ཚིམ་པར་མོས་ཏེ་ཚོགས་ལ་རོལ། སྤྲོ་ན་རྡོ་རྗེའི་གླུ་དང་གར་ཡང་བྱ། ལྷག་མ་བསྡུས་ཏེ་བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིས་བརླབ། ཧཱུྃ༔ ཐུགས་རྗེ་ཆེན་པོའི་བཀའ་འཁོར་ན༔ མུ་རན་སྐྱོང་བའི་སྲུང་མ་ཀུན༔ ལྷག་མའི་དམ་ཚིག་འདི་བཞེས་ལ༔ རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧཱི་ཁཱ་ཧི༔ ཞེས་ཕྱིར་བསྐྱལ། སྨོན་ལམ་ནི། པདྨ་ཞི་ཁྲོའི་དཀྱིལ་འཁོར་དུ། །ཚོགས་ཀྱི་འཁོར་ལོས་མཆོད་པ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །སྤྲོ་ན་མར་མེའི་སྨོན་ལམ་གདབ། གཉིས་པ་ཡེ་ཤེས་ལྷ་ཚོགས་ཐུགས་དམ་བསྐུལ་བ་ནི། ཧྲཱི༔ ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ འགྲོ་འདུལ་བླ་མ་ཡི་དམ་ལྷ༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཚོགས༔ ཐུགས་རྗེའི་དབང་གིས་སྐུ་བཞེངས་ལ༔ ཐུགས་དམ་དབང་གིས་ཕྲིན་ལས་མཛོད༔ སྡིག་སྒྲིབ་ཉམས་ཆག་དབྱིངས་སུ་སྦྱོངས༔ ཡེ་ཤེས་རིག་པའི་རྩལ་ཆེན་སྤོར༔ གཟུང་འཛིན་རྟོག་ཚོགས་དབང་དུ་སྡུས༔ གཉིས་སྣང་འཁྲུལ་པའི་དགྲ་བགེགས་ཐུལ༔ ཁམས་གསུམ་འགྲོ་ཀུན་གྲོལ་བར་མཛོད༔ ཅེས་བསྐུལ། གསུམ་པ་སྲུང་མ་ལ་ཐ་ཚིག་བསྒྲག་པ་ནི། ཧཱུྃ༔ དགོངས་བརྡ་སྙན་བརྒྱུད་རིག་འཛིན་གྱིས༔ ཐ་ཚིག་གཉེར་གཏད་ཆོས་སྲུང་ཚོགས༔ སྨན་རག་ཕུད་ཀྱི་ཨརྒྷཾ་དང་༔ འདོད་འབྱུང་གཏོར་མའི་ལོངས་སྤྱོད་བཞེས༔ བདག་ཅག་བྱང་ཆུབ་སྒྲུབ་པ་ཡི༔ ལམ་གྱི་བར་ཆད་ཞི་བར་མཛོད༔ ཚེ་སྲིངས་དཔལ་སྐྱེད་འབྱོར་པ་སྤེལ༔ བསྟན་དང་དེར་འཛིན་བུ་བཞིན་སྐྱོངས༔ བཤད་སྒྲུབ་ཕྲིན་ལས་རྒྱས་པ་དང་༔ ཉམས་པ་བདུན་ལྡན་དགྲ་དང་བགེགས༔ མིང་ཙམ་མེད་པར་རྡུལ་དུ་རློག༔ འགྲོ་ཀུན་བདེ་བའི་ཕྲིན་ལས་མཛོད༔ སརྦ་དྷརྨ་པཱ་ལ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་ཧི༔ བཞི་པ་བཤལ་ཆུས་བརྟན་མ་མཆོད་པ་ནི། ཞིང་སྐྱེས་ལས་ཀྱི་ཕོ་ཉ་མོ༔ བདེ་གཤེགས་རྡོ་རྗེ་པདྨའི་ལྕམ༔ བདུད་དང་གནོད་སྦྱིན་སྨན་མོའི་རིགས༔ བརྟན་སྐྱོང་ཡ་མའི་ཚོགས་དང་བཅས༔ ཚུར་གཤེགས་བཤལ་ཆུའི་བདུད་རྩི་བཞེས༔ དཔལ་གྱི་དམ་ཚིག་རྗེས་དགོངས་ལ༔ གངས་ཅན་མཐའ་དབུས་བདེ་བ་དང་༔ བསྟན་པ་དར་བའི་ཕྲིན་ལས་མཛོད༔ མ་མ་དྷཱ་ཀི་ནཱི་བ་ལིཾ་ཏ་ཁཱ་ཧི༔ ལྔ་པ་རྟ་བྲོ་བྱ་བ་ནི། ཧྲཱིཿཧཱུྃ༔ ཐར་མེད་ལས་ཀྱི་ཨེ་དབྱིངས་སུ༔ བདུད་དང་དམ་སྲི་དཔུང་བཅས་མནན༔ རྟ་སྐད་རྔམས་བཞད་རྡོ་རྗེའི་བྲོས༔ བྱང་ཆུབ་བར་དུ་རྒྱས་གདབ་བོ༔ ཧྲཱི༔ ཧ་ཡ་གྲཱི་ཝ་སརྦ་དུཥྟཱན་སྟྭཾ་བྷ་ཡ་ལཾ༔ དྲུག་པ་དངོས་གྲུབ་བླང་བའི་ཕྱིར་བཏང་རག་གི་མཆོད་བསྟོད་སྔོན་དུ་འགྲོ་བས་སྒྲུབ་རྟེན་ལྷར་གསལ་བ་སྤྱི་བོར་བཏེག་ལ། ཨོཾ་ཨཱཿཧཱུྃ༔ རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་འཆང་༔ པདྨ་ཞི་ཁྲོ་རྣམ་པར་རོལ་པའི་ལྷ༔ རྩ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་རྣམས་ཀུན༔ ཡེ་ཤེས་དབྱིངས་ལ་རྩོལ་རྟོག་མི་མངའ་ཡང་༔ མོས་ཤིང་གདུང་བས་རྩེ་གཅིག་གསོལ་འདེབས་ན༔ སྔོན་གྱི་ཐུགས་དམ་ཞལ་བཞེས་རྗེས་དགོངས་ལ༔ ཕྲིན་ལས་བཞི་དང་གྲུབ་པ་ཆེན་པོ་བརྒྱད༔ འགྲོ་འདུལ་ཡེ་ཤེས་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ཞེས་གནས་བཞིར་རེག་ཅིང་དམ་རྫས་དངོས་གྲུབ་ཀྱི་ཚུལ་དུ་རོལ། བདུན་པ་ནོངས་པ་བཤགས་པ་ནི། བདག་གིས་བསྙེན་སྒྲུབ་ཕྲིན་ལས་བགྱིས་པ་ལ༔ ལྷག་ཆད་འགལ་འཁྲུལ་ཉེས་བྱས་ཅི་མཆིས་ཀུན༔ ཚེ་རབས་བསགས་པའི་སྡིག་དང་ལྷན་ཅིག་ཏུ༔ འགྱོད་པས་བཤགས་སོ་ཚངས་པར་སྩལ་དུ་གསོལ༔ ཨཱ་ལི་ཀཱ་ལི་དང་ཡི་གེ་བརྒྱ་པ་བཟླ། བརྒྱད་པ་མཐའ་གཉིས་བསལ་བ་ནི། མདུན་བསྐྱེད་རྟེན་ཡོད་ན་བརྟན་བཞུགས་དང༌། མེད་ན་ཡེ་ཤེས་པ་བཤེགས། དམ་ཚིག་པ་རང་ལ་བསྡུ། ཧཱུྃ༔ བདག་དང་སྣང་བ་ཐམས་ཅད་ཀུན༔ ཐུགས་སྲོག་སྙིང་པོར་རོ་གཅིག་ཐིམ༔ དེ་ཡང་མི་དམིགས་སྟོང་གསལ་ངང་༔ རྫོགས་པ་ཆེན་པོའི་དབྱིངས་སུ་བཞག༔ ཨ་ཨ་ཨ༔ ཧྲཱི༔ སླར་ཡང་མཁའ་ལས་འཇའ་ཚོན་ལྟར༔ དམིགས་མེད་སྟོང་ཉིད་སྙིང་རྗེའི་རྩལ༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་ཤར༔ རྗེས་ཐོབ་འགྲོ་བའི་དོན་ལ་སྤྱོད༔ ཨོཾ་ཨཱཿཧཱུྃ་བཛྲ་རཀྵ་ཧཾ༔ དགུ་པ་བསྔོ་སྨོན་གྱིས་རྒྱས་གདབ་པ་ནི། ཧོ༔ བླ་མ་འཕགས་མཆོག་ཐུགས་རྗེའི་གཏེར༔ པདྨ་ཞི་ཁྲོར་རོལ་པའི་ལྷ༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ རྟག་ཏུ་བྱིན་གྱིས་བརླབ་མཛད་གསོལ༔ བསྙེན་སྒྲུབ་ཟབ་མོ་འདིས་མཚོན་ཏེ༔ དུས་གསུམ་བསགས་པའི་དགེ་ཚོགས་ཀུན༔ བྱང་ཆུབ་སྙིང་པོར་བསྔོ་བར་བགྱི༔ འགྲོ་དོན་སངས་རྒྱས་མྱུར་ཐོབ་ཤོག༔ བཅུ་པ་བཀྲ་ཤིས་གསོལ་བ་ནི། རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་འཆང་༔ བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཐུགས་རྗེའི་གཏེར་ཆེན་ཡི་དམ་པདྨའི་རྒྱལ༔ ཞི་ཁྲོ་རྣམ་པར་རོལ་པའི་བཀྲ་ཤིས་ཤོག༔ ལེགས་ཉེས་སྟངས་འཛིན་སྒྲུབ་མཆོག་བུ་བཞིན་སྐྱོང་༔ ཕྱི་ནང་མཁའ་འགྲོ་ཆོས་སྲུང་བཀྲ་ཤིས་ཤོག༔ མཁའ་ཁྱབ་འགྲོ་ཀུན་མཆོག་དང་ཐུན་མོང་གི༔ དངོས་གྲུབ་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག༔ གཞི་ཡི་བཀྲ་ཤིས་འོད་གསལ་དབྱིངས་ཀྱི་ངང་༔ ལམ་གྱི་བཀྲ་ཤིས་ཡེ་ཤེས་སྣང་བ་རྒྱས༔ འབྲས་བུའི་བཀྲ་ཤིས་ཟུང་འཇུག་མངོན་དུ་གྱུར༔ ཕྲིན་ལས་མཛད་པ་མཐའ་ཡས་བཀྲ་ཤིས་ཤོག ཅེས་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པས་དགེ་ལེགས་སུ་བྱའོ། །འདི་ནི་རིམ་པ་དང་པོའི་རྣལ་འབྱོར་ཙམ་སྟེ། རིམ་པ་གཉིས་པ་རྫོགས་པ་ཆེན་པོ་སེམས་ཉིད་གཅེར་མཐོང་གི་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ཁྲིད་རིམ་རྣམས་ཀྱང་གཏེར་གཞུང་ལས་ཁོལ་ཕྱུངས་བཞིན་ཉམས་སུ་བླང་བར་བྱའོ། །དེ་ལྟར་ཟབ་གཏེར་འདིའི་རིམ་གཉིས་ལ་བརྩོན་པའི་ཕན་ཡོན་ཀྱང་གཞུང་ལས། དེ་ལྟར་ཉམས་སུ་བླངས་བ་ལས་རྟགས་དང༌། དྲོད་དང་སོགས་ནས། བློ་བཀོལ་དུ་གཏུབ༔ ཉམས་དགའ༔ བག་ཕེབས༔ འདོད་བློ་ཞིག་པ་ནི་མཆོག་གི་རྟགས་སོ༔ ཞེས་དང༌། དེའི་ཚེ་ལུས་རྡུལ་ཕྲན་དུ་དེངས༔ སེམས་ཉིད་ཆོས་སྐུར་གྲོལ༔ ཡེ་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་ཤར་བས་གཞན་དོན་རྒྱུན་མི་འཆད་པའི་མཐར་ཐུག་གི་འབྲས་བུ་མངོན་དུ་འགྱུར་བ་ཡིན་ནོ༔ ཞེས་གསུངས་སོ། བསྙེན་སྒྲུབ་ལས་སྦྱོར་ཚོགས་ཀྱི་མཆོད་པ་སོགས། །བླ་མེད་རྡོ་རྗེ་ཐེག་པའི་ཉེ་ལམ་གྱིས། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་ཐོབ་ནས། །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་ཤོག །ཅེས་བླ་རྫོགས་ཐུགས་གསུམ་འདུས་པའི་ཟབ་དོན་ཀུན་འདྲིལ་ཡིད་བཞིན་ནོར་བུ་མཐོང་བ་རང་གྲོལ་གྱི་ལས་བྱང་ཡེ་ཤེས་སྣང་བ་ཞེས་བྱ་བ་འདི་ནི་འཁོར་ལོའི་མགོན་པོ་༧ འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་མཁྱེན་བརྩེ་དབང་པོའི་བཀའ་བབས་ཀྱི་སྨིན་གྲོལ་སྩལ་སྐབས། ཆོག་བསྒྲིགས་རིགས་གང་དགོས་གྱིས་ཤིག་པའི་བཀའ་ཡི་གནང་བ་ཐོབ་ཅིང༌། བློ་གྲོས་ཕུན་ཚོགས་ལགས་ནས་ཀྱང་བསྐུལ་མ་ཡང་ཡང་གནང་བ་ལ་བརྟེན་ནས། ཡུལ་བྲག་གཡབ་གཞུང་ཤོད་དུ་སྐྱེས་ཤིང་མདོ་ཁམས་རྫོང་སར་དགོན་དུ་ངལ་སྟེགས་འཆའ་བ་ཕུན་ཚོགས་རྣམ་རྒྱལ་ཏུ་འབོད་པས་བསྡེབས་པ་སྟེ་དགེ་བས་མཚོ་སྐྱེས་བླ་མའི་བསྟན་པ་ལ་ཤིན་ཏུ་སྨན་པའི་རྒྱུར་གྱུར་ཅིག །མངྒ་ལཾ།།།།

Footnotes

Other Information