དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཆོ་གའི་ཡན་ལག་སཱཙྪ་རབ་གནས་དང་སྒྲུབ་པའི་ངག་འདོན་སྙིང་པོར་དྲིལ་བ།

From Khyentse Lineage - A Tsadra Foundation Project
JKW-KABAB-01-KA-016
Wylie title dpal rdo rje sems dpa' thugs kyi sgrub pa'i cho ga'i yan lag sAts+tsha rab gnas dang sgrub pa'i ngag 'don snying por dril ba JKW-KABAB-01-KA-016.pdf
Location mkhyen brtse'i bka' babs
Volume 1, Text 16, Pages 619-629 (Folios 1a to 6a2)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Tertön གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (Gter bdag gling pa 'gyur med rdo rje)
Citation 'jam dbyangs mkhyen brtse'i dbang po. Dpal rdo rje sems dpa' thugs kyi sgrub pa'i cho ga'i yan lag sAts+tsha rab gnas dang sgrub pa'i ngag 'don snying por dril ba. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 1: 619-629. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Consecration Rituals - rab gnas cho ga  ·  Liturgy - ngag 'don  ·  Revelations - gter ma  ·  Sadhanas - Evocation Ritual - sgrub thabs
Cycle དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་ (dpal rdo rje sems dpa' thugs kyi sgrub pa)
Deity rdo rje sems dpa'
Karchag page JKW-KABAB-Volume-01-KA-Karchag
Recension Link Other Versions on this site: དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཆོ་གའི་ཡན་ལག་སཱཙྪ་རབ་གནས་དང་སྒྲུབ་པའི་ངག་འདོན་སྙིང་པོར་དྲིལ་བ།
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-NI-017
Colophon

ཞེས་པའང་ངག་འདོན་ཁོ་ན་སྙིང་པོར་དྲིལ་ཏེ་ཚད་ལྡན་གྱི་གཞུང་གི་དགོངས་པ་ཇི་ལྟ་བར་ཉེར་མཁོའི་ཡན་ལག་ཏུ་མཉྫུ་གྷོ་ཥས་སོ།

zhes pa'ang ngag 'don kho na snying por dril te tshad ldan gyi gzhung gi dgongs pa ji lta bar nyer mkho'i yan lag tu many+dzu g+ho Shas so

[edit]
༄༅། །དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཆོ་གའི་ཡན་ལག་སཱཙྪ་རབ་གནས་དང་སྒྲུབ་པའི་ངག་འདོན་སྙིང་པོར་དྲིལ་བ་བཞུགས་སོ།། ༄༅། །ན་མོ་གུ་རུ་བཛྲ་ས་ཏྭ་ཡ། འདིར་དཔལ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པའི་ཆོ་གའི་ཡན་ལག་སཱཙྪའི་རབ་གནས་དང༌། སྒྲུབ་པ་མདོར་བསྡུས་བྱ་བའི་ངག་འདོན་གྱི་རིམ་པ་ལ་གཉིས། རབ་གནས་དང༌། སྒྲུབ་པའོ། །དང་པོ་ནི། བདག་བསྐྱེད་བཟླས་པ་བཅས་སྔོན་དུ་འགྲོ་བས། ལས་བུམ་དུ་སྐད་ཅིག་གིས་བདུད་རྩི་འཁྱིལ་པ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊཿ ཅེས་ཅི་ནུས་བཟླས་མཐར། ལྷ་འོད་དུ་ཞུ་བ་ལས་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར་པར་བསམ། སཱཙྪ་རྣམས་སྟེགས་བུའི་ཁར་ལེགས་པར་བཀོད་པའི་མདུན་དུ་མཆོད་པ་ཅི་འབྱོར་དང༌། སྦྱོང་ཆས་སོགས་དགོས་པའི་ཡོ་བྱད་རྣམས་བཤམ། གཏོར་མ་རྟེན་ལ་བསྐོར་ཞིང༌། ཨོཾ་སརྦ་བིགྷྣཱན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ༔ ཞེས་པ་ནས་གྲིཧྣེ་དཾ་བ་ལིཾ་ཏ་སྭཱ་ཧཱ། གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུ་བསྐོར་ཞིང་ཧཱུྃ་བཞི་པ་གསུམ་གྱིས་ཕྱེད་མ། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང། ངན་འགྲོ་ཐམས་ཅད་རྣམ་པར་སྦྱོང་བ་དཔལ་རྡོ་རྗེ་སེམས་དཔའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང༌། གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་རབ་ཏུ་གནས་པའི་ཆོ་ག་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད་ཅིང༌། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། དྲག་སྔགས་བཟླས་ཞིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་གཏོར་མ་རྒྱང་རིང་དུ་དོར་བ་སྟེ་དྲག་པོས་སྦྱོང་བའོ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །འདིའི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །རྒྱལ་བའི་སྐུ་གསུང་ཐུགས་མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང༌། །བདག་གཞན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མ་ཆབ་ཀྱིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཀྱིས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། སྐུ་ཕྱི། ཨ་མྲྀ་ཏས་བསངས། ཤཱུ་ནྱ་ཏཱས་སྦྱང༌། སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དབང་ལྷས་དབང་བསྐུར། སྐུ་གང༌། དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་སྤྱན་དབྱེ་བའི་ཚུལ་དང་བཅས། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐའ་གཏུགས་གྱུར་པའི་སེམས་ཅན་རྣམས། །སངས་རྒྱས་ཡེ་ཤེས་སྤྱན་ནི་ཐོབ་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་བརྗོད། སླར་ཡང་མཆོད་ཅིང་བསྟོད་ལ། བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་རྟེན་རང་གི་རྣམ་པར་གྱུར། འདིར་ནི་རྟེན་དང་ལྷན་ཅིག་ཏུ། །འཁོར་བ་སྲིད་དུ་བཞུགས་ནས་ཀྱང༌། །ནད་མེད་ཚེ་དང་དབང་ཕྱུག་དང༌། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཡེ་དྷརྨཱ་མང་དུ་བཟླས་པའི་མེ་ཏོག་འཐོར། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། ཤིས་བརྗོད་རྒྱས་པར་བྱའོ། ༈ །གཉིས་པ་སྒྲུབ་པའི་ཆོ་ག་ནི། རབ་ཏུ་གནས་པའི་སཙྪ་རྣམས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བཤམས། བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་རྣམས། རཾ་ཡཾ་ཁཾ། ཨོཾ་བཛྲ་ཨརྒྷཾ་སོགས། ཤཔྡ་ཨཱཿཧཱུྃ། བཛྲ་སྥ་ར་ཎ་ཁཾ་གིས་བྱིན་བརླབ། དེ་ནས་སཱ་ཙྪ་རྣམས། ཨོཾ་སརྦ་དྲ་བྱམ་བི་ཤོ་དྷ་ནི་ཧཱུཾ་ཕཊ་ཀྱིས་བསང། སྭཱ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེའི་མཆོད་རྟེན་ཡངས་ཤིང་རྒྱ་ཆེ་བ་སཱ་ཙྪའི་གྲངས་དང་མཉམ་པའི་བུམ་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ཟེའུ་འབྲུའི་ཕྲེང་བས་བསྐོར་བའི་ལྟེ་བ་དང་བཅས་པའི་དབུས་སུ་སེང་གེ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཧཱུྃ་དཀར་པོ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་འབར་བར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་རྡོ་རྗེ་གསུམ་གྱི་གོ་འཕང་ལ་བཀོད། སཾ་ཧ་ར་ཎ་ཧཱུྃ། སླར་འདུས་ཏེ་ཐིམ་པ་འོདཟེར་གྱི་གོང་བུར་གྱུར། ཨོཾ་བཛྲ་ས་ཏྭ་ཨཱཿ དེ་ཡོངས་སུ་གྱུར་པ་ལས་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟ་བུའི་གཟི་བརྗིད་འབར་བ། སྒེག་ཅིང་འཛུམ་ལ་རབ་ཏུ་རྒྱས་པའི་ཞལ་ཅན། མཚན་དང་དཔེ་བྱད་ཀྱིས་མཛེས་པ། ཞལ་གཅིག་ཕྱག་གཉིས། གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བསྟེན་པའི་ཚུལ་གྱིས་ཤེས་རབ་མ་ལ་འཁྱུད་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་གཉེན་ལྕུགས་འཁྲིལ་ལྡེམ་གཞོན་ཚུལ་ཅན། གསལ་འཚེར་ལྷུན་སྡུག་གཟི་བྱིན་འབར་བ་སྟེ་ཞི་བའི་ཉམས་དགུས་རྒྱས་པ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས་དང་ཚི་གུའི་སྨད་དཀྲིས་ཅོད་པན་ཟི་ལྡིར་གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང༌། རིན་པོ་ཆེའི་དབུ་རྒྱན་སྙན་ཆ་མགུལ་རྒྱན་སེ་མོ་དོ་ཕྱག་གདུབ་ཞབས་གདུབ་སྐ་རགས་དོ་ཤལ་ཏེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་ཞིང༌། བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། དག་པ་ཆོས་ཀྱི་སྐུ་ལས་རྣམ་རོལ་གཟུགས་སྐུའི་སྒྱུ་འཕྲུལ་ཞི་ཁྲོ་རབ་འབྱམས་ལྷའི་འཁོར་ལོ་གྲངས་མེད་པར་འཆར་ཞིང༌། སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡེ་ཤེས་ཀྱི་རོལ་པ་རིས་མེད་པའི་སེམས་ཅན་གྱི་བསམ་པ་དང༌། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་རྐྱེན་ཇི་ལྟ་བར་འཆར་བའི་བདག་ཉིད་ཅན་དུ་གསལ་བར་བསམ་མོ། །དེ་ལྟར་ཡོངས་སུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོར་གྱུར་པར་བསམ་མོ། །ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿས་སྤྱན་དྲངས་པར་བསམས་ལ། ཨོཾ། ཕྱོགས་བཅུ་ཀུན་ན་ལེགས་བཞུགས་པའི༔ བཅོམ་ལྡན་རྒྱལ་བ་སྲས་བཅས་ཀུན༔ ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ སྨོན་ལམ་དབང་གིས་གཤེགས་སུ་གསོལ༔ ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭྃ༔ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་དགུག་གཞུག་བཅིང་བ་དང་དགྱེས་པ་བསྐྱེད་ནས། དམ་ཚིག་གི་འཁོར་ལོ་དང་གཉིས་སུ་མེད་པར་གྱུར། དེ་ནས་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་རྣམས་ཀྱིས་བུམ་པའི་བདུད་རྩིས་ཁྲུས་བྱས་ཤིང་དབང་བསྐུར་བར་བསམས་ལ། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཧཱུྃ༔ ཨོཾ་ཊཱུྃ་བཛྲ་ཏུ་ཥྱ་ཧོཿ ཞེས་དབང་བསྐུར་བས་དྲི་མ་ཐམས་ཅད་སྦྱངས། ཕུང་པོ་ལྔ་གནས་གྱུར། ཆུའི་ལྷག་མ་གྱེན་དུ་ལུད་པ་ལས་དེ་བཞིན་གཤེགས་པ་རིགས་ལྔས་དབུ་རྒྱན་ཡེ་ཤེས་ལྔ་མངོན་དུ་གྱུར་པའི་ང་རྒྱལ་བྱའོ། ཨོཾ༔ དཔག་མེད་ནམ་མཁའི་ཁམས་ཉིད་ལས༔ མཆོད་སྤྲིན་བསམ་ཡས་ལྷུན་གྲུབ་པ༔ མེ་ཏོག་བདུག་པ་མར་མེ་དང་༔ དྲི་མཆོག་ཞལ་ཟས་རོལ་མོ་དང་༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའི་ཁྱོན་བཀང་སྟེ༔ གུས་པའི་བློ་ཡིས་དབུལ་བར་བགྱི༔ ཨོཾ་པ་ན་པེ་ནུ་སུ་ར་ཏ་ཏི་པུ་སརྦ་ཏ་ཐཱ་ག་ཏ་ས་མ་ཡོ་གི་སིདྡྷི་ཧཱུྃ༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ དེ་བཞིན་དུ་ཤཔྡའི་བར་དང༌། མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཞེས་པས་མཆོད། ཨོཾ༔ བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ བདེ་ཆེན་ཡེ་ཤེས་ལྔ་ཡི་བདག༔ དཀྱིལ་འཁོར་ཀུན་གྱི་བྱེད་པོ་མཆོག༔ དེ་ལ་བདག་ནི་ཕྱག་འཚལ་ལོ༔ དྲི་མེད་སྟོན་ཀའི་ཟླ་བའི་མདོག༔ རྡོ་རྗེ་དང་ནི་དྲིལ་བུ་འཛིན༔ བདེ་ཆེན་སྙེམས་མར་མཉམ་སྦྱོར་བའི༔ སེམས་དཔའ་རྡོ་རྗེ་ཁྱོད་ལ་བསྟོད༔ གང་གིས་མཚན་ཙམ་འཛིན་པས་ཀྱང་༔ ན་ར་ཀ་སོགས་ངན་སོང་གི༔ སྡུག་བསྔལ་ཐམས་ཅད་སྐྱོབ་མཛད་པ༔ མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད་པ་བྱ། རང་རྡོ་རྗེ་སེམས་དཔར་གསལ་བའི་ཞལ་ནས་སྔགས་ཀྱི་དབྱངས་སྒྲོགས་བཞིན་པས། དམིགས་ཡུལ་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱང་དུ་གསོལ་སྙམ་པའི་ཡིད་ཀྱིས་གསོལ་བ་བཏབ་པས། མདུན་བསྐྱེད་ཀྱི་ལྷའི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས། དམིགས་ཡུལ་གཙོ་བོར་གྱུར་པའི་སེམས་ཅན་རྣམས་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། རྡོ་རྗེ་སེམས་དཔའི་གོ་འཕང་ལ་བཀོད་པར་གྱུར། ཅེས་དམིགས་ལ། ཡི་གེ་བརྒྱ་པ་གཙོ་བོར་བཟླས་པའི་བར་མཚམས་ཅི་རིགས་པར། ཨོཾ་ད་ཧ་ད་ཧ་སརྦ་ར་ཀ་ག་ཏེ་ཧེ་ཏུམ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ན་ག་ཏེ་ཧེ་ཏུམ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིརྻ་ཀ་ག་ཏེ་ཧེ་ཏུམ་ཧཱུྃ་ཕཊ། ཚེ་ལས་འདས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་ཤནྟིང་ཀུ་རུ་སྭཱ་ཧཱ། ཞེས་པའི་སྤེལ་ཚིག་སྦྱར། ཐུན་མཐར་ཨོཾ་གུ་རུ་བཛྲ་ས་ཏྭ་ཨརྒྷཾ་ནས་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། མི་རྟོགས་རྡོ་རྗེ་ཐབས་ཀྱི་ཡེ་ཤེས་ནི། །དམིགས་མེད་ཤེས་རབ་ཡུམ་གྱི་ངང་དུ་རྟོགས། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་ཅིར་ཡང་སྟོན། །རྡོ་རྗེ་སེམས་དཔའ་ཆེ་ལ་ཕྱག་འཚལ་བསྟོད། ཅེས་མཆོད་བསྟོད་དང༌། ཨོཾ༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཀྱེ༔སོགས་ཀྱིས་གསོལ་བ་གདབ། ཡི་གེ་བརྒྱ་པས་ནོངས་པ་བཤགས། མཆོད་རྟེན་ལྷ་དང་བཅས་པ་ཞུ་བ་ལས་སཱཙྪའི་རྣམ་པ་ཇི་ལྟ་བར་གྱུར། སླར་ཡང་གོང་གི་རབ་གནས་སྐབས་ལྟར་མེ་ཏོག་དམ་པ་སོགས་མཆོད་བསྟོད་དང༌། བརྟན་བཞུགས་བྱ། རང་གི་སྙིང་གའི་འོད་ཀྱིས་ཕོག་པས་དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་བདག་ཉིད་དམ་ཚིག་སེམས་དཔའ་ལ་ཐིམ༔ དེ་ཡེ་ཤེས་སེམས་དཔའ་ལ་ཐིམ༔ དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ༔ དེ་ཡང་ཧཱུྃ་ལ་ཐིམ༔ ཧཱུྃ་ནཱ་དའི་བར་དུ་རིམ་གྱིས་ཐིམ་ནས་མི་དམིགས་པ་ལས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་གཞག༔ ཞེས་ཉེར་བསྡུ་དང༌། ལྷར་ལྡང༌། བསྔོ་སྨོན། ཤིས་བརྗོད་དཀྱུས་ལྟར་བྱའོ། །དེ་ལྟ་བུའི་རིམ་པས་སྔགས་ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་གམ། གཉིས་སམ། མཆོད་རྟེན་ལས་འོད་འབར་བ་ལ་སོགས་པའི་རྟགས་མ་མཐོང་གི་བར་དུ་བཟླ་བར་གསུངས་སོ། །དེ་ལྟར་ཚུལ་བཞིན་བསྒྲུབས་པའི་སཱཙྪ་ནི། མཆོག་ཕལ་གང་གི་ཡིན་ཀྱང་རྟེན་གྱི་ནང་དུ་གཞུག་པ་དང། ཁང་བུ་བརྩེགས་པའི་མཆོད་རྟེན་སོགས་བྱས་ཀྱང་རུང་མོད། མཆོག་རྣམས་ལ་དེ་རྣམས་ཅི་རིགས་པ་དང༌། ཕལ་པ་ལ་གནས་དབེན་པར་བཀུར་སྟི་དང་བཅས་ཏེ་བཞུགས་པའམ། རྒྱ་མཚོར་འབབས་པའི་ཆུ་ཀླུང་ཆེན་པོར་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཏུ་བསམས་ལ་སྨོན་ལམ་དང་བཅས་ཏེ་ལེགས་པར་སྤྱན་དྲང་བར་བྱའོ། །ཆོ་གའི་རིམ་པ་འདི་བཞིན་རྗེས་སུ་བསྒྲུབས་པའི་ཕན་ཡོན་ཀྱང༌། རྒྱུད་ལས། དེས་ནི་ངེས་པར་དམྱལ་གནས་ན། །དེ་བྱས་པས་ནི་གྲོལ་བར་འགྱུར། །ཡི་དྭགས་བྱོལ་སོང་སྡུག་བསྔལ་ལས། །གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། །ཞེས་སོགས་རྒྱ་ཆེར་བསྔགས་པ་ལ་ཡིད་ཆེས་པའི་དད་པ་བརྟན་པོས་འབད་པར་བྱ་བར་རིགས་པ་ཉིད་དོ། །ཞེས་པའང་ངག་འདོན་ཁོ་ན་སྙིང་པོར་དྲིལ་ཏེ་ཚད་ལྡན་གྱི་གཞུང་གི་དགོངས་པ་ཇི་ལྟ་བར་ཉེར་མཁོའི་ཡན་ལག་ཏུ་མཉྫུ་གྷོ་ཥས་སོ།། །།

Footnotes

Other Information