རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཕུང༌།

From Khyentse Lineage - A Tsadra Foundation Project
JKW-KABAB-04-NGA-001
Wylie title rtsa gsum chos srung rgya mtsho'i tshogs la gsol ba 'debs pa byin rlabs sprin phung JKW-KABAB-04-NGA-001.pdf
Location mkhyen brtse'i bka' babs
Volume 4, Text 1, Pages 1-4 (Folios 1a1 to 2b3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön སངས་རྒྱས་བླ་མ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (sangs rgyas bla ma, 'jam dbyangs mkhyen brtse'i dbang po)
Citation 'jam dbyangs mkhyen brtse'i dbang po. rtsa gsum chos srung rgya mtsho'i tshogs la gsol ba 'debs pa byin rlabs sprin phung. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 4: 1-4. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Revelations - gter ma  ·  Supplications - gsol 'debs  ·  Lineage Supplications - brgyud 'debs
Cycle རྩ་གསུམ་དྲིལ་སྒྲུབ་ (rtsa gsum dril sgrub)
Karchag page JKW-KABAB-Volume-04-NGA-Karchag
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-NGA-017
Colophon

།ཅེས་པའང་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་གཙོ་བོར་གཏོན་ནས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་ས་དཱ་སརྦ་སུ་ཤྲེ་ཡསྶིདྡྷི་བྷ་བ་ཏུ།།

ces pa'ang snga 'gyur rdo rje theg pa'i ring lugs gtso bor gton nas mtsho skyes bla ma dgyes pa'i 'bangs mkhyen brtse'i dbang pos gsol ba btab pa sa dA sarba su shre yas+sid+d+hi b+ha ba tu

[edit]
༄༅། །རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་བ་འདེབས་པ་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ།།ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་ག་ཎེ་བྷྱཿ །ཀུན་བཟང་རྡོར་འཆང་རིགས་ལྔ་གངས་ཆེན་མཚོ། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་སོགས། །མཁའ་ཁྱབ་རྒྱལ་བ་དགོངས་པའི་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གསང་བདག་དགའ་རབ་འཇམ་དཔལ་ཤྲཱི་སིཾ། །ཛྙཱ་ན་སཱུ་ཏྲ་མཁས་པ་ཉེར་གཅིག་སོགས། །སེམས་ཀློང་མན་ངག་བརྡ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །རིགས་གསུམ་སེམས་དཔའ་རིགས་ཅན་དྲྭ་མ་ལྔ། །རྒྱལ་པོ་ཛཿདང་བདེ་བ་གསལ་མཛད་སོགས། །རྗེས་སུ་རྣལ་འབྱོར་ཚོམ་བུ་འབུམ་ཕྲག་ལ། །གསོལ་བ་འདེབས༴ །སྒེག་པ་རྡོ་རྗེ་སངས་རྒྱས་གསང་བ་དང༌། །ལས་ཀྱི་དབང་མོ་རིག་འཛིན་རྣམ་བརྒྱད་སོགས། །རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་ཆེ་རྣམས་ལ། །གསོལ་བ༴ །བྱ་སྤྱོད་རྣལ་འབྱོར་རིག་སྔགས་གྲུབ་པ་དང༌། །འཛམ་གླིང་རྒྱན་མཆོག་རྨད་བྱུང་སློབ་མར་བཅས། །ཐུབ་བསྟན་གསལ་བའི་སྒྲོན་མེ་མཆོག་རྣམས་ལ། །གསོལ་བ༴ །རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཐོད་ཕྲེང་རྩལ། །མཚན་མཆོག་བརྒྱད་དང་རྣམ་འཕྲུལ་བཅུ་གཉིས་སོགས། །བསམ་ཡས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ལ། །གསོལ་བ༴ །དྲི་མེད་བཤེས་གཉེན་མཁན་ཆེན་བྱང་ཆུབ་སེམས། །ཆོས་རྒྱལ་ཡབ་སྲས་བཻ་རོ་མཚོ་རྒྱལ་སོགས། །སྤྲུལ་པའི་རྗེ་འབངས་ལོ་པཎ་ཚོགས་རྣམས་ལ། །གསོལ་བ༴ །སོ་ཟུར་གནུབས་ཉང་གཏེར་སྟོན་རྒྱ་མཚོར་བཅས། བཀའ་གཏེར་དག་སྣང་ཆོས་ཀྱི་འཁོར་ལོས་བསྒྱུར། །དུས་གསུམ་མཁས་གྲུབ་རིམ་པར་བྱོན་རྣམས་ལ། །གསོལ་བ༴ །ཁྱད་པར་སྐྱབས་ཀུན་འདུས་ཞལ་ཡེ་ཤེས་སྐུ། །གདུལ་བྱའི་སྣང་ངོར་བཤེས་གཉེན་མཆོག་གི་ཚུལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ༴ །རྡོ་རྗེ་སེམས་དཔའ་འདུས་པ་སྒྱུ་འཕྲུལ་ལྷ། །ཁྲག་འཐུང་དཔལ་དགུ་རིགས་ལྔ་རིགས་གསུམ་སོགས། །རྒྱུད་སྡེ་དྲུག་གི་ཡི་དམ་ལྷ་ཚོགས་ལ། །གསོལ་བ༴ །བསྐལ་བཟང་འགྲོ་བའི་འདྲེན་མཆོག་ཤཱཀྱའི་ཏོག །ཕྱོགས་བཅུ་དུས་བཞིའི་རྣམ་འདྲེན་རྫོགས་སངས་རྒྱས། །གང་འདུལ་སྤྲུལ་པའི་སྐུར་སྣང་མཐའ་ཡས་ལ། །གསོལ་བ༴ །འགོག་དང་ལམ་གྱི་བདེན་པས་བསྡུས་པ་ཡི། །ཞི་བ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །རིམ་དགུའི་ཐེག་པའི་སྡེ་སྣོད་རྒྱ་མཚོ་ལ། །གསོལ་བ༴ །མ་ཕམ་འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས། །ཀུན་ཏུ་བཟང་སོགས་ཐེག་ཆེན་སེམས་དཔའ་དང༌། །ཉན་རང་འཕགས་པའི་དགེ་འདུན་ཐམས་ཅད་ལ། །གསོལ་བ༴ །གནས་གསུམ་དཔའ་བོ་དང་ནི་རྣལ་འབྱོར་མ། །རྡོ་རྗེའི་ཆོས་སྲུང་ནོར་ལྷ་གཏེར་གྱི་བདག །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། ༈ །གསོལ་བ་འདེབས་སོ་དཀོན་མཆོག་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་རིག་འཛིན་བླ་མའི་ཚོགས། །དངོས་གྲུབ་སྩོལ་ཅིག་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་ཀུན་སོལ་མཁའ་འགྲོ་ཆོས་སྐྱོང་རྣམས། །སྙིང་ནས་གདུང་ཤུགས་དྲག་པོས་རྗེས་དྲན་ཅིང༌། །རྩེ་གཅིག་གུས་པས་ཕྱག་འཚལ་མཆོད་པ་འབུལ། །དད་པས་སྐྱབས་འཆི་འབངས་སུ་དམ་བཅའ་ན། །དེང་ནས་བཟུང་སྟེ་ཐུགས་རྗེས་བསྐྱང་དུ་གསོལ། །བདག་རྒྱུད་སྒྲིབ་གཉིས་བག་ཆགས་ཡོངས་བྱང་ནས། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་རྒྱས། །གཞན་རྒྱུད་མཁའ་ཁྱབ་གདུལ་བྱ་སྨིན་ཅིང་གྲོལ། །རྒྱལ་ཀུན་ཕྲིན་ལས་རྫོགས་པར་བྱིན་གྱིས་རློབས། །རིས་མེད་ཐུབ་བསྟན་སྒྲོན་མེ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང༌། །དགེ་འདུན་སྡེ་དང་བཤད་སྒྲུབ་བསྟན་པའི་དཔལ། །ཕྱོགས་མཐར་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །སྣོད་བཅུད་ཐམས་ཅད་སྙིགས་མའི་རྒུད་པ་ཞི། །བདེ་སྐྱིད་ཆོས་ལྔན་འབྱོར་པ་ངང་གིས་འཕེལ། །ཀུན་ཀྱང་ཐེག་མཆོག་སྙིང་པོའི་སྒོར་ཞུགས་ནས། །སྐུ་བཞིའི་གོ་འཕང་འགྲུབ་པར་བྱིན་གྱིས་རློབས། །དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཞིང༌། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དབང་བསྒྱུར་ནས། །རང་གཞན་ཕན་བདེར་འགོད་པར་བྱིན་གྱིས་རློབས། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །མཁྱེན་བརྩེའི་བདག་ཉིད་སྐྱབས་གནས་ཁྱེད་རྣམས་ཀྱིས། །རྟག་ཏུ་རྗེས་བཟུང་བྱིན་གྱིས་བརླབ་པ་དང༌། །སྲིད་ཞིའི་དགེ་ལེགས་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་པའང་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་གཙོ་བོར་གཏོན་ནས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་ས་དཱ་སརྦ་སུ་ཤྲེ་ཡསྶིདྡྷི་བྷ་བ་ཏུ།། །།

Footnotes

Other Information