DKR-KABUM-23-'A-027

From Khyentse Lineage - A Tsadra Foundation Project

བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཁྲིད་ཡིག་ཐོག་མཐའ་བར་དུ་དགེ་བ་སྐུ་བཞི་སྒྲུབ་པའི་ལམ་བཟང་མཁས་གྲུབ་དགོངས་རྒྱན།
Wylie title bla ma'i thugs sgrub bar chad kun sel gyi khrid yig thog mtha' bar du dge ba sku bzhi sgrub pa'i lam bzang mkhas grub dgongs rgyan DKR-KABUM-23-A-027.pdf
Location dil mgo mkhyen brtse bka' 'bum
Volume 23, Text 27, Pages 503-582 (Folios 1a to 40b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön མཆོག་གྱུར་གླིང་པ་ (mchog gyur gling pa)
Citation Khyentse, Dilgo. Bla ma'i thugs sgrub bar chad kun sel gyi khrid yig thog mtha' bar du dge ba sku bzhi sgrub pa'i lam bzang mkhas grub dgongs rgyan. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 23: 503-582. Delhi: Shechen Publications, 1994.
Genre Contemplative Guide Books and Instructional Manuals - khrid yig
Cycle བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ (bla ma'i thugs sgrub bar chad kun sel)

":Property:textsubnumber|textsubnumber" can not be assigned to a declared number type with value 1.

[edit]
༄༅། །བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཁྲིད་ཡིག་ཐོག་མཐའ་བར་དུ་དགེ་བ་སྐུ་བཞི་སྒྲུབ་པའི་ལམ་བཟང་མཁས་གྲུབ་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།

༄༅། །ན་མོ་མ་ཧཱ་གུ་རུ་སརྦ་སིདྡྷི་ཕ་ལ་ཡེ། རྣམ་ཀུན་མཆོག་ལྡན་སྤྲོས་པ་ཀུན་བྲལ་ཨེ་དབྱིངས་ཡུམ་གྱི་མཁར། །བདེ་ཆེན་ཝཾ་ཡིག་འཕོས་པས་དང་པོའི་སངས་རྒྱས་པདྨ་སྐྱེས། །སྣང་སྲིད་དབང་སྒྱུར་འཁོར་འདས་ཟིན་གནོན་དཀྱིལ་འཁོར་རྒྱ་མཚོའི་གཙོ། །གཞན་དུ་མ་གྲུབ་རང་རིག་དབྱེར་མེད་ལྟ་བའི་ཕྱག་གིས་འདུད། །སྒྲུབ་བརྒྱུད་བསྟན་པའི་བ་གམ་ལྷུན་མཐོར་སྔ་འགྱུར་རྡོ་རྗེའི་སྲོག་ཤིང་བརྟན། །ངོ་མཚར་གཏེར་འབྱིན་མཁས་གྲུབ་བྱེ་བའི་དར་འཕྱང་འཕུར་མ་གཡོ་བའི་རྩེར། །བཀའ་བབ་བདུན་ལྡན་རྩོད་བྲལ་མཆོག་གྱུར་བདེ་ཆེན་ཡིད་བཞིན་དབང་གི་རྒྱལ། །གདོད་ནས་གྲུབ་ཅེས་གླིང་བཞིར་ཡོངས་གྲགས་སྲིད་ཞིའི་འདྲེན་མཆོག་གང་དེ་རྒྱལ། །རྒྱལ་རྣམས་ཐུགས་བསྐྱེད་སྣ་ཚོགས་གར་གྱིས་སྙིགས་མའི་དུས། །བསམ་བཞིན་རྣམ་ཐར་ཕྲིན་ལས་རྨད་བྱུང་ཆོས་ཀྱི་བདག །འཇམ་མགོན་རྣམ་གཉིས་ཡབ་སྲས་བརྒྱུད་པར་བཅས་པ་ཀུན། །བཀའ་དྲིན་ཤེས་པས་སོར་བཅུའི་པདྨོ་སྤྱི་བོར་བཀོད། །གདོད་ནས་རྣམ་གྲོལ་ཡེ་སངས་རྒྱས་པའི་ཡེ་ཤེས་མངོན་གྱུར་ལྟེ་བ་ཟབ་ཅིང་ཟླུམ། །ཐུགས་བསྐྱེད་དག་པ་རྒྱ་མཚོའི་སྤྲིན་བཀོད་རྣམ་འདྲེན་སྟོང་གི་རྩིབ་ཡངས་མཛེས་པར་བཀྲ། །གསང་བའི་མཛོད་ཀྱིས་འཁོར་བ་དོང་སྤྲུགས་ས་གསུམ་གྲགས་པའི་འོད་དཀར་མུ་ཁྱུད་ཅན། །འཁོར་ལོའི་མགོན་པོ་འཇམ་དབྱངས་བླ་མ་ཆོས་ཀྱི་བློ་གྲོས་གང་དེ་རྒྱལ་གྱུར་ཅིག །རྒྱལ་ཀུན་མཁྱེན་པའི་ཆུ་གཏེར་ལས་འཁྲུངས་ཤིང༌། །རྨད་བྱུང་ཐུགས་རྗེའི་འདབ་མ་འབུམ་གྲོལ་བས། །ཟབ་རྒྱས་བདུད་རྩིའི་སྐལ་བཟང་རེ་སྐོང་བ། །བཀའ་དྲིན་མཚུངས་མེད་བླ་མར་གུས་བཏུད་ནས། །བླ་མའི་ཐུགས་སྒྲུབ་མ་དྲོས་མཚོ་ཆེན་ལས། །ཁྱད་འཕགས་བཅུད་དྲིལ་བར་ཆད་ཀུན་སེལ་ལམ། །ཡིད་བཞིན་ནོར་འདྲའི་སྔོན་དངོས་ཁྲིད་ཀྱི་ཚུལ། །གོ་སླ་དོན་བསྡུས་ཅུང་ཟད་འདིར་སྤྲོ་ན། །བླ་མ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་ཚོགས། །བརྩེ་བས་དགོངས་ལ་གནང་བ་བརྩལ་ནས་ཀྱང༌། །ཟབ་དོན་འགྲེལ་ལ་མི་ཟད་སྤོབས་པའི་བློ། །ཆགས་ཐོགས་མེད་པ་ད་ལྟ་བསྩལ་དུ་གསོལ། །དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨ་འོད་མི་འགྱུར་བ་ཆེན་པོ་ཚད་མེད་པའི་ཐུགས་རྗེའི་མངའ་བདག་དེས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཆེན་པོ་ལས་མ་གཡོས་བཞིན་དུ་ཐུགས་རྗེའི་བྱིན་རླབས་ཀྱིས་རང་སྣང་བ་པདྨ་ཀུན་ཏུ་འཆང་ཆེན་པོས། སྐུ་གསུང་ཐུགས་ལྷུན་གྲུབ་སྟུག་པོ་བཀོད་པར་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཕུན་གསུམ་ཚོགས་པ་གསང་སྔགས་རྡོ་རྗེ་ཐེག་པ་གསུངས་ཏེ་སྣང་བ་གསུམ་གྱིས་གདུལ་བར་བྱ་བའི་འགྲོ་བའི་ཁམས་རང་བཞིན་གྱིས་གྲོལ་བར་མཛད་པ་ལས། རྒྱལ་བ་དགོངས་པའི་བརྒྱུད་པ། རིག་འཛིན་བརྡའི་བརྒྱུད་པ། གང་ཟག་སྙན་ཁུང་བརྒྱུད་པ་གསུམ་དང༌། འཛམ་གླིང་ཆུང་ངུའི་གདུལ་བྱ་རྣམས་ཀྱི་སྣང་ངོར་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་ཐུགས་ལས་བརྡོལ་ཏེ་དྷ་ན་ཀོ་ཤར་མཚོ་སྐྱེས་རྡོ་རྗེ་ལས་བརྩམས་ཏེ་མཚན་བརྒྱད་ལ་སོགས་པའི་རྣམ་པར་རོལ་པས་རྒྱ་གར་བོད་ཡུལ་རྔ་ཡབ་གཙོ་བོར་གྱུར་པའི་གླིང་དང་གླིང་ཕྲན་མཐའ་འཁོབ་ཀྱི་གནས་རྣམས་སུ་རྒྱལ་བའི་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་འཆི་མེད་འདོད་རྒུར་སྒྱུར་བའི་གར་གྱིས་འཁོར་བ་དོང་ནས་སྤྲུགས་པར་མཛད་པ་ལས། འཇམ་དཔལ་སྤྲུལ་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཡུལ་མུན་པའི་གླིང་དུ་སྔོན་སྨོན་ཐུགས་བསྐྱེད་དུས་སུ་སྨིན་པས་སྤྱན་དྲངས་ཏེ་ལྷ་སྲིན་གདུག་པ་ཅན་ཐམས་ཅད་དམ་ལ་བཏགས། སྤྲུལ་པའི་གཙུག་ལག་ཁང་མང་པོས་ས་སྟེང་བཀང༌། ལོ་པཎ་སྐྱེས་མཆོག་དུ་མ་ལུང་བསྟན་ཅིང་དམ་པ་ཆོས་ཀྱི་སྒྲོན་མེ་སྦར། བོད་དང་བོད་ཆེན་པོའི་ས་གཞིའི་ཁྱོན་མ་ལུས་པར་ཞབས་ཀྱིས་གཅགས་ཤིང་བྱིན་གྱིས་བརླབས། ཉིད་ཀྱི་དགོངས་པའི་རང་རྩལ་ཐ་དད་ཀྱི་ཚུལ་དུ་སྣང་བ་རྗེ་འབངས་འདུས་པ་རྒྱ་མཚོར་ཟབ་རྒྱས་གསང་ཆེན་སྙིང་པོའི་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བ་ལས་གསང་བ་འདི་ཉིད་ཀྱི་ལོ་རྒྱུས་ཞལ་གདམས་སྙིང་བྱང་ལས། ན་མོ་གུ་རུ༔ ས་ཕོ་སྤྲེལ་ལོ་དགུ་ཟླ་ར་བའི་ཚེས་བཅུ་ལ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་བདག་ཉིད༔ ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དེ་ཉིད༔ བཀྲ་ཤིས་ལ་བྱིན་ཆེ་བ༔ དམ་ཆོས་འདོད་རྒུ་འབྱུང་བའི་གླིང༔ བྲག་དམར་འོམ་བུ་གཏིབས་པའི་ཚལ༔ ཆོས་འཁོར་ཆེན་པོ་དཔལ་གྱི་བསམ་ཡས་དབུ་རྩེ་རིགས་གསུམ་གྱི་བར་ཁང་གཡུ་ཞལ་འབར་བ་ཅན་དུ༔ སྐུ་དགྱེས་པའི་འཛུམ་མདངས་མཚན་དཔེའི་གཟི་བྱིན་གྱིས་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པ༔ གསུང་ཚངས་པའི་དབྱངས་ཀྱིས་ཆོས་སྒོ་མཐའ་ཡས་པ་ཕྱེ་བ༔ ཐུགས་ཀ་དག་གཏིང་གསལ་འདུས་མ་བྱས་པའི་དབྱིངས་ལས་མ་གཡོས་བཞིན་དུ༔ མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱིས་ཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་པ་སྲིད་ཞི་ཀུན་གྱི་སྤྱི་དཔལ་ཆེན་པོར་བཞུགས་སོ༔ དེའི་ཚེ་དེའི་དུས་ན༔ ལས་ཅན་དག་པའི་འཁོར་མཁྱེན་རབ་ཀྱི་བདག་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང༔ དཔལ་ཧེ་རུ་ཀ་ནམ་མཁའི་སྙིང་པོ་དང༔ འཇམ་དཔལ་ཁྲག་འཐུང་སངས་རྒྱས་ཡེ་ཤེས་དང༔ དབང་ཆེན་གྲུབ་པ་རྒྱལ་མཆོག་དབྱངས་དང༔ གསང་སྔགས་ཆུ་བོ་བཞིའི་བཀའ་བབས་བནྡེ་དྲི་མེད་ཟླ་ཤར་དང༔ མཐུ་སྟོབས་ཀྱི་མངའ་བདག་ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས༔ བོད་ཁམས་ཕུར་ཐོགས་ཡོངས་ཀྱི་རྗེ་བཙན་རྡོ་རྗེ་བདུད་འཇོམས་རྩལ༔ སློབ་དཔོན་ཉིད་དང་དགོངས་པ་མཉམ་པའི་རྣམ་པར་སྣང་མཛད་བཻ་རོ་ཙ་ན་དང༔ སྤྲུལ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ལྷ་སྲས་སྐུ་མཆེད་རྣམས་དང༔ རྡོ་རྗེའི་གཟུངས་མར་བཀས་གནང་བའི་བདག་བུད་མེད་ཡེ་ཤེས་མཚོ་རྒྱལ་དང་བཅས་པ་རྣམས་ཀྱིས་མགྲིན་གཅིག་ཏུ་ཕྱག་བཙལ་ཏེ་གསོལ་བ་ནི༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ ཉིད་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་འདུས་པ༔ དཀྱིལ་འཁོར་རབ་འབྱམས་ཀྱི་གཙོ་བོར་བཞུགས་པ་ལགས་ན༔ རྒྱུད་ལུང་མན་ངག་གཞན་ལ་མ་ལྟོས་པར༔ ཐུགས་འོད་གསལ་ཆེན་པོའི་ཀློང་ནས་རང་བྱུང་དགོངས་པ་ཟང་ཐལ་གྱི་རྒྱུད་མན་ངག་ངེས་པའི་ཚུལ་དུ་བཀས་གནང་བར་ཞུ༔ ཞེས་ཞུས་པ་ན༔ ཞལ་དགྱེས་པའི་འཛུམ་མདངས་སུ་བཞད་ཅིང༔ གསུང་ཚངས་པའི་དབྱངས་ཀྱིས༔ དེ་ལྟར་མཐོང་བ་དང་ཞུས་པ་ནི་ལེགས་ཀྱི༔ རྒྱལ་པོས་དབུ་མཛད་པའི་སྣོད་ལྡན་རྣམས་ཀྱིས་ཇི་ལྟར་འདོད་པ་ཞུས་ཤིག་དང་ངས་བཤད་པར་བྱའོ༔ ཞེས་བཀའ་བསྩལ་ཏོ༔ དེའི་ཚེ་བདག་ཅག་རྣམས་གུས་པ་དང་སྤྲོ་བ་དང་སྤོབས་པ་མཆོག་ཏུ་སྐྱེས་ནས་སླར་གསོལ་བ༔ ཀྱེ་སློབ་དཔོན་རིན་པོ་ཆེ༔ དེ་ལྟར་རྡོ་རྗེའི་ཚིག་གི་རྒྱུད་ཞལ་གདམས་མན་ངག་གི་ཚུལ་དུ་གནང་བར་དགོངས་པས་བཀྲོལ་བ་ནི་བཀའ་དྲིན་ཤིན་ཏུ་ཆེ་ལགས་པས༔ དུས་ད་ལྟ་དང་མ་འོངས་པའི་ཆོས་བྱེད་པ་རྣམས་ལ་བར་ཆད་བྱུང་ན་གང་གིས་སེལ༔ དངོས་གྲུབ་བསྒྲུབ་ན་གང་གིས་སྒྲུབ༔ ལམ་ཐམས་ཅད་གང་གིས་བགྲོད་ཅེས་གསོལ་བས༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ དམ་པའི་ཆོས་ཚུལ་བཞིན་བྱེད་པ་ལ་བར་ཆད་ཀྱི་རྣམ་པ་མཐའ་ཡས་པ་ཞིག་འབྱུང་ནའང་དེ་སེལ་བའི་ཐབས་ནི་བླ་མ་ལ་གསོལ་བ་འདེབས་པ་ཁོ་ན་ཡིན་ཏེ༔ དེ་ལས་ལྷག་པའི་གདམས་པ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་མ་གསུངས་མི་གསུང་གསུང་བར་མི་འགྱུར་རོ༔ བར་ཆད་ཐམས་ཅད་བསལ་ན་དངོས་གྲུབ་ཀྱང་དེས་ཐོབ་པ་ཡིན༔ དེ་ལ་བརྟེན་ནས་ལམ་ཐམས་ཅད་ཀྱང་བགྲོད་པ་ཡིན་པས༔ ཐོག་མར་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་སེལ་བའི་སླད་དུ་བླ་མ་ལ་གསོལ་བ་འདེབས་པ་ཉིད་གལ་ཆེའོ༔ ཞེས་གསུངས་སོ༔ དེའི་ཚེ་དེའི་དུས་ན་སྔོན་གྱི་ལས་དང་སྨོན་ལམ་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པའི་མཐུས་བསྐུལ་ཏེ༔ ལྷའི་སྲས་པོ་ཡེ་ཤེས་རོལ་པ་རྩལ་གྱིས་རིན་པོ་ཆེ་གསེར་གྱི་མཎྜལ་རྒྱ་ཆེན་པོ་ལ་བླ་གཡུ་འོད་འབར་བའི་ཚོམ་བུ་བཀོད་པ་ཕུལ༔ གུས་ཕྱག་དགུ་ཕྲུགས་སུ་བཙལ་ཏེ་ཞུས་པ༔ ཀྱེ་སློབ་དཔོན་ཆེན་པོ་ལགས༔ སྤྱིར་བླ་མ་ལ་གསོལ་བ་བཏབ་ན་འདོད་རྒུ་ཐམས་ཅད་འབྱུང་བར་ངེས་ཀྱང༔ ད་རེས་གང་འདོད་ཀྱི་དོན་སྙིང་པོར་དྲིལ་བའི་གསོལ་བ་ཞིག་གདབ་དགོས་པས་ཕྱི་ནང་གསང་བའི་བར་ཆད་ཐམས་ཅད་སེལ་བའི་དོན་དུ་གུ་རུ་རིན་པོ་ཆེ་ཉིད་ལ་གསོལ་བ་འདེབས་པའི་ཚུལ་ཁྱད་པར་ཅན་ཞིག་གསུང་དུ་གསོལ༔ ཞེས་ཞུས་པ་ན༔ གུ་རུ་རིན་པོ་ཆེའི་ཞལ་ནས༔ ལེགས་སོ་ལེགས་སོ་ལྷའི་སྲས་པོ༔ སྤྱིར་རང་ལ་ལམ་སྟོན་པའི་བླ་མ་དེ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་ཡིན༔ བྱེད་བྲག་ཏུ་གསང་སྔགས་ཀྱི་གདམས་པ་གནང་བའི་བླ་མ་དེ་དུས་གསུམ་གྱི་སངས་རྒྱས་ལས་ཀྱང་ལྷག༔ དེ་ལ་མོས་གུས་ཁ་ཙམ་མིན་པ་མེད་ན་ཆོས་ཀྱི་རྩ་བ་རུལ་འགྲོ་བར་འདུག༔ ཁྱད་པར་བོད་ཡུལ་ཆོས་བྱེད་ཀུན་གྱི་བླ་མ་ནི་བདག་ཁོ་ན་ལ་ཐུག་པ་ཡིན་ཏེ༔ ང་ཉིད་ཆོས་སྐུའི་སངས་རྒྱས་ཐམས་ཅད་དང་དགོངས་པ་དབྱེར་མེད་དུ་བཞུགས༔ ལོངས་སྐུའི་སངས་རྒྱས་ཐམས་ཅད་སྤྲོ་ཞིང་སྡུད༔ སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་རོ་གཅིག་པ་ལས་ཐ་དད་པའི་ཚུལ་དུ་བསྟན་ནས༔ ཛམ་བུའི་གླིང་སྤྱི་དང་བྱེ་བྲག་གདོང་དམར་བོད་ཀྱི་རྒྱལ་ཁམས་འདུལ་བའི་སླད་ཆེད་དུ་སྤྲུལ་པ་ཡིན་པས་ན༔ ད་ལྟར་བཞུགས་པའི་ཆོས་རྒྱལ་ལོ་པཎ་སྐྱེས་མཆོག་རྣམས་དང༔ མ་འོངས་པ་ན་བོད་ཁམས་འདིར་སངས་རྒྱས་ཀྱི་བསྟན་པ་ནམ་གནས་ཀྱི་བར་དུ་འབྱོན་པར་འགྱུར་བའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱང༔ བདག་པདྨ་འབྱུང་གནས་ཀྱི་ཐུགས་ཡེ་ཤེས་ཆེན་པོའི་ངང་ལས་གང་འདུལ་སྒྱུ་འཕྲུལ་དྲྭ་བར་བསྟན་པ་ཙམ་ཡིན་ནོ༔ དེ་བས་ན་ཁོ་བོ་ལ་སྐྱབས་གནས་ཐམས་ཅད་ཀྱི་བདག་ཉིད་རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་སུ་མོས་པས་དུས་རྒྱུན་དུ་མ་བརྗེད་པར་གསོལ་བ་ཐོབ་ཅིག་དང༔ འདོད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་མ་གྱུར་ན་ཁོ་བོས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་བསླུས་པར་འགྱུར་རོ༔ ཁྱད་པར་བར་ཆད་ཐམས་ཅད་སེལ་བའི་དོན་དུ་གསོལ་བ་འདི་ལྟར་དུ་ཐོབ་ཅིག༔ ཅེས་གསུངས་ནས་ཕྱག་གཡས་གཡོན་མངའ་བདག་དང་ཁོ་མོའི་སྤྱི་བོར་བཞག༔ ལྷ་སྲས་ཉིད་ལ་དབུ་གཏུགས་ཏེ་ཆོས་ཉིད་དབྱངས་ཀྱི་རྡོ་རྗེའི་རང་སྒྲས་འདི་སྐད་ཅེས་བཀའ་བསྩལ་ཏོ༔ ཞེས་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་རིག་འཛིན་རྣམ་འཕྲུལ་བཅུ་གཉིས་ཀྱི་མཚན་དང་སྐུ་ཡི་བཀོད་པ་གསལ་བའི་གསོལ་འདེབས་རྡོ་རྗེའི་གསུང་བསྩལ་ཅིང༌། དེའི་ཚེ་སླར་ཡང་མངའ་བདག་ཡབ་སྲས་ཀྱིས་གསེར་གྱི་མཎྜལ་དང༔ ཟ་འོག་གི་ན་བཟའ་དང༔ ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བླ་ན་མེད་པ་ཕུལ་ནས་ཞུས་པ༔ དེ་ལྟར་གསོལ་བ་འདེབས་པའི་གདམས་པ༔ གུ་རུ་རིན་པོ་ཆེ་ཉིད་ཀྱི་མཚན་དང་སྐུའི་བཀོད་པ་ལ་བརྟེན་ནས་སྔར་མ་ཐོས་པའི་ངོ་མཚར་གྱི་གསང་བ་རྨད་དུ་བྱུང་བའི་ཚུལ་ཁྱད་པར་ཅན་གནང་བ་ནི་ཤིན་ཏུ་བཀའ་དྲིན་ཆེ་ན༔ ད་དུང་དེ་ལ་བརྟེན་པའི་གནས་སྐབས་དང་མཐའ་ཐུག་གི་བར་ཆད་ཐམས་ཅད་ཞི་ཞིང༔ མཆོག་དང་ཐུན་མོང་གི་དངོས་གྲུབ་རབ་འབྱམས་བསམ་པ་བཞིན་དུ་འགྲུབ་པའི་སྒྲུབ་ཐབས་དང་ལས་ཚོགས་ཇི་སྙེད་པ་རྣམས་བདག་ཅག་འདིར་འཚོགས་པ་དང་མ་འོང་པའི་བོད་འབངས་རྣམས་ལ་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་ཡོངས་སུ་རྫོགས་པར་སྩལ་དུ་གསོལ༔ ཞེས་གསོལ་བ་བཏབ་པ་ན༔ གུ་རུ་རིན་པོ་ཆེ་ཉིད་དཀྱིལ་འཁོར་གྱི་གཙོ་མཆོག་རིགས་ཐམས་ཅད་གྱི་ཁྱབ་བདག་སྣང་སྲིད་ཟིལ་གནོན་ཆེན་པོའི་ཆ་བྱད་དུ་བཞུགས་པའི་དབུ་གཙུག་ཏུ་ལོངས་སྤྱོད་རྫོགས་སྐུ་དང༔ ཆོས་སྐུའི་སངས་རྒྱས༔ ཕྱོགས་མཚམས་སུ་རིགས་ཀྱི་གཙོ་བོ་བཅུ་གཉིས་སོགས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་སུམ་དུ་སྤྲུལ་ནས་སྐད་ཅིག་གཅིག་གིས་བྱེད་བྲག་ལས་དབང་བསྐུར་བ་དང༔ རྩ་བའི་གདམས་པ་རྒྱས་བསྡུས་མཐའ་ཡས་པ་ལས་ལྡན་རྣམས་ཀྱི་དབང་པོ་དང་འཚམས་པར་བསྟན་ནས༔ སླར་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་གུ་རུ་ཉིད་ལ་འདུས༔ གུ་རུ་རིན་པོ་ཆེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་ངང༔ དགོངས་པ་མི་གཡོ་བ་འཆི་མེད་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ༔ ཞེས་གླེང་གཞི་ལོ་རྒྱུས་དེ་ལྡན་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་གྱི་ཆོས་སྐོར་རྩ་བ་དང་ཡན་ལག་ཁ་ཚང་དོན་དྲིལ་ངོ་མཚར་རྨད་དུ་བྱུང་བ་འདི་ཉིད་གསུངས་ཤིང༌། སླར་ཡང་ལྷ་སྲས་མུ་རུབ་བཙན་པོས་ཞུས་ངོར་མདོ་ཁམས་ནམ་མཁའ་རྫོང་དུ་ལན་གཅིག །ཇོ་མོ་མཚོ་རྒྱལ་གྱིས་ཞུས་ངོར་གཏེར་སྒྲོམ་དང་མཆིམས་ཕུ་གཉིས་ཀར་ལན་རེ། བོད་འབངས་སྤྱི་ཡིས་ཞུས་ངོར་མང་ཡུལ་ལ་ཐོག་ཏུ་ལན་གཅིག་བཅས་གསུངས་ཤིང༌། གུ་རུ་སྲིན་ཡུལ་གཤེགས་རྗེས་རྗེ་འབངས་སོ་སོས་ཡི་གེར་བཀོད་པ་ཐམས་ཅད། རྩ་བ། རྒྱས་བཤད། མན་ངག །ཁྱད་པར་ཏེ་ངེས་པའི་བཀའ་སྲོལ་བཞི་རུ་བསྡུས་ནས་དབྱིངས་ཕྱུག་ཡེ་ཤེས་དྷཱ་ཀི་མཚོ་རྒྱལ་གྱིས་བརྡ་རིས་སུ་བཀོད་དེ་གཏེར་གནས་སོ་སོར་རྒྱས་བཏབ་པའི་མཚོན་གུ་རུ་ཡབ་ཡུམ་གྱིས་བོད་ལ་བཀའ་དྲིན་ཆེ་བས་ས་འོག་ས་སྟེང་ཐམས་ཅད་གཏེར་གྱིས་བསྐངས་ནས་ནམ་ཞིག་རྒྱལ་བ་བྱམས་པའི་བསྟན་པ་མ་ཤར་བར་དུ་གཏེར་འབྱིན་གྲུབ་ཐོབ་རྒྱུན་ཆད་མེད་པས་འགྲོ་དོན་མཛད་པ་ལས་ཇི་སྐད་དུ། ཁ་རག་ཆུ་ཕུག་སྦས་པའི་གཏེར་ཁ་འདི༔ མི་བཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༔ ཨོ་རྒྱན་བདེ་ཆེན་གླིང་པ་ཞེས་བྱ་འབྱུང༔ ཞེས་སོགས་ཡང་ཡང་དཔལ་གྱི་མགུལ་ནས་བསྔགས་པར་མཛད་པའི་སྤྲུལ་པའི་གཏེར་ཆེན་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པ་ཞེས་ས་གསུམ་འགྲོ་བའི་བླ་མ་དེ་ལ་ངོ་མཚར་བཀའ་བབ་བདུན་གྱིས་ཕྱུག་ཅིང་ས་གཏེར་ལའང་གཏེར་ཁ་སོ་བརྒྱད་བཞུགས་པ་ལས། གཏེར་ཁ་གསུམ་པ་རྗེ་བླ་མ་དགུང་གྲངས་ཉི་ཤུར་སོན་པ་ས་སྤྲེལ་དབྱུག་པ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅུར་ཟླ་ཉིན་ཁ་ལ་རོང་སྒོར་དཔལ་ཆེན་པོ་ཁྲོ་བོ་དབུ་དགུ་རང་བྱོན་དུ་གསལ་བའི་དབུ་ཡི་གསེང་དང་ཞབས་གཡས་ཀྱི་འོག་ལྷོ་ཟླའི་ཆུ་བོ་དལ་གྱིས་འབབ་པའི་རྦ་ཀློང་འཁྲུགས་པའི་དབུས། སྐལ་མེད་བགྲོད་པར་དཀའ་བ། རང་བྱུང་པདྨའི་ཞབས་རྗེས་རྫུ་འཕྲུལ་གྱི་བཀོད་པ་རྣམ་པར་སྣང་བའི་མི་འགྱུར་བའི་ཕ་བོང་སྨུག་པོ་ནས་སྤྱན་དྲངས་པའི་གདམས་ངག་ཟབ་ཅིང་རྒྱ་ཆེ་བའི་གནད་དོན་ཐམས་ཅད་གཅིག་དུ་དྲིལ་བ། སྔར་ས་སྟེང་དུ་ཡོངས་སུ་མ་གྲགས་ཤིང༌། དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་དགོངས་ཉམས་མཐར་ཐུག་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་རབ་འབྱམས་སྒྲུབ་པའི་ཐབས་ཐམས་ཅད་མ་ཚང་བ་མེད་པ། འཁོར་ལོས་སྒྱུར་བའི་བང་མཛོད་ཆེན་པོ་ལྟ་བུ་བླ་མའི་ཐུགས་སྒྲུབ་བར་ཆད་ཀུན་སེལ་ཞེས་རྨད་དུ་བྱུང་བ་འདི་ཉིད་ཀྱི་སྒོ་ནས་སྐལ་ལྡན་གྱི་སློབ་མ་བདེ་མྱུར་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དུ་འཁྲིད་པར་བྱེད་པ་ལ། ཆོས་དང་གང་ཟག་ལ་ལོག་པར་མི་བལྟ་བར་ཚད་མར་ཤེས་པས་གསང་བ་སྤྱི་དང་བྱེ་བྲག་གི་ལོ་རྒྱུས་དམ་པ་གོང་མའི་རྣམ་ཐར་སོགས་ལ་ཐོས་བསམ་ཡང་དག་པ་སྔོན་དུ་སོང་ནས། མི་རྗེས་ཁྱི་རྒྱུག་ལྟ་བུ་མ་ཡིན་པར་བླ་མ་དམ་པའི་ཞབས་སྤྱི་བོར་བླངས་ནས་དབང་གིས་རྒྱུད་སྨིན་པར་བྱེད་པ་ལམ་འདི་ཡི་རྩ་དབང་རྒྱས་འབྲིང་བསྡུས་གསུམ་སོགས་ཐོབ་ལོ་ཙམ་མིན་པར་ཚད་ལྡན་ཐོབ་པའི་དབང་དུ་བཏང་ནས་ལམ་དེར་ཅི་དགར་འཇུག་པའི་ཚུལ་ཁྲིད་ཀྱི་རིམ་པ་འཆད་པ་ལ་དོན་གསུམ། ཐོག་མར་དགེ་བ་སྔོན་འགྲོའི་ཁྲིད། བར་དུ་དགེ་བ་དངོས་གཞིའི་ཁྲིད། ཐ་མར་དགེ་བ་ཡན་ལག་མཐའ་རྒྱས་ཀྱི་ཁྲིད་དོ། །ཐོག་མར་དགེ་བ་སྔོན་འགྲོའི་ཁྲིད་ལ། ཐུན་གྱི་སྔོན་འགྲོ་དང༌། ཁྲིད་ཀྱི་སྔོན་འགྲོ། ལམ་གྱི་སྣོད་རུང་དུ་བྱེད་པའི་སྔོན་འགྲོ་དང་གསུམ། དང་པོ་ལ་རིང་བ་དང༌། ཉེ་བའི་སྔོན་འགྲོའོ། །དང་པོ་ནི། ལམ་འདིའི་རྒྱབ་ཆོས་ལམ་རིམ་ཡེ་ཤེས་སྙིང་པོ་ལས། དང་པོ་འདུ་འཛིའི་གནས་ལས་ཐག་བསྲིངས་ཏེ༔ དབེན་པར་སོངས་ལ་འཇིག་རྟེན་བྱ་བ་བཏང༔ ཞེས་པ་ལྟར། ལམ་ལ་འཇུག་པར་འདོད་པའི་གང་ཟག་དེས་དང་པོ་ཉིད་དུ་འཇིག་རྟེན་གྱི་བྱ་བ་དགྲ་འདུལ་གཉེན་སྐྱོང་སོགས་ལུས་སེམས་རྣམ་པར་གཡེང་བའི་འདུ་འཛིའི་གནས་ལས་རིང་དུ་བྱོལ་ནས་ཐག་བསྲིངས་ཏེ། རྒྱལ་བས་བསྔགས་པའི་བས་མཐའ་ཉིན་མོ་མི་དང༌། མཚན་མོ་ལྷ་འདྲེའི་རྒྱུ་འགྲུལ་མེད་པའི་དབེན་གནས་དམ་པ་རི་བྲག་ནག་ཁྲོད་ཉམས་དགའ་བ། དམ་པ་གོང་མས་བྱིན་གྱིས་བརླབས་པའི་གནས་སུ་སོངས་ལ་དེར་ཡང་འཕྲལ་མཁོའི་ཡོ་བྱད་མ་ཐོགས་ཙམ་གྱིས་ཆོག་ཤེས་པར་བྱས་ཏེ། ལུས་ཀྱི་མི་དགེ་བ་དང་ལུང་མ་བསྟན་གྱི་བྱ་བ། ངག་དོན་མེད་ལོང་གཏམ། ཡིད་ཉོན་མོངས་འཁྲུལ་རྟོག་གི་རྗེས་སུ་མི་འབྲང་བར་འཇིག་རྟེན་པ་དང་མཐུན་པའི་བྱ་བ་མཐའ་དག་བཏང་ནས་ཆོས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་བྱ་སྟེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་མཆོད་པ་སྣ་ཚོགས་པས་བསྐལ་པར་མཆོད་པ་ལས་ཀྱང་དབེན་པར་ངེས་འབྱུང་གིས་བསྐུལ་ནས་གོམ་པ་བདུན་བོར་བའི་བསོད་ནམས་ཆེ་བར་མདོ་ཏིང་འཛིན་རྒྱལ་པོ་ལས་གསུངས་པ་དང༌། ཁྱད་པར་ལས་དང་པོ་པས་དབེན་པ་བརྟེན་པར་གལ་ཆེ་བ། ཟ་མ་ཏོག་ལས། ལས་དང་པོ་པས་སེམས་ཉེ་བར་ཞི་བ་དང་རབ་ཏུ་དུལ་བར་བྱ་བའི་ཕྱིར་དབེན་པར་གནས་པར་བྱའོ། །ཞེས་པ་ལྟར་གནས་དབེན་པར་སོངས་ལ་ཡར་ངོའི་གཟའ་སྐར་འཕྲོད་སྦྱོར་ལེགས་དུས་སྤྱི་བཤགས་ཀྱི་རིམ་པ་དང༌། གཙུག་མདོ་བཞི་འམ། མི་འགྲུབ་ན་བཀྲ་ཤིས་བརྩེགས་མདོ། འཇམ་དཔལ་མཚན་བརྗོད་སོགས་འདོན་ཞིང་གནས་ཁང་ཕྱག་བརྡར་དང༌། ཁྲུས་ཆུ་འཐོར་ཞིང་སྤོས་ཀྱིས་བདུག །རྒྱལ་བའི་སྐུ་གསུང་ཐུགས་རྟེན་གང་འབྱོར་དང་ཁྱད་པར་ནུབ་ངོས་སུ་ཨོ་རྒྱན་རིན་པོ་ཆེའི་སྐུ་བྲིས་འབུར་གང་རུང་དང༌། སྔོན་འགྲོའི་ཚོགས་ཞིང་ཞལ་ཐང་ཡོད་ན་བཤམས་པའི་མདུན་སྟེགས་བུ་ཁེབས་ལྡན་ཁར་སྨན་རཀ་གཏོར་གསུམ་ཉེར་སྤྱོད་སོགས་མཐོང་རྒྱུན་བཞིན་བཤམ། སྟེང་དུ་རང་གི་རྩ་བའི་བླ་མའི་དབུ་སྐྲ་སོགས་བྱིན་རླབས་སེལ་མེད་རྣམས་འགོད། གཞན་ཡང་ཞལ་གདམས་སྙིང་བྱང་ལས་འབྱུང་བའི་མན་ངག་རྟེན་འབྲེལ་ཚེ་འཕེལ་བ། ནད་ཉུང་བ། ས་དགྲ་བཅོས་པ། ཆོམ་རྐུན་ཞི་བའི་རྟེན་འབྲེལ་སོགས་གང་དགོས་བྱ། དངོས་གཞི་བསྙེན་སྒྲུབ་སྐབས་སྒྲུབ་པ་སྒྲོམ་གཞུག་ཆས་སོགས་དགོས་ཀྱང་འདིར་མ་སྤྲོས་ལ་འོག་ནས་ཤེས་པར་འགྱུར། རང་གི་མལ་འོག་ཏུ་ས་དཀར་གྱིས་གཡུང་དྲུང་བྲི་སྒྲུབ་ཚུགས་ཟིན་པའི་རྟེན་འབྲེལ་ཡོད་པར་གསུངས། གཞན་ཡང་རྡོར་དྲིལ། ཌཱ་མ་རུ། གུལ་ཡུངས། འཐོར་ནས་དང༌། སྒོ་སྲུང་རྒྱལ་ཐོ་ཤིང་བྱང་ལ་རྒྱལ་ཆེན་བཞིའི་སྐུ་བྲིས་པའམ། མཚན་སྔགས་དང་ཡེ་དྷར་བརྟན་སྔགས་བཅས་ཀྱི་མཐར་འདོད་གསོལ་འོག་ནས་འབྱུང་བ་བྲིས་པ་ཤིང་རྩི་རྩེ་རྒྱལ་བཅས་འདུ་བྱའོ། །གཉིས་པ་ནི། ལམ་རིམ་ལས། བདེ་བའི་སྟན་འདུག་ལུས་བསྲང་རླུང་རོ་བསལ༔ དཀོན་མཆོག་གསོལ་གདབ་བླ་མར་མོས་གུས་བསྐྱེད༔ ཞེས་པ་ལྟར་བསམ་གཏན་གྱི་ཁང་བུ་དེར་བདེ་བའི་སྟན་ལ་འདུག་ཅིང་ལུས་གནད་དྲང་པོར་བསྲངས་པས། རྩ་རླུང་རང་མལ་དུ་གནས་ཏེ་འཁྲུལ་རྟོག་ཉུང༌། རླུང་རོ་ལན་གསུམ་བསལ་བས་རྩ་ནང་ཉོན་མོངས་པའི་སྙིགས་མ་དང་སྡིག་སྒྲིབ་ཐམས་ཅད་དག་པར་བསམ་ཞིང་མཁའ་ཁྱབ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་ཉམས་སུ་ལན་སྙམ་པ་དང༌། རང་གི་སྤྱི་བོར་རམ་མདུན་མཁར་ངོ་བོ་རྩ་བའི་བླ་མ་ལ་རྣམ་པ་གུ་རུ་པདྨ་ཐོད་འཕྲེང་རྩལ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་མོས་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བློ་གཏད་ལིང་སྐྱུར་གྱིས་གསོལ་བ་ཅི་ནུས་བཏབ་ཅིང་མཐར་བླ་མ་དགྱེས་པ་ཆེན་པོས་འོད་དུ་ཞུ་ནས་རང་གི་སྤྱི་བོ་ནས་ཐིམ་པར་བསམ་ལ་ཐུགས་ཡིད་བསྲེས་ཏེ་མཉམ་པར་བཞག །ཐུན་བཟུང་ངོ་ཅོག་ཐམས་ཅད་ཀྱི་སྔོན་དུ་འདི་གཏང་ངོ༌། །དེ་ནས་ཐོག་མར་མཚམ་དུ་སྡོད་པའི་སྐབས་ཟས་གོས་སོགས་བསྐྱལ་མཁན་འོང་དགོས་རིགས་དམིགས་འོག་བཅུག་པའམ། དམིགས་རྡོ་བཞག་ཀྱང་རུང་ལ་དགོང་མོ་ལ་བབ་པ་ན་བླ་མ་བརྒྱུད་པའི་གསོལ་འདེབས་གང་ཤེས་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས་ཐུགས་སྒྲུབ་ཕྲིན་ལས་འབྲིང་བསྡུས་གང་རུང་གི་སྔོན་འགྲོ་བྱིན་རླབས་རྣམ་ལྔ་དང༌། གཞི་བདག་ལ་དཀར་གཏོར་དང༌། གནས་བདག་ལ་སྡེ་བརྒྱད་གསེར་སྐྱེམས་ལྟ་བུ་གཏོང་ཞིང་དམ་ཆོས་སྒྲུབ་པའི་སྡོང་གྲོགས་དང་ཕྲིན་ལས་བཅོལ། སྐྱབས་སེམས་ཚོགས་བསག་གཏོང་ཞིང་བགེགས་གཏོར་ལ་མཚམས་ལྷ་རྟ་མགྲིན་ལམས་སེ་བསྐྱེད་ལ་གཏོར་མ་ཟད་མེད་ངོ་བོ་བདུད་རྩི་ལ་རྣམ་པ་འདོད་པའི་ཡོན་ཏན་ལྔ་ལྡན་དུ་བྱིན་གྱིས་བརླབས་ལ་བསྔོ་ཞིང༌། བདུད་བགེགས་ལོག་འདྲེན་ཐམས་ཅད་དང་ནག་ཕྱོགས་རྒྱལ་སྲིན་རིགས་ཁྲོ་ཆུང་རྡོ་རྗེའི་མཚོན་ཆས་ཚར་བཅད་ཅིང་རྒྱང་རིང་དུ་སོང་བར་མོས། སྒོ་དྲུང་དུ་རྒྱལ་ཐོ་སྐུ་དཀར་གསོལ་བར་ཤིང་བྱང་དང་ཤིང་ལོ་རྩེ་རྒྱས་བཙུགས་པའི་མདུན་དཀར་གཏོར་མཐེབ་རིལ་བཞི་ཅན་དང༌། གསེར་སྐྱེམས་ཉེར་སྤྱོད་བཤམས་ལ་བསང་ཆུ་འཐོར་ཏེ། ༈ རཾ་ཡཾ་ཁཾ་གིས་བསང་ཨོཾ་ཨཱཿཧཱུྃ་གི་བྱིན་གྱིས་བརླབས། ཐོ་ཕོ་བྲང་དུ་གསལ་བའི་ནང་དུ་རྟེན་དང་དབྱེར་མེད་པ་རྒྱལ་པོ་ཆེན་པོ་བཞི་སོ་སོའི་འཁོར་གཡོག་དམག་ཚོགས་དང་བཅས་པ་གསལ་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རི་རབ་ཆེན་པོའི་ཕྱོགས་བཞི་ནས་རྒྱལ་ཆེན་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་བཛྲ་ས་མ་ཡ་ཛཿ ཛ་ཧཱུྃ་བཾ་ཧོ། གཉིས་སུ་མེད་པར་གྱུར། ཨོཾ་དྷྲིཥྚ་རཥྚ་བཻ་རུ་དྷཱ་ཀཱ་བི་རུ་པཱཀྵ་བཻ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཞེས་ལན་བདུན་བཟླས་ནས་ཐུགས་དམ་བསྐུལ། སྔགས་ཤམ་དུ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པས་གཏོར་མ་འབུལ། ཨོཾ་བཛྲ་པུཥྤེ་སོགས། ཕྲིན་ལས་བཅོལ་བ་ནི། ཧཱུྃ། ཕྱི་ལྟར་རྒྱལ་ཆེན་སྡེ་བཞི་ལ། །ནང་ལྟར་རིགས་བཞིའི་ཧེ་རུ་ཀ །གསང་བ་རྒྱལ་བ་རྣམ་པ་བཞི། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །བཀའ་གསང་གཞུང་བཞིན་སྒྲུབ་པ་ལ། །མ་དག་པ་རྣམས་མཚམས་ཆོད་ཅིག །ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱས་ལ་ཕྱི་མཚམས་བཅད་དེ་ཕྱི་ནང་འགྲུལ་འགྲིམ་བཅད་པ་ཇེ་དམ་དུ་གཏོང་ཞིང་རལ་བ་དང་བུག་པའི་སྐྱོན་ཐམས་ཅད་སྤང་བར་བྱའོ། །ནང་དུ་ཞུགས་ལ་མཚམས་གཅོད་ནས་བཟུང་ཕྲིན་ལས་མཐར་དབྱུང་ཞིང་ཚོགས་འཁོར་རྒྱས་པར་བྱས་ན་སྒྲུབ་པའི་ཡོ་བྱད་ཚོགས་པའི་དགོས་པ་ཡོད་པས་གལ་ཆེའོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་བཞི་ལས། དང་པོ་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་ལ། ལམ་རིམ་ཡེ་ཤེས་སྙིང་པོ་ལས། དལ་འབྱོར་ཕུན་སུམ་ཚོགས་པས་བརྒྱན་པའི་རྟེན༔ ཤིན་ཏུ་རྙེད་དཀའ་ཨུ་དུམ་ཝ་ར་འདྲ༔ སྙིང་པོ་ལེན་པའི་ཐབས་ལ་རབ་མཁས་ན༔ རྙེད་པ་དོན་ལྡན་ཡིད་བཞིན་ནོར་ལས་ལྷག༔ དེ་ཕྱིར་དུས་དང་གནས་སྐབས་ཐམས་ཅད་དུ༔ དགེ་བའི་བཤེས་དང་དགེ་བའི་གྲོགས་པོ་བརྟེན༔ ཚེ་འདི་བློས་བཏང་ཕྱི་མའི་དོན་གྱི་ཕྱིར༔ མྱུར་དུ་སྙིང་པོ་ལེན་ལ་མ་འབད་ན༔ ཞེས་པ་སྟེ། རྟེན་གྱི་ངོ་བོ་མི་ཁོམ་པ་བརྒྱད་ལས་ལོག་པའི་དལ་བ་ནི་རྟེན་གྱི་ངོ་བོ་ཡིན་ལ། རང་འབྱོར་གཟུགས་རྒྱན་ལེགས་པ་ལྟ་བུ། གཞན་འབྱོར་སྣང་བའི་བྱེ་བྲག་གིས་གསལ་བ་ལྟ་བུ་དེ་ཡི་ཁྱད་ཆོས་ཏེ་ཕུན་སུམ་ཚོགས་པ་དེ་ལྟ་བུས་བརྒྱན་པའི་མི་ལུས་རིན་པོ་ཆེ་འདི་ནི་བྱང་ཆུབ་སྒྲུབ་པ་ལ་མེད་དུ་མི་རུང་བའི་རྟེན་ཡིན་ནོ། །དེ་ལ་མི་ཁོམ་པ་བརྒྱད་ནི། ཇི་སྐད་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་པ། །ལྐུགས་པ་འདི་དག་མི་ཁོམ་བརྒྱད། །ཞེས་དང༌། རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང༌། །ལས་མཐའ་མ་ལོག་གནས་ལ་དད། །བཅས་དང༌། གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བ་འོ། །ཞེས་འབྱུང་བ་ལྟར་རོ། །རྙེད་པར་དཀའ་བའི་རྒྱུ་མཚན་ལ། རྒྱུ་ཚུལ་ཁྲིམས་ལ་སོགས་དགེ་བའི་ལས་རྒྱ་ཆེན་པོ་བསགས་ཤིང་སྨོན་ལམ་ཡང་དག་པས་མཚམས་སྦྱར་ན་དལ་འབྱོར་ཐོབ་པར་འགྱུར་ནའང༌། ཞི་བ་ལྷས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །ཅེས་གསུངས་པ་བཞིན་བསོད་ནམས་གསོག་པ་དཀོན་པ་དང༌། དཔེ་ཡི་སྒོ་ནས་ཀྱང་རྙེད་པར་དཀའ་སྟེ། ཨུ་དུམ་ཝ་རའི་མེ་ཏོག་དང་འདྲ། དེ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལས་རྒྱ་ལམ་ནའང་འབྱུང་བར་དཀོན་པ་དང་མཚུངས་ཤིང༌། གཞན་ཡང༌། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་རྙེད་དཀར་གསུངས། །ཞེས་དང༌། གྲངས་ལ་བསམས་ཀྱང་རྙེད་པར་དཀའ་སྟེ། དམྱལ་བ་ནི་ས་ཆེན་པོའི་རྡུལ། ཡི་དྭགས་ནི་ཁ་བ་བུ་ཡུག །དུད་འགྲོ་ནི་ཆང་གི་སྦང་མ། ལྷ་མི་གཉིས་ནི་སེན་མོའི་སྟེང་གི་རྡུལ་ཆགས་པ་ཙམ་ལས་མེད་པར་མདོ་ལས་གསུངས་སོ། །རྙེད་པ་དོན་ཆེ་བའི་ཚུལ་ནི། ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་བརྒལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་པ་ལྟར་འཁོར་བའི་ཆུ་བོ་ལས་བརྒལ་ཏེ་སྙིང་པོ་གཏན་འདུན་གྱི་ནོར་བུ་ལེན་པའི་ཐབས་གྲུ་གཟིངས་ལྟ་བུ་དང༌། ཙནྡྲ་གོ་མིས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་ཕྱིན་ཅིང༌། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་ལ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་སོ། །དེ་ལྟ་བུ་ཐོབ་པའི་སྐབས་སྙིང་པོ་དམ་པའི་ལྷ་ཆོས་སྒྲུབ་དགོས་ཤིང༌། དེ་ཡང་ཐོག་མར་ལམ་སྟོན་པའི་དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་བསྟེན་དགོས་ཏེ། བཤེས་སྤྲིང་ལས། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པ་ཐུབ་པས་གསུངས་དེའི་ཕྱིར། །དགེ་བའི་བཤེས་གཉེན་བསྟེན་གྱི་བཤེས་གཉེན་ལ། །བསྙེན་ནས་རབ་ཏུ་མང་པོ་ཞི་བ་ཐོབ། །ཅེས་སོ། །སྡིག་པའི་གྲོགས་པོ་སྤང་དགོས་ཏེ། དྲན་པ་ཉེར་བཞག་ལས། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཐམས་ཅད་ཀྱི་རྒྱུར་གྱུར་པ་ནི་སྡིག་པའི་གྲོགས་པོ་སྟེ་དུག་གི་སྡོང་པོ་ལྟ་བུའོ། །ཞེས་པ་ལྟར་ལ། ཚེ་འདིའི་བྱ་བ་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟ་བུ་ལ་ཞེན་པ་མེད་པར་ཚེ་ཕྱི་མ་ཕན་ཆད་ཀྱི་དོན་གཏན་གྱི་འདུན་མ་བསྒྲུབ་པར་བྱའོ། །གཉིས་པ་འདུས་བྱས་མི་རྟག་པའི་ཁྲིད་ལ། ལམ་རིམ་ཡེ་ཤེས་སྙིང་པོ་ལས། འདུ་བྱས་མི་རྟག་ཉི་ཟླའི་འཆར་ནུབ་འདྲ༔ ནམ་འཆི་ཆ་མེད་བར་སྣང་གློག་དང་མཚུངས༔ ཤི་ཚེ་ཆོོས་མིན་ཅིའི་ཀྱང་མི་ཕན་པས༔ དམ་པའི་ལྷ་ཆོས་ཚུལ་བཞིན་སྤྱོད་པར་བྱ༔ ཞེས་གསུངས་ཏེ། སྤྱིར་སྣོད་བཅུད་དུ་སྣང་བ་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་ཏེ་འདུས་ཤིང་བྱས་པའི་ཆོས་ཡིན་པའི་ཕྱིར་མི་རྟག་སྟེ། མདོ་ལས། དགེ་སློང་དག་འདུས་བྱས་ཐམས་ཅད་ནི་མི་རྟག་པའོ། །ཞེས་དང༌། ཚོམས་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང༌། །བསླང་བའི་ཐ་མ་འགྱེལ་བར་འགྱུར། །འཕྲད་པའི་མཐའ་ནི་འབྲལ་བ་སྟེ། །གསོན་པའི་མཐའ་མ་འཆི་བར་འགྱུར། །ཞེས་པ་ལྟར་མི་རྟག་པའི་མཐའ་བཞི་ལས་མ་འདས་པས་རགས་པ་སྣོད་བཅུད་ཆགས་འཇིག་ལོ་ཟླ་དུས་བཞིའི་འགྱུར་བ་དང༌། ཕྲ་བ་སྐད་ཅིག་རེ་རེ་བཞིན་རྙིང་ཞིང་འཕོ་བ་ཉི་མ་དང་ཟླ་བའི་འཆར་ནུབ་སྐད་ཅིག་ཡུད་ཡུད་འགྲོ་བ་དང་འདྲ་ལ། བྱེ་བྲག་མི་ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད་ཅིང་འཆི་རྐྱེན་མང་བས་མྱུར་དུ་འཆི་ངེས་པ་བར་སྣང་གི་གློག་ཤར་བའི་མོད་ནས་ཡལ་བ་དང་མཚུངས་ཏེ། འདུལ་བ་ལུང་ལས། རི་གཟར་ཆུ་བོ་རྒྱ་མཚོར་འཇུག་པ་དང༌། །ཉི་མ་ཟླ་བ་ནུབ་རིར་ཕྱོགས་པ་དང༌། །ཉིན་མཚན་ཐང་ཅིག་ཡུད་ཙམ་ཤུགས་ཀྱིས་འཚོ། །སྐྱེས་བུའི་ཚེ་འགྲོ་འདི་དག་མཚུངས་པར་ལྡན། ཞེས་སོ། །ཤི་བའི་ཚེ་དམ་པའི་ཆོས་མ་ཡིན་པ་བློ་སྟོབས་གཉེན་འཁོར་ལོངས་སྤྱོད་ཅིས་ཀྱང་མི་ཕན་པས། འཇིག་རྟེན་དང་ལྟར་སྣང་གི་ཆོས་མཆིལ་མའི་ཐལ་བ་ལྟར་རིང་དུ་བོར་ནས་དམ་པའི་ལྷ་ཆོས་རྣམ་པར་དག་པ་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་གདམས་པའི་ཚུལ་བཞིན་དུ་སྤྱད་པར་བྱའོ། །གསུམ་པ་ལས་རྒྱུ་འབྲས་ནི། ལམ་རིམ་ལས། ལྷ་ཆོས་སྒྲུབ་པའི་རྩ་བ་ལས་འབྲས་ཏེ༔ སྡིག་པ་མི་དགེས་ངན་སོང་གསུམ་དུ་འགྲོ༔ དགེ་བ་བྱས་པས་མཐོ་རིས་ཐར་པ་ཐོབ༔ དེ་བས་སྡིག་པ་བཤགས་ཤིང་སྙིང་ནས་སྡོམས༔ དགེ་བའི་རྩ་བ་འབད་པས་དང་དུ་བླང༔ ཕྱག་དང་བསྐོར་བས་ལུས་ཀྱི་སྡིག་པ་དག༔ བཟླས་བརྗོད་བཀའ་བཀླགས་ངག་གི་སྒྲིབ་པ་འབྱང༔ དཀོན་མཆོག་གསོལ་གདབ་ཡིད་ཀྱི་ཉེས་པ་ཞི༔ རྟག་ཏུ་དྲན་ཤེས་བག་ཡོད་ཚུལ་བཞིན་བསླབ༔ ཅེས་གསུངས་ཏེ། ཐར་པ་དང་དམ་པའི་ལྷ་ཆོས་སྒྲུབ་པའི་གཞིའམ་རྩ་བར་གྱུར་པ་ནི། སེམས་པ་ཡིད་དང༌། བྱ་བ་ལུས་ངག་གི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་བཅས་སངས་རྒྱས་ཀྱི་བསྟན་པ་ལ་ཡིད་ཆེས་པས་དགེ་སྡིག་གི་བླང་དོར་ཚུལ་བཞིན་དུ་བྱ་བ་སྟེ། རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དང༌། །དེས་བསྐྱེད་ལས་ནི་མི་དགེ་བ། །མི་དགེ་ལས་ནི་སྡུག་བསྔལ་དང༌། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་སྟེ། །དགེ་བས་བདེ་འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་འབྱུང་བ་ལྟར་ཉོན་མོངས་པས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་ལས་སྡིག་པ་མི་དགེ་བ་བཅུ་ཆ་དང་བཅས་པ་ཆེན་པོས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་ངུས་བྱོལ་སོང་སྟེ་ངན་སོང་གསུམ་དུ་འགྲོ་ཞིང་སྡུག་བསྔལ་དྲག་པོས་མནར་བར་བྱེད་ལ། བསོད་ནམས་ཆ་མཐུན་གྱི་ལས་དགེ་བ་བཅུ་འཁོར་དང་བཅས་པས་མཐོ་རིས་སུ་སྐྱེས་ནས་བདེ་འབྲས་མྱོང་ཞིང༌། ངེས་འབྱུང་དང་བྱང་སེམས་ཀྱིས་ཟིན་པའི་ཐར་པ་ཆ་མཐུན་གྱི་ལས་དགེ་བ་བྱས་པས་ཐར་པ་རྣམ་གསུམ་གང་རུང་ཐོབ་པར་འགྱུར་བ་ཡིན་ནོ། །ཏིང་འཛིན་རྒྱལ་པོ་ལས། ལས་བསགས་པ་ནི་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ནི་དཀར་ནག་འབྲས་བུ་སྨིན། །ཞེས་གསུངས་པ་ལྟར་ལས་ཀྱི་རྣམ་སྨིན་ནམ་ཡང་མི་བསླུ་ཞིང་དགེ་སྡིག་གི་འབྲས་བུ་མི་འཆོལ་བར་བྱེད་པ་པོ་རང་རང་ལ་སྨིན་པ་དང༌། ལས་རྣམས་འཕེལ་བ་འགྱུར་དང་བཅས་པས་རྒྱུ་ཆུང་ཡང་འབྲས་བུ་ཆེ་བས་ན། འཕེན་རྫོགས་དང་བྱས་བསགས་ལ་བཞིར་ཕྱེས་པའི་སྔར་བྱས་ཀྱི་སྡིག་པ་ཆ་དང་བཅས་པ་ཡུལ་མཆོག་དམ་པར་བཤགས་ཤིང་ཕྱིན་ཆད་མི་བྱ་བར་སྙིང་ཐག་པ་ནས་དམ་བཅས་པས་བསྡམ། དགེ་བའི་རྩ་བ་ཆ་དང་བཅས་ཕྲ་མོ་ནས་ཀྱང་ཁྱད་དུ་མི་གསོད་པར་འབད་པ་ཆེན་པོས་དང་དུ་བླང་བར་བྱ་དགོས་ལ། དེའང་ཟག་བཅས་ཐུན་མོང་གི་དགེ་བ་ཕྱག་དང་བསྐོར་བ་བྱས་པས་ལུས་ཀྱི་མི་དགེ་བ་གསུམ་གཙོ་བོར་གྱུར་པའི་སྡིག་པ་འདག །སྔགས་དང་སྙིང་པོ་བཟླས་བརྗོད་དང༌། རྒྱལ་བའི་བཀའ་མདོ་རྒྱུད་ཟབ་མོ་བཀླགས་པས་ངག་གི་མི་དགེ་བ་བཞི་གཙོ་བོར་གྱུར་པའི་སྒྲིབ་པ་བྱང༌། དང་བ་དང་འདོད་པ་དང་ཡིད་ཆེས་པའི་དད་པས་ཀུན་ནས་བསླངས་ཏེ་དཀོན་མཆོག་གསུམ་དང་རྩ་བ་གསུམ་ལ་གསོལ་བ་གདབ་པའི་མཚོན་རྣམ་རྟོག་དགེ་བའི་ལས་ལམ་དུ་བསྒྱུར་པས་ཡིད་ཀྱི་མི་དགེ་བ་གསུམ་གཙོ་བོར་གྱུར་པའི་ཉེས་པ་རྣམས་ཞི་བར་འགྱུར། དགེ་སྡིག་གཉིས་ཀའང་རང་གི་སེམས་ཁོ་ནར་རག་ལས་སྟེ། དཀོན་མཆོག་སྤྲིན་ལས། དགེ་བའམ་འོན་ཏེ་མི་དགེ་བའི། །ལས་ཀུན་སེམས་ཀྱིས་བསགས་པ་ཡིན། །ཞེས་གསུངས་པས་དུས་རྟག་ཏུ་སེམས་བསྲུང་བ་ལ་འབད་པར་བྱ་སྟེ། ཞི་བ་ལྷས། སེམས་སྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །ཐམས་ཅད་འབད་པས་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་གསུངས་པ་ལྟར་དུས་རྟག་པར་སྲུང་སེམས་མི་བརྗེད་པའི་དྲན་པ་དང༌། རང་རྒྱུད་ལ་ཉེས་པ་བྱུང་མ་བྱུང་བརྟགས་པའི་ཤེས་བཞིན་དང༌། བྱ་བ་གང་ཡིན་གྱི་འཇུག་ལྡོག་གི་གནས་ལ་གཟོབ་པའི་བག་ཡོད་རྣམས་ཚུལ་བཞིན་དུ་བསླབ་བོ། །བཞི་པ་འཁོར་བའི་ཉེས་དམིགས་བསྟན་པ་ནི། ལམ་རིམ་ལས། ཁྱད་པར་ཐར་པའི་གོ་འཕང་བསྒྲུབ་པ་ལ༔ འཁོར་བ་ཐམས་ཅད་མེ་འོབས་སྤུ་གྲིའི་ཚལ༔ རལ་གྲིའི་ནགས་ལྟར་ཤེས་ཤིང་དྲན་པ་ཡིས༔ སྡུག་བསྔལ་གསུམ་ལས་མྱུར་དུ་ཐར་འདོད་བློ༔ ཤུགས་དྲག་བཅོས་མ་མིན་པ་ཡང་ཡང་བསྐྱེད༔ ཅེས་གསུངས་ཏེ། སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་འདུ་ཤེས་དེ་དག་ཡང་དག་པའི་ལྟ་བ་ཡིན་མོད་ཀྱི། དེ་ལས་ཁྱད་པར་དུ་གྱུར་པ་ཞི་བ་བླ་ན་མེད་པའི་གོ་འཕང་བསྒྲུབ་པ་ལ། འཁོར་བ་ཐམས་ཅད་ལས་ངེས་པར་འབྱུང་བའི་བསམ་པ་ཉིད་གལ་ཆེ་བ་སྟེ། དེ་ལ་འཁོར་བའི་མཚན་ཉིད་ནི། ལུང་རྣམ་འབྱེད་ལས། མི་གཙང་བ་ལ་དྲི་ཞིམ་མེད། །དེ་བཞིན་འགྲོ་དྲུག་བདེ་བ་མེད། །འབར་བའི་འོབས་ན་བསིལ་བ་མེད། །སྲིད་པ་དག་ནའང་དགའ་བ་མེད། །ཅེས་པ་ལྟར་སྲིད་པའི་གནས་རིས་མཐོ་དམའ་གང་དུ་སྐྱེས་ཀྱང་མེ་མདག་གི་འོབས་ལ་ཤ་རྗེན་དུ་གནས་པ་དང༌། སྤུ་གྲི་རྣོན་པོའི་ཚལ་དུ་རྐང་རྗེན་དུ་རྒྱུ་བ་དང༌། རལ་གྲིའི་ནགས་ལ་གཅེར་བུར་འཛེགས་པ་ལྟར་སྡུག་བསྔལ་ཁོ་ནའི་རང་བཞིན་ཅན་ཡིན་ལ། མདོ་ལས། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །ཞེས་པ་ལྟར་ཐོག་མ་དང་ཐ་མ་མེད་པར་འཁོར་བས་དེའི་ཚུལ་དང་པོར་ཤེས་པར་བྱ་ཞིང༌། དེ་ནས་རྒྱུན་དུ་མི་བརྗེད་པའི་དྲན་པ་ཡིས་བསྐུལ་ལོ། །དེ་ལ་འཁོར་བའི་སྡུག་བསྔལ་མདོར་བསྡུ་ན་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ་ནི། སྤྱིར་ཉེ་བར་ལེན་པའི་ཕུང་པོ་ལྔ་བླང་པ་ཙམ་ནས་སྡུག་བསྔལ་བདེན་པར་གྲུབ་པའི་སྟེང་དུ་སྡུག་བསྔལ་ཆེན་པོ་མངོན་པ། མཛེ་ཐོག་ཏུ་ཕོལ་མིག་བྱུང་བ་ལྟ་བུ་སྟེ། མཚན་གཞིའི་གཙོ་བོ་དམྱལ་བ་ཚ་གྲང༌། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་གླན་ལྐུགས་རྣམས་ཡིན་ལ། མི་ལ་སྡུག་བསྔལ་བརྒྱད། ལྷ་དང་ལྷ་མིན་ལའང་འདོད་པས་མི་ངོམས་པ་དང་འཐབ་རྩོད་སོགས་ཀྱང་དེར་གཏོགས་པའོ། །འགྱུར་བའི་སྡུག་བསྔལ་ནི། འཁོར་བའི་བདེ་འབྱོར་ཐམས་ཅད་མི་རྟག་གཡོ་བའི་ཆོས་ཉིད་ཡིན་པས་བདེ་བར་སྡོད་འཕྲོ་ལ་ནད་དམ་དགྲས་གློ་བུར་དུ་བཅོམ་པ་ལྟ་བུ་སྟེ། ལྷ་མི་རྣམས་ལྟར་སྣང་བདེ་བར་གནས་ཀྱང་ཡུན་རིང་མི་བརྟན་པར་འགྱུར་ནས་འགྲོ་བའོ། །ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི། ཕུང་ལྔས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་སྐད་ཅིག་གིས་སྐྱེ་འགག་བྱེད་པ་སོ་སྐྱེ་རྣམས་ཀྱིས་མི་ཤེས་མོད་འཕགས་པ་རྣམས་ཀྱི་གཟིགས་ངོར་རྟག་ཏུ་གཡོ་བའི་འདུ་བྱེད་ཅན་ཡིན་པས་སྡུག་བསྔལ་བ་སྟེ། མཛོད་ཊིཀ་ལས། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །དེ་ནི་མིག་ཏུ་སོང་བ་ན། །མི་བདེ་བ་དང་སྡུག་བསྔལ་བྱེད། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བ་ཡིན། །འདུ་བྱེད་ལ་ནི་སྡུག་བསྔལ་གཟིགས། །ཞེས་སོ། །དེས་ན་ད་ལྟ་ནད་དང་དགྲ་སོགས་སྡུག་བསྔལ་ལྟར་སྣང་བ་ཡུད་ཙམ་རེའང་ལུས་སེམས་ཀྱིས་མི་བཟོད་ན་འཁོར་བའི་གནས་སུ་ཐོག་མཐའ་མེད་པར་སྡུག་བསྔལ་ཚབ་པོ་ཆེ་དེ་གསུམ་དང་རྟག་ཏུ་འགྲོགས་པ་ལ་བཟོད་པའི་བླག་ག་ལ་ཡོད་པའི་རྒྱུ་མཚན་ཞིབ་མོར་བསམ་ལ། དེ་དག་ལས་མྱུར་དུ་ཐར་བར་འདོད་པའི་བློ་ཤུགས་དྲག་པོ་འཕྲལ་རྐྱེན་གྱིས་བསྐུལ་བའི་བཅོས་མ་མིན་པ་སྙིང་ཁོང་རུས་པའི་གཏིང་ནས་ཡང་དང་ཡང་དུ་བསྐྱེད་པར་བྱ་སྟེ། སྤྱོད་འཇུག་ལས། སེམས་ཅན་ཕན་པར་མཛད་པ་ཡི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང༌། །བདག་ནི་རང་གི་ཉེས་པས་དེས། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ད་རུང་དེ་བཞིན་བདག་བྱེད་ན། །ཡང་དང་ཡང་དུ་དེ་བཞིན་ཏེ། །ཞེས་དང༌། ལུང་ལས། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་པའི་ཚུལ་ལ་བསམས་ནས་དམ་པའི་ལྷ་ཆོས་ལ་བརྩོན་པར་བྱའོ། །དེ་ལྟར་འབྱོངས་པའི་ཚད་ནི། རྒྱལ་ཚབ་བྱམས་པས། ལྷ་ལ་འཆི་འཕོ་མི་ལ་ཡོངས་འཚོལ་སྡུག་བསྔལ་ཞེས་ནི་རྟོགས་པའི་ཕྱིར། །ཤེས་རབ་ལྡན་པས་ལྷ་མིའི་དབང་ཕྱུག་མཆོག་ལའང་མངོན་པར་འདོད་མེད་དེ། །ཤེས་རབ་དག་དང་དེ་བཞིན་གཤེགས་པའི་གསུང་རབ་དད་པའི་རྗེས་འབྲངས་ལ། །འདི་ནི་སྡུག་བསྔལ་འདི་རྒྱུ་འདི་འགོག་པ་ཞེས་ཤེས་པས་མཐོང་ཕྱིར་རོ། །ཞེས་གསུངས་པ་ལྟར། འཁོར་བ་མཐའ་དག་ལ་སྙིང་པོ་མེད་པ་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པར་ཤེས་པའི་ཆགས་བྲལ་གྱིས། བདེ་བ་ཅན་ཚངས་པ་དང༌། ལྷ་རྣམས་ཀྱི་དབང་པོར་གྱུར་པ་བརྒྱ་བྱིན། མི་དབང་འཁོར་ལོས་སྒྱུར་བ་ལ་སོགས་པའི་དཔལ་འབྱོར་ལའང་ཆགས་ཞེན་སྐད་ཅིག་ཙམ་མི་སྐྱེ་བར་དམ་པའི་ཆོས་ཁོ་ན་སེམས་པའོ། །གསུམ་པ་ལམ་གྱི་སྣོད་རུང་དུ་བྱེད་པ་སྔོན་འགྲོའི་ཁྲིད་ལ། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི་གཞུང་ལས། དད་དང་སྙིང་རྗེར་ལྡན་པའི་གང་ཟག་གིས༔ ཚེ་འདིར་མཆོག་ཐུན་དངོས་གྲུབ་ཐོབ་འདོད་ན༔ དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་དག་པས༔ ཞེས་པ་ལྟར་དད་པ་དང༌། སྙིང་རྗེ། དབང༌། དམ་ཚིག་བཞི་ལས། དང་པོ་དད་པ་ཞེས་པ་ནི། དང་འདོད་ཡིད་ཆེས་པའི་དད་པ་ཞེས་བྱ་བ་ཡིན་ཏེ། རྒྱལ་བའི་སྐུ་གསུང་ཐུགས་རྟེན་ངོ་མཚར་ཅན་དང་བླ་མ་དགེ་བའི་བཤེས་གཉེན་སྐྱེས་བུ་དམ་པ་རྣམས་མཇལ་བ་དང་ཡོན་ཏན་རྣམ་ཐར་ཐོས་པ་ལྟ་བུའི་རྐྱེན་གྱིས་སེམས་དང་བ་འདྲེན་ནས་དད་པ་སྐྱེས་པ་དང་བའི་དད་པ། སྡུག་བསྔལ་ལས་ཐར་འདོད། བདེ་བ་སྒྲུབ་འདོད། དགེ་བའི་ཕན་ཡོན་ཐོས་ནས་སྒྲུབ་འདོད་སོགས་འདོད་པའི་དད་པ། བླ་མ་དཀོན་མཆོག་གི་ཡོན་ཏན་བྱིན་རླབས་ཐུན་མོང་མ་ཡིན་པ་ཤེས་ནས་ཡིད་ཆེས་པས་དུས་དང་གནས་སྐབས་ཐམས་ཅད་དུ་མི་བསླུ་བར་དད་པ་ནི་ཡིད་ཆེས་པའི་དད་པ་སྟེ། ཨོ་རྒྱན་རིན་པོ་ཆེས། དང་པོ་ལོ་རྒྱུས་ཐོས་པས་དྭངས་བ་འདྲེན། །བར་དུ་ཡོན་ཏན་མཐོང་བས་དད་པ་སྐྱེ། །ཡིད་ཁྱད་ཤེས་ཀྱི་དད་པས་བྱིིན་རླབས་འཇུག །ཅེས་པས་སོ། །སྙིང་རྗེ་ནི། མདོ་ལས། སངས་རྒྱས་ཐོབ་པར་འདོད་པས་ཆོས་མང་པོ་ལ་བསླབ་པར་མི་བགྱི་ཡི། ཆོས་གཅིག་བསླབ་པར་བགྱིའོ། །དེ་གང་ཞེ་ན་སྙིང་རྗེ་ཆེན་པོའོ། །གང་ལ་སྙིང་རྗེ་ཆེན་པོ་ཡོད་པ་དེ་ལ་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་ཡོད་པ་ལྟར་འགྱུར་རོ། །ཞེས་དང༌། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་ལ་ཡང་དག་སྦྱོར་བ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར། ནམ་མཁས་ཁྱབ་པའི་སེམས་ཅན་ཐམས་ཅད་མར་ཤེས་པའི་སྙིང་རྗེ་ཡང་དག་པའོ། །རྒྱུད་སྨིན་པར་བྱེད་པ་དབང་ལ། མཚན་ཉིད་ཀུན་ལྡན་བླ་མ་བསྟེན་དགོས་ཏེ། དེ་ཡང་ཨ་ཏི་བཀོད་པ་ལས། མཁས་ཤིང་བྱ་བ་བྲལ་བ་དང༌། །ཆོས་ཉིད་དོན་ལ་ཚད་ཕེབས་དང༌། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་དང༌། ལམ་རིམ་ལས། དམ་ཚིག་སྡོམ་པའི་ཀུན་སྤྱོད་རྣམ་པར་དག༔ ཐོས་པས་རབ་བརྒྱན་བསམ་པས་དེ་ཉིད་ཕྱེད༔ སྒོམ་པའི་ཉམ་རྟོགས་ཡོན་ཏན་དྲོད་རྟགས་ལྡན༔ ཐུགས་རྗེའི་འཇུག་པས་སློབ་མ་རྗེས་འཛིན་ཡིན༔ ཞེས་པ་ལྟར་མཚན་ཉིད་ལྡན་པའི་བླ་མ་ལས་སློབ་མ་མཚན་ཉིད་དང་ལྡན་པས་དབང་བསྐུར་ཞུ་དགོས་ཏེ། ཐལ་འགྱུར་ལས། དད་པ་ཤེས་རབ་ཆེ་བ་དང༌། །མོས་ཤིང་ནོར་འཁྲུལ་མེད་པ་དང༌། །དབང་པོ་གསལ་བས་བླ་མ་བསྟེན། །ལྟ་བ་སྒོམ་པ་སྤྱོད་པ་ནི། །དད་པ་རབ་དང་བརྩོན་འགྲུས་ལྡན། །གཏོང་བར་ནུས་ཤིང་བླ་མར་གུས། །བརྟུལ་ཞུགས་ལྡན་ཅིང་སྡིག་ལ་འཛེམ། །འགྱུར་མེད་རབ་ཏུ་བསྟན་པ་འཛིན། །ཞེས་པ་ལྟ་བུས། དབང་ནི་རིགས་འདུས་རྩ་རྒྱུད་ལས། རྡུལ་མཚོན་མེ་ལོང་བུམ་པ་དང༌། །གཏོར་མ་ལ་སོགས་རྫས་དག་ལ། །བསྟེན་ནས་མཚན་ཉིད་ཀུན་ལྡན་པའི། །བླ་མའི་བྱིན་རླབས་དབང་བསྐུར་ནས། །དཀྱིལ་འཁོར་ཀུན་གྱི་སྙིང་པོ་མཆོག །བཞི་པ་དེ་ཉིད་དབང་བཞི་ཐོབ། །ཅེས་པ་ལྟ་བུའོ། །དམ་ཚིག་ནི་ཀུན་འདུས་ལས། དབང་རྣམས་ལེགས་པར་ཐོབ་པས་ཀྱང༌། །རྩ་བ་ཡན་ལག་དམ་ཚིག་ཀུན། །མ་ཉམས་རབ་ཏུ་སྲུང་བར་བྱ། །དེས་ནི་དངོས་གྲུབ་མཆོག་ཐོབ་འགྱུར། །ཞེས་དང༌། རྔམ་གློག་ལས། དེ་ནས་དམ་ཚིག་ཅེས་བྱ་བ། །རང་གི་ལྟ་བ་ཡིན་པར་གསུངས། །ཞེས་པ་ལྟར་དབང་སྲོག་རྩ་བ་དམ་ཚིག་དང་སྡོམ་པ་ལ་གཅེས་སྤྲས་ཆེན་པོས་བསྲུང་བར་བྱའོ། །གཉིས་པ་བྱེ་བྲག་ལ་ལྔ་ལས། དང་པོ་ལམ་གྱི་རྩ་བ་སྐྱབས་འགྲོ། ལམ་གྱི་སྙིང་པོ་སེམས་བསྐྱེད། སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས་བསྒོམ་བཟླས། ཚོགས་གཉིས་སྤེལ་བ་མཎྜལ། བྱིན་རླབས་བླ་མའི་རྣལ་འབྱོར་བཅས་ཀྱི་ཁྲིད་དེ་ལྔ་ལས། དང་པོ་སྐྱབས་འགྲོ་ནི། སློབ་དཔོན་ཆེན་པོས། འཁོར་བའི་དཔོན་ནི་ཇི་ལྟར་བཟང་ཡང་བསླུ། །སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད། །ཅེས་དང༌། ལམ་རིམ་ལས། དེ་ནས་དཀོན་མཆོག་རྩ་གསུམ་ཆོས་སྲུང་ཚོགས༔ བསླུ་མེད་གཏན་གྱི་སྐྱབས་སུ་ངེས་མཐོང་ནས༔ རང་གཞན་འཁོར་བའི་འཇིགས་ལས་བསྒྲལ་བའི་ཕྱིར༔ བྱང་ཆུབ་བར་དུ་གུས་པས་སྐྱབས་སུ་བཟུང༔ ཞེས་གསུངས་པ་ལྟར་དལ་འབྱོར་ཆུད་ཟོས་སུ་མི་གཏང་བར་མྱུར་དུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་ཐར་བར་འདོད་པས། དཔེར་ན་ཆུ་བོའི་ཕ་རོལ་དུ་བརྒལ་བར་འདོད་པས་གྲུ་དང་གཉན་པར་སྐྱབས་ཞུ་དགོས་པ་བཞིན་རང་ཉིད་འཁོར་བའི་འཇིགས་པ་ལས་སྐྱོབ་པའི་ཕྱིར་སྐྱབས་གནས་དམ་པ་ཞིག་བསྟེན་དགོས། དེའང་འཇིག་རྟེན་གྱི་ལྷ་མཐུ་བོ་ཆེ་སོགས་ནི་རང་ཡང་འཁོར་བ་ལས་མ་ཐར་བའི་ཕྱིར་ནག་ཅན་བཙོན་དོང་དུ་ཚུད་མཉམ་ཕན་ཚུན་སྐྱོབ་མི་ནུས་པ་བཞིན་ལ། དཀོན་མཆོག་གསུམ་ནི་འཁོར་བ་མཐའ་དག་གི་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་མཆོག་དང་ལྡན་པ་ཡིན་ལ་དེའི་རྒྱུ་མཚན་ཤེས་པས་སྐྱབས་སུ་འགྲོ་བར་བྱ་དགོས། དེའང་དཀོན་མཆོག་རྩ་གསུམ་སྟེ་མཆོག་གསུམ་ལ་ཐེག་པ་ཆེ་ཆུང་འདོད་སྲོལ་ངོས་འཛིན་མི་འདྲ་བ་ལས། འདིར་ནི། སངས་རྒྱས་དག་པ་གཉིས་དང་སྐུ་བཞི་ཡེ་ཤེས་ལྔ་ལྡན་དོན་གཉིས་ཕུན་ཚོགས། ཆོས་བརྗོད་བྱ་འགོགས་ལམ་གྱིས་བསྡུས་པའི་ཟག་མེད་རྣམ་བྱང་གི་བདེན་པ་རྗོད་བྱེད་གསུང་རབ་ཡི་གེར་སྣང་བ་ལུང་རྟོགས་གཉིས། དགེ་འདུན་རིག་གྲོལ་གྱི་ཡོན་ཏན་དང་ལྡན་པ་རྒྱལ་སྲས་འཕགས་པར་བཞུགས་པ། རྗེས་མཐུན་ཚོགས་སྦྱོར་ཉན་རང་འཕགས་པ་རྣམས་སོ། །སྔགས་ལ། བླ་མ་དཀོན་མཆོག་ཀུན་འདུས། ཡི་དམ་སངས་རྒྱས། མཁའ་འགྲོ་ཆོས་སྐྱོང་དགེ་འདུན་ཡིན་ཞིང༌། ཁྱད་པར་རང་སེམས་སྟོང་གསལ་ཟུང་འཇུག་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་དུ་བཞུགས་པ་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་ཏེ་རང་ལ་ལྷུན་གྲུབ་ཏུ་ཡོད་པ་གཞན་དུ་མི་བཙལ་བར་སྐྱབས་སུ་འགྲོ་བ་སྟེ། ཡེ་ཤེས་གྲུབ་པ་ལས། དཀོན་མཆོག་གསུམ་གྱི་མངའ་བདག་ལ། །གཞན་དུ་ཕུན་ཚོགས་བདེ་འདོད་ནས། །གང་ཕྱིར་རྒྱུ་ལ་སྨོན་པ་དང༌། །འོད་གསལ་བ་ཡི་སེམས་ཉིད་ནི། །དཀྱིལ་འཁོར་གསུམ་གྱི་བདག་ཉིད་དུ། །རྟོགས་ནས་རྩེ་གཅིག་མཉམ་འཇོག་པ། །འབྲས་བུའི་མཆོག་ཏུ་ཡང་དག་བཤད། །ཅེས་གསུངས་པ་ལྟར་ལ་སྐྱབས་སུ་འགྲོ་བའི་ཚུལ་དམིགས་འདུན་འདི་ལྟར་བསམ་ལ། མདུན་གྱི་ས་གཞིར་ཞིང་ཁམས་ཕུན་ཚོགས་དབུས༔ དཔག་བསམ་ཤིང་གི་སྡོང་པོ་ཡལ་ག་ལྔ༔ དབུས་སུ་པདྨ་འདབས་སྟོང་རྒྱས་པའི་སྟེང༔ རྩ་བའི་བླ་མ་གུ་རུ་པདྨ་ལ༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་འཁོར་གྱིས་བསྐོར༔ མདུན་དུ་ཡི་དམ་ཡང་དག་ཧེ་རུ་ཀར༔ ཕྱི་ནང་རྒྱུད་སྡེའི་ཡི་དམ་ལྷ་ཡི་ཚོགས༔ གཡས་སུ་བཅོམ་ལྡན་ཤཱཀྱ་ཐུབ་པ་ལ༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་རྣམས་ཀྱིས་བསྐོར༔ རྒྱབ་ཏུ་ཐེག་གསུམ་དམ་པའི་ཆོས་རྣམས་ཀུན༔ བཻཌཱུར་ཞུན་མར་གསེར་ཡིག་སྒྲ་དང་བཅས༔ གཡོན་དུ་བྱང་སེམས་ཉན་རང་དགེ་འདུན་ཚོགས༔ བར་མཚམས་ལྗོན་ཤིང་ཡལ་ག་ཕྲ་རགས་སྟེང༔ མཁའ་འགྲོ་དམ་ཅན་ཐམས་ཅད་སྤྲིན་ལྟར་གཏིབས༔ ཐུགས་རྗེའི་མཐུ་མངའ་བྱིན་རླབས་གཟི་བྱིན་འབར༔ དེ་ཡི་མདུན་དུ་བདག་དང་ཕ་མས་གཙོས། །དགྲ་གཉེན་བར་མའི་མཁའ་མཉམ་སེམས་ཅན་ཀུན༔ གཤེད་མས་བདས་ནས་གཉེན་པོར་སྐྱབས་པ་བཞིན༔ འཁོར་བའི་བཙོན་ནས་ཐར་འདོད་རྩེ་གཅིག་པོས༔ སྒོ་གསུམ་གུས་པས་སྐྱབས་སུ་འགྲོ་བ་མོས༔ ཞེས་པ་ལྟར་རང་ཉིད་གནས་པའི་ས་ཕྱོགས་འདི་དག་ཐམས་ཅད་ལ་ལུང་འབའ་འབུར་གཤང་གཤོང་མེད་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ས་གཞི་ཁོད་སྙོམས་ཤིང་མེ་ལོང་ངོས་ལྟར་འཇམ་པ། རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན་གྱི་བཀོད་པ་ཕུན་སུམ་ཚོགས་པ། བདུད་རྩིའི་རྒྱ་མཚོ་དང༌། དཔག་བསམ་གྱི་ཤིང༌། མེ་ཏོག་གི་ཚལ་གུར་གུམ་དང༌། ཨུཏྤལ། པདྨའི་སྡོང་པོ་ལ་སོགས་པས་ཁོར་ཡུག་ཏུ་གཏམས་པ། བྱ་སོགས་སྐད་སྙན་རྒྱུ་བའི་ཚོགས་རྣམས་བག་ཕེབས་པའི་གནས་སུ་བདུད་རྩིའི་རྒྱ་མཚོ་འཁྱིལ་བའི་དབུས་སུ། དཔག་བསམ་ཤིང་གི་སྡོང་པོ་ཡལ་ག་ལྔ་པ། ལོ་འདབ་དང་འབྲས་བུ་ཕུན་སུམ་ཚོགས་པ་ཕྱོགས་ཀུན་ཁེབ་པའི་ཡལ་འདབ་ཐམས་ཅད་དུ་རིན་པོ་ཆེའི་དྲིལ་གཡེར་མེ་ཏོག་གི་ཆུན་ཕྱང་གསེར་གྱི་ཐ་གུས་ཕན་ཚུན་བྲེས་པ། ལྷ་ཡི་དར་དཔྱངས་པཉྩ་ལི་ཀ་དང༌། རིན་པོ་ཆེའི་དྲྭ་བ་དང་དྲྭ་ཕྱེད་སོགས་མཛེས་པའི་རྒྱན་སྣ་ཚོགས་པས་མངོན་པར་མཛེས་པའི་སྡོང་པོ་དབུས་མའི་ཡལ་ག་ཅུང་ཟད་མཐོ་བའི་སྟེང་དུ་སེངྒེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེ་ཡི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་དབུས་པདྨ་འདབ་མ་འབུམ་དུ་བརྡལ་བའི་ཟེའུ་འབྲུར་ཉི་མ་དང་ཟླ་བའི་གདན་ལ། ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་མཚུངས་མེད་རྩ་བའི་བླ་མ་ཡིན་པ་ལ། རྣམ་པ་ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཐོད་ཕྲེང་རྩལ་སྣང་སྲིད་ཟིལ་གནོན་སྐུ་མདོག་དཀར་དམར་ཞི་འཛུམ་ཁྲོས་པའི་ཉམས་ཅན། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་གདེངས་པ། གཡོན་མཉམ་བཞག་གིས་ཀ་པཱ་ལ་བུམ་པ་བཅུད་ལྡན་ནོར་བུའི་ཁ་རྒྱན་ཅན་བསྣམས་པ། ཞབས་གཉིས་གཡས་བསྐུམ་གཡོན་པས་རོལ་སྟབས་སུ་བཞུགས་པ། སྐུ་ལ་གསང་གོས་དཀར་པོ། བེར་ཆེན་མཐིང་ག །ཆོས་གོས་དམར་སེར། ཟ་འོག་བེར་སྨུག་རྣམས་བརྩེགས་མར་གསོལ་བ། དབུ་ཞྭ་པདྨ་མཐོང་གྲོལ་གསེར་གྱི་རྡོ་རྗེས་མཚན་པའི་རྩེ་མོར་རྨ་བྱའི་མདོངས་སྒྲོ་དར་དཔྱངས་མེ་ལོང་གིས་བརྒྱན་པ། མཆན་གཡོན་སྦས་ཡུམ་ཁ་ཊྭཱཾ་རྩེ་གསུམ་ཐོད་པ་སུམ་བརྩེགས་དང་བུམ་པ་རྒྱ་གྲམ་དར་དཔྱངས་དྲིལ་གཡེར་ཅན་འཁྲིལ་བ་འཇའ་ཚོན་འོད་ཕུང་འཁྲིགས་པའི་ཀློང་ན་བཞུགས་པ། དེའི་དབུ་གཙུག་ཏུ་རིམ་བཞིན་ལོངས་སྐུ་སྤྱན་རས་གཟིགས་དབང་ཞལ་གཅིག་ཕྱག་བཞི་དཀར་གསལ་ནོར་བུ་ཤེལ་ཕྲེང་དང་པད་དཀར་འཛིན་པ། ཆོས་སྐུ་ཚེ་དཔག་མེད་མགོན་དམར་གསལ་མཉམ་བཞག་ཚེ་བུམ་ཅན། དེ་གཉིས་ལོངས་སྐུའི་ཆས་ཅན་ཞབས་རྡོར་སྐྱིལ་གྱིས་པད་ཟླར་བཞུགས་པ་ཞིབ་ཁྲིད་དངོས་གཞིའི་སྐབས་ནས་འབྱུང་བ་ལྟར་རོ། །དེ་དག་ལ་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡའ་བརྒྱུད། གང་ཟག་སྙན་བརྒྱུད་དེ་བརྒྱུད་པ་གསུམ་ལྡན་རིག་འཛིན་བླ་མ་གྲུབ་ཐོབ་བྱེ་བ་ས་ཡའི་ཚོགས་ཀྱིས་བསྐོར་བ། གཙོ་བོའི་གཡས་གཡོན་དུ་པད་ཟླ་ལ། མནྡྷ་ར་བ་ལྷ་ཡི་ཆ་བྱད་ཅན་ཕྱག་གཉིས་མདར་དར་ཚེ་བུམ། ཡེ་ཤེས་མཚོ་རྒྱལ་ནང་གོས་དམར་པོ། སྟོད་འབོག་ལྗང་གུ། དར་དཔྱངས་དམར་སེར། དབུ་རྒྱན་གཡུ་ཕུད་ཅན། ཕྱག་གཉིས་བྷནྡྷ་བདུད་རྩིའི་བཀང་བ་བསྣམས་པ་གཉིས་འདུད་པའི་ཚུལ་གྱིས་བཞུགས་པའི་མཐའ་སྐོར་དུ་ཁྱད་པར་རྩ་བའི་བརྒྱུད་པ། གནུབས་ཆེན་སངས་རྒྱས་ཡེ་ཤེས་དབུ་སྐྲ་ཅོག་རིག་ན་བཟའ་དམར་སྨུག་ཕྱག་གཡས་རྡོ་རྗེ་གསོར་སྟབས་ཅན་གཡོན་ཕུར་པ་འདེབས་པ། ལོ་ཙཱ་རྒྱལ་བ་མཆོག་དབྱངས་དགེ་སློང་ཆས་ཅན་ཕྱག་གཡས་དབྱུག་ཐོ་གཡོན་བྷནྡྷ་དབུ་གཙུག་རྟ་མགོ་འཚེར་བ། དགེ་སློང་ནམ་མཁའི་སྙིང་པོ་ཕྱག་གཉིས་རྡོར་དྲིལ། བནྡེ་དྲི་མེད་ཟླ་ཤར་དགེ་སློང་ཆས་ཅན་སྡེ་སྣོད་གསུམ་ཞུ་ཅན་ཐོད་པ་བདུད་རྩིའི་གང་བ་བསྣམས་པ། ལང་གྲོ་ལོ་ཙཱ་དཀོན་མཆོག་འབྱུང་གནས་དགེ་སློང་ཆས་པཎ་ཞྭ་ཕྱག་གཉིས་གླེགས་བམ། སྔགས་འཆང་རྡོ་རྗེ་བདུད་འཇོམས་སྔགས་ཆས་རཀྴའི་ཕྲེང་བ་དང་ཕུར་པ་འཛིན་པ། བཻ་རོ་ཙ་ན་དགེ་སློང་ཆས་པཎ་ཞྭ་ཕྱག་གཉིས་གླེགས་བམ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་རྒྱལ་པོའི་ཆ་ལུགས་ཕྱག་གཡས་པདྨར་རལ་པོད་གཡོན་མཉམ་བཞག་འཁོར་ལོ། ལྷ་སྲས་མུ་ནེ་བཙན་པོ་རྒྱལ་པོའི་ཆས་གཡས་མཆོད་སྦྱིན་གཡོན་པད་དཀར། ལྷ་སྲས་མུ་རུབ་བཙན་པོའམ་ཆོས་ཀྱི་བློ་གྲོས་རྒྱལ་པོའི་ཆས་ཆོས་འཁོར་ཕྱག་རྒྱའི་པདྨ་ལ་གནས་པའི་རལ་པོད། ལྷ་སྲས་མུ་ཁྲི་བཙན་པོ་རྒྱལ་པོའི་ཆས་ས་གནོན་པདྨ་ལ་གནས་པའི་རྡོར་དྲིལ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག་གྱུར་གླིང་པ་སྔགས་ཆས་པད་ཞྭ་བེར་ཕོད་གསོལ་བ་ཕྱག་གཡས་པད་སྡོང་རལ་པོད་གཡོན་མཉམ་བཞག་ཚེ་བུམ་བསྣམས་པ། ཀུན་གཟིགས་མཁྱེན་བརྩེའི་དབང་པོ་དགེ་སློང་ཆས་པཎ་ཞྭ་ཕྱག་གཡས་མཆོད་སྦྱིན་གྱི་པདྨར་རྡོ་རྗེ་ཚེ་བུམ་གཡོན་མཉམ་བཞག་པདྨར་རལ་པོད། འཇམ་མགོན་བློ་གྲོས་མཐའ་ཡས་དགེ་སློང་ཆས་ཕྱག་གཉིས་རྡོར་དྲིལ་བསྣམས་པ། ཁྱབ་བདག་ཐེག་མཆོག་བསྟན་འཛིན་སྔགས་ཆས་པད་ཞྭ་ཕྱག་གཉིས་ཐོད་བུམ་རྡོ་རྗེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་དགེ་སློང་ཆས་ཕྱག་གཉིས་ས་གནོན་རལ་པོད་པཎ་ཞྭ་ཅན་སོགས་རང་གི་རྩ་བའི་བླ་མའི་བར་གྱི་བླ་མ་བརྒྱུད་པ་རྣམས་ཀྱིས་བསྐོར་བ། མདུན་གྱི་ཡལ་གའི་སྟེང་པདྨ་འབུམ་བརྡལ་གྱི་དབུས་སུ་བླ་མ་མཆོད་ཆོག་ལྟར་རྡོར་སེམས་བསྒོམ་ཡང་ཆོག་མོད། འདིར་ཟབ་གནད་ལ་ཡང་དག་སྒོམ་པར་གསུངས་པ་ལྟར་ན། ཡང་དག་ཧེ་རུ་ཀ་མཐིང་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གིས་རྡོ་རྗེ་ཁ་ཊཱཾ་རྔ་ཆུང་གཡས་དང༌། དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན་ན་བསྣམས་པ། བཛྲ་ཀྲོ་དྷཱི་ཤྭ་རི་མ་རྡོ་རྗེ་དུང་ཁྲག་བསྣམས་པས་འཁྲིལ་བ་དཔལ་དང་དུར་ཁྲོད་ཀྱི་ཆས་ཅན་སྒོམ་པའོ། །བསྡུ་ན་ཡང་དག་ཧེ་རུ་ཀ་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་ཞབས་རོལ་སྟབས་ཅན། ཡུམ་ཀྲོ་དྷཱི་ཤྭ་རི་མ་ཁ་ཊྭཱཾ་ཐོད་ཁྲག་སྟོབས་པ་དཔལ་དང་དུར་ཁྲོད་ཆས་ཅན་བསྒོམས་ཀྱང་འཐུས་ལ། གཉིས་ཀ་ཞབས་པད་ཉིའི་གདན་ལ་རོལ་པའི་མཐའ་སྐོར་དུ་པད་འདབ་ལ། ཀྲི་ཡ། ཨུ་པ། ཡོ་ག །མ་ཧཱ། ཨ་ནུ། ཨ་ཏི་སྟེ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཡལ་གའི་སྟེང་དུ་པདྨ་བརྡལ་དབུའི་པད་ཟླའི་གདན་ལ་བདག་ཅག་གི་སྟོན་པ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་ས་གནོན་མཉམ་བཞག་ཅན་མཚན་བཟང་དཔེ་བྱད་རྫོགས་པ་ཆགས་བྲལ་སྤྲུལ་སྐུའི་ཆས་ཅན་ལ། འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་དང༌། བསྐལ་བཟང་སངས་རྒྱས་སྟོང༌། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་བསྐོར་བ། རྒྱབ་ཀྱི་ཡལ་གར་པདྨ་བརྡལ་བར་ཆོས་དཀོན་མཆོག་མིང་ཚིག་བརྡར་བཏགས་གླེགས་བམ་གྱི་གཟུགས་སུ་སྣང་བ་གསུང་རྡོ་རྗེའི་རང་སྣང་ཁ་དོག་དམར་པོ་གདོང་དར་རང་ལ་བསྟན་ཏེ་ཁྲ་ཆེམ་མེར་བཞུགས་ཤིང་ཨཱ་ལི་ཀཱ་ལིའི་རང་སྒྲ་སྒྲོག་པ། གཡོན་གྱི་ཡལ་གའི་སྟེང་པདྨ་བརྡལ་བར་དགེ་འདུན་དཀོན་མཆོག །འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས་སོགས་ཉེ་སྲས་བརྒྱད་དང༌། འཕགས་པའི་གནས་བརྟན་བཅུ་དྲུག་ཉན་ཐོས་མཆོག་ཟུང་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་རྣམས་ཀྱིས་བསྐོར་བ། དེ་དག་གི་འདབ་རོལ་དུ་ཡེ་ཤེས་རང་སྣང་ལས་གྲུབ་པའི་དཔལ་མགོན་ཆོས་སྐྱོང་སྲུང་མ་ཕོ་རྒྱུད་ཐམས་ཅད་ཞལ་ཕྱིར་ཕྱོགས་པས་ཕྱི་ཡི་བར་ཆད་ནང་དུ་མི་གཏོང་ཞིང་སྲུང་བའི་ལས་མཛད་པ། མོ་རྒྱུད་རྣམས་ཞལ་ནང་དུ་ཕྱོགས་པས་ནང་གི་དངོས་གྲུབ་ཕྱིར་མི་གཏོང་ཞིང་སྤེལ་བར་མཛད་པ། དེ་ཐམས་ཅད་ཀྱང་བླ་མ་ཨོ་རྒྱན་ཆེན་པོའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡེ་ཤེས་ཀྱི་རོལ་པ་གང་ལ་གང་འདུལ་སྒྱུ་འཕྲུལ་དྲྭ་བའི་རྣམ་རོལ་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི་འཁོར་ལོར་བྱིན་ཐིབས་སེ་བཞུགས་པར་གསལ་བའི་སྤྱན་སྔར་སྐྱབས་སུ་འགྲོ་བའི་གང་ཟག་ནི། རང་གི་གཡས་སུ་ཚེ་འདིའི་ཕ། གཡོན་དུ་མ། མདུན་དུ་དགྲ། རྒྱབ་ཏུ་གཉེན། མཐའ་སྐོར་དུ་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ས་ཆེན་པོའི་རྡུལ་འཁྲིགས་པ་ལྟར་འཁོད་པའི་བྱང་འདྲེན་རང་གིས་བྱས་ཏེ་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་སྐྱབས་འགྲོ་འུར་དིར་རེ་འདོན་ནས་ཅི་མཛད་ཁྱེད་མཁྱེན་སྙམ་པའི་བློ་གཏད་ལིངས་བསྐྱུར་གྱི་སྒོ་ནས། ན་མོ༔ བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན༔ བླ་མ་སངས་རྒྱས་ཆོས་དང་དགེ་འདུན་དང༔ ཡི་དམ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཚོགས༔ ཐུགས་རྗེ་ཆེ་ལྡན་རྣམས་ལ་སྐྱབས་སུ་མཆི༔ ཞེས་ཐུན་རེར་བརྒྱ་སྟོང་སོགས་སྟོན་པ་ལམ་གྲོགས་ཀྱི་འདུ་ཤེས་ཡང་དག་པས་གསོག་ཅིང་སྐྱབས་འགྲོ་འདི་ཤིན་ཏུ་གནད་ཆེ་བས་ཇི་ལྟར་གྲངས་མང་ཡང་ལེགས་མོད་ཉུང་མཐར་འབུམ་ཁྲག་གཅིག་དང་ཁ་སྐོང་ཁྲི་གཅིག་འདོན་ཞིང་རྒྱུན་དུའང་མི་བརྗེད་པར་ཡི་དམ་དུ་བྱའོ། །མཐར་མོས་གུས་དུང་དུང་བ་བྱས་པའི་རྐྱེན་གྱིས་སྐྱབས་ཡུལ་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རང་གཞན་སེམས་ཅན་ཐམས་ཅད་ལ་ཕོག་ནས་འཁོར་བའི་འཇིགས་པ་སྡུག་བསྔལ་གྱི་རྒྱུ་འབྲས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ། དེ་ལྟར་སྐྱབས་སུ་སོང་བའི་ཕན་ཡོན་དང་བསླབ་བྱ་ནི། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང༌། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང༌། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་འང་སྣོད་དུ་ཆུང༌། །ཞེས་དང༌། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་བསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་གྱུར་ཀྱང༌། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་གསུངས། ཇི་སྐད་དུ། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་སྟེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་ན། །འཚེ་ཞིང་གསོད་པའི་སེམས་དང་བྲལ། །དགེ་འདུན་ལ་ནི་སྐྱབས་སོང་ན། །མུ་སྟེགས་ཅན་དང་འགྲོག་མི་བྱ། །ཞེས་པ་ལྟར། བསླབ་བྱ་དགག་སྒྲུབ་ཆ་མཐུན་དང་བཅས་པ་ཚུལ་བཞིན་དུ་སྲུང་བར་བྱའོ། །གཉིས་པ་ལམ་གྱི་སྙིང་པོ་སེམས་བསྐྱེད་ཀྱི་ཁྲིད་ལ། དང་པོ་སེམས་བསྐྱེད་ཀྱི་ངོ་བོ་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཐོབ་པར་འདོད་པའི་བློ་རྒྱུ་གྲོགས་སོགས་ཀྱི་སྟོབས་བཞི་ལས་བྱུང་བ་ལྷག་བསམ་སྙིང་སྟོབས་དང་ལྡན་པའོ། །དབྱེ་བ་ནི་མང་ཡང་མདོར་ན། ཞི་བ་ལྷས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། ཞེས་པ་ལྟར་རོ། །དམིགས་པ་ནི། བྱང་ས་ལས། སེམས་བསྐྱེད་དེ་ནི་བྱང་ཆུབ་ལ་དམིགས་པ་དང༌། སེམས་ཅན་ལ་དམིགས་པའོ། །ཞེས་པ་ལྟར་རོ། །སེམས་བསྐྱེད་ཚུལ་ནི། ལུགས་གཉིས་ཀྱི་སེམས་བསྐྱེད་ཚུལ་ཐོབ་ན་རབ་དང་མིན་ཡང་དབང་དུས་སུ་ཐོབ་པས་འདིར་ལམ་དང་སྦྱར་བ་ལ། སྨོན་པ་སེམས་བསྐྱེད་དང༌། འཇུག་སེམས་ཀྱི་སྔོན་འགྲོ་ཚོགས་བསག་པ། དངོས་གཞི་འཇུག་པ་བྱང་སེམས་ལ་བློ་སྦྱོང་བ། བསླབ་བྱ་དང་ཕན་ཡོན་བཤད་པའོ། །དང་པོ་ནི། སྔར་གསལ་བཏབ་པའི་སྐྱབས་འགྲོའི་ཚོགས་ཞིང་རྣམས་དཔང་པོའི་ཚུལ་དུ་བྱས་ཏེ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་སྲས་དང་བཅས་པས་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་ཅིང་རྒྱལ་བའི་སྲས་ཀྱི་བསླབ་པ་ལ་ཇི་ལྟར་བསླབས་པ་དེ་བཞིན་དུ་བདག་གིས་ཀྱང༌། ཕ་མར་གྱུར་པའི་འགྲོ་བ་སེམས་ཅན་གཅིག་ཀྱང་མ་ལུས་པ་ཐམས་ཅད་རང་གི་སྐྱེ་བ་གྲངས་ཀྱིས་མི་ཆོད་པ་ཞིག་དུ་ཕ་མ་ཁྱོ་ཤུག་མཛའ་བཤེས་ཡང་ཡང་བྱས་པའི་དུས་ཕན་པ་ཚད་མེད་པ་བཏགས་ཤིང༌། གནོད་པ་ཐམས་ཅད་བསྐྱབས་པའི་དྲིན་མོ་ཆེ་འདི་རྣམས་སྡུག་བསྔལ་མཐའ་དག་ལས་སྐྱོབ་ཅིང་སྒྲོལ་བའི་ཁུར་རང་ཉིད་ཀྱིས་བླངས་ཏེ་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བླ་ན་མེད་པ་ལ་འགོད་པར་བྱ། དེའི་ཆེད་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པར་བགྱིའོ་སྙམ་པ་འབྲས་བུ་ལ་དམ་བཅའ་བ། སྨོན་པ་བྱང་ཆུབ་ཀྱི་སེམས་གཙོ་བོར་བཟུང་ལ་ངག་ཏུ། ཧོ༔ སྔོན་གྱི་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས༔ བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར༔ བདག་ཀྱང་མ་གྱུར་མཁའ་མཉམ་འགྲོ་ཀུན་ལ༔ ཕན་གདགས་སླད་དུ་སངས་རྒྱས་བསྒྲུབ་པར་བགྱི༔ ཞེས་པ་གྲངས་ཐ་ན་ཁྲི་ལྔ་སྟོང་ལྔ་བཅས་ངེས་པར་དགོས་སོ། །གཉིས་པ་རྒྱུ་ལ་དམ་བཅའ་བ་འཇུག་པ་སེམས་བསྐྱེད་ཀྱི་སྔོན་འགྲོ་ཚོགས་བསག་པ་ནི། བསག་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་འབུལ་བ་སྟེ། སྐྱབས་ཡུལ་ཚོགས་ཞིང་རྩ་གསུམ་རྒྱལ་བ་རབ་འབྱམས་མཁའ་ཁྱབ་ཏུ་སད་པའི་སྤྱན་སྔར། རང་དང་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ཏེ་སྒོ་གསུམ་གུས་པས་ཕྱག་འཚལ། དངོས་སུ་ཅི་འབྱོར་བའི་མཆོད་པས་མཚོན་བྱེད་དུ་བྱས་ཏེ། ཡིད་ཀྱིས་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་སྤྲུལ་ཏེ་འབུལ་བའི་དམིགས་པ་དང༌། སོ་ཐར་རིགས་བདུན་དང༌། བྱང་སེམས་ཀྱི་བསླབ་པ། རིག་པ་འཛིན་པ་སྔགས་ཀྱི་དམ་ཚིག་སྟེ་སྡོམ་པ་གསུམ་གྱི་བཅས་ལྟུང་དང་རང་བཞིན་གྱི་ཁ་ན་མ་ཐོ་བའི་མཚོན། ཚེ་རབས་ཐོག་མེད་ནས་བྱས་བསགས་སྡིག་པའི་ཕུང་པོ་ཅི་མཆིས་པར་གནོང་འགྱོད་དྲག་པོས་མཐོལ་བཤགས་འབུལ་བ་དང༌། འཕགས་གསུམ་གྱི་དགེ་བའི་རྩ་བ་དང༌། སོ་སྐྱེས་ཀྱིས་བསོད་ནམས་ཀྱི་ལས་མངོན་པར་འདུ་བགྱིད་པ་རྣམས་ལ་དགའ་ཞིང་ཕྲག་དོག་མེད་པར་རྗེས་སུ་ཡི་རང་བ་དང༌། མཐའ་ཡས་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་པར་བྱ་བའི་ཕྱིར་སོ་སོའི་བློ་དང་དབང་པོར་འཚམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང༌། བསྐལ་པ་བྱེ་བ་བརྒྱ་སྟོང་མང་པོར་འགྲོ་བ་རྣམས་ཀྱི་དོན་དུ་གཟུགས་སྐུ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་འདེབས་པ་དང༌། དེ་ལྟར་བསགས་པའི་དགེ་རྩ་མཚོན་བྱེད་དུ་བྱས་ཏེ་དུས་གསུམ་དུ་བསགས་པའི་དགེ་བ་རྣམས་བྱང་ཆུབ་ཆེན་པོར་བསྔོ་བ་སྟེ་དམིགས་པ་རྣམས་མི་བརྗེད་པར། ལུས་ཀྱིས་ཕྱག་རབ་ན་རྐྱང་ཕྱག །ཐ་ན་མ་ལྔ་ས་ལ་ཕབ་པའི་ཕྱག་ཤིན་ཏུ་སྤུས་གཙང་བ་ལས། ཁྲལ་སོད་ལྟ་བུ་ནི་མི་རུང་བས་གྲངས་འབུམ་གཅིག་ཁྲི་གཅིག་འཚལ་ཡུན་དུ། ཨོཾ་ཨཱཿཧཱུྃ་ཧྲཱི༔ རིག་འཛིན་པདྨ་འབྱུང་གནས་ལ་སོགས་པའི༔ ཕྱོགས་བཅུའི་སྐྱབས་ཡུལ་རྣམས་ལ་ཕྱག་འཚལ་ལོ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི༔ ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད༔ སོ་ཐར་བྱང་ཆུབ་སེམས་དཔའི་བསླབ་པ་དང༔ རིག་འཛིན་སྔགས་ཀྱི་དམ་ཚིག་ཉམས་ཆག་བཤགས༔ འཕགས་དང་སོ་སོའི་སྐྱེ་བོའི་ཚོགས་རྣམས་ཀྱིས༔ རྒྱལ་སྲས་སྤྱོད་པ་སྤྱད་ལ་རྗེས་ཡི་རང༔ མཐའ་ཡས་འགྲོ་བ་སྡུག་བསྔལ་གྱུར་པ་ལ༔ ཕན་པ་ཇི་ལྟར་འཚམས་པའི་ཆོས་འཁོར་བསྐོར༔ བསྐལ་པ་བྱེ་བ་བསམ་ཡས་ཇི་སྙེད་དུ༔ འགྲོ་བའི་དོན་ཕྱིར་མྱ་ངན་མི་འདའ་བཞུགས༔ བདག་གིས་དུས་གསུམ་བསགས་པའི་དགེ་བ་རྣམས༔ འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་ཕྱིར་བསྔོ༔ ཞེས་གང་དགོས་གསག་པར་བྱའོ། །གསུམ་པ་འཇུགས་པ་སེམས་བསྐྱེད་པ་ཚད་མེད་བཞི་ལ་བློ་སྦྱོང་བ་ཇི་ལྟར་རང་ཉིད་རྣམ་པ་ཀུན་ཏུ་སྡུག་བསྔལ་མི་འདོད་ཅིང་བདེ་བ་རྒྱ་ཆེར་འདོད་པ་ལ་རྗེས་སུ་དཔག་སྟེ་ཕ་མར་གྱུར་པའི་འགྲོ་བ་རིགས་དྲུག་པོ་རྣམས་ཀྱང་འདོད་པ་མཚུངས་ལྡན་ཡིན་པའི་ཕྱིར། སེམས་ཅན་ཐམས་ཅད་སྔར་མེད་ཀྱི་བདེ་དགེ་གསར་པ་འཕྲད་འདོད་ཀྱི་བྱམས་པ། ད་ལྟར་ཡོད་པའི་སྡུག་བསྔལ་བྲལ་ཞིང་ཕྱིན་ཆད་དེའི་རྒྱུ་འགོག་འདོད་ནི་སྙིང་རྗེ། ད་ལྟར་འགྲོ་བ་རྣམས་བདེ་བ་དང་ལྡན་པར་དགའ་ཞིང་ཡི་རངས་པས་དྲངས་པ་ནི་དགའ་བ། དེ་གསུམ་གྱིས་དྲངས་པའི་ཞེ་སྡང་མེད་པ་དང་མཚུངས་ལྡན་གྱི་མ་ཆགས་པའི་སེམས་ཀྱི་ཁྱད་པར་ནི་བཏང་སྙོམས་ཏེ་རང་རང་གི་མི་མཐུན་ཕྱོགས་སྤངས་པའོ། །དེའང་རིས་སུ་མ་ཆད་པའི་སེམས་ཅན་ཐམས་ཅད་ལ་དམིགས་ཡུལ་བྱས་པས་ཚད་མེད་པ་ཡིན། རིས་སུ་ཆད་པ་ནི་ཚངས་པའི་གནས་པ་བཞི་ཡིན་ལ། དེ་ལྟར་སེམས་བསྐྱེད་ཀྱིས་ཟིན་པའི་མྱང་འདས་ཀྱི་རྒྱུ་ཚད་མེད་པ་བཞི་ཡི་སེམས་བསྐྱེད་ནས་སེམས་ཅད་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པའི་ཕྱིར་སྔགས་ཀྱི་རྡོ་རྗེ་ཐེགས་པའི་བསྐྱེད་རྫོགས་ཀྱི་ལམ་ཟབ་མོ་ཉམས་སུ་བླང་བར་བྱའོ་སྙམ་པས་ངག་ཏུ། བསོད་ནམས་འདི་ཡིས་འགྲོ་ཀུན་བདེ་དང་ལྡན༔ སྡུག་བསྔལ་ཀུན་བྲལ་བདག་ལ་སྨིན་གྱུར་ཅིག༔ སྡུག་བསྔལ་མེད་པའི་བདེ་དང་མི་འབྲལ་ཞིང༔ ཆོས་ཀུན་མཉམ་ཉིད་བཏང་སྙོམས་ལ་གནས་ཤོག༔ ཅེས་པ་ཁྲི་ལྔ་སྟོང་ལྔ་བཅས་དབུགས་འབྱིན་འཇུག་དང་སྦྱར་ཏེ་བཏང་ལེན་ཀུན་སློང་གསུམ་ཀ་མི་དམིགས་པའི་ངང་དུ་མཉམ་པར་བཞགས་བཞིན་བཏང་ལ་མཐར་དགེ་བ་བསྔོ་ཞིང༌། ཚོགས་ཞིང་ཐམས་ཅད་འོད་ཞུ་རང་ལ་ཐིམ༔ འཁོར་བའི་སྡུག་བསྔལ་འཇིགས་ལས་ཐར་བ་བསམ༔ ཞེས་བརྗོད་དེ་ཚོགས་ཞིང་ཐམས་ཅད་འོད་ཕུང་དུ་ཞུ་ནས་རང་གཞན་ཐམས་ཅད་ལ་ཐིམ་པས་འཁོར་བར་སྐྱེ་བའི་རྒྱུ་འབྲས་ཐམས་ཅད་ཞི་ནས་སྡུག་བསྔལ་གྱི་འཇིགས་པ་དང་བྲལ་བར་བསམ། བཞི་པ་བསླབ་བྱ་ཕན་ཡོན་ནི། སྤྱིར་ཉམས་སུ་བླང་བའི་ཆོས་ཐམས་ཅད་སེམས་བསྐྱེད་ཀྱི་བསླབ་བྱར་འགྲོ་ཡང་ཁྱད་པར་སྨོན་པའི་བསླབ་བྱ་བྱང་སེམས་ཀྱི་ཕན་ཡོན་དྲན་ཅིང་སེམས་ཅན་བློས་མི་སྤོང་བ་དང་དཀར་ནག་ཆོས་བརྒྱད་བླང་དོར་དུ་བྱ་བ། འཇུག་པའི་བསླབ་བྱ་བསླབ་པ་གསུམ་གྱིས་སྡུས་པའི་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་སློབ་པ། ཕན་ཡོན་སངས་རྒྱས་བསྒྲུབ་པ་ལ་མེད་ཐབས་མེད་པས་ཡོན་ཏན་ཚད་མེད་པར་མདོ་རྒྱུད་བསྟན་བཅོས་རྣམས་ལས་རྒྱ་ཆེར་བཤད་པ་ལྟར་ལ་མདོར་བསྡུ་ན། བྱང་ཆུབ་སེམས་ཀྱི་བསོད་ནམས་གང༌། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་མདོ་ལས་འབྱུང་བ་ལྟར་རོ། །དེ་རྣམས་ཀྱིས་ཐེག་ཆེན་སྤྱི་དང་རྡོ་རྗེ་ཐེག་པའི་ཐུན་མོང་སྔོན་འགྲོ་སོང་བའི་དབང་དུ་བཏང་ནས། གསུམ་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་སྔོན་འགྲོ་ཁྱད་པར་བ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་ཁྲིད་ནི། ལམ་རིམ་ལས། ཉམས་རྟོགས་ཡོན་ཏན་སྐྱེ་བའི་གེགས་གཅིག་པུ༔ སྡིག་ལྟུང་ལ་འགྱོད་བླ་མ་རྡོ་རྗེ་སེམས༔ སྐྱབས་སུ་བཟུང་ཞིང་ལྷ་སྒོམ་སྔགས་བཟླས་ཏེ༔ བཤགས་སྡོམ་དྲག་པོས་རང་རྒྱུད་ལེགས་པར་སྦྱང༔ ཞེས་གསུངས་ཏེ་སྤྱིར་སོ་སོ་སྐྱེ་བོའི་རྒྱུད་ལ་ཐོག་མེད་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་ཚན་ཆེན་པོ་ཡོད་པས་ཐར་པ་དང་རྣམ་མཁྱེན་ལ་བར་དུ་གཅོད་ཅིང༌། ཁྱད་པར་ལམ་གྱི་དངོས་གཞིའི་ཉམས་མྱོང་དང་རྟོགས་པའི་ཡེ་ཤེས་ཚུལ་བཞིན་མི་སྐྱེ་བའི་གེགས་གཅིག་པུ་ནི། སྔར་བསགས་པའི་སྡིག་པ་དང༌། བཅས་པ་ལས་འགལ་བའི་ལྟུང་བ་ཡིན་པས། དེ་དག་ལ་གནོང་འགྱོད་ཆེན་པོས་དེ་སྦྱོང་བྱེད་ཀྱི་གཉེན་པོ་ཁྱད་པར་དུ་འཕགས་པ་བླ་མ་དང་དབྱེར་མེད་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐྱབས་སུ་བཟུང་ཞིང་བསྒོམ་པ་ནི་ལུས་སེམས་རྣལ་དུ་ཕབ་སྟེ་ངག་ཏུ། ཨཱཿ བདག་གི་སྤྱི་བོར་པད་ཟླའི་སྟེང༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ རྡོ་རྗེ་སེམས་དཔའ་བདེ་བ་ཆེ༔ དྲི་མེད་སྟོན་ཀའི་ཟླ་བའི་མདངས༔ ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས༔ རང་འོད་སྙེམས་མ་དགྱེས་པར་འཁྲིལ༔ དར་དང་རིན་ཆེན་རྒྱན་གྱིས་མཛེས༔ ཞབས་ཟུང་རྡོ་རྗེའི་དཀྱིལ་ཀྲུང་གིས༔ འཇའ་ཟེར་ཐིག་ལེའི་ཀློང་ན་བཞུགས༔ ཐུགས་ཀར་ཟླ་བའི་དཀྱིལ་འཁོར་དབུས༔ བདེ་གཤེགས་ཀུན་གྱི་ཐུགས་སྲོག་ཧཱུྃ༔ ཡི་གེ་བརྒྱ་པའི་སྔགས་ཀྱིས་བསྐོར༔ བཟླས་པས་འོད་འཕྲོས་དོན་གཉིས་བྱས༔ ཚུར་འདུས་བདུད་རྩིའི་ཆུ་རྒྱུན་བབས༔ རང་གི་ཚངས་པའི་སྒོ་ནས་ཞུགས༔ སྡིག་སྒྲིབ་ཉམས་ཆག་ཀུན་སྦྱངས་ནས༔ དག་ཅིང་དྲི་མ་མེད་པར་གྱུར༔ ཞེས་རང་ཐ་མལ་དུ་གནས་པའི་སྤྱི་བོར་མདའ་གང་ཙམ་གྱི་སྟེང་གི་ནམ་མཁར་པདྨ་དཀར་པོ་འདབ་མ་སྟོང་བརྡལ་གྱི་དབུས་སུ་ཟླ་བ་ཉ་གང་བའི་གདན་གྱི་སྟེང་དུ་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་གངས་རིའི་ཕུང་པོ་ལ་ཟླ་བ་འབུམ་གྱི་འོད་ཟེར་གྱིས་འཁྱུད་པ་ལྟ་བུ་ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གཏོད་ཏེ་འཛིན་པ། གཡོན་སྣང་སྟོང་དངུལ་དཀར་གྱི་དྲིལ་བུ་དཀུར་བརྟེན་པ། དབུ་སྐྲ་མཐོན་མཐིང་རལ་པའི་ཐོར་ཚུགས་ཅན་རིན་པོ་ཆེའི་སྐེད་ཆིངས་དང་ནོར་བུའི་རྩེ་ཕྲན་གྱིས་བརྒྱན་པ། སྐུ་སྟོད་ལ་དར་གྱི་སྟོད་གཡོག་དང་སྐུ་སྨད་ལ་དར་སྣ་ཚོགས་པའི་སྨད་དཀྲིས། ཅོད་པཎ། ཟི་ལྡིར། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སྐ་རག །དོ་ཤལ། སེ་མོ་དོ་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། ཡུམ་སྙེམ་མ་དཀར་མོ་གྲི་གུག་དང་ཐོད་པ་འཛིན་པ་དང་མཉམ་པར་སྦྱོར་བ་གཉིས་ཀའང་ཞི་ཚུལ་དགུའི་ཉམས་ཀྱིས་བརྗིད་པ། ཞབས་སྐྱིལ་དཀྲུང་གིས་འཇའ་འོད་ཐིག་ལེའི་ཀློང་ན་བདེ་སྟོང་གཉིས་སུ་མེད་པར་བཞུགས་པའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་ཧཱུྃ་ཡིག་དཀར་པོའི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་དཀར་པོ་དྲི་མ་མེད་པའི་འོད་ཟེར་འཕྲོ་བ་སྦྲུལ་འཁྱིལ་གྱི་ཚུལ་དུ་འཁོད་པར་མོས་པ་སྦྱོར་བ་རྟེན་གྱི་སྟོབས་བཏབས་ནས་ལྷ་གསལ་བཏབས་ནས། རྣམ་པར་སུན་འབྱིན་པའི་སྟོབས་སྔར་དྲན་པ་དང་མི་དྲན་པའི་སྡིག་པའི་སྟོབས་བྱས་ཐམས་ཅད་ལ་འགྱོད་པ་དྲག་པོ་ཁོང་དུ་དུག་སོང་བ་ལྟར་སྔོན་དུ་འགྲོ་བས། དངོས་གཞི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་ལྟུང་ཉམས་ཆག་ཐམས་ཅད་བྱང་ཞིང་དག་པར་མཛད་པ་ཞིག་བླ་མ་རྡོ་རྗེ་སེམས་དཔའ་ཁྱེད་མཁྱེན་སྙམ་པའི་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་ཤིང་ཡི་གེ་བརྒྱ་པ་བཟླས་པས་ཐུགས་དམ་བསྐུལ་བས། བླ་མ་རྡོ་རྗེ་སེམས་དཔའི་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས་དོན་གཉིས་བྱས། ཚུར་འདུས་པ་དང་ལྷན་ཅིག་ཡེ་ཤེས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་ཡབ་ཡུམ་གཉིས་ཀྱི་སྐུ་ལུས་ནང་ཐམས་ཅད་གང་རིམ་བཞིན་ཡབ་ཀྱི་རྡོ་རྗེ་དང༌། ལྷག་པར་ཡུམ་གྱི་པདྨ་ནས་བདུད་རྩིའི་རྒྱུན་དྲག་ཏུ་བབ། དེའང་ཆ་གཉིས་སུ་གྱུར་ཏེ། དང་པོ་རང་ཉིད་ཀྱི་སྤྱི་བོའི་ཚངས་བུག་ནས་ཞུགས་ཏེ་ལུས་གྱི་ཕྱི་ནང་ཐམས་ཅད་བཀྲུས། གདོན་ཐམས་ཅད་སྲོག་ཆགས། ནད་ཐམས་ཅད་རྣག་ཁྲག །སྡིག་སྒྲིབ་ཐམས་ཅད་དུར་ཁུ་དང་སོལ་ཁུའི་རྣམ་པས་འོག་སྒོ་ནས་ཕུ་ཆུ་དྲག་པོས་ཐལ་བ་དེད་པ་བཞིན་དེད་ནས་རང་ལུས་དྲི་མེད་ཤེལ་གོང་ལྟ་བུ་སྟོང་གསལ་གྱི་རང་བཞིན་དུ་གྱུར། སླར་ཡང་བདུད་རྩིའི་རྒྱུན་གཉིས་པ་བབས་པས་མེར་མེར་ཁྲིག་ཁྲིག་ཀྱི་གང་བར་བསམ་ལ་ཡིག་བརྒྱ་འབུམ་ཐེར་གཅིག་དང་ཁྲི་གཅིག་བཟླས་པས་བདུད་རྩི་འབེབ་སྦྱོང་གི་དམིགས་པས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་བསམ། མཐར་ད་ཕྱིན་ཆད་སྡིག་སྒྲིབ་ཉེས་ལྟུང་འདི་ལྟ་བུ་སྲོག་ལ་བབ་ཀྱང་མི་བགྱིད་སྙམ་པའི་སྡོམ་སེམས་དྲག་པོས་རུ་ཏྲའི་སྨྲེ་བཤགས་དང༌། བསྡུ་ན་མགོན་པོ་བདག་ནི་སོགས་བརྗོད་ཅིང་རྡོ་རྗེ་སེམས་དཔས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ། །ཕྱིན་ཆད་འདི་འདྲའི་སྡིག་པ་མ་བྱེད་ཅིག་ཅེས་གདམས་ནས་དགྱེས་བཞིན་འོད་དུ་ཞུ་ནས་རང་ཉིད་ལ་གཉིས་སུ་མེད་པར་ཐིམས་པས། རང་ཉིད་ཀྱང་སྣང་སྟོང་ཟུང་འཇུག་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་མོས་ལ་དེའང་འོད་གསལ་གཉུགས་མའི་ངང་དུ་བསྡུས་ལ་རིག་སྟོང་རྡོ་རྗེ་སེམས་དཔའི་རང་ཞལ་བལྟ་ཞིང་མཉམ་པར་བཞག་མཐར་དགེ་བསྔོ་སོགས་བྱ་སྟེ། དགོངས་པ་ཚིག་གསུམ་རྒྱུད་ལས། རྡོ་རྗེ་སེམས་དཔའ་སྒོམ་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡི་སྡིག་ཀུན་བྱང་ནས་ནི། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་སོགས་རྒྱ་ཆེར་འབྱུང་བས་མ་མཐར་གྲངས་འབུམ་གཅིག་ཁ་སྐོང་བཅས་ཡིན་ལ། དེ་ལ་མ་ལྟོས་པར་འབུམ་བྱེ་བ་སོགས་བཟླས་ན་ཤིན་ཏུ་ལེགས་སོ། །བཞི་པ་ཚོགས་རྫོགས་པར་བྱེད་པ་མཎྜལ་གྱི་ཁྲིད་ནི། གཞུང་ལས། མཐུན་རྐྱེན་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར༔ སྐུ་གསུམ་ཞིང་ཁམས་རྒྱ་མཚོ་མཎྜལ་འབུལ༔ ཞེས་དང༌། ལམ་རིམ་ལས། ཡེ་ཤེས་བསོད་ནམས་ཚོགས་ལ་རག་ལས་ཕྱིར༔ རྩ་གསུམ་རྒྱ་མཚོར་ཕྱི་ནང་སྣོད་བཅུད་དང༔ ཕུང་ཁམས་སྐྱེ་མཆེད་རང་བྱུང་བྱང་ཆུབ་སེམས༔ མཁའ་ཁྱབ་མཆོད་སྤྲིན་ནམ་མཁའི་མཛོད་དུ་འབུལ༔ ཞེས་དང༌། རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་སྐུ་དེ་མདོར་བསྡུ་ན། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་སོགས་རྒྱ་ཆེར་འབྱུང་བ་ལྟར་བྱ་སླ་ལ་དོན་ཆེ་བ་མཎྜལ་འབུལ་བ་ལ་གཉིས། རྟེན་གྱི་མཎྜལ་དང་མཆོད་པའི་མཎྜལ་གཉིས་ལས། དང་པོ་གང་ལ་འབུལ་བའི་ཡུལ་བསྒྲུབ་པ་རྟེན་གྱི་མཎྜལ་ནི། གསེར་དངུལ་ཟངས་འཁར་སོགས་ཀྱི་མཎྜལ་བྱི་དོར་ལེགས་པར་བྱས་ལ་བ་བྱུང་ཆུས་ཁྱེམ་མེད་པར་བྱུགས་ཤིང་རིན་ཆེན་སྣ་ལྔ་སྨན་སྣ་འབྲུ་སྣ་སོགས་གང་འབྱོར་གྱི་ཚོམ་བུ་ལྔ་ལེགས་པར་བཀོད་པ་མདུན་དུ་སྟེགས་བུའི་ཁར་བཤམས་པ་ལ་དམིགས་ཏེ། མདུན་གྱི་ནམ་མཁར་སོགས་བརྗོད་ཅིང་དམིགས་པ་སྐྱབས་འགྲོའི་ཚོགས་ཞིང་ལྟར་ལས་ལྗོན་ཤིང་མི་སྒོམ་པར་ཕོ་བྲང་ཡེ་ཤེས་ལྔ་ཡི་རང་བཞིན་རྒྱན་བཀོད་ངོ་མཚར་བ་ངེས་པ་ལྔ་ལྡན་ཕྱོགས་བཞི་དབུས་ལྔར་སྒོམ་པའི་ཁྱད་པར་རོ། །གཉིས་པ་མཆོད་པའི་མཎྜལ་ཡང༌། མཎྜལ་དང༌། རྒྱུ་སོགས་གོང་དང་འདྲ་བར་འདུ་བྱས་ལ་ལག་ལེན་མཐོང་བརྒྱུད་ལྟར་བཀོད་པ་དམིགས་རྟེན་དུ་བྱས་ཏེ་ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞི་ལ་བསྒོམས་པའི་རི་རབ་གླིང་བཞི་ཉི་ཟླ་སོགས་སྣོད་ཀྱི་འཇིག་རྟེན་ལྷ་མིའི་འབྱོར་ཚོགས་བྱེ་བ་ཕྲག་བརྒྱ་སོགས་བསམ་གྱིས་མི་ཁྱབ་པར་ཡོངས་སུ་གཏམ་པ་དང༌། ནང་ལྟར་ན། རང་ལུས་ཕུང་པོ་ལྔ་ཁམས་ལྔ་སྐྱེ་མཆེད་དྲུག་གིས་བསྡུས་པ་དཀྱིལ་འཁོར་ལྷུན་གྱིས་གྲུབ་པ་སྟེ། པགས་པ་གསེར་གྱི་ས་གཞི། ཁྲག་བྱུག་པ། སྒལ་ཚིག་རི་རབ། ཡན་ལག་གླིང་བཞི། རྩ་རོ་རྐྱང་ཉི་ཟླ། བྱང་ཆུབ་ཀྱི་སེམས་ལྷ་མིའི་འབྱོར་ཚོགས་རང་ལུས་སྣོད་བཅུད་ཀྱི་འཇིག་རྟེན་རིན་པོ་ཆེའི་འབྱུང་གནས་སུ་དམིགས་པ་དང༌། གསང་བ་ལྟར་ན། འཁོར་འདས་ཀུན་གྱི་རྒྱུར་གྱུར་པའི་ཀུན་གཞི་གསེར་གྱི་ས་གཞི། དེ་ཉིད་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་དྲི་བཟང་གི་བྱུག་པ། རང་རིག་པ་རང་བྱུང་འོད་གསལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རི་རབ། དེ་ལས་ཚད་མེད་བཞི་དང་དགའ་བ་བཞི་ཡེ་ཤེས་བཞི་སོགས་འབྱུང་བ་གླིང་བཞི་གླིང་ཕྲན་ཐབས་ཤེས་ཟུང་འབྲེལ་ཟླ་ཉི་སོགས་ལྷུན་གྱིས་གྲུབ་པ་སྟེ། མདོར་ན་ཡུལ་ཆོས་ཀྱི་དབྱིངས་གཟོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་མེ་ལོང་ཤིན་ཏུ་དྭངས་པ་ལྟ་བུའི་ངོས་ལ། རང་རིག་པ་རང་བྱུང་གི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོའི་རོལ་པ་ཅིར་ཡང་སྣང་བ་མ་འགགས་པ་གཟུགས་སྙན་ལྟར་ནམ་མཁའི་མཐར་གཏུགས་པར་ཁྱབ་པའི་མཆོད་སྤྲིན་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་སྨོན་ལམ་གྱི་སྟོབས་ལས་རྣམ་པར་འཕྲུལ་པ་ལྟར་མོས་ཤིང༌། འཁོར་གསུམ་ཡོངས་དག་གི་ངང་དུ་འབུལ་བ་སྟེ། རང་ལུགས་གཏེར་གཞུང་རྣམས་ནས་སྐུ་གསུམ་མཎྜལ་རྒྱས་བསྡུས་མང་དུ་འབྱུང་ཡང་འདིར་ཡོངས་གྲགས་འགྲོ་མགོན་ཆོས་རྒྱལ་འཕགས་པས་མཛད་པ་ཚོམ་བུ་སོ་བདུན་མ་གྲངས་གསུམ་ལྔ་བདུན་སོགས་སྔོན་དུ་འགྲོ་བས་རང་ལུགས་མཎྜལ། ཨོཾ་ཨཱཿཧཱུྃ། བདག་དང་མཐའ་ཡས་སེམས་ཅན་གྱི༔ ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན༔ གླིང་བཞི་རི་རབ་ཉི་ཟླར་བཅས༔ ལྷ་མའི་ལོངས་སྤྱོད་བསམ་མི་ཁྱབ༔ ཀུན་བཟང་མཆོད་པའི་སྤྲིན་ཕུང་ཆེ༔ རྒྱུན་མི་ཆད་པར་སྤྲུལ་བྱས་ཏེ༔ དཀོན་མཆོག་རིན་ཆེན་རྩ་བ་གསུམ༔ ཆོས་སྲུང་ནོར་ལྷ་རྒྱ་མཚོ་ལ༔ གུས་པས་རྟག་ཏུ་འབུལ་བར་བགྱི༔ བསོད་ནམས་ཚོགས་ཆེན་རབ་རྫོགས་ནས༔ ཡེ་ཤེས་སྣང་བ་རྒྱས་པར་ཤོག༔ ཨོཾ་གུ་རུ་དྷེ་བ་དྷ་ཀི་ནཱི་སརྦ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཞེས་དང༌། ཨོཾ་ཨཱཿཧཱུྃ༔ ཁམས་གསུམ་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་ཀུན༔ ཐུགས་རྗེའི་བདག་ཉིད་རྣམས་ལ་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོ༔ ཞེས་པ་གྲངས་བཟུང་ནས་ལུས་ཀྱི་བྱ་བ་མཎྜལ་འབུལ་བ་དང་སྟུན་ནས་གྲངས་འབུམ་གཅིག་དང་ཁྲི་གཅིག་འགྲོ་ངེས་འབུལ་ཞིང་ཐུན་བསྡུ་བ་ན། ཞིང་ཁམས་བཀོད་པ་སྐྱབས་ཡུལ་རྣམས་ལ་ཐིམ༔ ཚོགས་ཞིང་ཐམས་ཅད་འོད་ཕུང་འབར་བར་ཞུ༔ བདག་དང་སེམས་ཅན་རྣམས་ལ་དབྱེར་མེད་འདྲེས༔ བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་ཤོག༔ ཞེས་བརྗོད་ཅིང་བསམ་ལ་རང་ངོ་བསྐྱང་ངོ༌། །འདིར་མཎྜལ་གྱི་ཁྲིད་སོགས་ཞིབ་ཏུ་མ་བྲིས་པས་རྒྱས་པར་འདོད་ན་གཞན་ནས་ཤེས་པར་བྱའོ། །ལྔ་པ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་བྱིན་རླབས་བླ་མའི་རྣལ་འབྱོར་བསྒོམ་པ་ལ། གཞུང་ལས། ཁྱད་པར་ལམ་རྣམས་ཀུན་གྱི་སྙིང་པོ་ནི༔ མོས་གུས་བླ་མའི་རྣལ་འབྱོར་གནད་དུ་བསྣུན༔ ཞེས་དང༌། ལམ་རིམ་ལས། ཁྱད་པར་བྱིན་རླབས་དངོས་གྲུབ་ཀུན་གྱི་གཞི༔ བླ་མའི་རྣལ་འབྱོར་མོས་གུས་གནད་དུ་བསྣུན༔ ཚོགས་བསག་གསོལ་གདབ་དབང་བཞིའི་ཡེ་ཤེས་བླང༔ ཐུགས་ཡིད་གཅིག་བསྲེས་དགོངས་པའི་རང་ངོ་བསྐྱང༔ ཞེས་པ་ལྟར་གསུམ་ཏེ། ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་དང༌། ནང་བསྙེན་པའི་ཚུལ་དུ་སྒྲུབ་པ་དང༌། གསང་བ་ལས་སྦྱོར་གྱི་ཚུལ་དུ་སྒྲུབ་པ་གསུམ་ལས། དང་པོ་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པ་ལའང་རྒྱུ་མཚན་དང་དངོས་གཉིས་ལས། དང་པོའི་མཚན་ཉིད་དང་ལྡན་པའི་བླ་མ་སངས་རྒྱས་དང་ཡོན་ཏན་མཉམ་ཞིང་བཀའ་དྲིན་སངས་རྒྱས་ལས་ལྷག་པར་དཀོན་མཆོག་རྩ་གསུམ་ཀུན་འདུས་ཡིན་པའི་ཚུལ་སྤྱིར་བཤད་པ་ནི། དེའང་རྡོ་རྗེ་མེ་ལོང་ལས། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གཙོ། །བླ་མ་སངས་རྒྱས་ཀུན་དང་མཉམ། །ཞེས་པས་རྩ་བའི་བླ་མ་དེ་ཉིད་སོ་སྐྱེས་འཕགས་པ་གང་ཡིན་ཀྱང་རུང༌། སངས་རྒྱས་དངོས་སུ་བལྟ་དགོས་ཤིང༌། དོན་ལ་དེ་བཞིན་གཤེགས་པ་གཅིག་ལ་གསོལ་བ་བཏབ་པས་ཐམས་ཅད་ལ་བཏབ་པར་འགྱུར་ནའང༌། རང་ཉིད་ཀྱི་བསམ་པའི་ཁྱེར་སོས་མོས་པ་འཇུག་ཚུལ་གྱི་ཁྱད་པར་ལས་ཕན་ཡོན་རྒྱ་ཆེ་ཆུང་འབྱུང་བས་ན་ཕྱོགས་བཅུའི་དཀོན་མཆོག་ཀུན་འདུས་སུ་བལྟ་དགོས་པ་དང༌། དེར་མ་ཟད་བདག་ཅག་གི་སྣང་ངོར་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་ཞིང་ཆེས་ལྷག་སྟེ། ཅིའི་ཕྱིར་ཞེ་ན་བདག་ཅག་ལ་སངས་རྒྱས་གཟུགས་སྐུ་དངོས་ཀྱི་ཞལ་བལྟ་བ་དང་གསུང་ཐོས་པའི་སྐལ་པས་ཕོངས་པའི་སྐབས་འདིར་རང་ལ་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་བདག་རྐྱེན་མཛད་པ་སངས་རྒྱས་ཆོས་ཀྱི་སྐུའི་ཞལ་བལྟ་བ་ལ་སྦྱོར་བའི་བཀའ་དྲིན་ནི། བསམ་གྱིས་མི་ཁྱབ་ཅིང་སངས་རྒྱས་ཀུན་ལས་ལྷག་པར་ངེས་པས་སོ། །དེ་ལྟར་ཡང་ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་གཤེས་གཉེན་ནི་ཡོངས་སུ་སྣང་བ་ལ་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་གཤེས་གཉེན་ལྷག་པར་ཟུངས་ཤིག །ཅེས་དང༌། ཁྱད་པར་སྔགས་ཀྱི་ཐེག་པ་འདིར་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་རྗེས་སུ་བཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས། རྡོ་རྗེ་སློབ་དཔོན་ལ་བརྙས་པའམ་མཆོད་ན་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ལ་དེ་ལྟར་བྱས་པར་འགྱུར་བས་ཁེ་ཉེན་གཉིས་ཀ་གཞན་ལས་ཆེས་ཆེ་བ་ཡིན་པ་མ་ཟད་ཉམས་རྟོགས་ཀྱི་རྩལ་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བའང་བླ་མའི་བྱིན་རླབས་ཁོ་ན་ལས་འབྱུང་བས་བླ་མའི་རྣལ་འབྱོར་བསྒོམ་པ་ཡང་རྒྱུད་སྡེ་ཐམས་ཅད་ལས་གསུངས་ཤིང༌། དེ་ཉིད་བསྐྱེད་རྫོགས་སྒོམ་པ་ཐམས་ཅད་ལས་ཀྱང་ལྷག་པར་གསུང་ཏེ་རྒྱུད་ལས། གང་གིས་སྐལ་པ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་ལས། །བླ་མ་སྐད་ཅིག་དྲན་པ་མཆོག །ཅེས་དང༌། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། ཨ་ཏི་བཀོད་པ་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་གང་བསྒོམས་པ། །སངས་རྒྱས་སྟོང་གི་དངོས་གྲུབ་ཀྱང༌། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང༌། སློབ་དཔོན་ཆེན་པོས། གཏན་གྱི་སྐྱབས་གནས་བླ་མ་བཟང༌། །རྟག་ཏུ་གསོལ་བ་སྙིང་ནས་ཐོབ། །ཅེས་དང༌། ཀླུ་སྒྲུབ་ཀྱིས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་རྣམས་ཀྱང་གྲོལ་བར་འགྱུར། །ཞེས་དང༌། ལྕེ་བཙུན་ཆེན་པོས། བླ་མ་ལ་གདུང་བ་སྐྱེས་རྩ་ན། །ཉམས་དང་བྱིན་རླབས་སྐྱེ་བར་ངེས། །ཞེས་སོགས་རྒྱ་ཆེར་འབྱུང་བས་ན་བླ་མ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པས་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀྱི་རང་བཞིན། གཞན་ཡང་རྩ་གསུམ་ཀུན་འདུས་སུ་ངེས་པའི་ཤེས་པ་སྙིང་ནས་སྙེད་པས། གཉིས་པ་བླ་རྣམ་དངོས་ལ་འཇུག་པ་ནི་རྒྱས་བསྡུས་འབྲིང་གསུམ་གྱི་སྒོམ་ཚུལ་གསུངས་པར་དང་པོ་རྒྱས་པ་ལྟར་ན། རང་ཉིད་གནས་པའི་ས་ཕྱོགས་འདི་ཉིད་ཐ་མལ་གྱི་སྣང་བ་ཐམས་ཅད་འོད་གསལ་གྱི་དབྱིངས་སུ་ཐིམས་པ་ལས། སྣོད་རྣམ་པར་དག་པ་འོག་མིན་པདྨོ་བཀོད་པའི་ཞིང་ཁམས། གནས་རྣམ་པར་དག་པ་ཐར་པ་ཆེན་པོའི་གཞལ་མེད་ཁང༌། བཅུད་རྣམ་པར་དག་པ་རིག་འཛིན་བླ་མའི་ལྷ་ཚོགས་ཀྱི་ཕྱག་རྒྱར་སད་པའི་མོས་འདུན་རྩེ་གཅིག་པས། རང་ཉིད་གཉུག་མའི་ལྷ་གང་ཡང་རུང་བའམ། རྡོ་རྗེ་སེམས་དཔར་གསལ་བཞིན་པའི་ངང་ནས་ངག་ཏུ། རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས༔ སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་སྟེང༔ སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཐོད་ཕྲེང་རྩལ༔ ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་གཟི་འོད་འབར༔ པད་ཞྭ་གསང་ཕོད་ཆོས་གོས་ཟབ་བེར་གསོལ༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ གསང་བའི་ཕྱག་རྒྱ་སྦས་ཚུལ་ཁ་ཊྭཱཾ་འཁྱུད༔ ཞབས་གཉིས་རོལ་སྟབས་འཇའ་ཚོན་འོད་ལྔའི་ཀློང༔ རབ་འབྱམས་རྩ་བ་གསུམ་གྱི་སྤྲིན་ཕུང་འཕྲོ༔ སྣང་སྲིད་དཔལ་ལྡན་བླ་མའི་ངོ་བོར་གྱུར༔ ཞེས་གཏེར་གཞུང་ལྟར་ལ་དེའི་ཚིག་དོན་ནི། རང་གི་མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས་སུ་སེངྒེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་སྣ་ཚོགས་པའི་སྟེང་སྣ་ཚོགས་པདྨ་འདབ་མ་འབུམ་དང་ལྡན་པ། དེའི་ཟེའུ་འབྲུ་དང་ཚད་མཉམ་པའི་ཉི་ཟླའི་དཀྱིལ་འཁོར་གྱི་གདན་ལ། ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྡོ་རྗེ་འཆང་མ་ཧཱ་གུ་རུ་པདྨ་ཐོད་ཕྲེང་རྩལ་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པའི་བདག་ཉིད་ཆེན་པོ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ཞལ་གཅིག་ཕྱག་གཉིས་ཞི་འཛུམ་ཁྲོས་པའི་ཉམས་ཅན་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་ཕྱར་སྟབས་སུ་གདེངས་ཤིང༌། གཡོན་མཉམ་བཞག་གི་སྟེང་བདུད་རྩིའི་ཐོད་བུམ་ཡིད་བཞིན་ནོར་བུའི་ཁ་བརྒྱན་ཏེ་བསྣམས་པ། སྐུ་ལ་གསང་གོས་དཀར་པོ། ཕོད་ཆེན་མཐིང་ཁྲ། ཆོས་གོས་རྣམ་གསུམ་དམར་སེར། དབང་གི་བེར་ཆེན་སྨུག་པོ་རྣམས་བརྩེགས་མར་མནབས་པ། གྲུ་མོ་གཡོན་དུ་ཡུམ་མནྡྷ་ར་བ་སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་རྩེ་གསུམ་གྱི་རྣམ་པར་བསྣམས་པ། དབུ་ལ་པདྨ་མཐོང་གྲོལ་རྡོ་རྗེ་ཕྱེད་པའི་ཏོག་ཅན་རྒོད་ལྡེམ་དར་སྣ་ལྔ་མེ་ལོང་རྨ་བྱའི་མདོངས་སྒྲོས་བརྒྱན་པ་གསོལ་ཞིང་སྣང་སྲིད་འཇའ་ཟེར་འཁྲུགས་པའི་ཀློང་ན་ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པར་གསལ་བའོ། །འདིར་རྒྱས་ཚེ་ངག་འདོན། རབ་འབྱམས་སོགས་འདོན་ཚིག་གཉིས་ཀྱི་ཚེ་བླ་བརྒྱུད་གསལ་འདེབས་བླ་མ་མཆོད་ཆོག་ལྟར་སྒོམ་དགོས་ནའང༌། དེང་སང་བསྐྱེད་རིམ་མ་བྱང་བ་དང༌། ཇི་བཞིན་སྒོམ་མི་ཤེས་པ་མང་བས་བླ་མ་མཆོད་ཆོག་གཞུང་ལྟར་འདོན་སྒོམ་བྱས་ན་བདེ་བར་སྣང་བས་དེ་ལྟར་ན། དེ་ལྟར་དུ་གསལ་བའི་སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་ཀློང་དུ་ཉིད་ལས་མི་གཞན་པའི་ཐོད་ཕྲེང་རིགས་ལྔ་དང༌། རིག་འཛིན་རྩ་འཆང་འདིའི་བར་མ་དཔེའི་ཡིག་ལྡེབ་དྲུག་ཙམ་འཐོར་ཟག་གིས་མ་ཚང༌། མཆན། བརྡལ་བསྐྱངས་པས་གཉིད་ཀྱི་འོད་གསལ་དང་རྨི་ལམ་ཟིན་པར་འགྱུར་ལ། སླར་ཡང་ཐོ་རང་ལྡང་བའི་རྣལ་འབྱོར་སོགས་ཇི་སྐད་བཤད་པ་བཞིན་ཐུན་བཞི་སོགས་ཉམས་སུ་བླང་ངོ༌། །གཞན་ཡང་དངོས་གཞིའི་ཉམས་ལེན་ཚེ་ཡང་སྤྱིར་སྔོན་འགྲོའི་ཆོས་ཐམས་ཅད་འདོར་མི་རུང་མོད་ཀྱང༌། ཁྱད་པར་སྐྱེད་རྫོགས་སྒོམ་ཚེ་བླ་མའི་རྣལ་འབྱོར་ལ་བསྟེན་ནས་ལམ་དབང་བླང་བ་འདི་ཐུན་རེའི་མགོར་ཡང་མ་ཆགས་པར་བྱ་བ་ནི་གནད་དམ་པའོ། །མདོར་ན་མོས་གུས་དང་དམ་ཚིག་རྣམ་པར་དག་པས་སྔོན་འགྲོའི་ལམ་འདི་ཁོ་ན་མཐར་ཕྱིན་པས་ཀྱང་དངོས་གཞི་ལ་མི་ལྟོས་པར་རྔ་ཡབ་དཔལ་གྱི་རི་བོར་དབུག་དབྱུངས་ནས་དག་པའི་ཞིང་ཁམས་དེར་རིག་འཛིན་རྣམ་པ་བཞིའི་ལམ་ཉི་ཟླའི་བགྲོད་པ་ལས་ཀྱང་མྱུར་བས་རིག་འཛིན་མཆོག་གི་ས་ལ་ཕྱིན་པར་འགྱུར་བ་ནི་ངེས་པའོ། །སྔོན་འགྲོའི་ཁྲིད་རིམ་མདོར་བསྡུས་བྲིས་པ་ལས་ཞིབ་ཁྲིད་རྒྱས་པར་འདོད་པ་དག་གིས་ཀློང་ཆེན་སྙིང་ཐིག་སྔོན་འགྲོའི་ཁྲིད་ཀུན་བཟང་བླ་མའི་ཞལ་ལུང་དང༌། ཞེ་ཆེན་རྒྱལ་ཚབ་སྔོན་འགྲོའི་ཁྲིད། མཆོག་གླིང་ཡང་སྲིད་ངེས་དོན་གྲུབ་པའི་རྡོ་རྗེས་མཛད་པ་ལམ་འདིའི་སྔོན་འགྲོའི་ཁྲིད་སོགས་ལས་ཤེས་པར་བྱའོ། །འདིར་སྨྲས་པ། མང་མང་མཁས་གྲུབ་དུ་མའི་གཞུང་ལུགས་ལས། །ཟབ་ཟབ་སྙིང་པོའི་བཅུད་དྲིལ་འདི་ཉིད་ཀྱང༌། །ཡང་ཡང་མཆོག་བསྟན་མཛེས་པའི་རྒྱན་གྱུར་ཏེ། །ལེགས་ལེགས་འགྲོ་མང་སྐུ་གསུམ་སར་འགོད་ཤོག །ཐུགས་སྒྲུབ་བར་ཆད་ཀུན་སེལ་ཀྱི་ཁྲིད་ཡིག་ཐོག་མཐའ་བར་དུ་དགེ་བ་ལས་ཐོག་མར་དགེ་བ་སྔོན་འགྲོའི་ཁྲིད་རིམ་མདོར་བསྡུས་བཤད་ཟིན་ཏོ། ༈ རྩ་གསུམ་དཀྱིལ་འཁོར་རབ་འབྱམས་འདུས་པའི་སྐུ། །མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་རྩལ། །རྣམ་འཕྲུལ་ཞི་དྲག་སྐུ་གསུམ་སྒྲུབ་པའི་ལམ། །ཀུན་མཐུན་ཀུན་ལས་ཁྱད་འཕགས་འདི་རྨད་བྱུང༌། །དེ་ལ་འདིར་བར་དུ་དགེ་བ་དངོས་གཞིའི་ཁྲིད་ཀྱི་རིམ་པ་ཉུང་ངུར་འགོད་པ་ལ། རྗེ་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་ཞིག་པོ་གླིང་པའི་བཞེད་པ་ལྟར་ན་ཞལ་གདམས་སྙིང་བྱང་ཉིད་རྩ་བར་བཟུང་སྟེ། ཐོག་མར་ཆོས་སྐུ་ཚེ་དཔག་མེད་དང༌། དེ་ནས་ལོངས་སྐུ་ཐུགས་རྗེ་ཆེན་པོ་པདྨ་སྒྱུ་འཕྲུལ་དྲྭ་བ་སྦྱོར། སྤྲུལ་སྐུ་ལས་ལས་བྱང་རྒྱས་འབྲིང་གང་རུང་སྦྱར་ནས་སོ་སོར་བསྙེན་སྒྲུབ་ཚད་ལྡན་འཁྱོལ་བར་སོང་རྗེས། རིམ་པར་སྨྲ་སེང་ཞི་དྲག་ནས་བཟུང་རྣམ་འཕྲུལ་བཅུ་གཉིས་སོ་སོའི་ལས་བྱང་ལྟར་བསྙེན་སྒྲུབ། སྒོ་བཞིའི་ལས་བཞི་ཞལ་གདམས་སྙིང་བྱང་ལྟར་བསྙེན་སྒྲུབ་ལས་སྦྱོར། ཆ་ལག་བར་ཆད་སེལ་བའི་ལྷ་བཞིའི་བསྙེན་པ། བཀའ་སྲུང་ཚེ་རིང་མའི་བསྙེན་སྒྲུབ་བཅས་མཐའ་རྒྱས་སུ་དགོས་པར་གསུངས་པ་ཤིན་ཏུ་རྒྱས་པའི་ལུགས་དང༌། འབྲིང་པོ་ཀུན་གཟིགས་མཁྱེན་བརྩེའི་དབང་པོའི་བཞེད་པ། དངོས་གཞིའི་ཐོག་མར་བསྙེན་པ་ཕྱག་རྒྱ་གཅིག་པ་རྒྱུན་གྱི་བཀོལ་བྱང་བཏང་ཞིང༌། ཉེ་བསྙེན་ཕྲིན་ལས་སྙིང་པོ་ལྟར་ཕྱི་དཀྱིལ་མདོར་བསྡུས། སྒྲུབ་པ་ཕྲིན་ལས་འབྲིང་པོ། སྒྲུབ་ཆེན་ཕྲིན་ལས་རྒྱས་པ་ལྟར་འཛབ་ཀྱི་བཀོལ་བྱང་ཐོག་སོ་སོོའི་བསྙེན་པ་རྒྱས་པར་བྱ་ཞིང༌། དེ་དག་གི་ཏིང་འཛིན་དང་བཟླས་དམིགས་ཀྱི་རིམ་པ་གཞུང་ཚིག་དང་སྟུན། བསྙེན་སྒྲུབ་ཡན་ལག་བཞི་ཚུལ་བཞིན་སོང་ནས་ཆོས་ལོངས་སོགས་སོ་སོའི་སྒོས་སྒྲུབ་རྣམས་གང་ལྕོགས་སུ་བྱ་བར་གསུངས་པས། དེ་གཉིས་གང་ལྟར་ཡང་ཟབ་ཆོས་ཀྱི་བདག་པོར་གྱུར་པའི་ཕྱག་བཞེད་ལགས་པས་ཁྱད་པར་མ་མཆིས་མོད། ཚེ་གཅིག་གིས་ལུས་གཅིག་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འདོད་ཅིང༌། མི་གཅིག་ལྷ་གཅིག་ལས་མང་པོ་མི་སེམས་པ་དག་དང༌། གཞན་ཡང་ལམ་འདིར་བསྙེན་སྒྲུབ་རྒྱས་པར་འདོད་པ་རྣམས་ཀྱིས་མཆོག་གླིང་བཞེད་པ་ལྟར་གོང་སྨོས་ཐུན་མོང་དང་ཐུན་མིན་སྔོན་འགྲོ་ལེགས་པར་གྲུབ་མཚམས། ཆོས་བདག་བར་ཆད་སེལ་བའི་ལྷ་བཞི་སོ་སོའི་ལས་བྱང་ལྟར་བསྙེན་སྒྲུབ་ལས་སྦྱོར་དང་བཅས་པ་གཏང་ན་བདེ་ཞིང་ལམ་གྱི་བར་ཆད་ཞི་བ་སོགས་དགོས་པ་ཆེན་བས་སོ་སོའི་གཞུང་གསལ་ལྟར་གཏང༌། དེ་ནས་ཆོས་སྐུ་ཚེ་དམར་སོགས་སོ་སོར་གོང་གསལ་ལྟར་གཏང་བ་ལེགས་པས་དེ་ལྟར་བསྙེན་ཡིག་འདོན་ཟིན་ཙམ་ནི་འོག་ནས་འཆད་པར་འགྱུར་ལ་འབྲི་བར་མ་ལོང༌། འདིར་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་བསྙེན་ཡིག་ས་ལ་ཆེན་པོའི་ས་བོན་གྱི་དགོངས་དོན་གཞིར་བཞགས། ལམ་འདིའི་ལས་བྱང་ཁོ་ན་ལ་བརྟེན་པའི་བསྙེན་སྒྲུབ་གཏང་ཚུལ་ཅུང་ཟད་རྒྱས་པའི་ལུགས་སུ་བྱས་ནས་གཏེར་ཆེན་རིག་འཛིན་རྣམ་གསུམ་གྱི་བཞེད་གཞུང་ལུགས་མཐུན་པར་འགྱུར་བས་ན་དེ་ལ་གསུམ་སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་རྟེན་མཆོད་བཤམ་པ་དང་སྒྲུབ་པ་སྒྲོམ་གཞུག་སོགས་སྒྲུབ་ཁོག་ལྟར་གྲུབ་ན་ལེགས་ཀྱང་མི་འགྲུབ་པ་དག་གིས་མདུན་ངོས་སུ་གུ་རུ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་རྟེན་ཅི་འབྱོར་དང་ཁྱད་པར་ཐུགས་སྒྲུབ་ཀྱི་ཞལ་ཐང་སོགས་བཀྲམ་པའི་མདུན་སྟེགས་བུའི་སྟེང་གཏོར་སྒམ་གོང་འོག་བར་གསུམ་ཡོད་པའི་འོག་མཎྜལ་སྟེང་རས་བྲིས་སམ་ཚོམ་བུ། སྟེགས་བར་མར་བསྒྲུབས་ཁོག་ལྟར་བཅས་སྒྲུབ་བྱས་པའི་སྒྲུབ་ཐོད་དང༌། སྒྲུབ་གཏོར་བླ་མའི་གཏོར་ཆེན་རིན་པོ་ཆེའི་སྣོད་གཙང་མར་འབྲུ་སྣའི་ཕྱེ། ཆང་དང་མར་ཁུས་སྦྲུས་པ་སྤོད་སྣ་ཚོགས་པ་བཏབ་པས། བང་རིམ་གྲུ་བཞི་བཞིའི་སྟེང་རིན་ཆེན་ཟུར་བརྒྱད་ཀྱི་སྟེང་དུ་དཔལ་གཏོར་རིན་ཆེན་འབར་བ་པད་འདབ་བཞི་པད་ཚབ་དང་བཅས་པ་རྒྱན་ཁྲ་མཐོང་རྒྱུན་ལྟར་རམ། ལྔ་རྒྱན་ཉི་ཟླ་མེ་རི་ཅན་ཤ་རྒྱན་ཟས་སྣས་བསྐོར་བ་དར་སྣ་ཚོགས་ཕུབ་པའི་གཡས་སུ་རྩ་བརྒྱད་སྟོང་སྦྱར་སྨན་ཆང་དང་བསྲེས་པ། གཡོན་དུ་སོ་ལྔའི་རྫས་ཁྲག་དང་སྦྱར་བ། གཡས་སུ་བཀའ་སྲུང་ཚེ་རིང་མའི་གཏོར་མ་བང་རིམ་ཟླུམ་པོ་བཞིའི་དབུས་བུམ་པའི་སྟེང་ཞི་གཏོར། བུམ་པའི་ཕྱོགས་བཞིར་བཤོས་བུ་བཞི། བར་མཚམས་རྣམས་སུ་རིལ་བུ་བཅུས་བསྐོར་བ་དཀར་བྱུགས་ཅན། གཡོན་དུ་གཏེར་སྲུང་ཁྱུང་བཙུན་མའི་གཏོར་མ་དབང་སྡུད་དཔལ་གཏོར་རྒྱབ་ཡུ་ཅན་མདུན་འཐེབ་ཀྱུ་སུམ་བརྩེགས་ལྔ་རྒྱན་ཅན་དང༌། དམ་ཅན་སྤྱི་གཏོར། དུར་བདག་ཡབ་ཡུམ། ཀུན་འཁྱིལ་མཆེད་གསུམ་དང་གཏེར་གཞི་གཉིས། ཆད་ཐོ། བསྟན་མ་བཅས་ཀྱི་གཏོར་མ་རྒྱུན་བཞག །གཞན་ཡང་ཚེ་འབྲང་རྟ་ཞལ་ཅན་གྱི་གཡས་གཡོན་དུ་ཚེ་རིལ་ཆང༌། བུམ་པ་གཟུངས་རྡོར་མགུལ་ཆིངས་སོ་ལྔའི་རྫས་ལྡན་དང༌། གཞན་ཡང་ནད་བཟློག་སྨན། དགྲ་བཟློག་མཚོན། རྟེན་རྫས། སྐོང་རྫས་སོགས་གསང་སྔགས་ཀྱི་གཞུང་ཆེན་པོ་རྣམས་ནས་ཇི་ལྟར་འབྱུང་བ་ལྟར་འདུ་བྱ་ལ་རྟེན་འབྲེལ་རྫས་མཚོན་ཙམ་ལས་འདུ་འཛིའི་གཡེང་ཞིང་བསོག་འཇོག་གི་རང་བཞིན་ཅན་ནི་མ་ཡིན་ནོ། །
[edit]

bla ma'i thugs sgrub bar chad kun sel gyi khrid yig thog mtha' bar du dge ba sku bzhi sgrub pa'i lam bzang mkhas grub dgongs rgyan zhes bya ba bzhugs so// na mo ma hA gu ru sarba sid+d+hi pha la ye/_rnam kun mchog ldan spros pa kun bral e dbyings yum gyi mkhar/_/bde chen waM yig 'phos pas dang po'i sangs rgyas pad+ma skyes/_/snang srid dbang sgyur 'khor 'das zin gnon dkyil 'khor rgya mtsho'i gtso/_/gzhan du ma grub rang rig dbyer med lta ba'i phyag gis 'dud/_/sgrub brgyud bstan pa'i ba gam lhun mthor snga 'gyur rdo rje'i srog shing brtan/_/ngo mtshar gter 'byin mkhas grub bye ba'i dar 'phyang 'phur ma g.yo ba'i rtser/_/bka' bab bdun ldan rtsod bral mchog gyur bde chen yid bzhin dbang gi rgyal/_/gdod nas grub ces gling bzhir yongs grags srid zhi'i 'dren mchog gang de rgyal/_/rgyal rnams thugs bskyed sna tshogs gar gyis snyigs ma'i dus/_/bsam bzhin rnam thar phrin las rmad byung chos kyi bdag_/'jam mgon rnam gnyis yab sras brgyud par bcas pa kun/_/bka' drin shes pas sor bcu'i pad+mo spyi bor bkod/_/gdod nas rnam grol ye sangs rgyas pa'i ye shes mngon gyur lte ba zab cing zlum/_/thugs bskyed dag pa rgya mtsho'i sprin bkod rnam 'dren stong gi rtsib yangs mdzes par bkra/_/gsang ba'i mdzod kyis 'khor ba dong sprugs sa gsum grags pa'i 'od dkar mu khyud can/_/'khor lo'i mgon po 'jam dbyangs bla ma chos kyi blo gros gang de rgyal gyur cig_/rgyal kun mkhyen pa'i chu gter las 'khrungs shing*/_/rmad byung thugs rje'i 'dab ma 'bum grol bas/_/zab rgyas bdud rtsi'i skal bzang re skong ba/_/bka' drin mtshungs med bla mar gus btud nas/_/bla ma'i thugs sgrub ma dros mtsho chen las/_/khyad 'phags bcud dril bar chad kun sel lam/_/yid bzhin nor 'dra'i sngon dngos khrid kyi tshul/_/go sla don bsdus cung zad 'dir spro na/_/bla ma lha dang mkha' 'gro chos skyong tshogs/_/brtse bas dgongs la gnang ba brtsal nas kyang*/_/zab don 'grel la mi zad spobs pa'i blo/_/chags thogs med pa da lta bstsal du gsol/_/de la 'dir yang dag par rdzogs pa'i sangs rgyas pad+ma 'od mi 'gyur ba chen po tshad med pa'i thugs rje'i mnga' bdag des chos kyi dbyings kyi pho brang chen po las ma g.yos bzhin du thugs rje'i byin rlabs kyis rang snang ba pad+ma kun tu 'chang chen pos/_sku gsung thugs lhun grub stug po bkod par zab cing rgya che ba'i chos phun gsum tshogs pa gsang sngags rdo rje theg pa gsungs te snang ba gsum gyis gdul bar bya ba'i 'gro ba'i khams rang bzhin gyis grol bar mdzad pa las/_rgyal ba dgongs pa'i brgyud pa/_rig 'dzin brda'i brgyud pa/_gang zag snyan khung brgyud pa gsum dang*/_'dzam gling chung ngu'i gdul bya rnams kyi snang ngor gsung rdo rje snang ba mtha' yas kyi thugs las brdol te d+ha na ko shar mtsho skyes rdo rje las brtsams te mtshan brgyad la sogs pa'i rnam par rol pas rgya gar bod yul rnga yab gtso bor gyur pa'i gling dang gling phran mtha' 'khob kyi gnas rnams su rgyal ba'i phrin las mi zad rgyan gyi 'khor lo 'chi med 'dod rgur sgyur ba'i gar gyis 'khor ba dong nas sprugs par mdzad pa las/_'jam dpal sprul pa'i rgyal po khri srong lde'u btsan gyis bod yul mun pa'i gling du sngon smon thugs bskyed dus su smin pas spyan drangs te lha srin gdug pa can thams cad dam la btags/_sprul pa'i gtsug lag khang mang pos sa steng bkang*/_lo paN skyes mchog du ma lung bstan cing dam pa chos kyi sgron me sbar/_bod dang bod chen po'i sa gzhi'i khyon ma lus par zhabs kyis gcags shing byin gyis brlabs/_nyid kyi dgongs pa'i rang rtsal tha dad kyi tshul du snang ba rje 'bangs 'dus pa rgya mtshor zab rgyas gsang chen snying po'i chos kyi 'khor lo rgyun chad med par bskor ba las gsang ba 'di nyid kyi lo rgyus zhal gdams snying byang las/_na mo gu ru:_sa pho sprel lo dgu zla ra ba'i tshes bcu la:_dus gsum sangs rgyas thams cad kyi sku gsung thugs ye shes rdo rje'i bdag nyid:_o rgyan gyi slob dpon chen po pad+ma 'byung gnas de nyid:_bkra shis la byin che ba:_dam chos 'dod rgu 'byung ba'i gling:_brag dmar 'om bu gtibs pa'i tshal:_chos 'khor chen po dpal gyi bsam yas dbu rtse rigs gsum gyi bar khang g.yu zhal 'bar ba can du:_sku dgyes pa'i 'dzum mdangs mtshan dpe'i gzi byin gyis snang srid thams cad zil gyis gnon pa:_gsung tshangs pa'i dbyangs kyis chos sgo mtha' yas pa phye ba:_thugs ka dag gting gsal 'dus ma byas pa'i dbyings las ma g.yos bzhin du:_mkhyen brtse nus pa'i yon tan gyis phrin las thams cad lhun gyis grub pa srid zhi kun gyi spyi dpal chen por bzhugs so:_de'i tshe de'i dus na:_las can dag pa'i 'khor mkhyen rab kyi bdag po chos rgyal khri srong lde'u btsan dang:_dpal he ru ka nam mkha'i snying po dang:_'jam dpal khrag 'thung sangs rgyas ye shes dang:_dbang chen grub pa rgyal mchog dbyangs dang:_gsang sngags chu bo bzhi'i bka' babs ban+de dri med zla shar dang:_mthu stobs kyi mnga' bdag lang gro lo tsA ba dkon mchog 'byung gnas:_bod khams phur thogs yongs kyi rje btsan rdo rje bdud 'joms rtsal:_slob dpon nyid dang dgongs pa mnyam pa'i rnam par snang mdzad bai ro tsa na dang:_sprul pa'i byang chub sems dpa' chen po lha sras sku mched rnams dang:_rdo rje'i gzungs mar bkas gnang ba'i bdag bud med ye shes mtsho rgyal dang bcas pa rnams kyis mgrin gcig tu phyag btsal te gsol ba ni:_kye slob dpon chen po lags:_nyid ni sangs rgyas thams cad kyi sku gsung thugs kyi gsang ba 'dus pa:_dkyil 'khor rab 'byams kyi gtso bor bzhugs pa lags na:_rgyud lung man ngag gzhan la ma ltos par:_thugs 'od gsal chen po'i klong nas rang byung dgongs pa zang thal gyi rgyud man ngag nges pa'i tshul du bkas gnang bar zhu:_zhes zhus pa na:_zhal dgyes pa'i 'dzum mdangs su bzhad cing:_gsung tshangs pa'i dbyangs kyis:_de ltar mthong ba dang zhus pa ni legs kyi:_rgyal pos dbu mdzad pa'i snod ldan rnams kyis ji ltar 'dod pa zhus shig dang ngas bshad par bya'o:_zhes bka' bstsal to:_de'i tshe bdag cag rnams gus pa dang spro ba dang spobs pa mchog tu skyes nas slar gsol ba:_kye slob dpon rin po che:_de ltar rdo rje'i tshig gi rgyud zhal gdams man ngag gi tshul du gnang bar dgongs pas bkrol ba ni bka' drin shin tu che lags pas:_dus da lta dang ma 'ongs pa'i chos byed pa rnams la bar chad byung na gang gis sel:_dngos grub bsgrub na gang gis sgrub:_lam thams cad gang gis bgrod ces gsol bas:_gu ru rin po che'i zhal nas:_dam pa'i chos tshul bzhin byed pa la bar chad kyi rnam pa mtha' yas pa zhig 'byung na'ang de sel ba'i thabs ni bla ma la gsol ba 'debs pa kho na yin te:_de las lhag pa'i gdams pa ni dus gsum gyi sangs rgyas thams cad kyis kyang ma gsungs mi gsung gsung bar mi 'gyur ro:_bar chad thams cad bsal na dngos grub kyang des thob pa yin:_de la brten nas lam thams cad kyang bgrod pa yin pas:_thog mar phyi nang gsang ba'i bar chad thams cad sel ba'i slad du bla ma la gsol ba 'debs pa nyid gal che'o:_zhes gsungs so:_de'i tshe de'i dus na sngon gyi las dang smon lam rnam par dag pa bsam gyis mi khyab pa'i mthus bskul te:_lha'i sras po ye shes rol pa rtsal gyis rin po che gser gyi maN+Dal rgya chen po la bla g.yu 'od 'bar ba'i tshom bu bkod pa phul:_gus phyag dgu phrugs su btsal te zhus pa:_kye slob dpon chen po lags:_spyir bla ma la gsol ba btab na 'dod rgu thams cad 'byung bar nges kyang:_da res gang 'dod kyi don snying por dril ba'i gsol ba zhig gdab dgos pas phyi nang gsang ba'i bar chad thams cad sel ba'i don du gu ru rin po che nyid la gsol ba 'debs pa'i tshul khyad par can zhig gsung du gsol:_zhes zhus pa na:_gu ru rin po che'i zhal nas:_legs so legs so lha'i sras po:_spyir rang la lam ston pa'i bla ma de sangs rgyas thams cad kyi phrin las gcig tu bsdus pa yin:_byed brag tu gsang sngags kyi gdams pa gnang ba'i bla ma de dus gsum gyi sangs rgyas las kyang lhag:_de la mos gus kha tsam min pa med na chos kyi rtsa ba rul 'gro bar 'dug:_khyad par bod yul chos byed kun gyi bla ma ni bdag kho na la thug pa yin te:_nga nyid chos sku'i sangs rgyas thams cad dang dgongs pa dbyer med du bzhugs:_longs sku'i sangs rgyas thams cad spro zhing sdud:_sprul sku'i sangs rgyas thams cad dang ye shes ro gcig pa las tha dad pa'i tshul du bstan nas:_dzam bu'i gling spyi dang bye brag gdong dmar bod kyi rgyal khams 'dul ba'i slad ched du sprul pa yin pas na:_da ltar bzhugs pa'i chos rgyal lo paN skyes mchog rnams dang:_ma 'ongs pa na bod khams 'dir sangs rgyas kyi bstan pa nam gnas kyi bar du 'byon par 'gyur ba'i bstan 'dzin gyi skyes bu dam pa rnams kyang:_bdag pad+ma 'byung gnas kyi thugs ye shes chen po'i ngang las gang 'dul sgyu 'phrul drwa bar bstan pa tsam yin no:_de bas na kho bo la skyabs gnas thams cad kyi bdag nyid rtsa brgyud kyi bla ma kun 'dus su mos pas dus rgyun du ma brjed par gsol ba thob cig dang:_'dod pa'i dngos grub thams cad 'grub par ma gyur na kho bos dus gsum gyi rgyal ba thams cad bslus par 'gyur ro:_khyad par bar chad thams cad sel ba'i don du gsol ba 'di ltar du thob cig:_ces gsungs nas phyag g.yas g.yon mnga' bdag dang kho mo'i spyi bor bzhag:_lha sras nyid la dbu gtugs te chos nyid dbyangs kyi rdo rje'i rang sgras 'di skad ces bka' bstsal to:_zhes phyi gsol 'debs kyi tshul du sgrub pa rig 'dzin rnam 'phrul bcu gnyis kyi mtshan dang sku yi bkod pa gsal ba'i gsol 'debs rdo rje'i gsung bstsal cing*/_de'i tshe slar yang mnga' bdag yab sras kyis gser gyi maN+Dal dang:_za 'og gi na bza' dang:_tshogs kyi 'khor lo rgya chen po bla na med pa phul nas zhus pa:_de ltar gsol ba 'debs pa'i gdams pa:_gu ru rin po che nyid kyi mtshan dang sku'i bkod pa la brten nas sngar ma thos pa'i ngo mtshar gyi gsang ba rmad du byung ba'i tshul khyad par can gnang ba ni shin tu bka' drin che na:_da dung de la brten pa'i gnas skabs dang mtha' thug gi bar chad thams cad zhi zhing:_mchog dang thun mong gi dngos grub rab 'byams bsam pa bzhin du 'grub pa'i sgrub thabs dang las tshogs ji snyed pa rnams bdag cag 'dir 'tshogs pa dang ma 'ong pa'i bod 'bangs rnams la thugs brtse ba chen pos dgongs te yongs su rdzogs par stsal du gsol:_zhes gsol ba btab pa na:_gu ru rin po che nyid dkyil 'khor gyi gtso mchog rigs thams cad gyi khyab bdag snang srid zil gnon chen po'i cha byad du bzhugs pa'i dbu gtsug tu longs spyod rdzogs sku dang:_chos sku'i sangs rgyas:_phyogs mtshams su rigs kyi gtso bo bcu gnyis sogs rten dang brten par bcas pa'i dkyil 'khor gyi 'khor lo mngon sum du sprul nas skad cig gcig gis byed brag las dbang bskur ba dang:_rtsa ba'i gdams pa rgyas bsdus mtha' yas pa las ldan rnams kyi dbang po dang 'tshams par bstan nas:_slar dkyil 'khor gyi 'khor lo thams cad gu ru nyid la 'dus:_gu ru rin po che nyid kyi sku gsung thugs kyi gsang ba bsam gyis mi khyab pa'i ngang:_dgongs pa mi g.yo ba 'chi med rdo rje'i ting nge 'dzin la snyoms par zhugs so:_zhes gleng gzhi lo rgyus de ldan bla ma'i thugs sgrub bar chad kun sel gyi chos skor rtsa ba dang yan lag kha tshang don dril ngo mtshar rmad du byung ba 'di nyid gsungs shing*/_slar yang lha sras mu rub btsan pos zhus ngor mdo khams nam mkha' rdzong du lan gcig_/jo mo mtsho rgyal gyis zhus ngor gter sgrom dang mchims phu gnyis kar lan re/_bod 'bangs spyi yis zhus ngor mang yul la thog tu lan gcig bcas gsungs shing*/_gu ru srin yul gshegs rjes rje 'bangs so sos yi ger bkod pa thams cad/_rtsa ba/_rgyas bshad/_man ngag_/khyad par te nges pa'i bka' srol bzhi ru bsdus nas dbyings phyug ye shes d+hA ki mtsho rgyal gyis brda ris su bkod de gter gnas so sor rgyas btab pa'i mtshon gu ru yab yum gyis bod la bka' drin che bas sa 'og sa steng thams cad gter gyis bskangs nas nam zhig rgyal ba byams pa'i bstan pa ma shar bar du gter 'byin grub thob rgyun chad med pas 'gro don mdzad pa las ji skad du/_kha rag chu phug sbas pa'i gter kha 'di:_mi bzhag 'don pa'i rtags der bstan nas 'byung:_o rgyan bde chen gling pa zhes bya 'byung:_zhes sogs yang yang dpal gyi mgul nas bsngags par mdzad pa'i sprul pa'i gter chen o rgyan mchog gyur bde chen zhig po gling pa zhes sa gsum 'gro ba'i bla ma de la ngo mtshar bka' bab bdun gyis phyug cing sa gter la'ang gter kha so brgyad bzhugs pa las/_gter kha gsum pa rje bla ma dgung grangs nyi shur son pa sa sprel dbyug pa zla ba'i dkar phyogs kyi tshes bcur zla nyin kha la rong sgor dpal chen po khro bo dbu dgu rang byon du gsal ba'i dbu yi gseng dang zhabs g.yas kyi 'og lho zla'i chu bo dal gyis 'bab pa'i rba klong 'khrugs pa'i dbus/_skal med bgrod par dka' ba/_rang byung pad+ma'i zhabs rjes rdzu 'phrul gyi bkod pa rnam par snang ba'i mi 'gyur ba'i pha bong smug po nas spyan drangs pa'i gdams ngag zab cing rgya che ba'i gnad don thams cad gcig du dril ba/_sngar sa steng du yongs su ma grags shing*/_dus gsum gyi rgyal ba thams cad kyi dgongs nyams mthar thug pa/_mchog dang thun mong gi dngos grub rab 'byams sgrub pa'i thabs thams cad ma tshang ba med pa/_'khor los sgyur ba'i bang mdzod chen po lta bu bla ma'i thugs sgrub bar chad kun sel zhes rmad du byung ba 'di nyid kyi sgo nas skal ldan gyi slob ma bde myur gyis thar pa dang thams cad mkhyen pa'i go 'phang du 'khrid par byed pa la/_chos dang gang zag la log par mi blta bar tshad mar shes pas gsang ba spyi dang bye brag gi lo rgyus dam pa gong ma'i rnam thar sogs la thos bsam yang dag pa sngon du song nas/_mi rjes khyi rgyug lta bu ma yin par bla ma dam pa'i zhabs spyi bor blangs nas dbang gis rgyud smin par byed pa lam 'di yi rtsa dbang rgyas 'bring bsdus gsum sogs thob lo tsam min par tshad ldan thob pa'i dbang du btang nas lam der ci dgar 'jug pa'i tshul khrid kyi rim pa 'chad pa la don gsum/_thog mar dge ba sngon 'gro'i khrid/_bar du dge ba dngos gzhi'i khrid/_tha mar dge ba yan lag mtha' rgyas kyi khrid do/_/thog mar dge ba sngon 'gro'i khrid la/_thun gyi sngon 'gro dang*/_khrid kyi sngon 'gro/_lam gyi snod rung du byed pa'i sngon 'gro dang gsum/_dang po la ring ba dang*/_nye ba'i sngon 'gro'o/_/dang po ni/_lam 'di'i rgyab chos lam rim ye shes snying po las/_dang po 'du 'dzi'i gnas las thag bsrings te:_dben par songs la 'jig rten bya ba btang:_zhes pa ltar/_lam la 'jug par 'dod pa'i gang zag des dang po nyid du 'jig rten gyi bya ba dgra 'dul gnyen skyong sogs lus sems rnam par g.yeng ba'i 'du 'dzi'i gnas las ring du byol nas thag bsrings te/_rgyal bas bsngags pa'i bas mtha' nyin mo mi dang*/_mtshan mo lha 'dre'i rgyu 'grul med pa'i dben gnas dam pa ri brag nag khrod nyams dga' ba/_dam pa gong mas byin gyis brlabs pa'i gnas su songs la der yang 'phral mkho'i yo byad ma thogs tsam gyis chog shes par byas te/_lus kyi mi dge ba dang lung ma bstan gyi bya ba/_ngag don med long gtam/_yid nyon mongs 'khrul rtog gi rjes su mi 'brang bar 'jig rten pa dang mthun pa'i bya ba mtha' dag btang nas chos sgrub pa la rtse gcig tu gzhol bar bya ste/_phyogs bcu'i sangs rgyas thams cad la mchod pa sna tshogs pas bskal par mchod pa las kyang dben par nges 'byung gis bskul nas gom pa bdun bor ba'i bsod nams che bar mdo ting 'dzin rgyal po las gsungs pa dang*/_khyad par las dang po pas dben pa brten par gal che ba/_za ma tog las/_las dang po pas sems nye bar zhi ba dang rab tu dul bar bya ba'i phyir dben par gnas par bya'o/_/zhes pa ltar gnas dben par songs la yar ngo'i gza' skar 'phrod sbyor legs dus spyi bshags kyi rim pa dang*/_gtsug mdo bzhi 'am/_mi 'grub na bkra shis brtsegs mdo/_'jam dpal mtshan brjod sogs 'don zhing gnas khang phyag brdar dang*/_khrus chu 'thor zhing spos kyis bdug_/rgyal ba'i sku gsung thugs rten gang 'byor dang khyad par nub ngos su o rgyan rin po che'i sku bris 'bur gang rung dang*/_sngon 'gro'i tshogs zhing zhal thang yod na bshams pa'i mdun stegs bu khebs ldan khar sman raka gtor gsum nyer spyod sogs mthong rgyun bzhin bsham/_steng du rang gi rtsa ba'i bla ma'i dbu skra sogs byin rlabs sel med rnams 'god/_gzhan yang zhal gdams snying byang las 'byung ba'i man ngag rten 'brel tshe 'phel ba/_nad nyung ba/_sa dgra bcos pa/_chom rkun zhi ba'i rten 'brel sogs gang dgos bya/_dngos gzhi bsnyen sgrub skabs sgrub pa sgrom gzhug chas sogs dgos kyang 'dir ma spros la 'og nas shes par 'gyur/_rang gi mal 'og tu sa dkar gyis g.yung drung bri sgrub tshugs zin pa'i rten 'brel yod par gsungs/_gzhan yang rdor dril/_DA ma ru/_gul yungs/_'thor nas dang*/_sgo srung rgyal tho shing byang la rgyal chen bzhi'i sku bris pa'am/_mtshan sngags dang ye d+har brtan sngags bcas kyi mthar 'dod gsol 'og nas 'byung ba bris pa shing rtsi rtse rgyal bcas 'du bya'o/_/gnyis pa ni/_lam rim las/_bde ba'i stan 'dug lus bsrang rlung ro bsal:_dkon mchog gsol gdab bla mar mos gus bskyed:_zhes pa ltar bsam gtan gyi khang bu der bde ba'i stan la 'dug cing lus gnad drang por bsrangs pas/_rtsa rlung rang mal du gnas te 'khrul rtog nyung*/_rlung ro lan gsum bsal bas rtsa nang nyon mongs pa'i snyigs ma dang sdig sgrib thams cad dag par bsam zhing mkha' khyab sems can thams cad kyi don du lam zab mo nyams su lan snyam pa dang*/_rang gi spyi bor ram mdun mkhar ngo bo rtsa ba'i bla ma la rnam pa gu ru pad+ma thod 'phreng rtsal skyabs gnas kun 'dus kyi ngo bor bzhugs par mos la/_dus gsum sangs rgyas thams cad kyi ngo bo bla ma rin po che mkhyen/_bdag gi rgyud smin cing grol bar byin gyis brlab tu gsol/_zab lam gyi rtogs pa khyad par can rgyud la skye bar byin gyis brlab tu gsol/_tshe 'di nyid la 'od gsal rdzogs pa chen po'i lam mchog mthar phyin par byin gyis brlab tu gsol/_zhes blo gtad ling skyur gyis gsol ba ci nus btab cing mthar bla ma dgyes pa chen pos 'od du zhu nas rang gi spyi bo nas thim par bsam la thugs yid bsres te mnyam par bzhag_/thun bzung ngo cog thams cad kyi sngon du 'di gtang ngo*/_/de nas thog mar mtsham du sdod pa'i skabs zas gos sogs bskyal mkhan 'ong dgos rigs dmigs 'og bcug pa'am/_dmigs rdo bzhag kyang rung la dgong mo la bab pa na bla ma brgyud pa'i gsol 'debs gang shes dang brgyud 'debs sngon du 'gro bas thugs sgrub phrin las 'bring bsdus gang rung gi sngon 'gro byin rlabs rnam lnga dang*/_gzhi bdag la dkar gtor dang*/_gnas bdag la sde brgyad gser skyems lta bu gtong zhing dam chos sgrub pa'i sdong grogs dang phrin las bcol/_skyabs sems tshogs bsag gtong zhing bgegs gtor la mtshams lha rta mgrin lams se bskyed la gtor ma zad med ngo bo bdud rtsi la rnam pa 'dod pa'i yon tan lnga ldan du byin gyis brlabs la bsngo zhing*/_bdud bgegs log 'dren thams cad dang nag phyogs rgyal srin rigs khro chung rdo rje'i mtshon chas tshar bcad cing rgyang ring du song bar mos/_sgo drung du rgyal tho sku dkar gsol bar shing byang dang shing lo rtse rgyas btsugs pa'i mdun dkar gtor mtheb ril bzhi can dang*/_gser skyems nyer spyod bshams la bsang chu 'thor te/_!_raM yaM khaM gis bsang oM AHhU~M gi byin gyis brlabs/_tho pho brang du gsal ba'i nang du rten dang dbyer med pa rgyal po chen po bzhi so so'i 'khor g.yog dmag tshogs dang bcas pa gsal ba'i gnas gsum du oM AHhU~M/_hU~M las 'od zer 'phros pas ri rab chen po'i phyogs bzhi nas rgyal chen 'khor dang bcas pa spyan drangs/_oM badz+ra sa ma ya dzaH_dza hU~M baM ho/_gnyis su med par gyur/_oM d+h+riSh+Ta raSh+Ta bai ru d+hA kA bi ru pAk+Sha bai shra ma NA ya swA hA/_zhes lan bdun bzlas nas thugs dam bskul/_sngags sham du sa pA ri wA ra i daM ba liM ta kha kha khA hi khA hi/_zhes btags pas gtor ma 'bul/_oM badz+ra puSh+pe sogs/_phrin las bcol ba ni/_hU~M/_phyi ltar rgyal chen sde bzhi la/_/nang ltar rigs bzhi'i he ru ka_/gsang ba rgyal ba rnam pa bzhi/_/sngon gyi thugs dam ji bzhin du/_/bka' gsang gzhung bzhin sgrub pa la/_/ma dag pa rnams mtshams chod cig_/tiSh+Tha badz+ra/_zhes brtan bzhugs byas la phyi mtshams bcad de phyi nang 'grul 'grim bcad pa je dam du gtong zhing ral ba dang bug pa'i skyon thams cad spang bar bya'o/_/nang du zhugs la mtshams gcod nas bzung phrin las mthar dbyung zhing tshogs 'khor rgyas par byas na sgrub pa'i yo byad tshogs pa'i dgos pa yod pas gal che'o/_/gnyis pa khrid kyi sngon 'gro la bzhi las/_dang po dal 'byor rnyed par dka' ba'i khrid la/_lam rim ye shes snying po las/_dal 'byor phun sum tshogs pas brgyan pa'i rten:_shin tu rnyed dka' u dum wa ra 'dra:_snying po len pa'i thabs la rab mkhas na:_rnyed pa don ldan yid bzhin nor las lhag:_de phyir dus dang gnas skabs thams cad du:_dge ba'i bshes dang dge ba'i grogs po brten:_tshe 'di blos btang phyi ma'i don gyi phyir:_myur du snying po len la ma 'bad na:_zhes pa ste/_rten gyi ngo bo mi khom pa brgyad las log pa'i dal ba ni rten gyi ngo bo yin la/_rang 'byor gzugs rgyan legs pa lta bu/_gzhan 'byor snang ba'i bye brag gis gsal ba lta bu de yi khyad chos te phun sum tshogs pa de lta bus brgyan pa'i mi lus rin po che 'di ni byang chub sgrub pa la med du mi rung ba'i rten yin no/_/de la mi khom pa brgyad ni/_ji skad du/_dmyal ba yi dwags dud 'gro dang*/_/kla klo tshe ring lha dang ni/_/log lta sangs rgyas kyis stong pa/_/lkugs pa 'di dag mi khom brgyad/_/zhes dang*/_rang 'byor lnga ni/_mi nyid dbus skyes dbang po tshang*/_/las mtha' ma log gnas la dad/_/bcas dang*/_gzhan 'byor lnga ni/_sangs rgyas byon dang des chos gsungs/_/bstan pa gnas dang de rjes 'jug_/gzhan phyir snying nas brtse ba 'o/_/zhes 'byung ba ltar ro/_/rnyed par dka' ba'i rgyu mtshan la/_rgyu tshul khrims la sogs dge ba'i las rgya chen po bsags shing smon lam yang dag pas mtshams sbyar na dal 'byor thob par 'gyur na'ang*/_zhi ba lhas/_bdag gi spyod pa 'di 'dras ni/_/mi yi lus kyang thob mi 'gyur/_/mi lus thob par ma gyur na/_/sdig pa 'ba' zhig dge ba med/_/ces gsungs pa bzhin bsod nams gsog pa dkon pa dang*/_dpe yi sgo nas kyang rnyed par dka' ste/_u dum wa ra'i me tog dang 'dra/_de ni sangs rgyas 'jig rten du byon pa las rgya lam na'ang 'byung bar dkon pa dang mtshungs shing*/_gzhan yang*/_rgya mtsho cher g.yeng gnya' shing gi_/bu gar rus sbal mgrin chud ltar/_/mi nyid shin tu rnyed dkar gsungs/_/zhes dang*/_grangs la bsams kyang rnyed par dka' ste/_dmyal ba ni sa chen po'i rdul/_yi dwags ni kha ba bu yug_/dud 'gro ni chang gi sbang ma/_lha mi gnyis ni sen mo'i steng gi rdul chags pa tsam las med par mdo las gsungs so/_/rnyed pa don che ba'i tshul ni/_zhi ba lhas/_mi yi gru la brten nas ni/_/sdug bsngal chu bo che las brgal/_/gru 'di phyis nas rnyed dka' bas/_/rmongs pa dus su gnyid ma log_/ces pa ltar 'khor ba'i chu bo las brgal te snying po gtan 'dun gyi nor bu len pa'i thabs gru gzings lta bu dang*/_tsan+d+ra go mis/_gang zhig thob nas skye ba'i rgya mtsho mthar phyin cing*/_/byang chub mchog gi sa bon dge ba'ang 'debs byed la/_/yid bzhin nor bu bas kyang yon tan ches lhag pa'i/_/mi nyid thob nas su zhig 'bras bu med par byed/_/ces so/_/de lta bu thob pa'i skabs snying po dam pa'i lha chos sgrub dgos shing*/_de yang thog mar lam ston pa'i dge ba'i bshes gnyen dang dge ba'i grogs po bsten dgos te/_bshes spring las/_dge ba'i bshes gnyen bsten pa tshangs par spyod/_/yongs su rdzogs pa thub pas gsungs de'i phyir/_/dge ba'i bshes gnyen bsten gyi bshes gnyen la/_/bsnyen nas rab tu mang po zhi ba thob/_/ces so/_/sdig pa'i grogs po spang dgos te/_dran pa nyer bzhag las/_'dod chags dang zhe sdang dang gti mug thams cad kyi rgyur gyur pa ni sdig pa'i grogs po ste dug gi sdong po lta bu'o/_/zhes pa ltar la/_tshe 'di'i bya ba gnyid thun gcig gi rmi lam bzang ngan lta bu la zhen pa med par tshe phyi ma phan chad kyi don gtan gyi 'dun ma bsgrub par bya'o/_/gnyis pa 'dus byas mi rtag pa'i khrid la/_lam rim ye shes snying po las/_'du byas mi rtag nyi zla'i 'char nub 'dra:_nam 'chi cha med bar snang glog dang mtshungs:_shi tshe cho+os min ci'i kyang mi phan pas:_dam pa'i lha chos tshul bzhin spyod par bya:_zhes gsungs te/_spyir snod bcud du snang ba thams cad rgyu rkyen rten 'brel tshogs te 'dus shing byas pa'i chos yin pa'i phyir mi rtag ste/_mdo las/_dge slong dag 'dus byas thams cad ni mi rtag pa'o/_/zhes dang*/_tshoms las/_bsags pa kun gyi mtha' 'dzad cing*/_/bslang ba'i tha ma 'gyel bar 'gyur/_/'phrad pa'i mtha' ni 'bral ba ste/_/gson pa'i mtha' ma 'chi bar 'gyur/_/zhes pa ltar mi rtag pa'i mtha' bzhi las ma 'das pas rags pa snod bcud chags 'jig lo zla dus bzhi'i 'gyur ba dang*/_phra ba skad cig re re bzhin rnying zhing 'pho ba nyi ma dang zla ba'i 'char nub skad cig yud yud 'gro ba dang 'dra la/_bye brag mi tshe la nges pa med pas nam 'chi cha med cing 'chi rkyen mang bas myur du 'chi nges pa bar snang gi glog shar ba'i mod nas yal ba dang mtshungs te/_'dul ba lung las/_ri gzar chu bo rgya mtshor 'jug pa dang*/_/nyi ma zla ba nub rir phyogs pa dang*/_/nyin mtshan thang cig yud tsam shugs kyis 'tsho/_/skyes bu'i tshe 'gro 'di dag mtshungs par ldan/_zhes so/_/shi ba'i tshe dam pa'i chos ma yin pa blo stobs gnyen 'khor longs spyod cis kyang mi phan pas/_'jig rten dang ltar snang gi chos mchil ma'i thal ba ltar ring du bor nas dam pa'i lha chos rnam par dag pa rgyal ba sras dang bcas pas ji ltar gdams pa'i tshul bzhin du spyad par bya'o/_/gsum pa las rgyu 'bras ni/_lam rim las/_lha chos sgrub pa'i rtsa ba las 'bras te:_sdig pa mi dges ngan song gsum du 'gro:_dge ba byas pas mtho ris thar pa thob:_de bas sdig pa bshags shing snying nas sdoms:_dge ba'i rtsa ba 'bad pas dang du blang:_phyag dang bskor bas lus kyi sdig pa dag:_bzlas brjod bka' bklags ngag gi sgrib pa 'byang:_dkon mchog gsol gdab yid kyi nyes pa zhi:_rtag tu dran shes bag yod tshul bzhin bslab:_ces gsungs te/_thar pa dang dam pa'i lha chos sgrub pa'i gzhi'am rtsa bar gyur pa ni/_sems pa yid dang*/_bya ba lus ngag gi las kyi 'bras bu rnam par smin pa bcas sangs rgyas kyi bstan pa la yid ches pas dge sdig gi blang dor tshul bzhin du bya ba ste/_rin chen phreng ba las/_'dod chags zhe sdang gti mug dang*/_/des bskyed las ni mi dge ba/_/mi dge las ni sdug bsngal dang*/_/de bzhin ngan 'gro thams cad do/_/ma chags mi sdang gti mug med/_/des bskyed las ni dge ba ste/_/dge bas bde 'gro thams cad dang*/_/skye ba kun tu bde ba dag_/ces 'byung ba ltar nyon mongs pas kun nas bslangs pa'i sgo gsum gyi las sdig pa mi dge ba bcu cha dang bcas pa chen pos dmyal ba/_'bring gis yi dwags/_chung ngus byol song ste ngan song gsum du 'gro zhing sdug bsngal drag pos mnar bar byed la/_bsod nams cha mthun gyi las dge ba bcu 'khor dang bcas pas mtho ris su skyes nas bde 'bras myong zhing*/_nges 'byung dang byang sems kyis zin pa'i thar pa cha mthun gyi las dge ba byas pas thar pa rnam gsum gang rung thob par 'gyur ba yin no/_/ting 'dzin rgyal po las/_las bsags pa ni nam yang med mi 'gyur/_/'khor ba na ni dkar nag 'bras bu smin/_/zhes gsungs pa ltar las kyi rnam smin nam yang mi bslu zhing dge sdig gi 'bras bu mi 'chol bar byed pa po rang rang la smin pa dang*/_las rnams 'phel ba 'gyur dang bcas pas rgyu chung yang 'bras bu che bas na/_'phen rdzogs dang byas bsags la bzhir phyes pa'i sngar byas kyi sdig pa cha dang bcas pa yul mchog dam par bshags shing phyin chad mi bya bar snying thag pa nas dam bcas pas bsdam/_dge ba'i rtsa ba cha dang bcas phra mo nas kyang khyad du mi gsod par 'bad pa chen pos dang du blang bar bya dgos la/_de'ang zag bcas thun mong gi dge ba phyag dang bskor ba byas pas lus kyi mi dge ba gsum gtso bor gyur pa'i sdig pa 'dag_/sngags dang snying po bzlas brjod dang*/_rgyal ba'i bka' mdo rgyud zab mo bklags pas ngag gi mi dge ba bzhi gtso bor gyur pa'i sgrib pa byang*/_dang ba dang 'dod pa dang yid ches pa'i dad pas kun nas bslangs te dkon mchog gsum dang rtsa ba gsum la gsol ba gdab pa'i mtshon rnam rtog dge ba'i las lam du bsgyur pas yid kyi mi dge ba gsum gtso bor gyur pa'i nyes pa rnams zhi bar 'gyur/_dge sdig gnyis ka'ang rang gi sems kho nar rag las ste/_dkon mchog sprin las/_dge ba'am 'on te mi dge ba'i/_/las kun sems kyis bsags pa yin/_/zhes gsungs pas dus rtag tu sems bsrung ba la 'bad par bya ste/_zhi ba lhas/_sems srung 'dod pa rnams la ni/_/dran pa dang ni shes bzhin dag_/thams cad 'bad pas srungs shig ces/_/bdag ni de ltar thal mo sbyor/_/zhes gsungs pa ltar dus rtag par srung sems mi brjed pa'i dran pa dang*/_rang rgyud la nyes pa byung ma byung brtags pa'i shes bzhin dang*/_bya ba gang yin gyi 'jug ldog gi gnas la gzob pa'i bag yod rnams tshul bzhin du bslab bo/_/bzhi pa 'khor ba'i nyes dmigs bstan pa ni/_lam rim las/_khyad par thar pa'i go 'phang bsgrub pa la:_'khor ba thams cad me 'obs spu gri'i tshal:_ral gri'i nags ltar shes shing dran pa yis:_sdug bsngal gsum las myur du thar 'dod blo:_shugs drag bcos ma min pa yang yang bskyed:_ces gsungs te/_skyes bu chung ngu dang thun mong ba'i 'du shes de dag yang dag pa'i lta ba yin mod kyi/_de las khyad par du gyur pa zhi ba bla na med pa'i go 'phang bsgrub pa la/_'khor ba thams cad las nges par 'byung ba'i bsam pa nyid gal che ba ste/_de la 'khor ba'i mtshan nyid ni/_lung rnam 'byed las/_mi gtsang ba la dri zhim med/_/de bzhin 'gro drug bde ba med/_/'bar ba'i 'obs na bsil ba med/_/srid pa dag na'ang dga' ba med/_/ces pa ltar srid pa'i gnas ris mtho dma' gang du skyes kyang me mdag gi 'obs la sha rjen du gnas pa dang*/_spu gri rnon po'i tshal du rkang rjen du rgyu ba dang*/_ral gri'i nags la gcer bur 'dzegs pa ltar sdug bsngal kho na'i rang bzhin can yin la/_mdo las/_sred srid ma rig dbang gis skye bo rnams/_/mi dang lha dang ngan song rnam gsum po/_/'gro ba lnga po dag tu mi mkhas 'khor/_/dper na rdza mkhan 'khor lo 'khor ba bzhin/_/zhes pa ltar thog ma dang tha ma med par 'khor bas de'i tshul dang por shes par bya zhing*/_de nas rgyun du mi brjed pa'i dran pa yis bskul lo/_/de la 'khor ba'i sdug bsngal mdor bsdu na gsum ste/_sdug bsngal gyi sdug bsngal ni/_spyir nye bar len pa'i phung po lnga blang pa tsam nas sdug bsngal bden par grub pa'i steng du sdug bsngal chen po mngon pa/_mdze thog tu phol mig byung ba lta bu ste/_mtshan gzhi'i gtso bo dmyal ba tsha grang*/_yi dwags bkres skom/_dud 'gro glan lkugs rnams yin la/_mi la sdug bsngal brgyad/_lha dang lha min la'ang 'dod pas mi ngoms pa dang 'thab rtsod sogs kyang der gtogs pa'o/_/'gyur ba'i sdug bsngal ni/_'khor ba'i bde 'byor thams cad mi rtag g.yo ba'i chos nyid yin pas bde bar sdod 'phro la nad dam dgras glo bur du bcom pa lta bu ste/_lha mi rnams ltar snang bde bar gnas kyang yun ring mi brtan par 'gyur nas 'gro ba'o/_/khyab pa 'du byed kyi sdug bsngal ni/_phung lngas bsdus pa'i 'khor ba'i chos thams cad skad cig gis skye 'gag byed pa so skye rnams kyis mi shes mod 'phags pa rnams kyi gzigs ngor rtag tu g.yo ba'i 'du byed can yin pas sdug bsngal ba ste/_mdzod Tika las/_lag mthil spu nyag gcig 'dug pa/_/de ni mig tu song ba na/_/mi bde ba dang sdug bsngal byed/_/byis pa lag mthil 'dra ba yis/_/'du byed sdug bsngal spu mi rtogs/_/'phags pa mig dang 'dra ba yin/_/'du byed la ni sdug bsngal gzigs/_/zhes so/_/des na da lta nad dang dgra sogs sdug bsngal ltar snang ba yud tsam re'ang lus sems kyis mi bzod na 'khor ba'i gnas su thog mtha' med par sdug bsngal tshab po che de gsum dang rtag tu 'grogs pa la bzod pa'i blag ga la yod pa'i rgyu mtshan zhib mor bsam la/_de dag las myur du thar bar 'dod pa'i blo shugs drag po 'phral rkyen gyis bskul ba'i bcos ma min pa snying khong rus pa'i gting nas yang dang yang du bskyed par bya ste/_spyod 'jug las/_sems can phan par mdzad pa yi/_/sangs rgyas grangs med 'das gyur kyang*/_/bdag ni rang gi nyes pas des/_/gso ba'i spyod yul ma gyur to/_/da rung de bzhin bdag byed na/_/yang dang yang du de bzhin te/_/zhes dang*/_lung las/_ngas ni khyod la thar pa'i thabs bstan gyi/_/thar pa rang la rag las brtson par gyis/_/zhes pa'i tshul la bsams nas dam pa'i lha chos la brtson par bya'o/_/de ltar 'byongs pa'i tshad ni/_rgyal tshab byams pas/_lha la 'chi 'pho mi la yongs 'tshol sdug bsngal zhes ni rtogs pa'i phyir/_/shes rab ldan pas lha mi'i dbang phyug mchog la'ang mngon par 'dod med de/_/shes rab dag dang de bzhin gshegs pa'i gsung rab dad pa'i rjes 'brangs la/_/'di ni sdug bsngal 'di rgyu 'di 'gog pa zhes shes pas mthong phyir ro/_/zhes gsungs pa ltar/_'khor ba mtha' dag la snying po med pa sdug bsngal gyi rang bzhin las ma 'das par shes pa'i chags bral gyis/_bde ba can tshangs pa dang*/_lha rnams kyi dbang por gyur pa brgya byin/_mi dbang 'khor los sgyur ba la sogs pa'i dpal 'byor la'ang chags zhen skad cig tsam mi skye bar dam pa'i chos kho na sems pa'o/_/gsum pa lam gyi snod rung du byed pa sngon 'gro'i khrid la/_spyi dang bye brag gnyis las/_dang po ni gzhung las/_dad dang snying rjer ldan pa'i gang zag gis:_tshe 'dir mchog thun dngos grub thob 'dod na:_dbang gis rgyud smin dam tshig rnam dag pas:_zhes pa ltar dad pa dang*/_snying rje/_dbang*/_dam tshig bzhi las/_dang po dad pa zhes pa ni/_dang 'dod yid ches pa'i dad pa zhes bya ba yin te/_rgyal ba'i sku gsung thugs rten ngo mtshar can dang bla ma dge ba'i bshes gnyen skyes bu dam pa rnams mjal ba dang yon tan rnam thar thos pa lta bu'i rkyen gyis sems dang ba 'dren nas dad pa skyes pa dang ba'i dad pa/_sdug bsngal las thar 'dod/_bde ba sgrub 'dod/_dge ba'i phan yon thos nas sgrub 'dod sogs 'dod pa'i dad pa/_bla ma dkon mchog gi yon tan byin rlabs thun mong ma yin pa shes nas yid ches pas dus dang gnas skabs thams cad du mi bslu bar dad pa ni yid ches pa'i dad pa ste/_o rgyan rin po ches/_dang po lo rgyus thos pas dwangs ba 'dren/_/bar du yon tan mthong bas dad pa skye/_/yid khyad shes kyi dad pas byi+in rlabs 'jug_/ces pas so/_/snying rje ni/_mdo las/_sangs rgyas thob par 'dod pas chos mang po la bslab par mi bgyi yi/_chos gcig bslab par bgyi'o/_/de gang zhe na snying rje chen po'o/_/gang la snying rje chen po yod pa de la sangs rgyas kyi chos thams cad lag mthil du yod pa ltar 'gyur ro/_/zhes dang*/_mdo sde rgyan las/_sbyor ba'i sngon du snying rje dang*/_/mos pa dang ni bzod pa dang*/_/dge la yang dag sbyor ba ni/_/rigs kyi rtags su shes par bya/_/zhes gsungs pa ltar/_nam mkhas khyab pa'i sems can thams cad mar shes pa'i snying rje yang dag pa'o/_/rgyud smin par byed pa dbang la/_mtshan nyid kun ldan bla ma bsten dgos te/_de yang a ti bkod pa las/_mkhas shing bya ba bral ba dang*/_/chos nyid don la tshad phebs dang*/_/'dod pa'i don la rmongs pa med/_/gsang sngags bla ma'i mtshan nyid do/_/zhes dang*/_lam rim las/_dam tshig sdom pa'i kun spyod rnam par dag:_thos pas rab brgyan bsam pas de nyid phyed:_sgom pa'i nyam rtogs yon tan drod rtags ldan:_thugs rje'i 'jug pas slob ma rjes 'dzin yin:_zhes pa ltar mtshan nyid ldan pa'i bla ma las slob ma mtshan nyid dang ldan pas dbang bskur zhu dgos te/_thal 'gyur las/_dad pa shes rab che ba dang*/_/mos shing nor 'khrul med pa dang*/_/dbang po gsal bas bla ma bsten/_/lta ba sgom pa spyod pa ni/_/dad pa rab dang brtson 'grus ldan/_/gtong bar nus shing bla mar gus/_/brtul zhugs ldan cing sdig la 'dzem/_/'gyur med rab tu bstan pa 'dzin/_/zhes pa lta bus/_dbang ni rigs 'dus rtsa rgyud las/_rdul mtshon me long bum pa dang*/_/gtor ma la sogs rdzas dag la/_/bsten nas mtshan nyid kun ldan pa'i/_/bla ma'i byin rlabs dbang bskur nas/_/dkyil 'khor kun gyi snying po mchog_/bzhi pa de nyid dbang bzhi thob/_/ces pa lta bu'o/_/dam tshig ni kun 'dus las/_dbang rnams legs par thob pas kyang*/_/rtsa ba yan lag dam tshig kun/_/ma nyams rab tu srung bar bya/_/des ni dngos grub mchog thob 'gyur/_/zhes dang*/_rngam glog las/_de nas dam tshig ces bya ba/_/rang gi lta ba yin par gsungs/_/zhes pa ltar dbang srog rtsa ba dam tshig dang sdom pa la gces spras chen pos bsrung bar bya'o/_/gnyis pa bye brag la lnga las/_dang po lam gyi rtsa ba skyabs 'gro/_lam gyi snying po sems bskyed/_sdig sgrib sbyong byed rdor sems bsgom bzlas/_tshogs gnyis spel ba maN+Dal/_byin rlabs bla ma'i rnal 'byor bcas kyi khrid de lnga las/_dang po skyabs 'gro ni/_slob dpon chen pos/_'khor ba'i dpon ni ji ltar bzang yang bslu/_/skyabs gnas dkon mchog gsum la bslu ba med/_/ces dang*/_lam rim las/_de nas dkon mchog rtsa gsum chos srung tshogs:_bslu med gtan gyi skyabs su nges mthong nas:_rang gzhan 'khor ba'i 'jigs las bsgral ba'i phyir:_byang chub bar du gus pas skyabs su bzung:_zhes gsungs pa ltar dal 'byor chud zos su mi gtang bar myur du khams gsum 'khor ba'i sdug bsngal las thar bar 'dod pas/_dper na chu bo'i pha rol du brgal bar 'dod pas gru dang gnyan par skyabs zhu dgos pa bzhin rang nyid 'khor ba'i 'jigs pa las skyob pa'i phyir skyabs gnas dam pa zhig bsten dgos/_de'ang 'jig rten gyi lha mthu bo che sogs ni rang yang 'khor ba las ma thar ba'i phyir nag can btson dong du tshud mnyam phan tshun skyob mi nus pa bzhin la/_dkon mchog gsum ni 'khor ba mtha' dag gi sdug bsngal las skyob pa'i nus pa mchog dang ldan pa yin la de'i rgyu mtshan shes pas skyabs su 'gro bar bya dgos/_de'ang dkon mchog rtsa gsum ste mchog gsum la theg pa che chung 'dod srol ngos 'dzin mi 'dra ba las/_'dir ni/_sangs rgyas dag pa gnyis dang sku bzhi ye shes lnga ldan don gnyis phun tshogs/_chos brjod bya 'gogs lam gyis bsdus pa'i zag med rnam byang gi bden pa rjod byed gsung rab yi ger snang ba lung rtogs gnyis/_dge 'dun rig grol gyi yon tan dang ldan pa rgyal sras 'phags par bzhugs pa/_rjes mthun tshogs sbyor nyan rang 'phags pa rnams so/_/sngags la/_bla ma dkon mchog kun 'dus/_yi dam sangs rgyas/_mkha' 'gro chos skyong dge 'dun yin zhing*/_khyad par rang sems stong gsal zung 'jug ngo bo rang bzhin thugs rje'i bdag nyid du bzhugs pa nyid dkon mchog gsum gyi rang bzhin te rang la lhun grub tu yod pa gzhan du mi btsal bar skyabs su 'gro ba ste/_ye shes grub pa las/_dkon mchog gsum gyi mnga' bdag la/_/gzhan du phun tshogs bde 'dod nas/_/gang phyir rgyu la smon pa dang*/_/'od gsal ba yi sems nyid ni/_/dkyil 'khor gsum gyi bdag nyid du/_/rtogs nas rtse gcig mnyam 'jog pa/_/'bras bu'i mchog tu yang dag bshad/_/ces gsungs pa ltar la skyabs su 'gro ba'i tshul dmigs 'dun 'di ltar bsam la/_mdun gyi sa gzhir zhing khams phun tshogs dbus:_dpag bsam shing gi sdong po yal ga lnga:_dbus su pad+ma 'dabs stong rgyas pa'i steng:_rtsa ba'i bla ma gu ru pad+ma la:_rig 'dzin grub thob rgya mtsho'i 'khor gyis bskor:_mdun du yi dam yang dag he ru kar:_phyi nang rgyud sde'i yi dam lha yi tshogs:_g.yas su bcom ldan shAkya thub pa la:_phyogs bcu dus gsum sangs rgyas rnams kyis bskor:_rgyab tu theg gsum dam pa'i chos rnams kun:_baiDUr zhun mar gser yig sgra dang bcas:_g.yon du byang sems nyan rang dge 'dun tshogs:_bar mtshams ljon shing yal ga phra rags steng:_mkha' 'gro dam can thams cad sprin ltar gtibs:_thugs rje'i mthu mnga' byin rlabs gzi byin 'bar:_de yi mdun du bdag dang pha mas gtsos/_/dgra gnyen bar ma'i mkha' mnyam sems can kun:_gshed mas bdas nas gnyen por skyabs pa bzhin:_'khor ba'i btson nas thar 'dod rtse gcig pos:_sgo gsum gus pas skyabs su 'gro ba mos:_zhes pa ltar rang nyid gnas pa'i sa phyogs 'di dag thams cad la lung 'ba' 'bur gshang gshong med pa rin po che sna tshogs las grub pa'i sa gzhi khod snyoms shing me long ngos ltar 'jam pa/_rnam par dag pa'i zhing khams bde ba can gyi bkod pa phun sum tshogs pa/_bdud rtsi'i rgya mtsho dang*/_dpag bsam gyi shing*/_me tog gi tshal gur gum dang*/_ut+pal/_pad+ma'i sdong po la sogs pas khor yug tu gtams pa/_bya sogs skad snyan rgyu ba'i tshogs rnams bag phebs pa'i gnas su bdud rtsi'i rgya mtsho 'khyil ba'i dbus su/_dpag bsam shing gi sdong po yal ga lnga pa/_lo 'dab dang 'bras bu phun sum tshogs pa phyogs kun kheb pa'i yal 'dab thams cad du rin po che'i dril g.yer me tog gi chun phyang gser gyi tha gus phan tshun bres pa/_lha yi dar dpyangs pany+tsa li ka dang*/_rin po che'i drwa ba dang drwa phyed sogs mdzes pa'i rgyan sna tshogs pas mngon par mdzes pa'i sdong po dbus ma'i yal ga cung zad mtho ba'i steng du seng+ge brgyad kyis btegs pa'i rin po che yi khri yangs shing rgya che ba'i dbus pad+ma 'dab ma 'bum du brdal ba'i ze'u 'brur nyi ma dang zla ba'i gdan la/_ngo bo dus gsum sangs rgyas thams cad 'dus pa'i bdag nyid mtshungs med rtsa ba'i bla ma yin pa la/_rnam pa o rgyan gyi slob dpon pad+ma 'byung gnas thod phreng rtsal snang srid zil gnon sku mdog dkar dmar zhi 'dzum khros pa'i nyams can/_zhal gcig phyag gnyis kyi g.yas gser gyi rdo rje rtse lnga gdengs pa/_g.yon mnyam bzhag gis ka pA la bum pa bcud ldan nor bu'i kha rgyan can bsnams pa/_zhabs gnyis g.yas bskum g.yon pas rol stabs su bzhugs pa/_sku la gsang gos dkar po/_ber chen mthing ga_/chos gos dmar ser/_za 'og ber smug rnams brtsegs mar gsol ba/_dbu zhwa pad+ma mthong grol gser gyi rdo rjes mtshan pa'i rtse mor rma bya'i mdongs sgro dar dpyangs me long gis brgyan pa/_mchan g.yon sbas yum kha T+wAM rtse gsum thod pa sum brtsegs dang bum pa rgya gram dar dpyangs dril g.yer can 'khril ba 'ja' tshon 'od phung 'khrigs pa'i klong na bzhugs pa/_de'i dbu gtsug tu rim bzhin longs sku spyan ras gzigs dbang zhal gcig phyag bzhi dkar gsal nor bu shel phreng dang pad dkar 'dzin pa/_chos sku tshe dpag med mgon dmar gsal mnyam bzhag tshe bum can/_de gnyis longs sku'i chas can zhabs rdor skyil gyis pad zlar bzhugs pa zhib khrid dngos gzhi'i skabs nas 'byung ba ltar ro/_/de dag la rgyal ba dgongs brgyud/_rig 'dzin brda' brgyud/_gang zag snyan brgyud de brgyud pa gsum ldan rig 'dzin bla ma grub thob bye ba sa ya'i tshogs kyis bskor ba/_gtso bo'i g.yas g.yon du pad zla la/_man+d+ha ra ba lha yi cha byad can phyag gnyis mdar dar tshe bum/_ye shes mtsho rgyal nang gos dmar po/_stod 'bog ljang gu/_dar dpyangs dmar ser/_dbu rgyan g.yu phud can/_phyag gnyis b+han+d+ha bdud rtsi'i bkang ba bsnams pa gnyis 'dud pa'i tshul gyis bzhugs pa'i mtha' skor du khyad par rtsa ba'i brgyud pa/_gnubs chen sangs rgyas ye shes dbu skra cog rig na bza' dmar smug phyag g.yas rdo rje gsor stabs can g.yon phur pa 'debs pa/_lo tsA rgyal ba mchog dbyangs dge slong chas can phyag g.yas dbyug tho g.yon b+han+d+ha dbu gtsug rta mgo 'tsher ba/_dge slong nam mkha'i snying po phyag gnyis rdor dril/_ban+de dri med zla shar dge slong chas can sde snod gsum zhu can thod pa bdud rtsi'i gang ba bsnams pa/_lang gro lo tsA dkon mchog 'byung gnas dge slong chas paN zhwa phyag gnyis glegs bam/_sngags 'chang rdo rje bdud 'joms sngags chas rak+sha'i phreng ba dang phur pa 'dzin pa/_bai ro tsa na dge slong chas paN zhwa phyag gnyis glegs bam/_chos rgyal khri srong lde btsan rgyal po'i cha lugs phyag g.yas pad+mar ral pod g.yon mnyam bzhag 'khor lo/_lha sras mu ne btsan po rgyal po'i chas g.yas mchod sbyin g.yon pad dkar/_lha sras mu rub btsan po'am chos kyi blo gros rgyal po'i chas chos 'khor phyag rgya'i pad+ma la gnas pa'i ral pod/_lha sras mu khri btsan po rgyal po'i chas sa gnon pad+ma la gnas pa'i rdor dril/_gter chen chos kyi rgyal po mchog gyur gling pa sngags chas pad zhwa ber phod gsol ba phyag g.yas pad sdong ral pod g.yon mnyam bzhag tshe bum bsnams pa/_kun gzigs mkhyen brtse'i dbang po dge slong chas paN zhwa phyag g.yas mchod sbyin gyi pad+mar rdo rje tshe bum g.yon mnyam bzhag pad+mar ral pod/_'jam mgon blo gros mtha' yas dge slong chas phyag gnyis rdor dril bsnams pa/_khyab bdag theg mchog bstan 'dzin sngags chas pad zhwa phyag gnyis thod bum rdo rje/_'jam dbyangs chos kyi blo gros dge slong chas phyag gnyis sa gnon ral pod paN zhwa can sogs rang gi rtsa ba'i bla ma'i bar gyi bla ma brgyud pa rnams kyis bskor ba/_mdun gyi yal ga'i steng pad+ma 'bum brdal gyi dbus su bla ma mchod chog ltar rdor sems bsgom yang chog mod/_'dir zab gnad la yang dag sgom par gsungs pa ltar na/_yang dag he ru ka mthing dkar dmar ba'i zhal gsum phyag drug gis rdo rje kha TAM rnga chung g.yas dang*/_dril bu b+han dmar rgyu zhags g.yon na bsnams pa/_badz+ra kro d+hI shwa ri ma rdo rje dung khrag bsnams pas 'khril ba dpal dang dur khrod kyi chas can sgom pa'o/_/bsdu na yang dag he ru ka mthing nag zhal gcig phyag gnyis rdor dril zhabs rol stabs can/_yum kro d+hI shwa ri ma kha T+wAM thod khrag stobs pa dpal dang dur khrod chas can bsgoms kyang 'thus la/_gnyis ka zhabs pad nyi'i gdan la rol pa'i mtha' skor du pad 'dab la/_kri ya/_u pa/_yo ga_/ma hA/_a nu/_a ti ste rgyud sde drug gi lha tshogs kyis bskor ba/_g.yas kyi yal ga'i steng du pad+ma brdal dbu'i pad zla'i gdan la bdag cag gi ston pa rgyal ba shAkya thub pa sku mdog gser gtso ma lta bu zhal gcig phyag gnyis sa gnon mnyam bzhag can mtshan bzang dpe byad rdzogs pa chags bral sprul sku'i chas can la/_'das ma 'ongs da lta dus gsum gyi sangs rgyas dang*/_bskal bzang sangs rgyas stong*/_phyogs bcu'i sangs rgyas thams cad kyis bskor ba/_rgyab kyi yal gar pad+ma brdal bar chos dkon mchog ming tshig brdar btags glegs bam gyi gzugs su snang ba gsung rdo rje'i rang snang kha dog dmar po gdong dar rang la bstan te khra chem mer bzhugs shing A li kA li'i rang sgra sgrog pa/_g.yon gyi yal ga'i steng pad+ma brdal bar dge 'dun dkon mchog_/'jam dbyangs phyag rdor spyan ras gzigs sogs nye sras brgyad dang*/_'phags pa'i gnas brtan bcu drug nyan thos mchog zung sogs theg pa che chung gi dge 'dun rnams kyis bskor ba/_de dag gi 'dab rol du ye shes rang snang las grub pa'i dpal mgon chos skyong srung ma pho rgyud thams cad zhal phyir phyogs pas phyi yi bar chad nang du mi gtong zhing srung ba'i las mdzad pa/_mo rgyud rnams zhal nang du phyogs pas nang gi dngos grub phyir mi gtong zhing spel bar mdzad pa/_de thams cad kyang bla ma o rgyan chen po'i sku gsung thugs yon tan phrin las mi zad pa rgyan gyi 'khor lo'i ye shes kyi rol pa gang la gang 'dul sgyu 'phrul drwa ba'i rnam rol rtsa gsum rgyal ba rab 'byams kyi 'khor lor byin thibs se bzhugs par gsal ba'i spyan sngar skyabs su 'gro ba'i gang zag ni/_rang gi g.yas su tshe 'di'i pha/_g.yon du ma/_mdun du dgra/_rgyab tu gnyen/_mtha' skor du ris su ma chad pa'i sems can thams cad sa chen po'i rdul 'khrigs pa ltar 'khod pa'i byang 'dren rang gis byas te lus ngag yid gsum gus pa chen pos skyabs 'gro 'ur dir re 'don nas ci mdzad khyed mkhyen snyam pa'i blo gtad lings bskyur gyi sgo nas/_na mo:_bdag dang mkha' mnyam sems can ma lus kun:_bla ma sangs rgyas chos dang dge 'dun dang:_yi dam dpa' bo mkha' 'gro chos skyong tshogs:_thugs rje che ldan rnams la skyabs su mchi:_zhes thun rer brgya stong sogs ston pa lam grogs kyi 'du shes yang dag pas gsog cing skyabs 'gro 'di shin tu gnad che bas ji ltar grangs mang yang legs mod nyung mthar 'bum khrag gcig dang kha skong khri gcig 'don zhing rgyun du'ang mi brjed par yi dam du bya'o/_/mthar mos gus dung dung ba byas pa'i rkyen gyis skyabs yul lha tshogs rnams kyi sku las 'od zer dpag tu med pa 'phros pas rang gzhan sems can thams cad la phog nas 'khor ba'i 'jigs pa sdug bsngal gyi rgyu 'bras sdig sgrib thams cad sbyangs par bsam/_de ltar skyabs su song ba'i phan yon dang bslab bya ni/_dri ma med pa'i mdo las/_skyabs su song ba'i bsod nams gang*/_/gal te de la gzugs mchis na/_/nam mkha'i khams ni kun bkang yang*/_/de ni de bas lhag par 'gyur/_/zhes dang*/_phar phyin bsdus pa las/_skyabs song bsod nams gzugs mchis na/_/khams gsum 'di 'ang snod du chung*/_/zhes dang*/_nyi ma'i snying po'i mdo las/_sangs rgyas skyabs su sems can su 'gro ba/_/bdud rnams bye bas bsad par mi nus te/_/tshul khrims nyams shing blo ni 'khrugs gyur kyang*/_/de ni nges par skye ba'i pha rol 'gro/_/zhes gsungs/_ji skad du/_gang zhig sangs rgyas skyabs 'gro ba/_/de ni yang dag dge bsnyen ste/_/nam du'ang lha ni gzhan dag la/_/skyabs su 'gro ba ma yin no/_/dam pa'i chos la skyabs song na/_/'tshe zhing gsod pa'i sems dang bral/_/dge 'dun la ni skyabs song na/_/mu stegs can dang 'grog mi bya/_/zhes pa ltar/_bslab bya dgag sgrub cha mthun dang bcas pa tshul bzhin du srung bar bya'o/_/gnyis pa lam gyi snying po sems bskyed kyi khrid la/_dang po sems bskyed kyi ngo bo ni/_mngon rtogs rgyan las/_sems bskyed pa ni gzhan don phyir/_/yang dag rdzogs pa'i byang chub 'dod/_/ces pa ltar sems can thams cad kyi don du byang chub thob par 'dod pa'i blo rgyu grogs sogs kyi stobs bzhi las byung ba lhag bsam snying stobs dang ldan pa'o/_/dbye ba ni mang yang mdor na/_zhi ba lhas/_byang chub sems de mdor bsdu na/_/rnam pa gnyis su shes bya ste/_/byang chub smon pa'i sems dang ni/_/byang chub 'jug pa nyid yin no/_/'gro bar 'dod dang 'gro ba yi/_/bye brag rim bzhin shes par bya/_zhes pa ltar ro/_/dmigs pa ni/_byang sa las/_sems bskyed de ni byang chub la dmigs pa dang*/_sems can la dmigs pa'o/_/zhes pa ltar ro/_/sems bskyed tshul ni/_lugs gnyis kyi sems bskyed tshul thob na rab dang min yang dbang dus su thob pas 'dir lam dang sbyar ba la/_smon pa sems bskyed dang*/_'jug sems kyi sngon 'gro tshogs bsag pa/_dngos gzhi 'jug pa byang sems la blo sbyong ba/_bslab bya dang phan yon bshad pa'o/_/dang po ni/_sngar gsal btab pa'i skyabs 'gro'i tshogs zhing rnams dpang po'i tshul du byas te/_sngon yang dag par rdzogs pa'i sangs rgyas rgyal ba sras dang bcas pas byang chub kyi mchog tu thugs bskyed cing rgyal ba'i sras kyi bslab pa la ji ltar bslabs pa de bzhin du bdag gis kyang*/_pha mar gyur pa'i 'gro ba sems can gcig kyang ma lus pa thams cad rang gi skye ba grangs kyis mi chod pa zhig du pha ma khyo shug mdza' bshes yang yang byas pa'i dus phan pa tshad med pa btags shing*/_gnod pa thams cad bskyabs pa'i drin mo che 'di rnams sdug bsngal mtha' dag las skyob cing sgrol ba'i khur rang nyid kyis blangs te gnas skabs dang mthar thug gi phan bde bla na med pa la 'god par bya/_de'i ched du rdzogs pa'i sangs rgyas kyi go 'phang bsgrub par bgyi'o snyam pa 'bras bu la dam bca' ba/_smon pa byang chub kyi sems gtso bor bzung la ngag tu/_ho:_sngon gyi rgyal ba sras dang bcas rnams kyis:_bla med byang chub mchog tu thugs bskyed ltar:_bdag kyang ma gyur mkha' mnyam 'gro kun la:_phan gdags slad du sangs rgyas bsgrub par bgyi:_zhes pa grangs tha na khri lnga stong lnga bcas nges par dgos so/_/gnyis pa rgyu la dam bca' ba 'jug pa sems bskyed kyi sngon 'gro tshogs bsag pa ni/_bsag sbyong spel gsum gyi gnad bsdus pa yan lag bdun pa 'bul ba ste/_skyabs yul tshogs zhing rtsa gsum rgyal ba rab 'byams mkha' khyab tu sad pa'i spyan sngar/_rang dang sems can thams cad lus zhing gi rdul snyed du sprul te sgo gsum gus pas phyag 'tshal/_dngos su ci 'byor ba'i mchod pas mtshon byed du byas te/_yid kyis 'phags pa kun tu bzang po'i rnam thar las byung ba'i mchod pa'i sprin phung bsam gyis mi khyab par sprul te 'bul ba'i dmigs pa dang*/_so thar rigs bdun dang*/_byang sems kyi bslab pa/_rig pa 'dzin pa sngags kyi dam tshig ste sdom pa gsum gyi bcas ltung dang rang bzhin gyi kha na ma tho ba'i mtshon/_tshe rabs thog med nas byas bsags sdig pa'i phung po ci mchis par gnong 'gyod drag pos mthol bshags 'bul ba dang*/_'phags gsum gyi dge ba'i rtsa ba dang*/_so skyes kyis bsod nams kyi las mngon par 'du bgyid pa rnams la dga' zhing phrag dog med par rjes su yi rang ba dang*/_mtha' yas pa'i sems can thams cad sdug bsngal gyi rgya mtsho las 'don par bya ba'i phyir so so'i blo dang dbang por 'tshams pa'i chos kyi 'khor lo bskor bar bskul ba dang*/_bskal pa bye ba brgya stong mang por 'gro ba rnams kyi don du gzugs sku mya ngan las mi 'da' bar bzhugs par gsol ba 'debs pa dang*/_de ltar bsags pa'i dge rtsa mtshon byed du byas te dus gsum du bsags pa'i dge ba rnams byang chub chen por bsngo ba ste dmigs pa rnams mi brjed par/_lus kyis phyag rab na rkyang phyag_/tha na ma lnga sa la phab pa'i phyag shin tu spus gtsang ba las/_khral sod lta bu ni mi rung bas grangs 'bum gcig khri gcig 'tshal yun du/_oM AHhU~M hrI:_rig 'dzin pad+ma 'byung gnas la sogs pa'i:_phyogs bcu'i skyabs yul rnams la phyag 'tshal lo:_dngos su 'byor dang yid las byung ba yi:_kun bzang mchod sprin nam mkha' gang bas mchod:_so thar byang chub sems dpa'i bslab pa dang:_rig 'dzin sngags kyi dam tshig nyams chag bshags:_'phags dang so so'i skye bo'i tshogs rnams kyis:_rgyal sras spyod pa spyad la rjes yi rang:_mtha' yas 'gro ba sdug bsngal gyur pa la:_phan pa ji ltar 'tshams pa'i chos 'khor bskor:_bskal pa bye ba bsam yas ji snyed du:_'gro ba'i don phyir mya ngan mi 'da' bzhugs:_bdag gis dus gsum bsags pa'i dge ba rnams:_'gro kun byang chub snying po thob phyir bsngo:_zhes gang dgos gsag par bya'o/_/gsum pa 'jugs pa sems bskyed pa tshad med bzhi la blo sbyong ba ji ltar rang nyid rnam pa kun tu sdug bsngal mi 'dod cing bde ba rgya cher 'dod pa la rjes su dpag ste pha mar gyur pa'i 'gro ba rigs drug po rnams kyang 'dod pa mtshungs ldan yin pa'i phyir/_sems can thams cad sngar med kyi bde dge gsar pa 'phrad 'dod kyi byams pa/_da ltar yod pa'i sdug bsngal bral zhing phyin chad de'i rgyu 'gog 'dod ni snying rje/_da ltar 'gro ba rnams bde ba dang ldan par dga' zhing yi rangs pas drangs pa ni dga' ba/_de gsum gyis drangs pa'i zhe sdang med pa dang mtshungs ldan gyi ma chags pa'i sems kyi khyad par ni btang snyoms te rang rang gi mi mthun phyogs spangs pa'o/_/de'ang ris su ma chad pa'i sems can thams cad la dmigs yul byas pas tshad med pa yin/_ris su chad pa ni tshangs pa'i gnas pa bzhi yin la/_de ltar sems bskyed kyis zin pa'i myang 'das kyi rgyu tshad med pa bzhi yi sems bskyed nas sems cad thams cad zung 'jug rdo rje 'chang gi go 'phang la 'god pa'i phyir sngags kyi rdo rje thegs pa'i bskyed rdzogs kyi lam zab mo nyams su blang bar bya'o snyam pas ngag tu/_bsod nams 'di yis 'gro kun bde dang ldan:_sdug bsngal kun bral bdag la smin gyur cig:_sdug bsngal med pa'i bde dang mi 'bral zhing:_chos kun mnyam nyid btang snyoms la gnas shog:_ces pa khri lnga stong lnga bcas dbugs 'byin 'jug dang sbyar te btang len kun slong gsum ka mi dmigs pa'i ngang du mnyam par bzhags bzhin btang la mthar dge ba bsngo zhing*/_tshogs zhing thams cad 'od zhu rang la thim:_'khor ba'i sdug bsngal 'jigs las thar ba bsam:_zhes brjod de tshogs zhing thams cad 'od phung du zhu nas rang gzhan thams cad la thim pas 'khor bar skye ba'i rgyu 'bras thams cad zhi nas sdug bsngal gyi 'jigs pa dang bral bar bsam/_bzhi pa bslab bya phan yon ni/_spyir nyams su blang ba'i chos thams cad sems bskyed kyi bslab byar 'gro yang khyad par smon pa'i bslab bya byang sems kyi phan yon dran cing sems can blos mi spong ba dang dkar nag chos brgyad blang dor du bya ba/_'jug pa'i bslab bya bslab pa gsum gyis sdus pa'i phar phyin drug dang bsdu dngos bzhi la slob pa/_phan yon sangs rgyas bsgrub pa la med thabs med pas yon tan tshad med par mdo rgyud bstan bcos rnams las rgya cher bshad pa ltar la mdor bsdu na/_byang chub sems kyi bsod nams gang*/_/gal te de la gzugs mchis na/_/nam mkha'i khams ni kun gang ste/_/de ni de bas lhag par 'gyur/_/zhes mdo las 'byung ba ltar ro/_/de rnams kyis theg chen spyi dang rdo rje theg pa'i thun mong sngon 'gro song ba'i dbang du btang nas/_gsum pa thun mong ma yin pa rdo rje theg pa'i sngon 'gro khyad par ba 'gal rkyen sdig sgrib sbyong ba rdo rje sems dpa'i sgom bzlas kyi khrid ni/_lam rim las/_nyams rtogs yon tan skye ba'i gegs gcig pu:_sdig ltung la 'gyod bla ma rdo rje sems:_skyabs su bzung zhing lha sgom sngags bzlas te:_bshags sdom drag pos rang rgyud legs par sbyang:_zhes gsungs te spyir so so skye bo'i rgyud la thog med nas bsags pa'i sgrib gnyis bag chags dang bcas tshan chen po yod pas thar pa dang rnam mkhyen la bar du gcod cing*/_khyad par lam gyi dngos gzhi'i nyams myong dang rtogs pa'i ye shes tshul bzhin mi skye ba'i gegs gcig pu ni/_sngar bsags pa'i sdig pa dang*/_bcas pa las 'gal ba'i ltung ba yin pas/_de dag la gnong 'gyod chen pos de sbyong byed kyi gnyen po khyad par du 'phags pa bla ma dang dbyer med pa bcom ldan 'das dpal rdo rje sems dpa' skyabs su bzung zhing bsgom pa ni lus sems rnal du phab ste ngag tu/_AH_bdag gi spyi bor pad zla'i steng:_sangs rgyas kun gyi ye shes sku:_rdo rje sems dpa' bde ba che:_dri med ston ka'i zla ba'i mdangs:_phyag gnyis rdo rje dril bu bsnams:_rang 'od snyems ma dgyes par 'khril:_dar dang rin chen rgyan gyis mdzes:_zhabs zung rdo rje'i dkyil krung gis:_'ja' zer thig le'i klong na bzhugs:_thugs kar zla ba'i dkyil 'khor dbus:_bde gshegs kun gyi thugs srog hU~M:_yi ge brgya pa'i sngags kyis bskor:_bzlas pas 'od 'phros don gnyis byas:_tshur 'dus bdud rtsi'i chu rgyun babs:_rang gi tshangs pa'i sgo nas zhugs:_sdig sgrib nyams chag kun sbyangs nas:_dag cing dri ma med par gyur:_zhes rang tha mal du gnas pa'i spyi bor mda' gang tsam gyi steng gi nam mkhar pad+ma dkar po 'dab ma stong brdal gyi dbus su zla ba nya gang ba'i gdan gyi steng du ngo bo rtsa ba'i bla ma yin pa la rnam pa bcom ldan 'das dpal rdo rje sems dpa' sku mdog dkar po gangs ri'i phung po la zla ba 'bum gyi 'od zer gyis 'khyud pa lta bu zhal gcig phyag gnyis g.yas gser gyi rdo rje rtse lnga pa thugs kar gtod te 'dzin pa/_g.yon snang stong dngul dkar gyi dril bu dkur brten pa/_dbu skra mthon mthing ral pa'i thor tshugs can rin po che'i sked chings dang nor bu'i rtse phran gyis brgyan pa/_sku stod la dar gyi stod g.yog dang sku smad la dar sna tshogs pa'i smad dkris/_cod paN/_zi ldir/_gar gyi phu dung ste dar gyi chas gos lnga/_rin po che'i dbu rgyan/_snyan rgyan/_mgul rgyan/_phyag gdub/_zhabs gdub/_ska rag_/do shal/_se mo do ste rin po che'i rgyan brgyad kyis brgyan pa/_yum snyem ma dkar mo gri gug dang thod pa 'dzin pa dang mnyam par sbyor ba gnyis ka'ang zhi tshul dgu'i nyams kyis brjid pa/_zhabs skyil dkrung gis 'ja' 'od thig le'i klong na bde stong gnyis su med par bzhugs pa'i thugs kar zla ba'i dkyil 'khor gyi dbus hU~M yig dkar po'i mthar yi ge brgya pa'i sngags phreng dkar po dri ma med pa'i 'od zer 'phro ba sbrul 'khyil gyi tshul du 'khod par mos pa sbyor ba rten gyi stobs btabs nas lha gsal btabs nas/_rnam par sun 'byin pa'i stobs sngar dran pa dang mi dran pa'i sdig pa'i stobs byas thams cad la 'gyod pa drag po khong du dug song ba ltar sngon du 'gro bas/_dngos gzhi gnyen po kun tu spyod pa'i stobs bdag sogs sems can thams cad kyi tshe 'khor ba thog ma med pa nas bsags pa'i sdig ltung nyams chag thams cad byang zhing dag par mdzad pa zhig bla ma rdo rje sems dpa' khyed mkhyen snyam pa'i mos gus gdung shugs drag pos gsol ba 'debs shing yi ge brgya pa bzlas pas thugs dam bskul bas/_bla ma rdo rje sems dpa'i thugs srog sngags phreng dang bcas pa las 'od zer mkha' khyab tu 'phros don gnyis byas/_tshur 'dus pa dang lhan cig ye shes bdud rtsi'i rgyun dpag tu med pa byung yab yum gnyis kyi sku lus nang thams cad gang rim bzhin yab kyi rdo rje dang*/_lhag par yum gyi pad+ma nas bdud rtsi'i rgyun drag tu bab/_de'ang cha gnyis su gyur te/_dang po rang nyid kyi spyi bo'i tshangs bug nas zhugs te lus gyi phyi nang thams cad bkrus/_gdon thams cad srog chags/_nad thams cad rnag khrag_/sdig sgrib thams cad dur khu dang sol khu'i rnam pas 'og sgo nas phu chu drag pos thal ba ded pa bzhin ded nas rang lus dri med shel gong lta bu stong gsal gyi rang bzhin du gyur/_slar yang bdud rtsi'i rgyun gnyis pa babs pas mer mer khrig khrig kyi gang bar bsam la yig brgya 'bum ther gcig dang khri gcig bzlas pas bdud rtsi 'beb sbyong gi dmigs pas sdig sgrib nyes ltung thams cad byang zhing dag par bsam/_mthar da phyin chad sdig sgrib nyes ltung 'di lta bu srog la bab kyang mi bgyid snyam pa'i sdom sems drag pos ru tra'i smre bshags dang*/_bsdu na mgon po bdag ni sogs brjod cing rdo rje sems dpas rigs kyi bu khyod kyi sdig sgrib nyes ltung thams cad dag pa yin no/_/phyin chad 'di 'dra'i sdig pa ma byed cig ces gdams nas dgyes bzhin 'od du zhu nas rang nyid la gnyis su med par thims pas/_rang nyid kyang snang stong zung 'jug rdo rje sems dpa'i skur gyur par mos la de'ang 'od gsal gnyugs ma'i ngang du bsdus la rig stong rdo rje sems dpa'i rang zhal blta zhing mnyam par bzhag mthar dge bsngo sogs bya ste/_dgongs pa tshig gsum rgyud las/_rdo rje sems dpa' sgom nas ni/_/sngags kyang rab tu bzla byed pa/_/de yi sdig kun byang nas ni/_/rdo rje sems dpa' 'dra bar 'gyur/_/zhes sogs rgya cher 'byung bas ma mthar grangs 'bum gcig kha skong bcas yin la/_de la ma ltos par 'bum bye ba sogs bzlas na shin tu legs so/_/bzhi pa tshogs rdzogs par byed pa maN+Dal gyi khrid ni/_gzhung las/_mthun rkyen bsod nams ye shes tshogs rdzogs phyir:_sku gsum zhing khams rgya mtsho maN+Dal 'bul:_zhes dang*/_lam rim las/_ye shes bsod nams tshogs la rag las phyir:_rtsa gsum rgya mtshor phyi nang snod bcud dang:_phung khams skye mched rang byung byang chub sems:_mkha' khyab mchod sprin nam mkha'i mdzod du 'bul:_zhes dang*/_rin chen phreng ba las/_gzugs kyi sku de mdor bsdu na/_/bsod nams tshogs las byung ba ste/_/chos kyi sku de mdor bsdu na/_/rgyal po ye shes tshogs las 'khrungs/_/zhes sogs rgya cher 'byung ba ltar bya sla la don che ba maN+Dal 'bul ba la gnyis/_rten gyi maN+Dal dang mchod pa'i maN+Dal gnyis las/_dang po gang la 'bul ba'i yul bsgrub pa rten gyi maN+Dal ni/_gser dngul zangs 'khar sogs kyi maN+Dal byi dor legs par byas la ba byung chus khyem med par byugs shing rin chen sna lnga sman sna 'bru sna sogs gang 'byor gyi tshom bu lnga legs par bkod pa mdun du stegs bu'i khar bshams pa la dmigs te/_mdun gyi nam mkhar sogs brjod cing dmigs pa skyabs 'gro'i tshogs zhing ltar las ljon shing mi sgom par pho brang ye shes lnga yi rang bzhin rgyan bkod ngo mtshar ba nges pa lnga ldan phyogs bzhi dbus lngar sgom pa'i khyad par ro/_/gnyis pa mchod pa'i maN+Dal yang*/_maN+Dal dang*/_rgyu sogs gong dang 'dra bar 'du byas la lag len mthong brgyud ltar bkod pa dmigs rten du byas te phyi ltar na dbang chen gser gyi sa gzhi la bsgoms pa'i ri rab gling bzhi nyi zla sogs snod kyi 'jig rten lha mi'i 'byor tshogs bye ba phrag brgya sogs bsam gyis mi khyab par yongs su gtam pa dang*/_nang ltar na/_rang lus phung po lnga khams lnga skye mched drug gis bsdus pa dkyil 'khor lhun gyis grub pa ste/_pags pa gser gyi sa gzhi/_khrag byug pa/_sgal tshig ri rab/_yan lag gling bzhi/_rtsa ro rkyang nyi zla/_byang chub kyi sems lha mi'i 'byor tshogs rang lus snod bcud kyi 'jig rten rin po che'i 'byung gnas su dmigs pa dang*/_gsang ba ltar na/_'khor 'das kun gyi rgyur gyur pa'i kun gzhi gser gyi sa gzhi/_de nyid snying rje byang chub kyi sems dang ma bral ba dri bzang gi byug pa/_rang rig pa rang byung 'od gsal byang chub kyi sems rin po che'i ri rab/_de las tshad med bzhi dang dga' ba bzhi ye shes bzhi sogs 'byung ba gling bzhi gling phran thabs shes zung 'brel zla nyi sogs lhun gyis grub pa ste/_mdor na yul chos kyi dbyings gzod ma nas rang bzhin gyis rnam par dag pa me long shin tu dwangs pa lta bu'i ngos la/_rang rig pa rang byung gi ye shes mi 'gyur ba'i bde ba chen po'i rol pa cir yang snang ba ma 'gags pa gzugs snyan ltar nam mkha'i mthar gtugs par khyab pa'i mchod sprin byang chub sems dpa' nam mkha' mdzod kyi smon lam gyi stobs las rnam par 'phrul pa ltar mos shing*/_'khor gsum yongs dag gi ngang du 'bul ba ste/_rang lugs gter gzhung rnams nas sku gsum maN+Dal rgyas bsdus mang du 'byung yang 'dir yongs grags 'gro mgon chos rgyal 'phags pas mdzad pa tshom bu so bdun ma grangs gsum lnga bdun sogs sngon du 'gro bas rang lugs maN+Dal/_oM AHhU~M/_bdag dang mtha' yas sems can gyi:_lus dang longs spyod dge tshogs kun:_gling bzhi ri rab nyi zlar bcas:_lha ma'i longs spyod bsam mi khyab:_kun bzang mchod pa'i sprin phung che:_rgyun mi chad par sprul byas te:_dkon mchog rin chen rtsa ba gsum:_chos srung nor lha rgya mtsho la:_gus pas rtag tu 'bul bar bgyi:_bsod nams tshogs chen rab rdzogs nas:_ye shes snang ba rgyas par shog:_oM gu ru d+he ba d+ha ki nI sarba rat+na maN+Dal pU dza me g+ha AHhU~M:_zhes dang*/_oM AHhU~M:_khams gsum snod bcud dpal 'byor dang:_bdag lus longs spyod dge tshogs kun:_thugs rje'i bdag nyid rnams la 'bul:_bzhes nas byin gyis brlab tu gsol:_oM sarba ta thA ga ta rat+na maN+Dal pU dza ho:_zhes pa grangs bzung nas lus kyi bya ba maN+Dal 'bul ba dang stun nas grangs 'bum gcig dang khri gcig 'gro nges 'bul zhing thun bsdu ba na/_zhing khams bkod pa skyabs yul rnams la thim:_tshogs zhing thams cad 'od phung 'bar bar zhu:_bdag dang sems can rnams la dbyer med 'dres:_bsod nams ye shes tshogs gnyis rdzogs par shog:_zhes brjod cing bsam la rang ngo bskyang ngo*/_/'dir maN+Dal gyi khrid sogs zhib tu ma bris pas rgyas par 'dod na gzhan nas shes par bya'o/_/lnga pa rdo rje theg pa'i lam gyi rtsa ba byin rlabs bla ma'i rnal 'byor bsgom pa la/_gzhung las/_khyad par lam rnams kun gyi snying po ni:_mos gus bla ma'i rnal 'byor gnad du bsnun:_zhes dang*/_lam rim las/_khyad par byin rlabs dngos grub kun gyi gzhi:_bla ma'i rnal 'byor mos gus gnad du bsnun:_tshogs bsag gsol gdab dbang bzhi'i ye shes blang:_thugs yid gcig bsres dgongs pa'i rang ngo bskyang:_zhes pa ltar gsum te/_phyi gsol 'debs kyi tshul du sgrub pa dang*/_nang bsnyen pa'i tshul du sgrub pa dang*/_gsang ba las sbyor gyi tshul du sgrub pa gsum las/_dang po phyi gsol 'debs kyi tshul du sgrub pa la'ang rgyu mtshan dang dngos gnyis las/_dang po'i mtshan nyid dang ldan pa'i bla ma sangs rgyas dang yon tan mnyam zhing bka' drin sangs rgyas las lhag par dkon mchog rtsa gsum kun 'dus yin pa'i tshul spyir bshad pa ni/_de'ang rdo rje me long las/_rdo rje sems dpa'i dkyil 'khor gtso/_/bla ma sangs rgyas kun dang mnyam/_/zhes pas rtsa ba'i bla ma de nyid so skyes 'phags pa gang yin kyang rung*/_sangs rgyas dngos su blta dgos shing*/_don la de bzhin gshegs pa gcig la gsol ba btab pas thams cad la btab par 'gyur na'ang*/_rang nyid kyi bsam pa'i khyer sos mos pa 'jug tshul gyi khyad par las phan yon rgya che chung 'byung bas na phyogs bcu'i dkon mchog kun 'dus su blta dgos pa dang*/_der ma zad bdag cag gi snang ngor sangs rgyas las kyang bka' drin che zhing ches lhag ste/_ci'i phyir zhe na bdag cag la sangs rgyas gzugs sku dngos kyi zhal blta ba dang gsung thos pa'i skal pas phongs pa'i skabs 'dir rang la sangs rgyas kyi phrin las 'jug pa'i bdag rkyen mdzad pa sangs rgyas chos kyi sku'i zhal blta ba la sbyor ba'i bka' drin ni/_bsam gyis mi khyab cing sangs rgyas kun las lhag par nges pas so/_/de ltar yang nam mkha' dri ma med pa'i mdo las/_kun dga' bo/_de bzhin gshegs pa rnams ni sems can thams cad la snang ba'ang ma yin gyi/_dge ba'i gshes gnyen ni yongs su snang ba la chos ston cing thar pa'i sa bon 'debs pa'i phyir/_de bzhin gshegs pa rnams las dge ba'i gshes gnyen lhag par zungs shig_/ces dang*/_khyad par sngags kyi theg pa 'dir rdo rje slob dpon gyi sku gsung thugs la dkyil 'khor gyi lha thams cad rjes su bzhugs pa'i tshul gyis 'gro don mdzad pa yin pas/_rdo rje slob dpon la brnyas pa'am mchod na dkyil 'khor gyi 'khor lo thams cad la de ltar byas par 'gyur bas khe nyen gnyis ka gzhan las ches che ba yin pa ma zad nyams rtogs kyi rtsal dang dngos grub thams cad kyi rtsa ba'ang bla ma'i byin rlabs kho na las 'byung bas bla ma'i rnal 'byor bsgom pa yang rgyud sde thams cad las gsungs shing*/_de nyid bskyed rdzogs sgom pa thams cad las kyang lhag par gsung te rgyud las/_gang gis skal pa bye ba ru/_/lha sku 'bum phrag bsgoms pa las/_/bla ma skad cig dran pa mchog_/ces dang*/_he badz+ra las/_gzhan gyis brjod min lhan cig skyes/_/gang du yang ni mi rnyed de/_/bla ma'i dus thabs bstan pa dang*/_/bdag gi bsod nams las shes bya/_/zhes dang*/_a ti bkod pa las/_drin dang ldan pa'i bla ma de/_/spyi bo'i gtsug gam snying gi dkyil/_/yan lag mthil du gang bsgoms pa/_/sangs rgyas stong gi dngos grub kyang*/_/gang zag de yis 'dzin par 'gyur/_/zhes dang*/_slob dpon chen pos/_gtan gyi skyabs gnas bla ma bzang*/_/rtag tu gsol ba snying nas thob/_/ces dang*/_klu sgrub kyis/_ri dbang rtse nas 'ga' zhig lhung gyur na/_/lhung bar mi bya snyam yang lhung bar 'gyur/_/bla ma'i drin gyis phan pa'i lung thob na/_/grol bar mi 'dod rnams kyang grol bar 'gyur/_/zhes dang*/_lce btsun chen pos/_bla ma la gdung ba skyes rtsa na/_/nyams dang byin rlabs skye bar nges/_/zhes sogs rgya cher 'byung bas na bla ma ni phyogs bcu dus gsum gyi sangs rgyas thams cad 'dus pas sku dge 'dun/_gsung dam chos/_thugs sangs rgyas kyi rang bzhin/_gzhan yang rtsa gsum kun 'dus su nges pa'i shes pa snying nas snyed pas/_gnyis pa bla rnam dngos la 'jug pa ni rgyas bsdus 'bring gsum gyi sgom tshul gsungs par dang po rgyas pa ltar na/_rang nyid gnas pa'i sa phyogs 'di nyid tha mal gyi snang ba thams cad 'od gsal gyi dbyings su thims pa las/_snod rnam par dag pa 'og min pad+mo bkod pa'i zhing khams/_gnas rnam par dag pa thar pa chen po'i gzhal med khang*/_bcud rnam par dag pa rig 'dzin bla ma'i lha tshogs kyi phyag rgyar sad pa'i mos 'dun rtse gcig pas/_rang nyid gnyug ma'i lha gang yang rung ba'am/_rdo rje sems dpar gsal bzhin pa'i ngang nas ngag tu/_rang mdun nam mkhar mchod sprin rgya mtsho'i dbus:_seng khri pad+ma nyi zla brtsegs pa'i steng:_skyabs gnas kun 'dus o rgyan thod phreng rtsal:_zhal gcig phyag gnyis khro 'dzum gzi 'od 'bar:_pad zhwa gsang phod chos gos zab ber gsol:_phyag g.yas rdo rje g.yon pas thod bum bsnams:_gsang ba'i phyag rgya sbas tshul kha T+wAM 'khyud:_zhabs gnyis rol stabs 'ja' tshon 'od lnga'i klong:_rab 'byams rtsa ba gsum gyi sprin phung 'phro:_snang srid dpal ldan bla ma'i ngo bor gyur:_zhes gter gzhung ltar la de'i tshig don ni/_rang gi mdun gyi nam mkhar mchod sprin rgya mtsho 'khrigs pa'i dbus su seng+ge chen po brgyad kyis btegs pa'i rin po che'i khri bkod pa sna tshogs pa'i steng sna tshogs pad+ma 'dab ma 'bum dang ldan pa/_de'i ze'u 'bru dang tshad mnyam pa'i nyi zla'i dkyil 'khor gyi gdan la/_ngo bo rtsa ba'i bla ma yin pa la rnam pa rdo rje 'chang ma hA gu ru pad+ma thod phreng rtsal snang srid thams cad zil gyis gnon pa'i bdag nyid chen po sku mdog dkar la dmar ba'i mdangs chags pa zhal gcig phyag gnyis zhi 'dzum khros pa'i nyams can phyag g.yas gser gyi rdo rje rtse lnga pa nam mkhar phyar stabs su gdengs shing*/_g.yon mnyam bzhag gi steng bdud rtsi'i thod bum yid bzhin nor bu'i kha brgyan te bsnams pa/_sku la gsang gos dkar po/_phod chen mthing khra/_chos gos rnam gsum dmar ser/_dbang gi ber chen smug po rnams brtsegs mar mnabs pa/_gru mo g.yon du yum man+d+ha ra ba sbas pa'i tshul gyis kha T+wAM rtse gsum gyi rnam par bsnams pa/_dbu la pad+ma mthong grol rdo rje phyed pa'i tog can rgod ldem dar sna lnga me long rma bya'i mdongs sgros brgyan pa gsol zhing snang srid 'ja' zer 'khrugs pa'i klong na zhabs gnyis rgyal po rol pa'i stabs kyis bzhugs par gsal ba'o/_/'dir rgyas tshe ngag 'don/_rab 'byams sogs 'don tshig gnyis kyi tshe bla brgyud gsal 'debs bla ma mchod chog ltar sgom dgos na'ang*/_deng sang bskyed rim ma byang ba dang*/_ji bzhin sgom mi shes pa mang bas bla ma mchod chog gzhung ltar 'don sgom byas na bde bar snang bas de ltar na/_de ltar du gsal ba'i sku las skyes pa'i 'od kyi phung po'i klong du nyid las mi gzhan pa'i thod phreng rigs lnga dang*/_rig 'dzin rtsa 'chang 'di'i bar ma dpe'i yig ldeb drug tsam 'thor zag gis ma tshang*/_mchan/_ brdal bskyangs pas gnyid kyi 'od gsal dang rmi lam zin par 'gyur la/_slar yang tho rang ldang ba'i rnal 'byor sogs ji skad bshad pa bzhin thun bzhi sogs nyams su blang ngo*/_/gzhan yang dngos gzhi'i nyams len tshe yang spyir sngon 'gro'i chos thams cad 'dor mi rung mod kyang*/_khyad par skyed rdzogs sgom tshe bla ma'i rnal 'byor la bsten nas lam dbang blang ba 'di thun re'i mgor yang ma chags par bya ba ni gnad dam pa'o/_/mdor na mos gus dang dam tshig rnam par dag pas sngon 'gro'i lam 'di kho na mthar phyin pas kyang dngos gzhi la mi ltos par rnga yab dpal gyi ri bor dbug dbyungs nas dag pa'i zhing khams der rig 'dzin rnam pa bzhi'i lam nyi zla'i bgrod pa las kyang myur bas rig 'dzin mchog gi sa la phyin par 'gyur ba ni nges pa'o/_/sngon 'gro'i khrid rim mdor bsdus bris pa las zhib khrid rgyas par 'dod pa dag gis klong chen snying thig sngon 'gro'i khrid kun bzang bla ma'i zhal lung dang*/_zhe chen rgyal tshab sngon 'gro'i khrid/_mchog gling yang srid nges don grub pa'i rdo rjes mdzad pa lam 'di'i sngon 'gro'i khrid sogs las shes par bya'o/_/'dir smras pa/_mang mang mkhas grub du ma'i gzhung lugs las/_/zab zab snying po'i bcud dril 'di nyid kyang*/_/yang yang mchog bstan mdzes pa'i rgyan gyur te/_/legs legs 'gro mang sku gsum sar 'god shog_/thugs sgrub bar chad kun sel kyi khrid yig thog mtha' bar du dge ba las thog mar dge ba sngon 'gro'i khrid rim mdor bsdus bshad zin to/_!_rtsa gsum dkyil 'khor rab 'byams 'dus pa'i sku/_/ma hA gu ru snang srid zil gnon rtsal/_/rnam 'phrul zhi drag sku gsum sgrub pa'i lam/_/kun mthun kun las khyad 'phags 'di rmad byung*/_/de la 'dir bar du dge ba dngos gzhi'i khrid kyi rim pa nyung ngur 'god pa la/_rje gter ston chen po o rgyan mchog gyur bde chen zhig po gling pa'i bzhed pa ltar na zhal gdams snying byang nyid rtsa bar bzung ste/_thog mar chos sku tshe dpag med dang*/_de nas longs sku thugs rje chen po pad+ma sgyu 'phrul drwa ba sbyor/_sprul sku las las byang rgyas 'bring gang rung sbyar nas so sor bsnyen sgrub tshad ldan 'khyol bar song rjes/_rim par smra seng zhi drag nas bzung rnam 'phrul bcu gnyis so so'i las byang ltar bsnyen sgrub/_sgo bzhi'i las bzhi zhal gdams snying byang ltar bsnyen sgrub las sbyor/_cha lag bar chad sel ba'i lha bzhi'i bsnyen pa/_bka' srung tshe ring ma'i bsnyen sgrub bcas mtha' rgyas su dgos par gsungs pa shin tu rgyas pa'i lugs dang*/_'bring po kun gzigs mkhyen brtse'i dbang po'i bzhed pa/_dngos gzhi'i thog mar bsnyen pa phyag rgya gcig pa rgyun gyi bkol byang btang zhing*/_nye bsnyen phrin las snying po ltar phyi dkyil mdor bsdus/_sgrub pa phrin las 'bring po/_sgrub chen phrin las rgyas pa ltar 'dzab kyi bkol byang thog so so+o'i bsnyen pa rgyas par bya zhing*/_de dag gi ting 'dzin dang bzlas dmigs kyi rim pa gzhung tshig dang stun/_bsnyen sgrub yan lag bzhi tshul bzhin song nas chos longs sogs so so'i sgos sgrub rnams gang lcogs su bya bar gsungs pas/_de gnyis gang ltar yang zab chos kyi bdag por gyur pa'i phyag bzhed lags pas khyad par ma mchis mod/_tshe gcig gis lus gcig zung 'jug rdo rje 'chang gi go 'phang 'dod cing*/_mi gcig lha gcig las mang po mi sems pa dag dang*/_gzhan yang lam 'dir bsnyen sgrub rgyas par 'dod pa rnams kyis mchog gling bzhed pa ltar gong smos thun mong dang thun min sngon 'gro legs par grub mtshams/_chos bdag bar chad sel ba'i lha bzhi so so'i las byang ltar bsnyen sgrub las sbyor dang bcas pa gtang na bde zhing lam gyi bar chad zhi ba sogs dgos pa chen bas so so'i gzhung gsal ltar gtang*/_de nas chos sku tshe dmar sogs so sor gong gsal ltar gtang ba legs pas de ltar bsnyen yig 'don zin tsam ni 'og nas 'chad par 'gyur la 'bri bar ma long*/_'dir 'jam mgon blo gros mtha' yas kyis mdzad pa'i bsnyen yig sa la chen po'i sa bon gyi dgongs don gzhir bzhags/_lam 'di'i las byang kho na la brten pa'i bsnyen sgrub gtang tshul cung zad rgyas pa'i lugs su byas nas gter chen rig 'dzin rnam gsum gyi bzhed gzhung lugs mthun par 'gyur bas na de la gsum sbyor ba/_dngos gzhi/_rjes so/_/dang po rten mchod bsham pa dang sgrub pa sgrom gzhug sogs sgrub khog ltar grub na legs kyang mi 'grub pa dag gis mdun ngos su gu ru rin po che'i sku gsung thugs kyi rten ci 'byor dang khyad par thugs sgrub kyi zhal thang sogs bkram pa'i mdun stegs bu'i steng gtor sgam gong 'og bar gsum yod pa'i 'og maN+Dal steng ras bris sam tshom bu/_stegs bar mar bsgrubs khog ltar bcas sgrub byas pa'i sgrub thod dang*/_sgrub gtor bla ma'i gtor chen rin po che'i snod gtsang mar 'bru sna'i phye/_chang dang mar khus sbrus pa spod sna tshogs pa btab pas/_bang rim gru bzhi bzhi'i steng rin chen zur brgyad kyi steng du dpal gtor rin chen 'bar ba pad 'dab bzhi pad tshab dang bcas pa rgyan khra mthong rgyun ltar ram/_lnga rgyan nyi zla me ri can sha rgyan zas snas bskor ba dar sna tshogs phub pa'i g.yas su rtsa brgyad stong sbyar sman chang dang bsres pa/_g.yon du so lnga'i rdzas khrag dang sbyar ba/_g.yas su bka' srung tshe ring ma'i gtor ma bang rim zlum po bzhi'i dbus bum pa'i steng zhi gtor/_bum pa'i phyogs bzhir bshos bu bzhi/_bar mtshams rnams su ril bu bcus bskor ba dkar byugs can/_g.yon du gter srung khyung btsun ma'i gtor ma dbang sdud dpal gtor rgyab yu can mdun 'theb kyu sum brtsegs lnga rgyan can dang*/_dam can spyi gtor/_dur bdag yab yum/_kun 'khyil mched gsum dang gter gzhi gnyis/_chad tho/_bstan ma bcas kyi gtor ma rgyun bzhag_/gzhan yang tshe 'brang rta zhal can gyi g.yas g.yon du tshe ril chang*/_bum pa gzungs rdor mgul chings so lnga'i rdzas ldan dang*/_gzhan yang nad bzlog sman/_dgra bzlog mtshon/_rten rdzas/_skong rdzas sogs gsang sngags kyi gzhung chen po rnams nas ji ltar 'byung ba ltar 'du bya la rten 'brel rdzas mtshon tsam las 'du 'dzi'i g.yeng zhing bsog 'jog gi rang bzhin can ni ma yin no/_/

Footnotes

Other Information