མི་ཏྲའི་ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་ཡེ་ཤེས་གྲུབ་པ།

From Khyentse Lineage - A Tsadra Foundation Project
JKCL-KABUM-05-CA-021
Wylie title mi tra'i tshe sgrub kyi rgyun khyer ye shes grub pa JKCL-KABUM-05-CA-021.pdf
Location chos kyi blo gros bka' 'bum
Volume 5, Text 21, Pages 291-295 (Folios 1a1 to 3a6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Associated People མི་ཏྲ་ཛོ་ཀི་ (Mitrayogi)
Citation 'jam dbyangs mkhyen brtse chos kyi blo gros. mi tra'i tshe sgrub kyi rgyun khyer ye shes grub pa. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 291-295. Bir, H.P.: Khyentse Labrang, 2012.
Genre Daily Practice - rgyun khyer  ·  Feast Offering - tshogs mchod - tshogs kyi 'khor lo  ·  Longevity Rituals - tshe sgrub
Cycle ཚེ་སྒྲུབ་ཡེ་ཤེས་སྙིང་པོ་ (tshe sgrub ye shes snying po)
Parent Cycle གྲུབ་ཆེན་མི་ཏྲའི་སྙིང་ཐིག་ (grub chen mi tra'i snying thig)
Deity tshe dkar
Recension Link Other Versions on this site: མི་ཏྲའི་ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་ཡེ་ཤེས་གྲུབ་པ།
RTZ In the Rinchen Terdzö: https://rtz.tsadra.org/index.php/Terdzo-DZI-021
Colophon
  • First colophon page 294: །ཞེས་པའང་སྟག་ཚང་གི་སྒྲུབ་གྲྭ་རྣམས་ལ་ཉེ་བར་མཁོ་བས་མཚམས་སྦྱར་ནས། ཆོས་ཀྱི་བློ་གྲོས་པས་བགྱིས་པ་འཆི་མེད་རྡོ་རྗེའི་སྐུ་བརྙེས་པའི་རྒྱུར་གྱུར་ཅིག །།།
  • Second colophon page 295: །ཞེས་རྗེ་བླ་མའི་དག་སྣང་མི་ཏྲའི་ཚེ་དཀར་གྱི་ཚོགས་མཆོད་འདིའང་། ཆོས་ཀྱི་བློ་གྲོས་པས་སྦྱར་བའོ།
  • First colophon page 294: /zhes pa'ang stag tshang gi sgrub grwa rnams la nye bar mkho bas mtshams sbyar nas/__chos kyi blo gros pas bgyis pa 'chi med rdo rje'i sku brnyes pa'i rgyur gyur cig__///
  • Second colophon page 295: /zhes rje bla ma'i dag snang mi tra'i tshe dkar gyi tshogs mchod 'di'ang /__chos kyi blo gros pas sbyar ba'o/

1 Texts in this Section (sde tshan or chos tshan)

[edit]
མི་ཏྲའི་ཚེ་སྒྲུབ་ཀྱི་རྒྱུན་ཁྱེར་ཡེ་ཤེས་གྲུབ་པ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨ་པཱ་རི་མི་ཏ་ཡེ། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་དག་སྣང་མི་ཏྲའི་ཚེ་དཀར་ཉམས་སུ་བླངས་བར་འདོད་པས། དབང་བསྐུར་ནོས་ཏེ་དམ་ཚིག་རྣམ་པར་དག་པས་བདེ་བའི་སྟན་ལ་འདུག་སྟེ། སྔོན་དུ་འགྲོ་བ་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཡིད་ལ་བྱས་ནས། མདུན་མཁར་སྐྱབས་ཡུལ་གསལ་བཏབ་སྟེ། ན་མོ། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར། །ཚེ་དཔག་མེད་མགོན་བསྒོམ་པར་བགྱི། །ལན་གསུམ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དངོས་གཞི་བསྐྱེད་བཟླས་ནི། ཨ༔སྟོང་པའི་ངང་ལས་སྙིང་རྗེའི་རྩལ༔ཨ་ཡིག་དཀར་པོ་འོད་འབར་ལས༔རང་ཉིད་བཅོམ་ལྡན་ཚེ་དཔག་མེད༔སྟོན་ཟླའི་མདོག་ཅན་ཞི་ཞིང་འཛུམ༔མཉམ་གཞག་ཕྱག་རྒྱས་ཚེ་བུམ་འཛིན༔དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་བཞུགས༔འོད་ཟེར་གཟི་བརྗིད་ལམ་མེར་གསལ༔གནས་གསུམ་ཡི་གེའི་འཕྲོ་འདུ་ཡིས༔ཡེ་ཤེས་སྤྱན་དྲངས་གཉིས་མེད་བསྟིམ༔ཨོཾ་ཨ་པཱ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་ཏྭ་ས་མ་ཡ་ཨེ་ཧྱེ་ཧི༔ཛཿཧཱུྃ་བྃ་ཧོཿན་མོ་ན་མ་མི། སརྦ་པཱུ་ཛ་ཧོཿཧྲཱིཿཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི༔སོ་སོར་རྟོག་པའི་ཡེ་ཤེས་སྐུ༔གདོད་མའི་མགོན་པོ་སྣང་མཐའ་ཡས༔ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔བཟླས་པ་ནི། ཐུགས་ཀར་ཟླ་སྟེང་ཨ་ཡིག་མཐར༔གཟུངས་སྔགས་ཕྲེང་བས་བསྐོར་བ་ལས༔འོད་འཕྲོས་སྲིད་ཞིའི་ཚེ་བཅུད་བསྡུས༔འཆི་མེད་རྡོ་རྗེའི་སྲོག་འགྲུབ་གྱུར༔ཨོཾ་ཨ་པཱ་རི་མི་ཏ་ཨཱ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ་ཧྲཱིཿཞེས་བཟླ། ཨོཾ་ན་མོ་བྷ་ག་ཝ་ཏེ་སོགས་ཚེ་དཔག་མེད་ཀྱི་གཟུངས་རིང་ཡང་ཅི་ནུས་དང་། བསྙེན་སྒྲུབ་བྱེད་ན་རྩ་སྔགས་འབུམ་ཕྲག་བཞི་དང་། གཟུངས་རིང་འབུམ་ཕྲག་གཅིག་ཏུ་བཟླའོ། །བསྙེན་སྒྲུབ་སྐབས་ཚེ་འགུགས་ཟུར་གསལ་ལྟར་སྦྱར། ཐུན་མཐར་དབྱངས་གསལ་ཡེ་དྷར་ལན་གསུམ་རེས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་། མཆོད་བསྟོད་དང་། རྗེས་བསྡུ་ལྡང་ནི། ལྷར་སྣང་འོད་གསལ་དབྱིངས་སུ་ཐིམ༔། དབྱིངས་རིག་འདུ་འབྲལ་མེད་པའི་ངང་༔སླར་ཡང་ཟུང་འཇུག་སྒྱུ་མའི་སྐུ༔ཡེ་ཤེས་ཆེན་པོའི་རོལ་པར་ཤར། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །སོགས་ཀྱིས་བསྔོ་སྨོན་དང་། འཆི་མེད་རྡོ་རྗེ་མི་ཏྲ་དང་། །པད་འབྱུང་ཚེ་དཔག་མེད་པ་ཡིས། །བྱིན་གྱིས་རློབས་པས་སྐྱེ་འཆི་མེད། །རྡོ་རྗེ་ཚེ་ཡི་བཀྲ་ཤིས་ཤོག །ཅེས་སོགས་བརྗོད་ལ་སྤྱོད་ལམ་ལ་འཇུག་པར་བྱའོ། །འདི་ཡི་བསྙེན་སྒྲུབ་སྐབས་མཎྜལ་སྟེང་ཚོམ་བུ་བཀོད། དེ་སྟེང་མཉྫིའི་ཁར་བུམ་པ་ཚེ་རྫས་བཏབ་པ་ཆུ་བོ་རྒྱུན་འབབ་ཀྱིས་བཀང་བ་དང་། གཡས་སུ་ཅོང་ཞི། བྲག་ཞུན། འབྲས་བུ་གསུམ། རྩ་བ་ལྔ། དབང་ལག་སོར་མོ་ལྔ་པ། རྟག་དུ། བླ་མ་གྲུབ་ཐོབ་ཚེའི་རིག་འཛིན་བརྙེས་པའི་དྲི་ཆེན་དྲི་ཆུ་རྙེད་ན་དང་། མ་འབྱོར་ཚེ་བདུད་རྩི་ཆོས་སྨན་བཏབ་པའི་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་ཚེ་མདའ་ཐོས་ཚད་ཀྱིས་གཞལ་བ་བཀོད། སྨན་རཀ་མཆོད་གཏོར་སོགས་བཤམས། དཀར་བགེགས་བསྔོ་བ་སྤྱི་འགྲེ་སྦྱར་བ་དང་། བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་དང་། ཐུན་རེའི་མཐར་ཚེ་འགུགས་སྦྱར། ཚོགས་མཆོད་བྱ་ན་འཆི་མེད་འཕགས་མའི་ཚོགས་བསྡུས་ལ་ཁ་བསྒྱུར་ཕྲན་བུ་བྱའོ། །བསྙེན་ཚད་གྲུབ་པའི་ཐུན་མཐར། བུམ་ལྷ་དང་། རིལ་བུའི་ལྷ་འོད་དུ་ཞུ་བ་བདུད་རྩིར་གྱུར། བདག་འཇུག་བླངས་བ་ལ། བསང་ཆུ་རྟ་སྔགས་ཀྱིས་བརླབས། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་དང་། སུམ་བྷ་ནི་ས་བགེགས་བསྐྲད། མཎྜལ་དང་། ཡེ་ཤེས་ཆེན་པོ་ཚེ་ཡི་བདག༔རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔བདག་ཅག་འཆི་མེད་ཐོབ་བྱའི་ཕྱིར༔རིག་འཛིན་ཚེ་ཡི་དབང་བསྐུར་སྩོལ༔ཞེས་ལན་གསུམ། རྡོ་རྗེ་སློབ་དཔོན་སོགས་དང་། ཨཿསྟོང་པའི་ངང་ནས་སོགས་ནས། ཛཿཧཱུྃ་བྃ་ཧོཿཞེས་པས་ཡེ་ཤེས་དབབ་བསྟིམ། ཏིཥྛ་བཛྲ་ཞེས་རྡོ་རྗེ་སྤྱི་བོར་འཇོག །ཚེ་འགུགས་འདོན། དེ་ནས་བུམ་པ་སྤྱི་བོར་བཞག་ལ། ཨོཾ༔བཀྲ་ཤིས་བུམ་པའི་གཞལ་ཡས་ན༔ཚེ་དཔག་མེད་མགོན་ལྷ་ཚོགས་བཞུགས༔འོད་ཞུ་བདུད་རྩིས་དབང་བསྐུར་བས༔འགྱུར་མེད་རྡོ་རྗེའི་སྐུ་ཐོབ་ཤོག༔ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔བདུད་རྩི་མགྲིན་པར་བཞག་ཅིང་སྦྱིན། ཨཱཿརང་བྱུང་རྡོ་རྗེའི་ཀ་པཱ་ལར༔བྱང་ཆུབ་སེམས་ཀྱི་བཅུད་ཀྱིས་གཏམས༔བདེ་སྟོང་རོལ་པས་དབང་བསྐུར་བས༔མི་ཤིགས་རྡོ་རྗེའི་སྲོག་འགྲུབ་ཤོག༔ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿཚེ་རིལ་སྙིང་གར་གཏུག་ཅིང་སྦྱིན། ཧཱུྃ༔འཁོར་འདས་དྭངས་མ་ཀུན་བསྡུས་པའི༔ཡེ་ཤེས་མཆོག་གི་དམ་ཚིག་རྫས༔རཱ་ས་ཡ་ནའི་དབང་བསྐུར་བས༔འོད་གསལ་རྡོ་རྗེའི་ཚེ་ཐོབ་ཤོག༔ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔སླར་ཡང་ཚེ་འགུགས་དང་བཟླས་པ་མང་དུ་བྱ། ཚེ་པྲ་བརྟག་ལ༔ཨཱཿསྤྲོས་པས་སྲིད་ཞི་ཁྱབ་པའི་ཚེ༔བསྡུས་པས་ཐིག་ལེ་ཉག་གཅིག་ཀློང་༔འཕོ་འགྱུར་མེད་པའི་རྒྱས་བཏབ་པས༔ཡེ་ཤེས་ཆེན་པོའི་སྲོག་འགྲུབ་ཤོག༔ཛྙཱ་ན་བཛྲ་རཀྵ་རཀྵ༔ཞེས་བརྗོད་ཚེ་མདའ་སྤྱི་བོར་རྒྱ་གྲམ་འཇོག་ལ་ཤིས་བརྗོད་ཅི་རིགས་དང་། གཙོ་བོས་ཇི་ལྟར་སོགས་དབང་རྗེས་རྣམས་བྱའོ། །མེ་མཆོད་བྱ་བར་སྤྲོ་ན། རྒྱས་ཐབས་སྤྱི་ལྟར་ལ་ལྟེ་བར་པདྨ་འདབ་བཞི་ལྷ་ཚོམ་དཀར་པོ་བཀོད༔བུད་ཤིང་དང་། བསྲེགས་རྫས་སྤྱི་དང་ཁྱད་པར་དུ་དུཪྺ་སྦྲང་རྩིས་བགོས་པ་བྱས་ལ། འདོན་ཆ་འཕགས་མའི་སྙིང་ཐིག་གི་རྒྱས་སྦྱིན་ལ་ལྷ་བསྐྱེད་སོགས་ཁ་བསྒྱུར་དང་། སྔགས། ཨོཾ་བཛྲ་ཨཱ་ཡུ་ཥེ་སརྦ་སིདྡྷི་སྭཱ་ཧཱ༔ཞེས་པས་བསྲེགས་རྫས་དང་། དུཪྺ་འབུལ་བས་གྲངས་བཟུང་ངོ་། །ཞེས་པའང་སྟག་ཚང་གི་སྒྲུབ་གྲྭ་རྣམས་ལ་ཉེ་བར་མཁོ་བས་མཚམས་སྦྱར་ནས། ཆོས་ཀྱི་བློ་གྲོས་པས་བགྱིས་པ་འཆི་མེད་རྡོ་རྗེའི་སྐུ་བརྙེས་པའི་རྒྱུར་གྱུར་ཅིག །།། ༈མི་ཏྲའི་ཚེ་སྒྲུབ་ཚོགས་མཆོད་བཞུགས། ཚོགས་སྣོད་བྷཉྫ་སོགས་ཡངས་ཤིང་རྒྱ་ཆེ་བའི་ནང་ཐབས་ཤེས་རྫས་ཅི་འབྱོར་པ་བཤམས་ལ། ཨཱཿཚོགས་སྣོད་དབྱིངས་ཀྱི་ཀ་པཱ་ལར། །ཐབས་ཤེས་བཟའ་བཅའ་དམ་ཚིག་རྫས། །རྃ་ཡྃ་ཁྃ་གིས་བསྲེགས་གཏོར་བཀྲུས། །མི་ཟད་ནམ་མཁའ་མཛོད་དུ་གྱུར། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་གྱིས་བྱིན་བརླབས། ཧྲཱིཿསྐུ་གསུམ་ཞིང་ཁམས་ཕོ་བྲང་ནས༔བཅོམ་ལྡན་མགོན་པོ་ཚེ་ཡི་བདག །རིག་འཛིན་གྲུབ་ཐོབ་རྒྱ་མཚོ་དང་། །ཡི་དམ་དཔའ་བོ་མཁའ་འགྲོར་བཅས། །འདོད་ཡོན་ཚོགས་ལ་སྤྱན་འདྲེན་གཤེགས། །ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། བཛྲ་ས་མཱ་ཛཿཚོགས་ཕུད་རིམ་གསུམ་དུ་སྤྲོས་ལ། ཨོཾ་ཨཱཿཧཱུྃ། ཚོགས་མཆོད་འོད་ཕུང་འབར་བ་འདི། །རྩ་གསུམ་ཚེ་ལྷ་རབ་འབྱམས་ལ། །འདོད་ཡོན་ལྔ་ལྡན་མཆོད་པ་འབུལ། །ཉམས་ཆགས་འགལ་འཁྲུལ་མཐོལ་ལོ་བཤགས། །ཚེ་བདུད་བར་ཆད་དབྱིངས་སུ་སྒྲོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཧོཿཡིག་བརྒྱ་བརྗོད། ཚོགས་བར་པ་བརྡའ་དང་བརྡའ་ལེན་གྱིས་ཚིམ་པར་རོལ། ལྷག་མ་བསྡུས་ལ་ཁ་ཆུས་བྲན་ཏེ། ཨོཾ་ཨ་ཀཱ་རོས་བརླབས། ཧྲཱིཾ་ཕཻཾ། སྔོན་ཚེ་གྲུབ་པའི་ཧེ་རུ་ཀའི། །བཀའ་ཉན་ཕོ་ཉ་ལྷག་སྡུད་སོགས། །འདིར་བྱོན་ཚོགས་ལྷག་འདི་བཞེས་ལ། །བཅོལ་པའི་ལས་རྣམས་སྒྲུབ་པར་མཛོད། ཨོཾ་ཨུཙྪི་ཥྚ་བ་ལིཾ་ཏ་ཁཱ་ཧི། ཚེ་དཔག་མེད་མགོན་དཀྱིལ་འཁོར་དུ། །སོགས་ཀྱི་སྨོན་ལམ་གདབ་བོ། །ཞེས་རྗེ་བླ་མའི་དག་སྣང་མི་ཏྲའི་ཚེ་དཀར་གྱི་ཚོགས་མཆོད་འདིའང་། ཆོས་ཀྱི་བློ་གྲོས་པས་སྦྱར་བའོ། །། །

Footnotes

Other Information