སྙན་བརྒྱུད་སྙིང་གི་གསང་མཛོད་ལས། ཡི་དམ་ཞི་བ་རྡོ་རྗེ་སེམས་པའི་ཕྱི་སྒྲུབ་བདག་བསྐྱེད་དུ་ཞལ་བསྒྱུར་བའི་རྒྱུན་གྱི་རྣལ་འབྱོར་བདེ་ཆེན་སྙིང་བཅུད།

From Khyentse Lineage - A Tsadra Foundation Project
DKR-KABUM-20-WA-004
Wylie title snyan brgyud snying gi gsang mdzod las/ yi dam zhi ba rdo rje sems pa'i phyi sgrub bdag bskyed du zhal bsgyur ba'i rgyun gyi rnal 'byor bde chen snying bcud DKR-KABUM-20-WA-004.pdf
Location dil mgo mkhyen brtse bka' 'bum
Volume 20, Text 4, Pages 74-75 (Folios 1a1 to 2a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Associated People གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra)
Citation Khyentse, Dilgo. Snyan brgyud snying gi gsang mdzod las yi dam zhi ba rdo rje sems pa'i phyi sgrub bdag bskyed du zhal bsgyur ba'i rgyun gyi rnal 'byor bde chen snying bcud. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 20: 74-75. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod)
Deity rdo rje sems dpa'
Colophon

།ཞེས་པའང་ཟབ་གསང་འདི་ཉིད་ལ་སྔོན་སྨོན་རྟེན་འབྲེལ་གྱིས་ཆོས་ཀྱི་བདག་པོར་གྲུབ་པའི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་བསྙེན་སྒྲུབ་ཉམས་བཞེས་ཀྱི་དད་མོས་འབད་རྩོལ་ཆེན་པོས་ཡང་ཡང་བསྐུལ་བ་ལྟར་ཟབ་མོ་འདི་ཉིད་རང་སྐལ་དུ་ཐོབ་པ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཀློང་ཆེན་ནམ་མཁའ་འོད་གསལ་གྱིས་གཏེར་གཞུང་རྩ་བའི་མན་ངག་ལྟར་བྲིས་པས་འགྲོ་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་གསང་གསུམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཅིག་ཆར་འཇུག་པའི་རྒྱུ་ཁོ་ནར་གྱུར་ཅིག །མངྒ་ལཾ། དགེའོ།།

/zhes pa'ang zab gsang 'di nyid la sngon smon rten 'brel gyis chos kyi bdag por grub pa'i rnal 'byor pa klong chen ye shes rdo rjes bsnyen sgrub nyams bzhes kyi dad mos 'bad rtsol chen pos yang yang bskul ba ltar zab mo 'di nyid rang skal du thob pa pad+ma 'od gsal mdo sngags gling pa klong chen nam mkha' 'od gsal gyis gter gzhung rtsa ba'i man ngag ltar bris pas 'gro kun khyab bdag rdo rje sems dpa'i gsang gsum ye shes kyi dkyil 'khor du gcig char 'jug pa'i rgyu kho nar gyur cig_/mang+ga laM/_dge'o//

[edit]
༄༅། །སྙན་བརྒྱུད་སྙིང་གི་གསང་མཛོད་ལས། ཡི་དམ་ཞི་བ་རྡོ་རྗེ་སེམས་པའི་ཕྱི་སྒྲུབ་བདག་བསྐྱེད་དུ་ཞལ་བསྒྱུར་བའི་རྒྱུན་གྱི་རྣལ་འབྱོར་བདེ་ཆེན་སྙིང་བཅུད་བཞུགས། ན་མོ་གུ་རུ་བཛྲ་སཏྭ་ཡ། །པཎ་ཆེན་བི་མ་ལས་སྙན་བརྒྱུད་དུ་གདམས་པ་རྒྱུད་སྡེ་བཞི་འབྲེལ་གྱི་རྡོ་རྗེ་སེམས་དཔའི་ཕྱི་སྒྲུབ་ཀྱི་མན་ངག་བདག་བསྐྱེད་ཀྱི་ཚུལ་དུ་ཉམས་སུ་ལེན་པར་འདོད་པས། ཐོག་མར་སྐྱབས་སེམས་ནི། བླ་མ་རྡོ་རྗེ་སེམས་དཔའ་ནི༔ རང་ངོ་རིག་པས་སྐྱབས་སུ་མཆི༔ མ་རྟོག་སྲིད་ལས་བསྒྲལ་བའི་ཕྱིར༔ གནས་ལུགས་རྡོ་རྗེའི་སེམས་མཆོག་བསྐྱེད༔ ལན་གསུམ་བྱ། བསྐྱེད་བཟླས་དངོས་ནི། ཨ༔ ཆོས་ཀུན་སྟོང་པའི་ཐིག་ལེར་སྦྱངས༔ དེ་ཡི་ངང་ལས་འོད་གསལ་བའི༔ ཡེ་ཤེས་རོལ་པའི་སྣོད་བཅུད་དབུས༔ པད་དཀར་ཟླ་བ་རྒྱས་པའི་སྟེང༔ ཧཱུྃ་ལས་ཆུ་ཤེལ་ལྟར་འཚེར་བའི༔ འོད་ཀྱིས་སྣོད་བཅུད་དོན་གཉིས་བྱས༔ ཡོངས་གྱུར་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་ཟླ་བ་རྒྱས་པའི་མདོག༔ མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར༔ ཞི་འཛུམ་ཚུལ་དགུའི་སྒེག་པའི་སྐུ༔ རིན་ཆེན་དར་གྱི་རྒྱན་ཆས་མཛེས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གཏོད༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ སེམས་དཔའི་སྐྱིལ་ཀྲུང་འོད་ཟེར་འབར༔ རྒྱལ་ཀུན་སྤྲོ་དང་བསྡུ་བ་ཡི༔ བདག་པོ་མཆོག་ཏུ་ཡང་དག་བཞུགས༔ སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི༔ རྡོ་རྗེའི་གསང་བ་གསུམ་དུ་རྫོགས༔ ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཡི་ཁྱབ་བདག་ཏུ་རྣམ་པ་ཞལ་ཕྱག་གསལ་ཞིང༌། འབྲས་བུའི་རྡོ་རྗེ་སེམས་དཔའི་ང་རྒྱལ་བརྟན་པ་དང༌། ཟག་མེད་ཀྱི་སྐུ་དང་ཡེ་ཤེས་མཚོན་པའི་དག་པ་དྲན་པ་ལ་བསླབ་པ་སྐུ་རྡོ་རྗེ་ལམ་གྱི་རྣལ་འབྱོར་དང༌། ཐུགས་ཀར་ཟླ་སྟེང་ཡེ་ཤེས་སེམས༔ རྡོ་རྗེའི་ལྟེ་བར་ཧཱུྃ་སྔགས་འབར༔ འོད་ཀྱིས་སྣང་སྲིད་བདེ་བ་ཆེ༔ རོལ་པ་ཆེན་པོར་ཁྱབ་བརྡལ་ཤར༔ ཞེས་འོད་ཟེར་སྤྲོ་བསྡུས་དོན་གཉིས་སྒྲུབ་ཅིང་སྣོད་བཅུད་བདེ་སྟོང་ཡེ་ཤེས་ཀྱི་འཁོར་ལོར་མོས་པས་རིགས་སྔགས་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ་བ་གསུང་རྡོ་རྗེ་ལམ་གྱི་རྣལ་འབྱོར་དང༌། དེ་ལྟར་གསལ་བའི་ལྷར་སྣང༌། སྣོད་བཅུད་འོད་ཞུ་རང་ལ་ཐིམ༔ དེ་ཡང་མི་དམིགས་འོད་གསལ་ངང༔ སྣང་གྲགས་རིག་གསུམ་རྡོ་རྗེ་གསུམ༔ གདོད་ནས་དག་མཉམ་ཆེན་པོར་རྫོགས༔ ཞེས་པས་ལྷ་སྔགས་ཀྱི་སྤྲོས་པ་དབྱིངས་སུ་བསྡུས་ནས་ཆོས་ཉིད་རང་བབ་ཀྱི་གནས་ལུགས་མ་བཅོས་པའི་ངང་བསྐྱང༌། སླར་ཡང་སྣང་གྲགས་རིག་པ་རྡོ་རྗེ་གསུམ་གྱི་འཁོར་ལོར་དག་པའི་སྣང་བ་གསུམ་ལམ་དུ་ཁྱེར་བ་ནི་ཐུགས་རྡོ་རྗེ་ལམ་གྱི་རྣལ་འབྱོར་ཏེ། དེ་དག་གིས་སྐྱེ་འཆི་བར་དོ་སྐུ་གསུམ་གྱི་ལམ་དུ་བྱེད་པའི་མན་ངག་གི་སྙིང་པོ་ཟབ་དྲིལ་དུ་གདམས་པའོ། །ཞེས་པའང་ཟབ་གསང་འདི་ཉིད་ལ་སྔོན་སྨོན་རྟེན་འབྲེལ་གྱིས་ཆོས་ཀྱི་བདག་པོར་གྲུབ་པའི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེས་བསྙེན་སྒྲུབ་ཉམས་བཞེས་ཀྱི་དད་མོས་འབད་རྩོལ་ཆེན་པོས་ཡང་ཡང་བསྐུལ་བ་ལྟར་ཟབ་མོ་འདི་ཉིད་རང་སྐལ་དུ་ཐོབ་པ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཀློང་ཆེན་ནམ་མཁའ་འོད་གསལ་གྱིས་གཏེར་གཞུང་རྩ་བའི་མན་ངག་ལྟར་བྲིས་པས་འགྲོ་ཀུན་ཁྱབ་བདག་རྡོ་རྗེ་སེམས་དཔའི་གསང་གསུམ་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གཅིག་ཆར་འཇུག་པའི་རྒྱུ་ཁོ་ནར་གྱུར་ཅིག །མངྒ་ལཾ། དགེའོ།། །།

Footnotes

Other Information