འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས༔ རང་བྱུང་པདྨ་རྡོ་རྗེ་ཚེ་ཡི་རྒྱུད༔

From Khyentse Lineage - A Tsadra Foundation Project
DKR-KABUM-18-TSHA-030
Wylie title 'chi med pad+ma tshe yi snying thig las: rang byung pad+ma rdo rje tshe yi rgyud DKR-KABUM-18-TSHA-030.pdf
Location dil mgo mkhyen brtse bka' 'bum
Volume 18, Text 30, Pages 187-258 (Folios 1a to 72b1)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. 'chi med pad+ma tshe yi snying thig las rang byung pad+ma rdo rje tshe yi rgyud. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 187-258. Delhi: Shechen Publications, 1994.
Genre Revelations - gter ma  ·  Tantras - rgyud
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Deity tshe dpag med
Colophon

ཞེས་འཆི་མེད་པདྨ་རྡོ་རྗེ་ཚེ་ཡི་རྒྱུད་ཆེན་པོ་ངོ་མཚར་གསང་བ་ཡོངས་སུ་རྫོགས་པའི་ལམ་འདི་ཡང་མེ་ཕག་དབོ་ཟླའི་འཕེལ་ཚེས་སྐོར་ཀུན་གཟིགས་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཕྱག་བྲིས་ཤོག་དྲིལ་ཞིག་མཇལ་བ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ་ལས་བརྒྱུད་པའི་རྡོ་རྗེའི་ཚེ་སྒྲུབ་པའི་མན་ངག་ངོ་མཚར་ཅན་ཞིག་ཏུ་འདུག་པ་རྨིས་པའི་རྐྱེན་ལས་རིམ་པར་རིག་པའི་ཆུ་གཏེར་ལས་བརྡོལ་ཞིང༌། ལྷོ་ཟླའི་གནས་ཆེན་རྒྱམ་རྒྱལ་པདྨ་ཤེལ་རིའི་གནས་ཞལ་འབྱེད་པའི་སྐབས་སུ་བཀྲ་ཤིས་འོ་མཚོའི་འགྲམ་གྱི་ནེའུ་གསེང་དུ་ཚེ་ཡི་བདག་པོའི་བྱིན་རླབས་ཀྱི་དབུག་དབྱུང་ཁྱད་པར་ཅན་ཐོབ་པ་དང༌། ལྷག་པར་གངས་རིའི་ལྗོངས་སུ་འགྲན་ཟླ་ཐམས་ཅད་དང་བྲལ་བའི་སྒྲུབ་གནས་རང་བྱུང་རྡོ་རྗེའི་བླ་མ་པདྨས་བྱིན་གྱིས་བརླབས་པའི་སྐུ་འཆི་མེད་བདེ་ཆེན་པདྨ་ཤེལ་གྱི་ཕུག་པར་བསྐྱོད་པའི་སྐབས་ཡིད་ཆེས་ཀྱི་ངེས་པར་ཁྱད་པར་ཅན་ཐོབ་ཅིང༌། མཚོ་སྐྱེས་བླ་མས་ཚེ་ཡི་གསོས་སྨན་དུ་དབུགས་དབྱུང་ཐོབ་པ་ལ། ཚེ་རབས་ཀུན་ཏུ་ཐུགས་རྗེའི་སྣང་བས་འབྲལ་མེད་སྐྱོང་བའི་རིགས་ཀྱི་ཁྱབ་བདག་གདོད་མའི་མགོན་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་ནས། བཛྲ་གཱིརྟི་རྒྱུད་མང་དང་ཆབས་ཅིག་བཀྲ་ཤིས་པའི་ལྷ་རྫས་ཨཱ་ཡུ་ཥེ། རིན་ཆེན་ཨསྨ་གྷརྦྷའི་དོ་ཤལ་གྱི་རྟེན་བཅས་དགྱེས་པའི་བཀའ་ལུང་མནྡ་རའི་ཕྲེང་བ་ཛ་ལནྡྷ་རར་བསྩལ་བ་ལས་གུས་ཤིང་སྤྲོ་བའི་ལྷག་པའི་བསམ་སྦྱོར་གྱིས་རྒྱལ་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོའི་འཕེལ་ཚེས་གཟའ་སྐར་སྦྱོར་བྱེད་ཀྱི་རྟེན་འབྱུང་རྨད་དུ་བྱུང་བ་ནས་དབུ་བརྩམ་སྟེ་བཀའ་གཏེར་ཆོས་ཀྱི་ཕྱ་གཡང་འཁྱིལ་བའི་གཞལ་མེད་ཁང་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ། འཆི་མེད་པདྨ་གར་དབང་འོད་གསལ་སྤྲུལ་པའི་རྡོ་རྗེའམ་མདོ་སྔགས་གླིང་པས་གཏན་ལ་ཕབ་པ་འདིས་ཀྱང་ལུང་ཟིན་རྩ་བའི་ཆོས་ཀྱི་བདག་པོ་འཇམ་མགོན་དྲན་པས་གདུང་སེལ་གྱི་གཙོར་མཛད་རྒྱལ་བསྟན་རིན་པོ་ཆེ་བླ་ནས་བླར་འདེགས་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་མཆོག་རྣམས་ཀྱི་སྐུ་ཚེ་དང་ཕྲིན་ལས་ཀྱི་དཔལ་དུ་གྱུར་ནས་འགྲོ་ཀུན་འཆི་མེད་རྟག་པ་དམ་པའི་ཡེ་ཤེས་ཀྱི་བཅུད་ལེན་རྨད་དུ་བྱུང་བའི་དཔྱིད་དུ་གྱུར་ཅིག །སརྦ་ཨརྠ་སིདྡྷི་ཧཱུྃ༔ སརྦ་མངྒ་ལཾ། དགེའོ།།

zhes 'chi med pad+ma rdo rje tshe yi rgyud chen po ngo mtshar gsang ba yongs su rdzogs pa'i lam 'di yang me phag dbo zla'i 'phel tshes skor kun gzigs bla ma 'jam pa'i dbyangs mkhyen brtse'i dbang po'i phyag bris shog dril zhig mjal ba dze tA ri dgra las rnam par rgyal ba las brgyud pa'i rdo rje'i tshe sgrub pa'i man ngag ngo mtshar can zhig tu 'dug pa rmis pa'i rkyen las rim par rig pa'i chu gter las brdol zhing*/_lho zla'i gnas chen rgyam rgyal pad+ma shel ri'i gnas zhal 'byed pa'i skabs su bkra shis 'o mtsho'i 'gram gyi ne'u gseng du tshe yi bdag po'i byin rlabs kyi dbug dbyung khyad par can thob pa dang*/_lhag par gangs ri'i ljongs su 'gran zla thams cad dang bral ba'i sgrub gnas rang byung rdo rje'i bla ma pad+mas byin gyis brlabs pa'i sku 'chi med bde chen pad+ma shel gyi phug par bskyod pa'i skabs yid ches kyi nges par khyad par can thob cing*/_mtsho skyes bla mas tshe yi gsos sman du dbugs dbyung thob pa la/_tshe rabs kun tu thugs rje'i snang bas 'bral med skyong ba'i rigs kyi khyab bdag gdod ma'i mgon po 'jam dbyangs chos kyi blo gros ris med bstan pa'i rgyal mtshan nas/_badz+ra gIrti rgyud mang dang chabs cig bkra shis pa'i lha rdzas A yu She/_rin chen asma g+har+b+ha'i do shal gyi rten bcas dgyes pa'i bka' lung man+da ra'i phreng ba dza lan+d+ha rar bstsal ba las gus shing spro ba'i lhag pa'i bsam sbyor gyis rgyal zla'i dkar phyogs rgyal ba dang po'i 'phel tshes gza' skar sbyor byed kyi rten 'byung rmad du byung ba nas dbu brtsam ste bka' gter chos kyi phya g.yang 'khyil ba'i gzhal med khang rdzong sar bkra shis lha rtse'i gzim spyil bkra shis 'chi med grub pa'i dga' tshal du/_'chi med pad+ma gar dbang 'od gsal sprul pa'i rdo rje'am mdo sngags gling pas gtan la phab pa 'dis kyang lung zin rtsa ba'i chos kyi bdag po 'jam mgon dran pas gdung sel gyi gtsor mdzad rgyal bstan rin po che bla nas blar 'degs pa'i bstan 'dzin gyi skyes bu chen po mchog rnams kyi sku tshe dang phrin las kyi dpal du gyur nas 'gro kun 'chi med rtag pa dam pa'i ye shes kyi bcud len rmad du byung ba'i dpyid du gyur cig_/sarba ar+tha sid+d+hi hU~M:_sarba mang+ga laM/__dge'o//_

[edit]
འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ལས༔ རང་བྱུང་པདྨ་རྡོ་རྗེ་ཚེ་ཡི་རྒྱུད་ཅེས་བྱ་བ་བཞུགས་སོ༔

རྒྱ་གར་སྐད་དུ༔ བཛྲ་ཨཱ་ཡུ་ཥེ་ཏནྟྲ་གརྦྷ༔ བོད་སྐད་དུ། རྡོ་རྗེ་ཚེ་ཡི་སྙིང་པོའི་རྒྱུད་ཅེས་བྱ་བ༔ འཆི་མེད་རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན༔ འཆི་མེད་རྔ་སྒྲ་རང་སྣང་འོད་གསལ་འོག་མིན་གྱི་ཞིང༔ བདེ་ཆེན་ལྷུན་རྫོགས་སྟུག་པོ་བཀོད་པའི་ཕོ་བྲང་དུ༔ བཅོམ་ལྡན་འདས་འཆི་མེད་པདྨ་ཚེ་ཡི་རྒྱལ་པོ་འོད་སྣང་མཐའ་ཡས་པའི་གསུང་གི་རྡོ་རྗེ་གར་གྱི་དབང་ཕྱུག་རང་སྣང་གི་བཙུན་མོའི་དགྱེས་པ་ཅན་བཞུགས་ཏེ༔ འཁོར་དུ་པདྨ་རིགས་ཀྱི་འབྲས་བུའི་སེམས་དཔའ་ལྕམ་དྲལ་བསམ་མི་ཁྱབ་པ་རྡུལ་གཅིག་གི་གོ་སར་རྡུལ་སྙེད་ཀྱི་ཚུལ་དུ་བསྐོར་བའི་ཚེ༔ དུས་བཞི་མཉམ་ཉིད་རིག་པ་ཆེན་པོ་རྟག་པ་རྒྱུན་གྱི་འཁོར་ལོར་འཕོ་མེད་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ལྷུན་གྱིས་གྲུབ་པ་ལས༔ ཟབ་ཅིང་གསང་བ་རྡོ་རྗེའི་ཚིག་ཆེན་པོའི་ཆོས་ཀྱི་འཁོར་ལོ་ངེས་དོན་གྱི་རང་རྩལ་ཆད་མེད་དུ་སྣང་བའི་ཚེ༔ རང་སྣང་གི་སེམས་དཔའ་པདྨའི་མྱུ་གུ་ཞེས་མངོན་དུ་སྣང་བར་མཛད་ནས་འདི་སྐད་ཅེས་གསོལ་ཏོ༔ ཀྱེ་ཀྱེ་མགོན་པོ་བཅོམ་ལྡན་འདས༔ འཆི་མེད་གཉུག་མ་རྡོ་རྗེའི་སྐུ༔ སྒྲུབ་པའི་རྒྱུ་རྐྱེན་ཐབས་ཀྱི་མཆོག༔ འབྲས་བུ་བཅས་པ་བསྟན་དུ་གསོལ༔ ཞེས་བསྐུལ་བ་དང༔ སྟོན་པ་མཆོག་གིས་ཉིད་ལས་མི་གཞན་པའི་འཁོར་ལ་འོད་ཟེར་གྱི་སྣང་བ་དཔག་ཏུ་མེད་པ་བཀྱེས་ཏེ་དོན་གྱི་དགོངས་པ་མངོན་དུ་གྱུར་པ་མཛད་ནས་འདི་གསུངས་སོ༔ ཨེ་མ་ཡང་དག་བདེ་བ་ཆེ༔ གཉིས་སུ་མེད་པའི་རྡོ་རྗེའི་འཁོར༔ དཔའ་བོའི་དགོངས་པ་ཇི་བཞིན་དུ༔ པདྨ་སེམས་གཙོས་ཞུས་པ་ལེགས༔ དངོས་གྲུབ་ཀུན་གྱི་སྙིང་པོ་ནི༔ རྡོ་རྗེ་ཚེ་ཡི་སྒྲུབ་པ་སྟེ༔ གང་ཞིག་འཆི་བ་མེད་གྲུབ་ནས༔ ངེས་པར་བདག་དང་སྐལ་བ་མཉམ༔ དེ་ཉིད་སྒྲུབ་པའི་རྒྱུ་ཡི་གཞི༔ སྲིད་ཞི་ཀུན་ལ་ཁྱབ་ཅིང་གནས༔ ངོ་བོ་སྐྱེ་མེད་དེ་བཞིན་ཉིད༔ རྣམ་པ་ཀུན་གྱི་མཆོག་ལྡན་པའི༔ ཡེ་ཤེས་དངོས་པོའི་ཆོས་ལས་འདས༔ རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ༔ གང་གིས་བསམ་ཞིང་སུ་ཡིས་སྨྲ༔ བརྗོད་པ་ཀུན་བྲལ་རྒྱུ་ཡི་མཆོག༔ འོད་གསལ་མཆོག་ཏུ་མི་འགྱུར་⁽1498⁾འི༔ ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༔ རྟོགས་པར་དཀའ་བའི་རྒྱུད་ཀྱི་རྒྱལ༔ གང་དུ་མི་གནས་དེ་ཁོ་ན༔ སྲིད་དང་ཞི་བ་གཉིས་མེད་པ༔ དེ་ནི་རྟག་ཅིང་ཁྱབ་པར་གནས༔ འདི་ལ་སྐྱེ་དང་འཆི་བ་མེད༔ ནམ་ཡང་དངོས་པོའི་མཚན་ཉིད་བྲལ༔ འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ༔ འགྱུར་བ་མེད་པའི་ཆོས་ཉིད་དེ༔ རྟོགས་པས་འཆི་མེད་མཆོག་གྲུབ་གྱུར༔ རྩལ་ལས་ཤར་བ་རིག་པའི་བློ༔ ཡུལ་དང་ཡུལ་ཅན་རྟོག་པའི་སེམས༔ བདག་དང་གཞན་དུ་འཛིན་པ་ལས༔ གནས་དོན་ལུས་དང་ལོངས་སྤྱོད་སོགས༔ སྲིད་པའི་སྡུག་བསྔལ་སོ་སོར་སྣང༔ དེ་ལ་བརྟེན་པའི་རྒྱུ་འབྲས་ཀྱིས༔ འཁོར་བའི་ཆོས་སུ་སྣང་བའི་ཕྱིར༔ བག་ཆགས་བརྟེན་པའི་ལུས་ལ་ཡང༔ རྩ་རླུང་ཐིག་ལེའི་གྲོང་ཁྱེར་ཅན༔ བཀོད་པ་ཆོ་འཕྲུལ་བསམ་ཡས་ཤར༔ ནང་གི་བྱེད་པས་གཡོ་འཕྲུལ་གྱི༔ རླུང་གི་འགྲོ་འོང་ཀུན་གྱི་སྲོག༔ དྷཱུ་ཏིའི་གྲོང་ཁྱེར་ལ་གནས་པའི༔ སྲོག་ནས་འཛིན་པའི་རླུང་ཉིད་དེ༔ ལུས་ངག་སེམས་ཀྱི་སྙིང་པོའི་རྒྱུན༔ གནས་ཤིང་སྤྲོ་བསྡུ་འདི་ཡིས་བྱེད༔ དེ་ལས་གྱེས་པའི་རླུང་ལྔ་ཡིས༔ སྲིད་པའི་འཁྲུལ་སྣང་ཀུན་བཀོད་ཅིང༔ ལས་ཀྱི་བག་ཆགས་ཐམས་ཅད་པ༔ སྡུད་བྱེད་འཁྲུལ་པ་ཁོ་ནའི་གཞི༔ ཐབས་དང་ལྡན་པའི་སྐྱེས་བུ་ཡིས༔ གཞོམ་དུ་མེད་པའི་སྲོག་རྩོལ་ན༔ ཡེ་ཤེས་རྣམ་པ་ཐམས་ཅད་པའི༔ བདག་ཉིད་གཅིག་ཏུ་ཡང་དག་གནས༔ རླུང་གི་རྟ་བྱས་ལུས་ཀྱི་ཟུངས༔ བྱང་ཆུབ་སེམས་ཀྱི་ཐིག་ལེ་ནི༔ དྭངས་མ་ཨ་དང་ཧཾ་ཡིག་ནི༔ ཉི་ཟླ་དཀར་དམར་སྙིང་པོའི་ཚུལ༔ གང་ལས་བྱུང་བ་ཀུན་ཁྱབ་པའི༔ ཐིག་ལེ་ཆེན་པོ་མཆོག་གི་ཚེ༔ ལུས་ཀུན་ཁྱབ་ཅིང་དྭངས་མ་འཛིན༔ ལང་ཚོའི་དཔལ་བསྐྱེད་སྲོག་གི་ཏིག༔ ཕྲ་དང་རགས་པའི་ཚུལ་ཉིད་ཀྱིས༔ སྐྱེ་མཆེད་ཀུན་གྱི་བདག་ཉིད་ཅན༔ རང་བཞིན་ཉིད་དུ་འགྲུབ་པ་ལས༔ འཕོ་ཞིང་གཡོ་དང་འགྱུར་བར་སྣང༔ དེ་ཡིས་སྲིད་པའི་གྲོང་ཁྱེར་ཀུན༔ སྐྱེ་འཆིའི་སྡུག་བསྔལ་བསམ་མི་ཁྱབ༔ ཀུན་འབྱུང་འཁོར་བའི་རྒྱུ་འབྲས་ཀུན༔ སྡུག་བསྔལ་མཐའ་ཀླས་ཁོ་ནའི་ངང༔ མེད་བཞིན་འཁྲུལ་པ་རང་རྒྱུད་པའི༔ ཆོས་ལ་སྤྱོད་ཅིང་ཟུག་རྔུས་མནར༔ གཞི་ལས་གཞན་དུ་མ་གྱུར་ཀྱང༔ རྩལ་ལ་བདག་ཏུ་རྟོག་པའི་བློས༔ ཀུན་ཏུ་གཡོ་ཞིང་འཁྲུལ་པ་ལས༔ གཟུང་འཛིན་རྒྱུ་འབྲས་མཐའ་ཀླས་ཤར༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས་གཞི་བསྟན་པའི་ལེའུ་དང་པོའོ༔ དེ་ནས་གཉིས་སུ་མེད་པའི་མཉམ་པ་ཉིད་རྡོ་རྗེའི་དབྱིངས་ལས་རིགས་ཀྱི་སེམས་དཔས་གསོལ་བ༔ བཅོམ་ལྡན་བདག་ཉིད་ཆེན་པོ་ཀྱེ༔ གང་གི་དེ་ཉིད་རྟོགས་འདོད་པས༔ སྙིང་པོའི་རྐྱེན་ལ་ཇི་ལྟར་བརྩོན༔ ངེས་པའི་གསང་བ་རྨད་བྱུང་བའི༔ ཡང་དག་ཉིད་དེ་བསྟན་དུ་གསོལ༔ ཞེས་ཞུས་པ་དང་སྟོན་པས་བཀའ་བསྩལ་པ༔ ཀྱེ་ཧོ་བདེ་གཤེགས་སྙིང་པོ་ལས༔ མ་རྟོགས་མཚན་མར་ཞེན་པའི་ཆོས༔ འཁྲུལ་བའི་སྣང་བ་ལུགས་ལྡོག་ཏུ༔ དག་པས་གནས་ལུགས་རྟོགས་འདོད་ན༔ སྙིང་པོའི་རྐྱེན་ནི་འདི་ཉིད་དོ༔ གཞི་ལ་གནས་པ་ནུས་པའི་དབང༔ སད་བྱེད་རྒྱུ་ཡི་དབང་བསྐུར་ཏེ༔ མཚན་ཉིད་ལྡན་པའི་སློབ་དཔོན་གྱིས༔ མཚན་མའི་དཀྱིལ་འཁོར་འདུ་བྱས་ལ༔ བསྙེན་སྒྲུབ་གཞུང་བཞིན་བསྲང་ནས་ཀྱང༔ རིམ་པའི་ཆོ་ག་འདིས་སྨིན་བྱ༔ སྣོད་དང་ལྡན་པའི་སློབ་མ་ལ༔ ཐུན་མོང་ཕྱི་ཡི་དབང་བསྐུར་ནི༔ ཁྲུས་ནས་དབྱུང་ཞིང་མི་ཤིས་བསལ༔ བགེགས་བསྐྲད་སྲུང་བའི་མཚམས་ཀྱིས་བཅིངས༔ ལོ་རྒྱུས་བརྗོད་ལ་མཎྜལ་ཕུལ༔ དཀྱིལ་འཁོར་འཁོར་ལོར་གསོལ་བ་གདབ༔ གསུང་གི་རྡོ་རྗེ་གར་གྱི་དབང༔ པདྨ་སེམས་གཙོ་ཁྱོད་ལ་འདུད༔ ཡང་དག་ཐར་པའི་ལམ་འདོད་པས༔ བྱང་ཆུབ་རྡོ་རྗེས་བརྩེར་དགོངས་ཏེ༔ མགོན་པོ་དཀྱིལ་འཁོར་གཙོ་བོ་ཡིས༔ བདག་ཉིད་འཇུག་པར་བསྩལ་དུ་གསོལ༔ ལན་གསུམ་གསོལ་གདབ་གནང་བ་སྦྱིན༔ ཨེ་མ་རྡོ་རྗེའི་རིགས་ཀྱི་བུ༔ ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ༔ འཆི་མེད་མཆོག་གི་དངོས་གྲུབ་ཕྱིར༔ དཀྱིལ་འཁོར་ཆེན་པོར་སྨིན་པར་བྱ༔ དེ་ནས་ཐོག་མར་འཇུག་པའི་སྒོ༔ ཐར་ལམ་རྩ་བ་སྐྱབས་སུ་འགྲོ༔ ན་མོཿ བདག་ནི་དེང་ནས་བྱང་ཆུབ་བར༔ བླ་མ་དཀོན་མཆོག་རྣམ་གསུམ་ལ༔ མི་ཕྱེད་དད་དང་དྭངས་བའི་བློས༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ དེང་ནས་གཞན་ཕན་མཆོག་གི་བློས༔ སྨོན་དང་འཇུག་པའི་བྱང་སེམས་བསྒོམ༔ ཧོ༔ ནམ་མཁའ་མཉམ་པའི་སེམས་ཅན་རྣམས༔ མ་རྟོགས་བདག་ཏུ་བཟུང་བའི་བློས༔ སྐྱེ་འཆི་མཚན་མའི་ཆོས་ལ་ཞེན༔ བསྒྲལ་ཕྱིར་སེམས་ཀྱིས་དམ་བཅའ་བཟུང༔ འགྲོ་ཀུན་བདག་གི་ཕ་མ་སྟེ༔ དེ་དག་བྱང་ཆུབ་འགོད་པའི་བློས༔ སྦྱིན་སོགས་ཕ་རོལ་ཕྱིན་པ་ཡི༔ རྒྱལ་སྲས་སྤྱོད་ལ་བསླབ་པར་བགྱི༔ སེམས་ཅན་བདེ་དང་མི་འབྲལ་ལྡན༔ སྡུག་བསྔལ་རྒྱུ་འབྲས་མཐའ་དག་ཞི༔ བདེ་དང་རྟག་ཏུ་མི་འབྲལ་བའི༔ རང་གཞན་ཕྱོགས་རིས་མེད་གནས་ཤོག༔ རྒྱུད་ནི་སྡོམ་དང་ལྡན་པ་ལ༔ དབང་གི་ཆོ་ག་ངེས་གནས་པའི༔ དམ་བཅའ་གསུམ་དང་མི་འབྲལ་བའི༔ ཚུལ་གྱིས་ཡང་དག་འཛིན་པར་བྱ༔ སྲས་བཅས་སངས་རྒྱས་ཐམས་ཅད་དང༔ དཔའ་བོ་རྣལ་འབྱོར་མ་རྣམས་ཀུན༔ བདག་ལ་དགོངས་པར་མཛད་དུ་གསོལ། རིག་པ་འཛིན་པ་བདག་གིས་ནི༔ ངེས་འབྱུང་བསམ་པ་མཆོག་ལྡན་པའི༔ སོ་སོ་ཐར་པའི་སྡོམ་པ་དང༔ གཞན་ཕན་བློ་གྲོས་མི་འགྱུར་བའི༔ བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དང༔ ཐ་མལ་སྣང་ཞེན་སྡོམ་པའི་མཆོག༔ རིག་པ་འཛིན་པའི་སྡེ་སྣོད་ཀྱི༔ དམ་ཚིག་གནས་རྣམས་མ་ལུས་པ༔ བདག་གིས་ཡང་དག་བཟུང་བར་བགྱི༔ ཚུལ་བཞིན་སྲུང་ཞིང་བསླབ་པ་ཡིས༔ རང་རྒྱུད་དག་པར་མཛད་དུ་གསོལ༔ ནང་འཇུག་རིགས་ཀྱི་ཆོས་བརྟགས་པ༔ ནན་ཏན་ཚུལ་གྱིས་དྲི་བ་ནི༔ ཀྱེ་ཧོ་ཡང་དག་ལམ་འདོད་པས༔ དངོས་གྲུབ་གནས་ལ་བརྩོན་པ་ནི༔ ངེས་པར་སྐལ་པ་མཆོག་གི་རིགས༔ རྡོ་རྗེ་ཐེག་པའི་གསེང་ལམ་ལས༔ རིག་པ་འཛིན་པའི་གནས་འདོད་ན༔ འཇུག་པར་དཀའ་ཡང་ཁེ་ཉེན་ཆེ༔ དམ་ཚིག་རིམ་པ་བགྲངས་ལས་འདས༔ ཉམས་ན་སྡུག་བསྔལ་ཚོར་བ་རགས༔ དེ་ཕྱིར་ཡང་དག་བློ་གྲོས་དང༔ ལྡན་པས་དཔྱོད་ལ་ལན་སྨྲོས་ཤིག༔ ལན་དུ་གུས་པས་གསོལ་གདབ་པ༔ རང་གི་རྒྱུད་དུ་དཔྱད་དེ་སྨྲ༔ དཔའ་བོ་ཆེན་པོ་བདག་ལ་དགོངས༔ བླ་མེད་འབྲས་བུ་ངེས་པའི་ལམ༔ བདེ་མྱུར་ཐོབ་པའི་ཐབས་ཆེན་པོ༔ གསང་ཆེན་སྔགས་ཀྱི་རྣལ་འབྱོར་ཏེ༔ ལྷ་དང་བླ་མར་རྟག་ཏུ་གུས༔ དམ་ཚིག་མིག་གི་འབྲས་བཞིན་སྲུང༔ དངོས་གྲུབ་གནས་ལ་གཡེལ་མེད་བརྩོན༔ གསང་བ་མཆོག་གི་ལམ་ཡང་སྲུང༔ དེ་ཕྱིར་སྣོད་དང་སྐལ་པ་བཟང༔ དབང་མཆོག་བདག་ལ་བསྩལ་དུ་གསོལ༔ ཞེས་ཞུས་ཐོག་མར་བུམ་དབང་སྦྱིན༔ ཧོ༔ རིན་ཆེན་བུམ་པ་བཅུད་དང་ལྡན༔ འཆི་མེད་ཚེ་ཡི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡེ་ཤེས་བདུད་རྩིས་རྒྱུད་སྨིན་ཤོག༔ ཀ་ལ་ཤ་ཛྙཱ་ན་ཨ་བྷི་ཥིཉྩ་ཨོཾ༔ བུམ་ཆུ་གཏོར་ཞིང་བླུད་པ་ཡིས༔ ཕུང་ཁམས་ཐ་མལ་སྣང་ཞེན་སྦྱོང༔ སློབ་མའི་ལུས་ནི་ལྷ་ཡི་སྐུར༔ གསལ་ལ་ཡེ་ཤེས་བརྟན་པར་བྱ༔ སྣང་སྟོང་སྒྱུ་མའི་ཏིང་འཛིན་སྒོམ༔ དེ་ཡི་བྱིན་རླབས་བརྟན་པའི་ཕྱིར༔ ཧྲཱི༔ གསུང་གི་རྡོ་རྗེ་བཅོམ་ལྡན་འདས༔ ཚེ་མཐའ་ཡས་པས་དབང་བསྐུར་བས༔ འཆི་མེད་རྟག་པ་རྡོ་རྗེའི་སྐུར༔ འགྲུབ་པའི་སྐལ་བ་ལྡན་པར་ཤོག༔ ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧྲཱི༔ བྱམས་པ་ཆེན་པོའི་ཡེ་ཤེས་དབྱིངས༔ རྡོ་རྗེའི་མགྱོགས་མ་ཚེ་ཡི་ལྷས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཚེ་མཆོག་འགུགས་པའི་དབང་ཐོབ་ཤོག༔ ཧྲཱི༔ སྙིང་རྗེ་ཆེན་པོའི་ཡེ་ཤེས་དབྱིངས༔ རིན་ཆེན་མགྱོགས་མ་ཚེ་ཡི་ལྷས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཕོ་མེད་སྡོམ་པའི་དབང་ཐོབ་ཤོག༔ ཧྲཱི༔ དགའ་བ་ཆེན་པོའི་ཡེ་ཤེས་དབྱིངས༔ པདྨའི་མགྱོགས་མ་ཚེ་ཡི་ལྷས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ མི་ཕྱེད་མཉམ་པའི་དབང་ཐོབ་ཤོག༔ ཧྲཱི༔ བཏང་སྙོམ་ཆེན་པོའི་ཡེ་ཤེས་དབྱིངས༔ ལས་ཀྱི་མགྱོགས་མ་ཚེ་ཡི་ལྷས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ བཏང་སྙོམ་ཆེན་པོའི་དབང་ཐོབ་ཤོག༔ བསྙེན་སྒྲུབ་སྔགས་ཀྱི་བཟླས་ལུང་སྦྱིན༔ ཨཱ༔ ཡེ་ཤེས་རྣམ་པ་ཐམས་ཅད་པ༔ རྡོ་རྗེ་རིག་པའི་སྔགས་སུ་ཤར༔ སྐལ་ལྡན་ངག་ལ་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྐལ་ལྡན་ཤོག༔ བིདྱ་མནྟྲ་ཨ་བྷི་ཥིཉྩ་ཨ༔ ཡེ་ཤེས་ངང་ལ་མཉམ་པར་བཞག༔ ཨ༔ སེམས་ནི་དུས་གསུམ་སྐྱེ་བ་མེད༔ ཡང་དག་ཡེ་ཤེས་སྙིང་པོའི་སྲོག༔ རྟག་ཏུ་ཆོས་ཀྱི་དབྱིངས་སུ་བཞུགས༔ རང་ལ་གནས་པའི་དེ་ཉིད་ལྟོས༔ ཨ་ཨ་ཨཿ ཞེས་མཉམ་པར་བཞག༔ ཚེ་ཡི་བདུད་རྩི་སྦྱིན་བྱས་ལ༔ ཧྲཱི༔ འབྱུང་ལྔའི་དྭངས་མ་སྙིང་པོའི་ཚེ༔ ཡེ་ཤེས་བདུད་རྩིའི་བཅུད་དུ་བསྐྱིལ༔ སྐལ་ལྡན་བུ་ལ་བྱིན་པ་ཡིས༔ འཆི་མེད་མཆོག་གི་གནས་ཐོབ་ཤོག༔ ཨ་མྲྀ་ཏ་ཨ་བྷི་ཥིཉྩ་ཧོ༔ རིལ་བུ་སྙིང་གར་གཏུགས་ཤིང་རོལ༔ ཧྲཱི༔ ཡེ་ཤེས་སེམས་དཔའ་ཚེ་ཡི་ལྷ༔ སྙིང་གི་དཀྱིལ་དུ་གཉིས་མེད་བཞུགས༔ དངོས་གྲུབ་བརྡ་ཡི་རིལ་བུ་འདིས༔ དོན་གྱི་གནས་ལུགས་རྟོགས་པར་ཤོག༔ ར་ས་ཡ་ན་ཨ་བྷི་ཥིཉྩ་ཧོ༔ མཐའ་བརྟན་བྱིན་རླབས་བརྟན་པའི་ཕྱིར༔ ཚེ་ཡི་འབྲང་རྒྱས་སྤྱི་བོར་བཞག༔ ཧྲཱིཿཧྲཱིཿཧྲཱི༔ འོད་སྣང་མཐའ་ཡས་བཅོམ་ལྡན་ཚེ་དཔག་མེད༔ འཆི་མེད་རྔ་སྒྲ་གསུང་གི་རྡོ་རྗེའི་ལྷ༔ གར་གྱི་དབང་ཕྱུག་པདྨའི་དཀྱིལ་འཁོར་གཙོ༔ འཆི་མེད་མགྱོགས་མ་ལྷ་མོའི་ཚོགས་བཅས་ཀྱིས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྐྱེ་འཆི་མེད་པ་ཚེ་ཡི་དབང་ཐོབ་ནས༔ འཆི་བདག་ལ་སོགས་བདུད་བཞི་ལས་རྒྱལ་ཏེ༔ དངོས་གྲུབ་མཆོག་གི་སྐལ་བ་ལྡན་པར་ཤོག༔ ཨོཾ་ཛྙཱ་ན་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ དྭངས་མ་ཡེ་ཤེས་སྲོག་ལ་བསྟིམ༔ གཉིས་སུ་མེད་པར་རྒྱས་བཏབ་ཕྱིར༔ ཨ༔ རྣམ་ཀུན་མཆོག་ལྡན་དབྱིངས་ཀྱི་ཀློང༔ ཡེ་ཤེས་ཆེན་པོའི་རྒྱས་བཏབ་པས༔ རྟག་ཏུ་འཕོ་འགྱུར་མེད་པ་ཡི༔ ཐིག་ལེ་གཅིག་ཏུ་གནས་པར་ཤོག༔ དྷརྨ་དྷཱ་ཏུ་ཨ༔ གཉིས་པ་ནང་གི་དབང་བསྐུར་ནི༔ བླ་མ་ཚེ་བདག་ཡབ་ཡུམ་སྒོམས༔ གནས་ལྔར་རིགས་ལྔའི་སྟངས་དཔྱལ་ཏེ༔ གཉིས་མེད་རོལ་པའི་འོད་དང་སྒྲས༔ སངས་རྒྱས་ཐམས་ཅད་སྙོམས་པར་ཞུགས༔ བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆར༔ བབས་པ་བདག་པོའི་ལུས་ལ་ཞུགས༔ ཆགས་པའི་མེ་ཡིས་བཞུས་པ་ཡི༔ བྱང་ཆུབ་སེམས་ཀྱི་བདུད་རྩིར་འདྲེས༔ མཁའ་གསང་ལྷག་པའི་སེམས་ཀྱི་སྤྲིན༔ སློབ་མས་གཙང་དམེ་མེད་པར་རོལ༔ བརྟུལ་ཞུགས་མཉམ་པའི་དབང་བསྐུར་ཕྱིར༔ ཐོག་མར་གསོལ་གདབ་མཎྜལ་ཕུལ༔ ཨེ་མ་དཀྱིལ་འཁོར་དབང་ཕྱུག་གཙོ༔ བདེ་བ་ཆེན་པོ་བླ་མ་དགོངས༔ བདག་ནི་སེམས་དཔའ་ཆེན་པོ་སྟེ༔ གསང་བ་ཟབ་མོའི་སྐལ་བར་ལྡན༔ ཁྱོད་ལ་ཡང་དག་སྐྱབས་སུ་མཆི༔ བླ་མེད་ངེས་པའི་ལམ་འདོད་པས༔ སྙིང་པོའི་དཀྱིལ་འཁོར་འཇུག་ལ་སྤྲོ༔ མཉམ་ཉིད་བརྟུལ་ཞུགས་སྤྱོད་པའི་ཕྱིར༔ གསང་བའི་དབང་མཆོག་བདག་ལ་སྩོལ༔ ལན་དུ་རྡོ་རྗེའི་ཚིག་གདབ་པ༔ བླ་ན་མེད་པ་གསང་བའི་ལམ༔ སངས་རྒྱས་བྱང་ཆུབ་བདེ་བ་ཆེའི༔ སྐལ་བ་མཆོག་ཏུ་ཁྱོད་སྒྲུབ་ན༔ དེ་རིང་ཕ་ཡི་གམ་དུ་ཤོག༔ སྤྲོ་དགའ་དང་བཅས་གནས་པ་ལ༔ བྷནྡྷའི་བདུད་རྩི་གནས་བཞིར་བཞག༔ གཙང་དམེ་མེད་པར་སྤྱོད་ནས་ཀྱང༔ ཨཱཿ མཚན་ལྡན་པདྨ་བྷཉྫའི་སྣོད༔ ལྷག་པའི་སེམས་ཀྱི་བདུད་རྩི་བསྐྱིལ༔ བུ་ཡི་རྡོ་རྗེའི་ལྕེ་ལ་བཞག༔ གཉིས་སུ་མེད་པར་རོལ་ཏེ་བླང༔ བྷོ་དྷི་ཙིཏྟ་ཨ་ལ་ལ་ཧོ༔ བུ་ཡིས་བདུད་རྩི་འཐུང་བའི་མོད༔ ཚེ་དཔག་མེད་པ་སྟངས་དཔྱལ་གྱི༔ འཁོར་ལོ་ལྔ་རུ་དཀྱིལ་འཁོར་བཀོད༔ རང་བྱུང་རང་ཤར་ཚེ་ཡི་ལྷ༔ མ་འདྲེས་གསལ་རྫོགས་ཚུལ་དུ་ཤར༔ ལྕེ་ནི་རྡོ་རྗེ་རྩེ་གསུམ་པའི༔ ལམ་བརྒྱུད་བདུད་རྩིའི་ལུས་གང་སྟེ༔ ལྷ་ཚོགས་ཐམས་ཅད་དགྱེས་པ་སྐྱེད༔ དྭངས་མའི་བདུད་རྩིས་ཕུང་ཁམས་སྦྱངས༔ སྣང་སྟོང་སྒྱུ་མའི་ཏིང་འཛིན་ལ༔ མཉམ་པར་བཞག་སྟེ་བུམ་ཅན་བཟུང༔ དེ་ནི་བུམ་པའི་དབང་བསྐུར་རོ༔ བྱང་ཆུབ་སེམས་ཀྱི་ཟེགས་མ་ཡིས༔ ལུས་དཀྱིལ་ལྷ་རྣམས་དགྱེས་པ་བསྐྱེད༔ བདེ་ཆེན་རོལ་པས་སྦྱོར་བ་ཡི༔ སེམས་ཀྱི་ཆུ་རྒྱུན་རྩ་རྣམས་གང༔ རགས་པའི་ཕུང་ཁམས་ཐམས་ཅད་སྦྱངས༔ དྭངས་མའི་དབང་ཤེས་ལྷ་རུ་སད༔ ཡེ་ཤེས་སྒྱུ་མའི་སྐུ་ཐོབ་བསམ༔ ཧྲཱི༔ བདུད་རྩིའི་སྙིང་པོ་རང་བྱུང་བ༔ དཀར་རྩི་དམར་རྩི་དྲི་ཆུ་དང༔ དྲི་ཆེན་གོ་རོ་ཙ་ན་ཡི༔ སྙིང་པོའི་བཅུད་ལེན་རོལ་བར་གྱིས༔ བི་མུ་མ་ར་ཤུ་ཨ་མྲྀ་ཏ་ཨ་ལ་ལ་ཧོ༔ གསང་བ་སེམས་ཀྱི་དབང་བསྐུར་རོ༔ རང་ཉིད་དཀྱིལ་འཁོར་སྟངས་དང་དཔྱལ༔ གཉིས་མེད་སྦྱོར་བའི་བདེ་བ་ཡིས༔ ལུས་དཀྱིལ་ལྷ་ཚོགས་མཆོག་ཏུ་དགྱེས༔ འོད་ཀྱིས་བརྟན་གཡོའི་དྭངས་མ་བསྡུས༔ ཐིག་ལེའི་རྣམ་པར་ལུས་ལ་ཐིམ༔ དྭངས་མས་ནང་གང་འཆི་མེད་ཀྱི༔ གྲུབ་པའི་བདུད་རྩིའི་ལུས་སེམས་རྒྱས༔ སྙིང་པོ་མི་འགྱུར་སྲོག་ལྡན་དམིགས༔ ཧྲཱི༔ ལུས་ཀྱི་སྙིང་པོ་ཤ་ཆེན་ལྔ༔ ངོ་མཚར་བཅུད་ཀྱི་ལེན་པའི་མཆོག༔ སྒྲུབ་པའི་དམ་ཚིག་རྫས་ཆེན་པོ༔ རོལ་གཅིག་དངོས་གྲུབ་མཆོག་ཐོབ་ཤོག༔ གོ་ཀུ་ད་ཧ་ན་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧོ༔ གསུམ་པ་ཤེས་རབ་ཡེ་ཤེས་དབང༔ བདེ་བའི་རང་ངོ་སྟོང་པ་ཉིད༔ སྟོང་ཉིད་གང་དུའང་མི་གནས་པའི༔ ཡེ་ཤེས་བསམ་མི་ཁྱབ་པའི་དབྱིངས༔ མཉམ་པར་བཞག་ལ་རང་ངོ་བསྐྱངས༔ རྡོ་རྗེའི་ཚིག་གིས་ངོ་སྤྲད་པ༔ ཨ༔ ཡང་དག་ཡེ་ཤེས་རྒྱ་ཆེ་བ༔ སྙིང་པོའི་མཆོག་ནི་འགྱུར་བ་མེད༔ རང་བྱུང་རྡོ་རྗེའི་སེམས་ཆེན་པོ༔ སྐྱེ་འགགས་མེད་པའི་ཆོས་འདིའོ༔ ཨ་ཨ་ཨ༔ དཔོན་སློབ་གཉིས་ཀས་མཉམ་པར་བཞག༔ དོན་གྱི་གནས་ལུགས་རང་ངོ་སྤྲད༔ ཡེ་ཤེས་མཆོག་གི་གཤིས་ལུགས་སྐྱོང༔ བཞི་པའི་ངོ་སྤྲོད་ཟབ་པའོ༔ གསུམ་པ་ཤེས་རབ་ཡེ་ཤེས་དབང༔ བདེ་ཆེན་མཆོག་གི་ཉེ་རྒྱུ་ནི༔ རྡོ་རྗེའི་རིགས་ཀྱི་བུ་རྣམས་ནས༔ མཎྜལ་དང་བཅས་གསོལ་བ་གདབ༔ ཨེ་མ་བདེ་མཆོག་དཀྱིལ་འཁོར་གཙོ༔ ལྷན་ཅིག་སྐྱེས་པའི་དགྱེས་པ་ཅན༔ གསང་བ་ཤེས་རབ་དབང་བསྐུར་གྱིས༔ བདག་ལ་སྨིན་པར་མཛད་དུ་གསོལ༔ ལན་དུ་གནང་བ་སྦྱིན་པ་ནི༔ ཀྱེ་ཧོ་ཡང་དག་མཆོག་གི་ལམ༔ སྲས་བཅས་སངས་རྒྱས་ཐམས་ཅད་ཀྱི༔ གསང་བ་བླ་ན་མེད་པ་ཡིས༔ ངེས་པར་ཁྱེད་ཅག་སྨིན་པར་བྱ༔ སྤྲོ་བའི་སེམས་ཀྱིས་གཟུངས་མ་ནི༔ རིགས་ཀྱི་ཌཱ་ཀི་ཙཎྜ་ལིའི༔ ངོ་བོར་བྱིན་བརླབས་གཏད་ནས་སུ༔ གཉིས་མེད་རོལ་པའི་དབང་བསྐུར་ཕྱིར༔ ཐོག་མར་ཤེས་རབ་དགྱེས་མ་ཡིས༔ ཨེ་མ་རྡོ་རྗེའི་རིགས་ཀྱི་བུ༔ ཡང་དག་དོན་ལ་སྦྱོར་འདོད་ན༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱང༔ ང་ལ་མ་བརྟེན་སུ་ཞིག་མཆིས༔ ཐབས་ཀྱི་གསང་བ་རྨད་བྱུང་བའི༔ ལམ་ལ་བརྟེན་པར་ཁྱོད་སྤྲོའམ༔ དྲིས་པའི་ལན་དུ་དཔའ་བོས་གདབ༔ རྡོ་རྗེ་ནམ་མཁའ་སེམས་ཆེན་པོ༔ བདེ་ཆེན་པདྨའི་རེག་བྱ་ཡིས༔ དྲངས་ཏེ་བཙན་ཐབས་སྦྱོར་ནུས་ན༔ ལམ་འདིར་བདག་ཀྱང་སྤྲོ་བས་འཇུག༔ སླར་ཡང་ཤེས་རབ་མ་ཡིས་དྲི༔ གཙང་དམེ་གཉིས་སུ་འཛིན་པའི་བློ༔ ཀུན་ཀྱང་རྟོག་པས་བཏགས་པ་ཙམ༔ དོན་ལ་ཐམས་ཅད་མཉམ་ཉིད་ཕྱིར༔ བྱང་སེམས་བདུད་རྩི་བཟའ་ནུས་སམ༔ བྷ་གའི་པདྨར་འོ་བྱེད་ཅིང༔ ཆོས་ཀུན་འབྱུང་གནས་བདག་ཉིད་ལ༔ གུས་པས་མཆོད་ཅིང་བརྟེན་ནུས་སམ༔ དྲིས་པས་ལན་དུ་གུས་པས་གསོལ༔ བདག་ནི་ཡང་དག་ལམ་འདོད་པས༔ ཁྱོད་ཀྱིས་ཇི་ལྟར་བསྒོ་བ་བཞིན༔ རང་བྱུང་བདུད་རྩིའི་ཟས་ལ་སྤྱོད༔ དཔའ་མོ་ཁྱོད་ལ་ངེས་པར་གུས༔ དེ་ནས་ངོ་ཚ་འཁུ་འཕྲིགས་བློ༔ སྤངས་ཏེ་གཟུངས་མ་གཅེར་བུར་ཕྱུང༔ དགྱེས་པས་པང་དུ་སོན་པ་དང༔ འདུ་ཤེས་གསུམ་གྱིས་རོལ་པའི་ཕྱིར༔ དགའ་བའི་གནས་སྦྱིན་པདྨ་ཅན༔ སྣ་ཚོགས་གཟུགས་ཅན་ལྷན་ཅིག་སྐྱེས༔ གཉིས་མེད་རོལ་པའི་བློ་གྲོས་ཅན༔ སྤྲོ་དགས་རོལ་ལ་མཆོད་པར་གྱིས༔ པདྨ་བྷཉྫ་མོཀྵ་ཧོ༔ དཔའ་མོ་གདན་གསུམ་དཀྱིལ་འཁོར་གྱི༔ ཁྱབ་བདག་ཤེས་པ་བུམ་པའི་དབང༔ ཕྱག་རྒྱ་བཞི་ཡིས་འཁྱུད་སྡོམ་སྤྲད༔ རོལ་པའི་ལུས་ཀྱི་དཀྱིལ་འཁོར་བཅས༔ སྦྱོར་བའི་བྱང་ཆུབ་སེམས་ཆེན་པོ༔ རི་བོང་འཛིན་པ་གཙུག་ནས་གཡོས༔ ཡས་བབ་རྒྱུ་ཡི་དགའ་བ་བཞི༔ ངོ་སྤྲད་བསྐྱོད་ཅིང་བསྐྱོད་པ་ཡི༔ རྡོ་རྗེ་ནོར་བུའི་བུམ་པ་གང༔ འཛག་ཏུ་མི་གཞུག་བདེ་བ་ཆེས༔ རྟོག་པའི་རྒྱུ་བ་བཀག་ལ་བལྟ༔ གཡོ་དུས་སྲུབ་འཕྲོ་བཅད་ནས་སུ༔ སེམས་ཀྱི་གཤིས་ལུགས་མ་ཉམས་སྐྱོངས༔ རླུང་གི་ལྕགས་ཀྱུས་ཐིག་ལེ་བཟློག༔ མས་བརྟན་འབྲས་བུའི་དགའ་བཞི་ཡིས༔ ལུགས་ལྡོག་འཁོར་ལོ་བཞིར་དྲངས་ཏེ༔ རྩ་གནས་ཀུན་ཏུ་ཁྱབ་པར་བཀྲམ༔ དྭངས་མ་ཛ་ལནྡྷ་རར་བསྡུ༔ ཧ་སྤྲུག་གདབ་ཆུང་མང་དུ་བྱ༔ རླུང་སེམས་ཐིག་ལེ་དབྱེར་མེད་པའི༔ རིག་སྟོང་ངོ་བོར་བསྐྱངས་ནས་སུ༔ མཉམ་པར་བཞག་པ་གསང་བའི་དབང༔ སླར་ཡང་བདེ་བ་སྤེལ་བའི་ཕྱིར༔ བལྟ་དགོད་ལག་བཅང་སྒྱུ་རྩལ་སྦྱང༔ འཁྱུད་དང་འོ་བྱ་གསང་ཚིག་སྨྲ༔ བདེ་བ་རྒྱས་པའི་དེ་མ་ཐག༔ སླར་ཡང་རོལ་པས་བྱང་ཆུབ་སེམས༔ ཡས་བབ་མས་བརྟན་དགའ་བཞི་སྦྱང༔ ལུས་དཀྱིལ་ལྷ་རྣམས་བདེ་བ་གཡོས༔ རྗེས་ཆགས་མེ་ཡིས་བཞུས་ནས་ཀྱང༔ རང་གི་ལུས་དང་ཕྱག་རྒྱ་མ༔ གཉིས་ཀ་འོད་དུ་ལྟེམ་གྱིས་ཞུ༔ དཔའ་བོ་སྤྱི་བོའི་ཧཾ་ལ་ཐིམ༔ རྣལ་འབྱོར་མ་ནི་ཙཎྜ་ལིར༔ ཐིམ་སྟེ་ཟླ་ཉི་ཐིག་ལེའི་གཟུགས༔ བར་སྣང་གནས་བཞིན་ལྷམ་མེར་གསལ༔ ཐིག་ལེར་སེམས་བཟུང་མཉམ་པར་བཞག༔ ཤེས་རབ་དབང་གི་གྲུབ་མཐའ་སྟེ༔ དེ་ཡང་མི་དམིགས་སྟོང་པར་ཡལ༔ སྟོང་ཞེས་བྱ་བ་བཏགས་པ་ཙམ༔ དོན་ལ་གཉིས་མེད་ཆོས་ཀྱི་སྐུ༔ འོད་གསལ་ཟང་ཐལ་བརྡལ་བ་ཆེའི༔ དེ་ཉིད་བལྟས་ལ་མཉམ་པར་བཞག༔ གོམ་པ་ཆུང་བའི་བློ་ཅན་དག༔ བདེ་བ་ཞེས་ཀྱང་བློས་བཏགས་ཏེ༔ སྐྱེ་འགགས་གནས་པ་ཐམས་ཅད་བྲལ༔ ཡེ་ནས་སྟོང་པ་ཉིད་དུ་གནས༔ དེ་ཕྱིར་བདེ་སྟོང་གཉིས་སུ་མེད༔ མཉམ་པའི་རང་ངོ་བསྐྱངས་ནས་སུ༔ དོན་ལ་མི་གནས་དེ་ཁོ་ན༔ ངོ་སྤྲོད་བཞི་པ་ཞེས་སུ་དབྱེ༔ རྗེས་འབྲེལ་བརྟུལ་ཞུགས་སྤྱོད་པའི་དབང༔ ཧྲཱི༔ གནས་ཡུལ་དཔའ་བོ་རྣལ་འབྱོར་མ༔ ཀུན་ཀྱང་སྤྱོད་པས་དབང་སྡུད་ཕྱིར༔ རྣལ་འབྱོར་དམ་པའི་ཕྱག་རྒྱ་འདི༔ སྐལ་པ་ཅན་ལ་གཏད་དོ་ལོངས༔ ཡོ་གི་ནི་ཨཱ་ལངྐ་ར་ཨ་བྷི་ཥིཉྩ་ཧོ༔ བཟའ་བཅའ་བཏུང་བའི་བདུད་རྩི་གཏད༔ ཧྲཱི༔ རྡོ་རྗེའི་འདོད་ཡོན་ཐམས་ཅད་པ༔ རོལ་ཞིང་སྤྱོད་པས་དགྱེས་པ་བསྐྱེད༔ ཞེན་མེད་སྒྱུ་མའི་དགའ་སྟོན་ལ༔ སྤྱོད་དེ་རྡོ་རྗེའི་བཅུད་སྒྲུབས་ཤིག༔ མ་ཧཱ་སུ་ཁ་ཧོ༔ བཞི་པ་དོན་དམ་ཚིག་གི་དབང༔ ཤེལ་དང་མེ་ལོང་བརྡ་ཡིས་བསྟན༔ ཧྲཱི༔ འཆི་མེད་གཉུག་མ་དོན་གྱི་ཚེ༔ རིག་པ་འོད་གསལ་བྱང་ཆུབ་སེམས༔ ཡེ་ནས་ལྷུན་གྲུབ་ཆོས་ཀྱི་དབྱིངས༔ རང་ལ་གནས་ཤིང་བྲི་གང་བྲལ༔ ཨ་ཨ་ཨ་དྷརྨ་དྷཱ་ཏུ་ཨ༔ ཡེ་ཤེས་དགོངས་པ་བརྡས་མཚོན་པ༔ བུམ་པའི་དབང་སྟེ་དོན་དམ་གྱི༔ མྱོང་བ་སྐྱེས་པ་གསང་བའི་དབང༔ གནས་ལུགས་རང་ངོ་རྒྱུན་མི་ཆད༔ རྣལ་འབྱོར་བྱ་བ་གསུམ་པའི་ལམ༔ ཡིད་དཔྱོད་ཤུན་པ་དང་བྲལ་བ༔ དེ་ཉིད་རྩལ་རྫོགས་བཞི་པའོ༔ ཁྱད་པར་མན་ཤེལ་ཟེར་ལ་ཕྱར༔ སྐུ་གསུམ་རང་སྣང་ངོ་སྤྲད་པ༔ ཧྲཱི༔ རང་སྣང་འོད་གསལ་སྒྲོན་མའི་སྤྲིན༔ མངོན་སུམ་ལམ་བྱེད་སྐལ་བ་ཆེ༔ ཟག་པ་ཟད་པ་རྡོ་རྗེའི་སྐུ༔ མཆོག་ཏུ་མི་འགྱུར་གསེང་ལམ་བསྟན༔ ཨ་ཏི་ཧོ༔ རྗེས་འབྲེལ་བཞུགས་སྟང་གཟིགས་སྟང་གིས༔ འོད་གསལ་རྣལ་འབྱོར་རྟེན་འབྲེལ་བསྒྲིགས༔ དོན་དམ་ཡེ་ཤེས་ཚེ་ཡི་དབང༔ མཐར་ཐུག་ལ་ཟླ་ངེས་པའི་དབང༔ རྣལ་འབྱོར་ཀུན་གྱི་སྐྱེལ་སོ་སྟེ༔ ཐེག་མཆོག་སྙིང་པོའི་དབང་མཆོག་ནི༔ བསྐུར་ཐོབ་བློ་ལས་འདས་པའོ༔ དེ་དག་སྐལ་པའི་ཁྱད་པར་བཞིན༔ ཐ་མ་འབྲིང་དང་མཆོག་ཉིད་དེ༔ རྨད་དུ་བྱུང་བའི་བློ་ཅན་ལ༔ སྨིན་བྱེད་རིམ་པ་བཞིན་དུ་སྦྱིན༔ ཀུན་ལ་དམ་ཚིག་ཁས་བླང་དང༔ གཏང་རག་གསང་བ་སྤྱི་ལྟར་བྱ༔ ཀུན་རྫོབ་རྒྱུ་ཡི་དབང་བསྐུར་ནི༔ ནུས་པ་སད་པའི་རྐྱེན་ཙམ་སྟེ༔ དབང་གི་མཆོག་ནི་རྒྱུད་ལ་གནས༔ ཡེ་ནས་ལྷུན་གྱི་གྲུབ་པར་བཞུགས༔ རིག་པ་དོན་དམ་ཡེ་ཤེས་ལྷ༔ གཞིར་རྫོགས་བུམ་པའི་དབང་བསྐུར་ཏེ༔ འོད་གསལ་སྟོང་ཉིད་རྒྱུན་མི་ཆད༔ གསང་བ་དོན་གྱི་དབང་བསྐུར་དངོས༔ བདེ་དང་མི་རྟོག་མཉམ་པ་ཉིད༔ ལྷུན་གྱིས་གྲུབ་པ་གསུམ་པའི་དབང༔ བསམ་གྱིས་མི་ཁྱབ་དེ་ཁོ་ན༔ བཞི་པ་ཚིག་གི་དབང་ཞེས་སུ༔ བརྡ་རུ་བཏགས་པ་ཙམ་ཉིད་དེ༔ རང་སེམས་གདོད་ནས་མ་སྐྱེས་པ༔ སྐུ་བཞི་ཡོངས་རྫོགས་དབང་གི་མཆོག༔ སེམས་ཅན་ཀུན་ལ་ཁྱབ་པར་གནས༔ དབང་བསྐུར་འདི་དང་མི་ལྡན་ན༔ བསྐྱེད་རྫོགས་འབྲས་བུ་བཏགས་པ་ཙམ༔ ཡེ་ཤེས་མཆོག་གི་བཞུགས་ཚུལ་ལ༔ ངེས་པ་རྙེད་པའི་སྐྱེས་བུ་ནི༔ རོ་གཅིག་དུ་མའི་ཚུལ་ཉིད་ཀྱིས༔ གསང་སྔགས་ལམ་ཀུན་ཡོངས་སུ་རྫོགས༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ དབང་གི་ལེའུ་སྟེ་གཉིས་པའོ༔ དབང་སྲོག་རྒྱུད་ལ་འཛིན་པ་ནི༔ དམ་ཚིག་སྡོམ་ལ་ཡང་དག་གནས༔ ས་མ་ཡ་ལས་འདས་གྱུར་ན༔ དངོས་གྲུབ་འགྲུབ་པའི་དུས་མི་སྲིད༔ ཇི་ལྟར་དམ་བཅས་ཚིག་ཉིད་ལས༔ མི་འདའ་ངེས་པའི་གསང་བ་སྟེ༔ རྩ་བ་སྐུ་གསུང་ཐུགས་ཉིད་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ མེད་ཕྱལ་ལྷུན་གྲུབ་གཅིག་པུ་རུ༔ མཐར་ཐུག་དོན་གྱི་སྐྱེལ་སོ་ཡིན༔ ཁྱད་པར་རྡོ་རྗེའི་ཚེ་སྒྲུབ་པར༔ སྲོག་གཅོད་རྟེན་གསུམ་གཞིག་གཞོམ་སྤང༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་བཞེངས༔ བསོད་ནམས་ཚོགས་ཆེན་མང་དུ་བསགས༔ རྣམ་གཡེངས་སྤང་ལ་རྣལ་འབྱོར་བརྩོན༔ དེ་ནི་ཕྱི་ཡི་དམ་ཚིག་གོ༔ རྟག་ཏུ་ལྷ་ཡི་རྣལ་འབྱོར་སྒོམ༔ གཟུངས་སྔགས་བསྙེན་པའི་བཟླས་པར་འབད༔ བསྐྱེད་རྫོགས་ཏིང་འཛིན་མི་གཡེལ་བས༔ ཐུན་མཚམས་ལམ་ཁྱེར་མི་འབྲལ་སྐྱོངས༔ དུས་གཉན་རྣམས་ལ་ཚོགས་སྐོང་བརྩོན༔ ནང་གི་དམ་ཚིག་སྙིང་པོའོ༔ སྒྲུབ་བྱའི་ལྷ་ཞེས་གཞན་དུ་མེད༔ རང་བྱུང་རྡོ་རྗེའི་ལུས་ལ་གནས༔ རྩ་རླུང་ཐིག་ལེ་དག་པ་ཆེ༔ ཀུན་ཀྱང་སྐུ་གསུང་ཐུགས་ཀྱི་གནས༔ ཡང་དག་རྡོ་རྗེའི་གནས་ཆེན་པོ༔ གཉིས་སུ་མེད་པའི་ཆོས་སུ་བཞུགས༔ དེ་ཉིད་ཤེས་པའི་རྣལ་འབྱོར་གྱིས༔ ཐབས་ཀྱི་ལམ་དང་མ་བྲལ་ན༔ གསང་བ་ངེས་པའི་དམ་ཚིག་གོ༔ ཆོས་ཀུན་འབྱུང་གནས་ཤེས་རབ་མ༔ ལྷན་སྐྱེས་ཡེ་ཤེས་འདྲེན་པའི་དཔྱིད༔ སྒྱུ་མ་ཆེན་པོའི་གཟུགས་ཅན་ལ༔ གུས་ཤིང་དྭངས་བ་དེ་ཁོ་ན༔ རང་རིག་ཡེ་ཤེས་བྱང་ཆུབ་སེམས༔ གདོད་ནས་སྐྱེ་དང་འགག་པ་མེད༔ འཆི་མེད་གཉུག་མའི་གནས་ལུགས་ལ༔ རྣལ་འབྱོར་བྱ་བ་དམ་ཚིག་སྲོག༔ སྣོད་བཅུད་སྐུ་གསུང་ཐུགས་ཀྱི་དབྱིངས༔ རྡོ་རྗེའི་དམ་ཚིག་ཆེན་པོ་ལས༔ ནམ་ཡང་འདའ་བ་མེད་པའི་ཆོས༔ མངོན་སུམ་རྟོགས་ལ་སྲུང་མཚམས་བྲལ༔ དེ་ཉིད་མ་རྟོགས་རྣལ་འབྱོར་པས༔ དྲན་དང་ཤེས་བཞིན་རབ་བརྩོན་པས༔ སྒྲིམས་ཏེ་སེམས་ཀྱི་བློ་བཏུལ་ན༔ དག་པས་དངོས་གྲུབ་ངེས་པར་འཛིན༔ ཚེ་རིང་ནད་མེད་བདེ་ཞིང་སྐྱིད༔ མཐོ་རིས་བདེ་བ་ཕུན་སུམ་ཚོགས༔ ཚེ་ལ་དབང་བའི་རིག་པ་འཛིན༔ སྐུ་ལྔའི་ཡེ་ཤེས་སྲོག་ཀྱང་འགྲུབ༔ ཉམས་ན་འདིར་ཡང་སྡུག་བསྔལ་ཞིང༔ མི་འདོད་འབྲས་བུའི་ཚོགས་ལྡན་ལ༔ ས་འོག་རྡོ་རྗེའི་གྲོང་ཁྱེར་དུ༔ སྡུག་བསྔལ་བསམ་ཡས་མྱོང་བར་འགྱུར༔ དེས་ན་གསང་སྔགས་ལམ་རྣམས་ཀུན༔ དམ་ཚིག་ཉིད་ལ་འདུས་པས་ན༔ སྔགས་པས་མཚན་ཉིད་རབ་ཤེས་པས༔ དམ་ཚིག་ལྡན་ལ་ངེས་བརྩོན་བྱ༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ དམ་ཚིག་གི་ལེའུ་སྟེ་གསུམ་པའོ༔ རིག་པའི་སེམས་དཔས་གསོལ་བ༔ ཀྱེ་ཧོ་མགོན་པོ་ཚེ་དཔག་མེད༔ ཁྱོད་ཉིད་སྒྲུབ་པའི་རྐྱེན་གྱི་ལམ༔ བསྟན་པས་ཐབས་ཀྱི་ངེས་པ་དག༔ བདག་ལ་ཡང་དག་བསྩལ་དུ་གསོལ༔ ཞེས་ཞུས་པ་དང་ཆོས་ཉིད་རྡོ་རྗེའི་རང་སྒྲས་བཀའ་བསྩལ་པ༔ ཐབས་ལ་ཕྱི་ནང་གསང་བ་དང༔ བླ་ན་མེད་པའི་སྒྲུབ་ཚུལ་བཞི༔ དང་པོ་ཡང་དག་ལམ་འདོད་པས༔ བཅོས་མིན་ངེས་འབྱུང་བསམ་པ་བསྐྱེད༔ དལ་དང་འབྱོར་བ་རྙེད་དཀའ་ཞིང༔ འདིས་མཚོན་སྣོད་བཅུད་མི་རྟག་གཡོ༔ གཞན་དུ་རྒྱུ་འབྲས་མི་བསླུ་བས༔ ངེས་པའི་སྲིད་པ་མཐོ་དམན་སྣང༔ གང་དུ་སྐྱེས་ཀྱང་སྡུག་བསྔལ་ཞིང༔ རྟག་ཏུ་ཟག་བཅས་ལས་ཉོན་གྱི༔ བསྐྱེད་པའི་འཁྲུལ་སྣང་མི་ཟད་ལས༔ སྒྲོལ་འདོད་བསམ་པ་རྩེ་གཅིག་པས༔ ཡང་དག་ལམ་ལ་གཅིག་ཅར་བརྩོན༔ གནས་ཁང་བཀོད་པས་བརྒྱན་པ་རུ༔ གཙང་སྦྲ་དང་བཅས་མཆོད་པའི་ཚོགས༔ བསྟར་ལ་ཁྲུས་དང་གཙང་མའི་གདན༔ འཁོད་པས་རྩེ་གཅིག་འདི་ལྟར་བསྒོམ༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾཿ ཆོས་ཀུན་གདོད་ནས་དག་པའི་ཡེ་ཤེས་དབྱིངས༔ འདུ་འབྲལ་མ་དམིགས་འོད་གསལ་སྒྱུ་མའི་འཕྲུལ༔ སྣོད་བཅུད་བདེ་ཆེན་དག་པའི་ཞིང་གི་ཁམས༔ ཚད་དང་ངོ་མཚར་བཀོད་པ་བློ་འདས་དབུས༔ པད་ཟླའི་སྟེང་དུ་གཞི་ལུས་པདྨའི་རིགས༔ རྒྱལ་སྲས་གཞོན་ནུ་སེམས་དཔའི་ཆ་བྱད་དང༔ དམར་གསལ་སེམས་སྐྱིལ་མཉམ་བཞག་ཕྱག་རྒྱ་ཅན༔ གུས་ཤིང་འདུད་པའི་ཚུལ་གྱིས་བཞུགས་པའི་མདུན༔ བྱང་ཆུབ་ཤིང་ཆེན་རབ་ཏུ་རྒྱས་པ་ཡི༔ ངོ་མཚར་གྲིབ་བསིལ་ཡངས་པའི་ལྟེ་བ་ལ༔ རྨ་བྱས་བཏེགས་པའི་རིན་ཆེན་ཁྲི་ཡི་སྟེང༔ པདྨ་འདབ་རྒྱས་ཟླ་བའི་དཀྱིལ་འཁོར་དབུས༔ རྒྱལ་ཀུན་གསུང་གི་སྙིང་པོ་ཡི་གེ་ཧྲཱི༔ དམར་གསལ་འོད་ཟེར་འབར་བའི་ཕུང་པོ་ཅན༔ ཡོངས་གྱུར་ཡོན་ཏན་དཔག་མེད་ཞིང་གི་མགོན༔ ཚེ་དང་ཡེ་ཤེས་མཐའ་ཡས་འོད་དཔག་མེད༔ སྐུ་མདོག་དམར་གསལ་མཚན་དང་དཔེ་བྱད་རྒྱས༔ ལོངས་སྤྱོད་ཡོངས་རྫོགས་རིན་ཆེན་རྒྱན་གྱིས་སྤྲས༔ ཕྱག་གཉིས་མཉམ་བཞག་རིན་ཆེན་བཻ་ཌཱུརྻའི༔ ལྷུང་བཟེད་བདུད་རྩིའི་བཅུད་ཀྱིས་གང་བའི་སྟེང༔ ཚེ་བུམ་འཆི་མེད་བདུད་རྩིའི་གཏམས་པ་བསྣམས༔ གཞོན་མཛེས་ཞི་འཛུམ་བཟང་པོའི་ངང་ཚུལ་ཅན༔ ཏིང་འཛིན་མི་གཡོ་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ ཕུན་ཚོགས་རྣམ་བཀྲ་དར་གྱི་ན་བཟས་ཀླུབས༔ དཔག་ཡས་འོད་ཟེར་བྱེ་བའི་དབུས་ན་རོལ༔ ཕྱོགས་བཞི་མཚམས་བརྒྱད་གཙོ་བོ་དང་མཚུངས་པའི༔ ཚེ་དཔག་མེད་མགོན་རང་འདྲ་བརྒྱད་ཀྱིས་བསྐོར༔ འཁོར་དུ་སངས་རྒྱས་བྱང་སེམས་རིག་པ་འཛིན༔ ལྷ་དང་དྲང་སྲོང་གྲུབ་པའི་སྐྱེས་བུས་བསྐོར༔ ཀུན་ཀྱང་བདག་ལ་དགྱེས་པའི་ངང་ཚུལ་གྱིས༔ མཁྱེན་བརྩེའི་ཡེ་ཤེས་དགོངས་པས་གཟིགས་པར་གྱུར༔ བསྒོམ་པ་ལྟ་བུ་སྤྱན་དྲངས་ཤིང༔ ཁྲུས་དང་གོས་ཟུང་རྒྱན་ཀྱང་འབུལ༔ བཟང་པོ་སྤྱོད་པ་ལས་བྱུང་བའི༔ ཡན་ལག་བདུན་གྱི་ཆོ་ག་བྱ༔ མཎྜལ་ཉེར་སྤྱོད་ལ་སོགས་པའི༔ ཀུན་བཟང་མཆོད་པ་རྒྱ་ཆེར་འབུལ༔ ལྷ་ཚོགས་དགྱེས་པའི་དམ་ཚིག་གིས༔ བྱིན་གྱིས་རླབས་ཤིང་དབང་བསྐུར་བསམ༔ དེ་ནི་བསྙེན་པའི་རྣལ་འབྱོར་རོ༔ རང་ཉིད་སེམས་དཔའི་ཐུགས་ཀ་ནས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ མདུན་བསྐྱེད་གཙོ་བོའི་ཐུགས་རྒྱུད་བསྐུལ༔ དེ་ཡི་ཐུགས་ཀར་ཟླ་བའི་སྟེང༔ ཧྲཱིཿལ་གཟུངས་སྔགས་ཕྲེང་བས་བསྐོར༔ སྔོན་གྱི་ཐུགས་དམ་རྒྱུད་བསྐུལ་ཏེ༔ བརྟན་གཡོའི་ཚེ་ཡི་དྭངས་བཅུད་ཀུན༔ འོད་ཟེར་འཇའ་ཚོན་རྣམ་པར་བསྡུས༔ གཟི་བྱིན་འབར་བའི་འོད་ཀྱི་ཕྲེང༔ བདུད་རྩིའི་ཟེགས་མ་དང་བཅས་སྤྲོས༔ བདག་གི་སྤྱི་བོ་ནས་ཞུགས་ཏེ༔ ལུས་གང་ནད་གདོན་སྡིག་སྒྲིབ་བསལ༔ ཁྱད་པར་ཚེ་ཡི་བགེགས་བར་ཆད༔ ཉི་མས་མུན་བཞིན་སང་གིས་དག༔ ལུས་ཀྱི་བླ་ཚེ་སྲོག་ལ་སོགས༔ ཉམས་པ་མཐའ་དག་ཡུད་ཀྱིས་གསོས༔ ས་བོན་བརླན་གྱིས་བྲན་པ་བཞིན༔ ལང་ཚོའི་དཔལ་ཡོན་རྒྱས་པར་གྱུར༔ འཆི་མེད་མཆོག་གི་དངོས་གྲུབ་ཀྱིས༔ ལྷ་དང་སྐལ་པ་མཉམ་པར་གྱུར༔ ཨོཾ་ན་མོ་བྷ་ག་བ་ཏེ་ཨ་པ་ར་མི་ཏ་ཨཱ་ཡུརྫྙཱན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ༔ ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ༔ ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུཨུ⁽1419⁾རྣ1$0000240ག1$0000300་ཏེ་ཏེ་སྭ་བྷཱ་ཝ༔ བི་ཤུདྡྷེ༔ མ་ཧཱ་ན་ཡ་པ་རི་ཝ་རེ་སྭཱ་ཧཱ༔ དད་མོས་གདུང་བ་རྩེ་གཅིག་པས༔ ཏིང་འཛིན་གཞན་དུ་མི་འགྱུར་པ༔ རྩེ་གཅིག་གཏད་དེ་ཉམས་བླང་བས༔ དངོས་ཉམས་རྨི་ལམ་གང་རུང་བར༔ ཞལ་བསྟན་གསུང་གི་དབུགས་དབྱུང་དང༔ ཏིང་འཛིན་ཡོན་ཏན་རྒྱུད་ལ་སྐྱེ༔ མེ་ཏོག་ཚལ་ཕྱིན་ཁྲུས་བྱས་དང༔ གོས་གསར་གྱོན་དང་མཁའ་ལ་འཕུར༔ རི་བོའི་རྩེར་འཛེགས་ཆུ་ལས་བརྒལ༔ བདུད་རྩི་འཐུང་སོགས་ངོ་མཚར་བའི༔ མཚན་མ་བརྟན་པོ་ཐོབ་པ་དང༔ གཟུངས་སྔགས་འབུམ་ཕྲག་བཞི་བཟླས་འགྲུབ༔ ཐུན་མཚམས་གཟུངས་མདོ་གུས་པས་བཀླག༔ གཏོར་མ་འབུལ་ལ་མཆོད་པ་དང༔ བསྟོད་པའི་དབྱངས་ཀྱིས་ཐུགས་རྒྱུད་བསྐུལ༔ མདུན་བསྐྱེད་ལྷ་ཚོགས་མ་ལུས་པ༔ དགྱེས་པའི་འོད་ཀྱིས་བདག་ལ་རེག༔ འཆི་མེད་ཚེ་དང་ཡེ་ཤེས་ཀྱི༔ དངོས་གྲུབ་སྐལ་པ་བཟང་པོར་སྦྱོར༔ ཚོགས་ཞིང་དག་པའི་ཞིང་རྣམས་སུ༔ རྫུ་འཕྲུལ་སྟོབས་ཀྱིས་བྱོན་པར་བསམ༔ རང་ཉིད་སེམས་དཔའི་ང་རྒྱལ་གྱིས༔ ཕྱག་འཚལ་མཆོད་རྟེན་བསྐོར་བ་དང༔ མདོ་སྡེ་བྲི་དང་ཆོས་འཆད་སོགས༔ རྣམ་དཀར་སྤྱོད་པས་དུས་འདའ་བྱ༔ ཁྱད་པར་སྲོག་བསླུ་མར་མེ་དང༔ ལམ་འཕྲང་བཅོས་དང་ཟམ་པ་འཛུགས༔ འགྲོ་ལ་མི་འཇིགས་སྦྱིན་པ་ལ༔ བརྩོན་པས་རིང་འཚོའི་སྐལ་ལྡན་འགྱུར༔ ས་མ་ཡ༔ སྐབས་སུ་སྡིག་སྒྲིབ་ཞི་བའི་ཕྱིར༔ སྟེགས་བུར་རིན་ཆེན་བུམ་པ་བཀོད༔ མཆོད་པས་བསྐོར་ལ་གཙང་སྦྲ་བཅས༔ ཁྲུས་ཀྱི་རྣལ་འབྱོར་བྱ་བ་ནི༔ ཨ༔ མདུན་དུ་རིན་ཆེན་བུམ་པ་ཆེ༔ མཚན་ཉིད་རྫོགས་པའི་གཞལ་ཡས་ཁང༔ བདུད་རྩིའི་རྒྱ་མཚོ་ཡངས་པའི་དབུས༔ པདྨའི་སྡོང་བུ་འདབ་རྒྱས་སྟེང༔ ཧྲཱིཿལས་བཅོམ་ལྡན་ཚེ་དཔག་མེད༔ སྣང་མཐའ་ཡས་པ་སྤྲུལ་སྐུའི་ཆས༔ དམར་སེར་མཚན་དཔེའི་གཟི་བྱིན་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྐུ་ལ་ཆོས་གོས་རྣམ་གསུམ་གསོལ༔ ཕྱག་གཉིས་མཉམ་བཞག་ཕྱག་རྒྱའི་སྟེང༔ བུམ་པ་བདུད་རྩིས་གང་བ་བསྣམས༔ ཤིན་ཏུ་ཞི་འཛུམ་དགྱེས་པའི་ཚུལ༔ སྣང་སྟོང་འོད་ཀྱི་ཕུང་པོར་གསལ༔ ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ༔ རྩེ་གཅིག་གསོལ་བ་བཏབ་པ་ཡི༔ སྐུ་ལས་ཡེ་ཤེས་འོད་ཀྱི་ཕྲེང༔ བདུད་རྩིའི་ཟེགས་མ་ཆར་ལྟར་བྲུལ༔ བུམ་པའི་གཟུངས་ཆབ་ལ་ཐིམ་ནས༔ ནད་གདོན་སྡིག་སྒྲིབ་ཀུན་སེལ་བྱེད༔ ཡེ་ཤེས་ངོ་བོར་བྱིན་བརླབས་བསམ༔ གཟུངས་སྔགས་རྩེ་གཅིག་བཟླས་ལ་འབད༔ མཐར་ནི་བསྒྲུབ་བྱ་ཐ་མལ་དུ༔ གནས་པའི་སྤྱི་བོར་སངས་རྒྱས་ཀྱི༔ ཐུགས་ནས་སྤྲུལ་པའི་ལྷ་ཡི་ཚོགས༔ ནམ་མཁའ་གང་བས་རིན་པོ་ཆེའི༔ བུམ་པ་བཟང་པོའི་ཁྲུས་བྱས་ཏེ༔ ནད་གདོན་སྡུག་བསྔལ་སྡིག་སྒྲིབ་ཚོགས༔ ལྷག་མེད་བཀྲུས་ཤིང་བྱང་བར་བསམ༔ ཕར་ཕྱིན་དྲུག་གི་ཚིག་བཅད་དང༔ གཟུངས་སྔགས་སྤེལ་ལ་ཆུ་ཡིས་བཀྲུ༔ རྨ་བྱའི་སྒྲོས་བྱབས་རྡོ་རྗེ་ཡི༔ གོ་ཆ་བསྐོན་ལ་རྒྱས་གདབ་བྱ༔ དེ་ཡིས་མི་མཐུན་ཀུན་བྱང་སྟེ༔ བསྲུང་བྱ་བཀྲ་ཤིས་སྟན་ལ་བཀོད༔ གནས་གསུམ་བྱིན་རླབས་གྲུབ་པའི་རྫས༔ དུ་མས་མངའ་གསོལ་ཤིས་པ་བརྗོད༔ འདིས་ནི་ཚེ་ཡི་མི་མཐུན་ཕྱོགས༔ སྤྱི་དང་བྱེ་བྲག་མཐའ་དག་སྦྱངས༔ དེ་ཕྱིར་བློ་དང་ལྡན་པའི་བུས༔ ཐུན་མཚམས་ཉམས་སུ་ལེན་པར་བྱ༔ ས་མ་ཡ༔ བསོད་ནམས་བསགས་པའི་མཐུ་མེད་ན༔ དངོས་གྲུབ་སྒྲུབ་ལ་བུལ་བས་ན༔ ཆོས་སྐུའི་མཆོད་སྡོང་ཚུལ་བཞིན་བཞེངས༔ ཁྱད་པར་མཚན་བརྒྱའི་གཟུངས་ཀྱིས་གཏམ༔ བུམ་ནང་དཀྱིལ་འཁོར་ལེགས་བཀོད་དེ༔ བླ་བྲེ་བ་དན་རྒྱན་གྱིས་སྤྲས༔ ཕུན་ཚོགས་མཆོད་པས་མདུན་བདར་ཏེ༔ གཟུངས་སྔགས་བཟླ་བཞིན་བསྐོར་བ་བྱ༔ དུས་སུ་དྲི་བཟང་རིན་པོ་ཆེའི༔ ཁུ་བའི་བསྙེན་བཀུར་ན་བཟའ་དང༔ ཁྱད་པར་སྣང་གསལ་ཕྲེང་བའི་ཚོགས༔ བརྒྱ་རྩ་ལ་སོགས་བསྟར་ནས་སུ༔ ཨོཾ༔ ཀུན་ཏུ་བཟང་པོ་བླ་མེད་པའི༔ སྣང་གསལ་རིན་ཆེན་འོད་ཀྱི་ཕྲེང༔ ངོ་མཚར་བཀོད་པ་རྨད་བྱུང་བའི༔ མཆོད་སྤྲིན་སྣང་ཞིང་འཆར་བ་ཡི༔ སྲིད་ན་མཛེས་པའི་ཉི་ཟླ་དང༔ ལྷ་ཀླུ་མི་ཡི་ནོར་བུའི་ཚོགས༔ འོད་དང་གཟི་བྱིན་བསམ་ཡས་པ༔ ཀུན་ཏུ་འབར་བའི་བཀོད་པ་ཆེ༔ མཐའ་དག་བློ་ཡིས་ལེགས་བླང་སྟེ༔ འཆི་མེད་མགོན་པོ་ཚེ་མཐའ་ཡས༔ འོད་སྣང་དཔག་མེད་འཇིག་རྟེན་མགོན༔ སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས༔ དཔག་ཡས་འཁོར་དང་བཅས་པ་ལ༔ གུས་པའི་སེམས་ཀྱིས་འབུལ་ལགས་ན༔ དགྱེས་པ་ཆེན་པོས་བཞེས་ནས་ཀྱང༔ དུས་མིན་འཆི་བའི་སྡུག་བསྔལ་དང༔ ནད་གདོན་བར་གཅོད་མཐའ་དག་སོལ༔ ཚེ་དང་ཡེ་ཤེས་བསོད་ནམས་ཚོགས༔ འཕེལ་ཞིང་རྒྱས་པར་མཛད་དུ་གསོལ༔ བཅོམ་ལྡན་སྣང་བ་མཐའ་ཡས་ཀྱི༔ གསང་བ་གཉིས་སུ་མེད་པ་ཡི༔ བྱིན་རླབས་ད་ལྟ་ཉིད་དུ་སྩོལ༔ འཆི་མེད་མཆོག་གི་སྐལ་ལྡན་མཛོད༔ རཏྣ་དཱི་པ་པཱུ་ཛ་མེ་གྷ་སྥ་ར་ཎ་པྲ་མ་ཡ་ཧོ༔ ཞེས་འབུལ་གསོལ་བ་སྙིང་ནས་གདབ༔ ཡང་ཡང་འཕུལ་བས་ཚེ་འཕེལ་ཞིང༔ བསོད་ནམས་ཚོགས་ཆེན་ངེས་པར་རྫོགས༔ དངོས་གྲུབ་སྐལ་པ་མཆོག་ཏུ་འགྱུར༔ ས་མ་ཡ༔ ཐུན་མོང་དབང་གིས་རྗེས་འཛིན་ན༔ དཀྱིལ་འཁོར་ཆོ་ག་བཞིན་དུ་བཤམས༔ བདག་མདུན་བཟླས་པ་ཡང་དག་བྱ༔ ཁྱད་པར་བུམ་པ་གཞུང་བཞིན་སྒྲུབ༔ ཁྲུས་ཀྱི་ཆོ་ག་སྔོན་འགྲོ་བས༔ སྣོད་དང་ལྡན་པའི་སློབ་མ་ཡིས༔ མགོན་པོ་དཀྱིལ་འཁོར་དབང་ཕྱུག་དགོངས༔ བདག་ནི་ངེས་པར་རྡོ་རྗེའི་རིགས༔ སྐལ་པ་བཟང་པོའི་སྣོད་ལྡན་ཕྱིར༔ བདག་ཅག་ཡང་དག་སྨིན་པར་མཛོད༔ སྐྱབས་སེམས་སྡོམ་པ་བཟུང་བའི་རྗེས༔ རིན་ཆེན་བུམ་པའི་དབང་བསྐུར་སྦྱིན༔ ཨོཾ༔ བུམ་པ་བཟང་པོ་ཆེ་བའི་མཆོག༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་བཏམས༔ སྐལ་ལྡན་བུ་ལ་དབང་སྦྱིན་པས༔ ཡང་དག་སྣོད་དང་ལྡན་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཆུ་ཡིས་བཀྲུ་ཞིང་བླུད་ནས་སུ༔ ལུས་གང་བདུད་རྩིའི་ཟེགས་མ་ཡིས༔ སྤྱི་བོར་རྒྱས་བཏབ་རིགས་ཀྱི་བདག༔ སྣང་མཐའ་ཡས་པའི་རྒྱས་བཏབ་བསམ༔ ནོར་བུའི་ཅོད་པན་ཐོད་དུ་བཅིང༔ ཨོཾ༔ སངས་རྒྱས་ཡེ་ཤེས་རིགས་མཆོག་ལྔ༔ མཚོན་བྱེད་རིན་ཆེན་ཅོད་པན་འདིས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཆོས་ཀྱི་རྒྱལ་པོ་དབང་བསྒྱུར་ཤོག༔ ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ སྤྲོ་ན་བཟླས་པའི་ལུང་བཅས་བྱ༔ དེས་ནི་ཉམས་ལེན་སྣོད་ལྡན་འགྱུར༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ རྡོ་རྗེ་ཚེ་ཡི་ཕྱི་སྒྲུབ་བསྟན་པའི་ལེའུ་སྟེ་བཞི་པའོ༔ གཉིས་པ་ནང་ལྟར་སྒྲུབ་པ་ལ༔ དཀྱིལ་འཁོར་མཚན་ཉིད་ལྡན་བཞེངས་ཕྱིར༔ ཐོག་མར་ས་གཞི་བརྟགས་བསླང་སྦྱངས༔ ལས་སུ་རུང་བའི་སྟེགས་བུ་རུ༔ ཐིག་ཚོན་བྱ་བ་སྤྱི་ལྟར་བྱ༔ ལྷ་ཚོགས་སྟ་གོན་སྙན་གསན་དབབ༔ ཨོཾ༔ མགོན་པོ་ཀུན་གཟིགས་ཐམས་ཅད་མཁྱེན༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ བདག་གི་གནས་འདིར་ཡེ་ཤེས་ལྷའི༔ ཕོ་བྲང་ཆེན་པོ་བཞེངས་འཚལ་གྱིས༔ བདག་ཅག་རྡོ་རྗེའི་རིག་པ་འཛིན༔ ཡང་དག་མཆོག་གི་ལམ་འདོད་ཀྱིས༔ བརྩེ་བ་ཆེན་པོས་དགོངས་ནས་ཀྱང༔ ས་ཡི་གནས་འདིར་དཀྱིལ་འཁོར་བཞེངས༔ བསྙེན་སྒྲུབ་གཞུང་བཞིན་བགྱིད་ལགས་ཀྱིས༔ དགྱེས་པའི་གར་གྱིས་གནང་བ་དང༔ དངོས་གྲུབ་སྐལ་པ་བཟང་པོར་སྩོལ༔ ཞེས་ཞུས་གནང་བ་དང་བཅས་ཏེ༔ ཡེ་ཤེས་མཁར་བཏེགས་ཚོམ་བུ་བསྡུ༔ བུམ་པ་ལྷ་ཡི་གྲངས་མཉམ་པ༔ བགེགས་བསྐྲད་དྲི་བཟང་ཆུ་ཡིས་བཀང༔ ལྔ་ཚན་རྫས་བཏབ་ལྷ་ཚོགས་བསྐྱེད༔ བཟླས་མཐར་འོད་ཞུ་ནུས་ལྡན་བྱ༔ སློབ་མ་རྡོ་རྗེའི་སྣོད་ལྡན་པ༔ ཟུང་དུ་མ་གྱུར་ཁྲུས་ནས་དབྱུང༔ ཆོས་བཤད་རྒྱུད་སྦྱངས་བློ་བཅོས་ཏེ༔ དྲི་ལྡན་ཤིང་གི་སོ་ཤིང་ནི༔ ཧ་ས་ཧ་ཡིས་བྱིན་བརླབས་གཏད༔ མཎྜལ་དབུས་དོར་བརྟགས་པ་ཡིས༔ ཕྱོགས་བཞིར་ལས་བཞི་དབུས་སུ་མཆོག༔ འགྲུབ་པའི་སྐལ་བར་ལྡན་ཤེས་བྱ༔ ལས་ཀྱི་ཁྲོ་བོ་ཧྱ་གྲྀར༔ བསྐྱེད་པའི་ཁྱོར་ཆུ་བྱིན་བརླབས་སྦྱིན༔ ཨོཾ་པདྨ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ༔ སྲུང་སྐུད་དམར་པོ་རྡོ་རྗེ་ཡི༔ མདུད་པ་གསུམ་ལྡན་དཔུང་པར་བཅིང༔ པདྨ་མཐར་བྱེད་གསལ་བ་ཡིས༔ བར་ཆད་མཐའ་དག་སྲུང་བར་མོས༔ གཙང་ཞིང་དག་པའི་ཀུ་ཤ་སྦྱིན༔ ཨོཾ༔ དག་བྱེད་བཀྲ་ཤིས་ལྷ་ཡི་རྫས༔ ངོ་མཚར་འཇིག་རྟེན་དགེ་བའི་མཆོག༔ རིགས་ཀྱི་བུ་ཡི་སྟན་དུ་གྱིས༔ བཟང་པོའི་རྨི་ལམ་མཐོང་ཡང་སྲིད༔ དྷཱི་ཧཱུྃ༔ སློབ་མ་ལྷ་ཡི་སྐུར་གསལ་ཏེ༔ སྐྱེ་མཆེད་བྱིན་བརླབས་མཆོད་ཚོགས་ཀྱིས༔ མངའ་འབུལ་ཆོས་བཤད་ལྷག་པར་གནས༔ དངོས་གྲུབ་མཆོག་གི་སྐལ་པ་ཡི༔ རྨི་ལམ་བརྟགས་ལ་ངན་ན་སྦྱངས༔ བཟང་པོར་མཐོང་ན་སྣོད་ལྡན་པས༔ དཀྱིལ་འཁོར་མཆོག་ཏུ་གཞུག་པར་བྱ༔ དངོས་གཞི་སློབ་མ་འཇུག་པ་བཞིན༔ ཀུན་བྱས་དབང་ཕྱུག་རིག་པས་འཇུག༔ གནང་བ་ཞུས་ཏེ་ཐོབ་པའི་རྗེས༔ རིམ་པས་ཆོ་གས་དབང་བསྐུར་བྱ༔ རྟོགས་གོམ་ཏིང་འཛིན་ལྡན་པ་ཡིས༔ རིག་པའི་མེ་ཏོག་དོར་བ་ནི༔ ཨོཾ༔ བཅོམ་ལྡན་མགོན་པོ་སྣང་མཐའ་ཡས༔ དཀྱིལ་འཁོར་ལྷ་ཚོགས་བསམ་ཡས་པའི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ ཡེ་ཤེས་དབྱིངས་སུ་བདག་སྦྱོར་ཅིག༔ ཨོཾ་བཛྲ་ས་མ་ཡ་ཨོཾ༔ ཨཱཿབཛྲ་ས་མ་ཡ་ཨཱཿ ཧཱུྃ་བཛྲ་ས་མ་ཡ་ཧཱུྃ༔ སྭཱ་བཛྲ་ས་མ་ཡ་སྭཱ༔ ཧཱ་བཛྲ་ས་མ་ཡ་ཧཱ༔ ཨོཾ༔ རྡོ་རྗེ་བཞི་ཡི་ཡེ་ཤེས་དབྱིངས༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྙིང་པོའི་དཀྱིལ་འཁོར་དམ་པ་འདིར༔ བདག་གི་སློབ་མ་འཇུག་པར་བགྱི༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ༔ ཨོཾ་བཛྲ་ས་མ་ཡ་སྟྭྃ༔ ཨོཾ་བཛྲ་ས་མ་ཡ་ཧོ༔ དཀྱིལ་འཁོར་བདག་པོའི་གསང་གསུམ་དང༔ གཉིས་སུ་མེད་པའི་ང་རྒྱལ་གྱིས༔ མཉམ་པ་ཆེན་པོར་རོལ་པའི་དབང༔ རྡོ་རྗེའི་བུ་ལ་སྦྱིན་པར་བྱ༔ ས་མ་ཡ༔ སྨིན་པའི་རྗེས་སུ་སྣོད་བཅུད་ཀུན༔ ཡེ་ཤེས་ལྷ་ཡི་ཕྱག་རྒྱ་བསྒོམས༔ འགལ་རྐྱེན་བགེགས་ཀྱི་ཚོགས་བསྐྲད་ཕྱིར༔ རྟ་མཆོག་རོལ་པའི་ང་རྒྱལ་གྱིས༔ ཧྲཱི༔ ང་ནི་དབང་ཆེན་ཧེ་རུ་ཀ༔ འཁོར་འདས་ཡོངས་ཀྱི་རྗེ་བཙན་ཏེ༔ ཚེ་བདུད་ལོག་འདྲེན་བར་ཆད་བདུད༔ བསྙེན་པའི་སྐབས། སྔོན་གྱི་བག་ཆགས་ངན་པ་ཡིས༔ གསང་སྤྱོད་ལྟ་བའི་སྐལ་མེད་ཕྱིར༔ གནས་འདིར་མ་འདུག་གཞན་དུ་སོང༔ ཞེས་ཁ་བསྒྱུར། མཆན། སྔོན་གྱི་ལན་ཆགས་སྦྱང་བའི་ཕྱིར༔ འདོད་ཡོན་གླུད་གཏོར་འདི་སྦྱིན་གྱིས༔ ཚིམ་པར་གྱིས་ལ་གཞན་དུ་སོང༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ དབང་གི་རྒྱལ་པོའི་ཏིང་ངེ་འཛིན༔ འབར་བའི་བརྟུལ་ཞུགས་རོལ་པ་ཡི༔ ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས༔ བརླག་པར་འགྱུར་གྱིས་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིར༔ ཕྱོགས་བཅིངས་སྲུང་བའི་མཚམས་བཅད་ཕྱིར༔ ཧྲཱི༔ སྣང་སྲིད་ཡེ་ཤེས་ལྷ་ཡི་དལ༔ སྣང་གྲགས་རིག་པ་སྐུ་གསུང་ཐུགས༔ གཉིས་སུ་མེད་པའི་དཀྱིལ་འཁོར་ཏེ༔ ཀུན་ཀྱང་འབར་བའི་ཕྱག་རྒྱ་ཤར༔ བགེགས་དང་བར་ཆད་མིང་ཡང་མེད༔ མི་ཤིགས་རྡོ་རྗེ་འཁོར་ལོ་དང༔ རིན་ཆེན་པདྨ་རྒྱ་གྲམ་གྱི༔ གུར་ཁང་འབར་བས་ཕྱོགས་མཚམས་གཏམས༔ མཚམས་ཀྱི་དཀྱིལ་འཁོར་ལྷུན་གྱིས་གྲུབ༔ ཛྙཱ་ན་བཛྲ་ཙཀྲ་རཏྣ་པདྨ་ཁངྒ་རཀྵ་རཀྵ་བྷྲཱུྃ་བྷྲཱུྃ་བྷྲཱུྃ༔ འཁོན་གཅུགས་བཤགས་པས་སྦྱང་བ་ནི༔ ཧོ༔ ཚེ་ཡི་ལྷ་ཚོགས་མ་ལུས་པ༔ ཐུགས་རྗེ་བརྩེ་བས་དགོངས་སུ་གསོལ༔ བདག་ནི་མ་རིག་འཁྲུལ་པ་ཡི༔ ལས་དང་ཉོན་མོངས་གཞན་དབང་ཅན༔ སྲིད་པ་འཁོར་བའི་ལས་བསགས་པའི༔ མི་དགེ་ཉེས་པར་བྱས་པའི་ནོངས༔ སྙིང་ནས་གདུང་བའི་མཐོལ་བཤགས་ཀྱིས༔ བཟོད་པར་བཞེས་ལ་སྐུ་གསུང་ཐུགས༔ ཡེ་ཤེས་རྡོ་རྗེའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་ཡང་ཡང་བརྗོད༔ དམ་བཅའ་སྡོམ་པ་གཟུང་བ་ནི༔ ཨོཾ༔ ཡེ་ཤེས་སྤྱན་ལྡན་རྣལ་འབྱོར་དབང༔ ཐུགས་རྗེའི་དབང་བསྒྱུར་བཅོམ་ལྡན་འདས༔ སྲིད་གསུམ་འགྲོ་བའི་གཉེན་གཅིག་པོ༔ བདག་ལ་དགྱེས་པས་དགོངས་སུ་གསོལ༔ མཐའ་ཡས་སེམས་ཅན་མ་ལུས་པའི༔ དོན་དུ་ཡང་དག་ལམ་འདོད་པས༔ སོ་སོར་ཐར་དང་བྱང་ཆུབ་སེམས༔ རིག་འཛིན་ནང་གི་བསླབ་པ་ལ༔ སྤྱི་དང་ཁྱད་པར་ལྷག་པ་ཡི༔ རྩ་བ་སྐུ་གསུང་ཐུགས་མཆོག་དང༔ ཡན་ལག་དམ་ཚིག་ཉི་ཤུ་ལྔ༔ རང་བཞིན་ལྟ་བའི་དམ་ཚིག་ལས༔ ནམ་ཡང་འགལ་བར་མི་བགྱིད་ཅིང༔ ཡང་དག་ངེས་པའི་གསང་བ་ཡི༔ བླ་མེད་རྒྱལ་པོའི་དམ་ཚིག་གི༔ རིམ་པ་ཡལ་བར་མི་འདོར་བའི༔ རྡོ་རྗེའི་དམ་བཅའ་གཉན་པོ་བཟུང༔ བཛྲ་ས་མ་ཡ་ཧོ༔ རྡོ་རྗེའི་བྱིན་ཆེན་དབབ་པའི་ཕྱིར༔ སྤོས་དང་རོལ་མོ་བརྡས་བསྐུལ་ཞིང༔ མདའ་དར་གཡབ་ལ་རོལ་མོ་སྦིར༔ གདུང་ཤུགས་ཏིང་འཛིན་མི་གཡེལ་བས༔ ཧཱུྃ་ཧྲཱི༔ འོག་མིན་ཆོས་དབྱིངས་བདེ་ཆེན་བརྡལ་བ་ཆེ༔ ལྷུན་གྲུབ་རོལ་པ་བཅོམ་ལྡན་སྣང་མཐའ་ཡས༔ རིག་སྟོང་ཡེ་ཤེས་ཆོས་སྐུའི་ལྷ་ཚོགས་ཀྱིས༔ གཉིས་མེད་མཉམ་པ་ཆེན་པོར་བྱིན་ཕོབ་ཅིག༔ ཁ་སྦྱོར་ལོངས་སྤྱོད་རྫོགས་པའི་ཞིང་ཁམས་ནས༔ གསུང་གི་རྡོ་རྗེ་འཆི་མེད་ཚེ་ཡི་ལྷ༔ རང་སྣང་ཁྱབ་བརྡལ་ལོངས་སྐུའི་ལྷ་ཚོགས་ཀྱིས༔ སྣང་སྲིད་དཀྱིལ་འཁོར་རྫོགས་པའི་བྱིན་ཕོབ་ཅིག༔ སྣོད་བཅུད་དག་པའི་འཁོར་ལོའི་ཕོ་བྲང་ནས༔ འགྲོ་འདུལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལྷ༔ ཏིང་འཛིན་སྒྱུ་མ་རོལ་པའི་ཆོ་འཕྲུལ་གྱིས༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་བྱིན་ཕོབ་ཅིག༔ བྱིན་ཆེན་བྱིན་ཕོབ་སྐུ་གསུང་ཐུགས་དབང་བསྐུར༔ དབང་ཆེན་དབང་བསྐུར་གཉིས་མེད་བྱིན་གྱིས་རློབས༔ སྣོད་བཅུད་བདེ་ཆེན་ཞིང་གི་རང་བཞིན་དང༔ སྒྲུབ་རྫས་ཡེ་ཤེས་རོལ་མོར་འཆར་བར་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་ཨཱ་ཡུར་མཎྜལ་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ཧྲཱིཾ་ཧྲཱིཾ༔ ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ བྱིན་བསྡུ་གཉིས་མེད་བསྟིམ་པ་དང༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཕུན་ཚོགས་བདེ་ཆེན་ཞིང༔ རང་སྣང་ཀུན་བཟང་མཆོད་པའི་སྤྲིན༔ ཟག་མེད་ནམ་མཁའ་གང་བའི་ཚོགས༔ ཡེ་ཤེས་ཆེན་པོའི་རོལ་པར་ཤར༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་སརྦ་ས་མ་ཡ་པཱུ་ཛ་ཛྙཱ་ན་ཨཿཧཱུྃ༔ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ༔ ཨོཾ་མ་ཧཱ་བ་ལིངྟ་ཨཱ་ཧཱུྃ༔ དངོས་གཞི་ལྷ་ཡི་ས་མ་དྷི༔ རྩེ་གཅིག་ཡིད་ཀྱིས་བསྒོམ་པ་ནི༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾཿ འཁོར་འདས་ཆོས་ཀུན་དབྱིངས་ཀྱི་ངང༔ རྣམ་པར་ཐར་པ་སྒོ་གསུམ་གྱི༔ ཡེ་ཤེས་ཆེན་པོའི་རང་བཞིན་དུ༔ གདོད་ནས་དག་པའི་ཆོས་སུ་གནས༔ ཏིང་འཛིན་དེ་ཡི་ངང་ཉིད་ལས༔ མ་རྟོགས་འཁྲུལ་བའི་སེམས་ཅན་རྣམས༔ དག་པ་ཆེན་པོར་བསྒྲལ་བའི་ཕྱིར༔ སྙིང་རྗེ་སྒྱུ་མ་ཁྱབ་པར་བརྡལ༔ ཟུང་འཇུག་མཆོག་གི་ཡེ་ཤེས་ནི༔ སངས་རྒྱས་ཀུན་གྱི་ཐུགས་ཀྱི་དབྱིངས༔ རང་བྱུང་ལྷུན་གྲུབ་ས་བོན་ཆེ༔ ཡི་གེ་ཧྲཱིཿཡིག་མཁའ་ལ་ཤར༔ དེ་ལས་ཨེ་ཡཾ་རཾ་སུཾ་དང༔ རཾ་དང་བྷྲཱུྃ་ཆད་ཡོངས་གྱུར་ལས༔ ནམ་མཁའ་རླུང་མེ་ས་རི་རབ༔ མེ་སྟེང་རྡོ་རྗེའི་རྡུལ་འཐས་པར༔ པདྨ་རྒྱ་གྲམ་ཡངས་པའི་སྟེང༔ རིན་ཆེན་གཞལ་ཡས་མཚན་ཉིད་རྫོགས༔ ཕྱི་གསལ་ནང་གསལ་འོད་ཟེར་འབར༔ མདོག་ལྔའི་རྩིག་པ་ཡིད་དུ་འོང༔ ཕ་གུ་དྲྭ་ཕྱེད་མཛེས་པའི་སྤྲས༔ མདའ་ཡབ་པུ་ཤུ་ཏོག་གིས་བརྗིད༔ འདོད་སྣམ་ལྷ་མོ་མཆོད་པའི་སྤྲིན༔ ཡེ་ཤེས་སྣང་བ་བསམ་མི་ཁྱབ༔ སྒོ་བཞི་རྒྱུ་འབྲས་རྟ་བབ་བརྒྱད༔ ཆོས་འཁོར་རི་དྭགས་གདུགས་ཀྱིས་བརྒྱན༔ ངོ་མཚར་རྒྱན་གྱི་བཀོད་པའི་ཚོགས༔ བློ་ལས་འདས་པའི་ཆོ་འཕྲུལ་ཤར༔ ས་མ་ཡ་མཎྜལ་བྷྲཱུྃ༔ ཕོ་བྲང་དེ་ཡི་ལྟེ་བ་ལ༔ པདྨ་རིན་ཆེན་རྨ་བྱའི་ཁྲི༔ འདབ་སྟོང་གེ་སར་ཟླ་བའི་སྟེང༔ ས་བོན་བབ་པ་ཡོངས་གྱུར་ལས༔ འཕྲོ་འདུས་བརྟན་གཡོའི་དྭངས་མ་བསྡུས༔ འོད་ཞུ་པདྨ་རཱ་ག་ཡི༔ རྡོ་རྗེ་རྩེ་ལྔ་འོད་འབར་བའི༔ ཕྱག་མཚན་ཡོངས་སུ་གྱུར་པ་ལས༔ འཆི་མེད་མགོན་པོ་སྣང་མཐའ་ཡས༔ གསུང་གི་རྡོ་རྗེ་ཚེ་དཔག་མེད༔ དམར་གསལ་མཚན་དཔེའི་གཟི་བྱིན་འབར༔ ལོངས་སྤྱོད་རྫོགས་པའི་རྒྱན་ཆས་མཛེས༔ ཞི་འཛུམ་གཞོན་ནུའི་ངང་ཚུལ་ཅན༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ཕྱག་གཉིས་མཉམ་བཞག་ཕྱག་རྒྱའི་སྟེང༔ འཆི་མེད་ཚེ་ཡི་བུམ་པ་བསྣམས༔ པང་དུ་རང་འོད་གོས་དཀར་མོ༔ དམར་སེར་གཞོན་ནུ་མ་ཡི་གཟུགས༔ གཅེར་བུ་རུས་པའི་ཕྱག་རྒྱ་ཅན༔ པད་ཕྲེང་ཚེ་ཡི་བུམ་པ་འཛིན༔ གཉིས་མེད་འཁྲིལ་སྦྱོར་བདེ་བས་དགྱེས༔ འོད་ཀྱི་ཕུང་པོ་འབར་བ་ལས༔ ཕོ་ཉ་མགྱོགས་མ་འཕྲོ་ཞིང་འདུ༔ ཡབ་ཡུམ་སྦྱོར་བའི་བྱང་ཆུབ་སེམས༔ ཧཱུྃ་ཏྲཱཾ་ཨོཾ་ཨཱཿཡབ་ཀྱི་སྙིང༔ མཱུཾ་ལཱཾ་མཱཾ་ཏཱཾ་ཡུམ་གྱི་སྙིང༔ ཟུང་རེ་འཕྲོས་པ་ཕྱོགས་བཞིར་བབ༔ ཤར་དུ་མི་བསྐྱོད་ཚེ་དཔག་མེད༔ མཱ་ཀི་ཡུམ་དང་བཅས་པ་མཐིང༔ ལྷོ་རུ་རིན་འབྱུང་ཚེ་དཔག་མེད༔ སྤྱན་མ་ཡུམ་དང་བཅས་པ་སེར༔ ནུབ་ཏུ་རྣམ་སྣང་ཚེ་དཔག་མེད༔ དབྱིངས་ཕྱུག་ཡུམ་དང་བཅས་པ་དཀར༔ བྱང་དུ་དོན་གྲུབ་ཚེ་དཔག་མེད༔ སྒྲོལ་མ་ཡུམ་དང་བཅས་པ་ལྗང༔ ཀུན་ཀྱང་ཆ་ལུགས་གཙོ་དང་མཚུངས༔ མཉམ་བཞག་ཕྱག་རྒྱས་ཚེ་བུམ་འཛིན༔ ཡུམ་རྣམས་པད་ཕྲེང་བུམ་པ་བཅས༔ བདེ་སྟོང་སྦྱོར་བའི་ཆོ་འཕྲུལ་མཛེས༔ ཚེ་བདག་རིགས་བཞིའི་གཡས་ཀྱི་ཟུར༔ རྡོ་རྗེ་སྒེག་མོ་སྐུ་མདོག་དཀར༔ རྡོ་རྗེ་ཕྲེང་བ་མཐིང་ལ་མཛེས༔ རྡོ་རྗེ་གླུ་མ་དམར་མོ་སྒེག༔ རྡོ་རྗེ་གར་མ་ལྗང་ཁུའི་མདོག༔ ལོངས་སྤྱོད་རྫོགས་པའི་གཞོན་ཚུལ་གྱིས༔ ཕྱེད་སྐྱིལ་ཚེ་ཡི་བུམ་པ་འཛིན༔ གཡོན་གྱི་ཟུར་བཞིར་མགྱོགས་མ་བཞི༔ དཀར་མཐིང་དམར་ལྗང་ལྷ་མོའི་ཆས༔ པདྨའི་སྐྱིལ་ཀྲུང་ཚེ་བུམ་ཅན༔ ཀུན་ཀྱང་པད་ཟླའི་སྟེང་ན་བཞུགས༔ སྒོ་བཞིར་རྡོ་རྗེ་ལྕགས་ཀྱུ་མ༔ ཞགས་པ་ལྕགས་སྒྲོག་དྲིལ་བུ་ཅན༔ ཕྱག་རྒྱ་བཞི་དང་མདའ་དར་འཛིན༔ བརྐྱང་བསྐུམ་གར་གྱིས་པད་ཉིར་བཞེངས༔ བར་མཚམས་ཚེ་ཡི་རིག་འཛིན་དང༔ འཆི་མེད་ཡེ་ཤེས་ལྷ་ཡི་ཚོགས༔ ཉི་ཟེར་རྡུལ་གྱི་ཕུང་པོ་བཞིན༔ བསམ་ཡས་བཀོད་པ་འཕྲོ་ཞིང་འདུ༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གི་འབྲུས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས༔ སྤྱི་བོའི་གནས་ལྔར་ས་བོན་ལྔ༔ ཡོངས་གྱུར་རིགས་ལྔའི་ཆོ་འཕྲུལ་གྱི༔ བྱང་ཆུབ་སེམས་ཀྱི་བདུད་རྩི་ཡིས༔ དབང་བསྐུར་རིགས་ཀྱི་འཁོར་ལོས་བསྒྱུར༔ སྣང་མཐའ་ཡས་པའི་རྒྱས་བཏབ་སྟེ༔ དཀྱིལ་འཁོར་ཆེན་པོ་རྫོགས་པར་གྱུར༔ བཛྲ་ཛྙཱ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཱཿ ཨ་བྷི་ཥིཉྩ་མི༔ ཡེ་ཤེས་འཁོར་ལོ་སྤྱན་དྲངས་པ༔ ཧྲཱི༔ ནུབ་ཕྱོགས་བདེ་ཆེན་དབང་གི་ཞིང༔ པདྨ་སྒྱུ་འཕྲུལ་དྲྭ་བ་ཡི༔ བཀོད་པའི་ཆོ་འཕྲུལ་བསམ་ལས་འདས༔ ཡེ་ཤེས་ལྷ་ཚོགས་གཤེགས་སུ་གསོལ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ འཆི་མེད་རྔ་སྒྲ་པདྨའི་རིགས༔ འོད་སྣང་མཐའ་ཡས་དཀྱིལ་འཁོར་ལྷ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ རིགས་ལྔ་བསམ་ཡས་བཀོད་པའི་ཚོགས༔ གསུང་གི་རྡོ་རྗེ་གར་གྱི་དབང༔ འཆི་མེད་རིག་འཛིན་མཁའ་འགྲོ་བཅས༔ རྩ་གསུམ་ལྷ་ཚོགས་གཤེགས་སུ་གསོལ༔ རྡོ་རྗེའི་གནས་འདིར་གཤེགས་ནས་ཀྱང༔ སྐུ་གསུང་ཐུགས་ཀྱི་དབང་ཆེན་བསྐུར༔ བྱིན་གྱིས་རློབས་ལ་བར་ཆད་སོལ༔ ཚེ་བདུད་འགལ་རྐྱེན་ཞི་བ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་མཎྜལ་ས་མ་ཡ་ཛཿཛཿ མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོ༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭྃཿ ཧྲཱི༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ དམ་ཚིག་ཐུགས་རྗེས་ཉེར་དགོངས་ལ༔ ཏིང་འཛིན་བཀོད་པའི་དཀྱིལ་འཁོར་འདིར༔ གཉིས་སུ་མེད་པར་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧྲཱི༔ བདེ་ཆེན་འོད་འབར་ཆོས་ཀྱི་སྐུ༔ ལོངས་སྤྱོད་ཡོངས་རྫོགས་འཆི་མེད་ལྷ༔ དཀྱིལ་འཁོར་རྒྱ་མཚོའི་ཚོགས་བཅས་ལ༔ མི་ཕྱེད་གུས་པས་བརྡ་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོ༔ རང་ལས་ཤར་བའི་ཕྱག་རྒྱ་མོས༔ ཀུན་བཟང་མཆོད་པའི་ཚོགས་དཔག་ཡས༔ ནམ་མཁའ་གང་བ་རབ་སྤྲོས་ཏེ༔ ཡང་དག་མཆོད་ཅིང་བསྟོད་པར་བསམ༔ ཧྲཱི༔ དག་པའི་ཞིང་ཁམས་རབ་འབྱམས་ནས༔ ཡིད་འོང་ཀུན་བཟང་མཆོད་པའི་རྫས༔ དྲི་མེད་ལྷ་ཡི་མཆོད་ཡོན་སྦྲེངས༔ དག་གཙང་ཞབས་བསིལ་རྒྱ་མཚོར་བསྐྱིལ༔ བཀོད་མཛེས་མེ་ཏོག་ཆར་དུ་འབེབས༔ ཀུན་ཁྱབ་སྤོས་ཀྱི་སྤྲིན་ལྡིང་ཞིང༔ སྣང་གསལ་འོད་ཀྱི་ཕྲེང་བ་བསྟར༔ དྲི་བཟང་བྱུག་པའི་ཚོགས་འགྱེད་དེ༔ ཚིམ་བྱེད་ལྷ་ཡི་ཞལ་གྱི་ཟས༔ དབྱངས་སྙན་རོལ་མོའི་སྒྲ་དང་བཅས༔ དངོས་དང་ཏིང་འཛིན་ལས་བྱུང་བ༔ འབུལ་གྱི་བཞེས་ལ་དངོས་གྲུབ་སྩོལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་ཡུ་དེ་ཝ་མཎྜ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་པཱུ་ཛ་ཨཱཿཧཱུྃ༔ ཧྲཱི༔ ཡིད་དུ་འོང་བའི་གཟུགས་ཀྱི་ཚོགས༔ རྡོ་རྗེ་སྒེག་མོའི་ཕྱག་རྒྱར་འབུལ༔ སྙན་འཇེབས་སྒྲ་ཡི་དབྱངས་མཐའ་དག༔ རྡོ་རྗེ་གླུ་མའི་དབྱངས་སུ་སྟོབ༔ སྦྱར་དང་ལྷན་ཅིག་སྐྱེས་པའི་དྲི༔ རྡོ་རྗེ་དྲི་མའི་ཚོགས་སུ་འབུལ༔ ཕུན་ཚོགས་ལྷ་ཡི་ཟས་ཀྱི་བཅུད༔ རྡོ་རྗེ་རོ་མའི་ཕྱག་རྒྱ་ཆེ༔ རེག་འཇམ་ལྷ་རྫས་ན་བཟའ་ཡང༔ རྡོ་རྗེ་རེག་བྱ་མར་སྤྲུལ་ཏེ༔ ཀུན་ཀྱང་ཆོས་ཀྱི་དབྱིངས་ཁྱབ་པའི༔ བདེ་ཆེན་མཆོད་པ་ཆེན་པོ་ཡང༔ རང་བྱུང་རང་ཤར་ཚུལ་གྱིས་འབུལ༔ བཞེས་ནས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་རཱུ་པ་ཤབྡ་གྷནྡྷེ་རཱ་ས་སྤརྴེ་དྷརྨ་དྷཱ་ཏུ་པཱུ་ཛ་ཧཱུྃ༔ ཧྲཱི༔ དུག་ལྔའི་ནད་སེལ་སྨན་གྱི་མཆོག༔ རྩ་བ་བརྒྱད་ལ་ཡན་ལག་སྟོང༔ རིགས་ལྔ་རྒྱལ་བ་སྒྲུབ་པའི་རྫས༔ དམ་ཚིག་ལོངས་སྤྱོད་ཆེན་པོར་འབུལ༔ མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི༔ ཧྲཱི༔ རྒྱུད་དྲུག་བསྒྲལ་བ་རཀྟའི་བཅུད༔ དམར་གྱི་རྦ་རླབས་མཁའ་ལ་འཕྱོ༔ འཁོར་བ་སྟོང་པའི་ཡེ་ཤེས་ཕུད༔ གཱིརྟིའི་གསང་བའི་མཁའ་ལས་འབེབས༔ མ་ཧཱ་རཀྟ་ཁཱ་ཧི༔ ཧྲཱི༔ འདོད་ཡོན་ལྔ་ལྡན་བ་ལིངྟ༔ ཟེགས་མ་མཆོད་པའི་སྤྲིན་ཕུང་འཕྲོ༔ སྣོད་བཅུད་ཡོངས་རྫོགས་ཆེན་པོ་འདི༔ དཀྱིལ་འཁོར་ལྷ་ལ་བདག་གིས་འབུལ༔ མ་ཧཱ་བ་ལིངྟ་ཁཱ་ཧི༔ ཧྲཱི༔ གཟུང་འཛིན་རུ་དྲའི་ཚོགས་བསྒྲལ་ཞིང༔ བདེ་ཆེན་སྦྱོར་བས་དགྱེས་པའི་དཔལ༔ མཆོད་དང་མཆོད་བྱ་གཉིས་སུ་མེད༔ མཉམ་པའི་མཆོད་པ་དམ་པ་བཞེས༔ བཛྲ་ཏ་ན་ག་ཎ་པཱུ་ཛ་ཧོ༔ ཧྲཱི༔ འཆི་བདག་ལ་སོགས་བདུད་བཞི་འཇོམས་པའི་ལྷ༔ གསུང་གི་རྡོ་རྗེ་མགོན་པོ་ཚེ་མཐའ་ཡས༔ འཆི་མེད་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་ཆེ༔ བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ༔ སྐུ་མདོག་དམར་གསལ་བྱེ་རུའི་ལྷུན་པོ་ལྟར༔ མཚན་དཔེའི་གཟི་བྱིན་རྒྱས་པའི་སྣང་བ་ཅན༔ གར་གྱི་དབང་ཕྱུག་འོད་སྣང་མཐའ་ཡས་པ༔ འཇིག་རྟེན་གསུམ་གྱི་མགོན་པོར་ཕྱག་འཚལ་བསྟོད༔ ཟབ་ཅིང་རྒྱ་ཆེ་རྨད་བྱུང་ཚངས་པའི་དབྱངས༔ ངོ་མཚར་ཐེག་པའི་ཆོས་སྒོ་གང་འདུལ་སྟོན༔ མཐའ་ཡས་གདུལ་བྱ་འདུལ་བའི་ཆོ་འཕྲུལ་ཅན༔ མཚུངས་མེད་འདྲེན་པ་དེ་ལ་ཕྱག་འཚལ་བསྟོད༔ སྨྲ་བསམ་བརྗོད་མེད་ཆོས་སྐུ་དེ་བཞིན་ཉིད༔ ནམ་ཡང་མི་གཡོ་འོད་གསལ་ཆེན་པོའི་ཐུགས༔ ཤེས་བྱ་ཀུན་གཟིགས་འགྲོ་ལ་བརྩེ་བས་དགོངས༔ ཡེ་ཤེས་རྒྱ་མཚོ་མངའ་ལ་ཕྱག་འཚལ་བསྟོད༔ ཟག་མེད་ཡོན་ཏན་ཡོངས་སུ་རྫོགས་པ་ཡི༔ མངའ་དབང་ཆེན་པོས་དོན་གཉིས་ལྷུན་གྱིས་གྲུབ༔ བདེ་ཆེན་ཞིང་གི་སྟོན་པ་རྒྱལ་ཀུན་གཙོ༔ འགྲོ་བའི་མགོན་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ མཚན་ཐོས་ཙམ་གྱིས་ངན་སོང་དུས་མིན་འཆི༔ འཇོམས་མཛད་ཐུགས་བསྐྱེད་ཆེན་པོའི་གོ་ཆ་ཅན༔ སྲིད་ཞིའི་འཇིགས་པ་འཕྲོག་མཛད་དཔའ་བོ་ཆེ༔ དོན་གཉིས་ལྷུན་གྲུབ་མཆོག་ལ་ཕྱག་འཚལ་བསྟོད༔ ཆོས་ཉིད་གཅིག་ལ་བཟང་ངན་མཚན་བྲལ་ཡང༔ གདུལ་བྱ་འདུལ་ཕྱིར་གང་འདུལ་ཐུགས་རྗེའི་སྐུ༔ བདེ་སྟོང་སྒྱུ་མར་རོལ་པའི་ཕྲིན་ལས་ཅན༔ འཁོར་དང་བཅས་ལ་གུས་པས་བསྟོད་པར་བགྱི༔ གསང་སྔགས་བཟླས་པའི་ཏིང་འཛིན་གྱིས༔ དངོས་གྲུབ་གནད་ལ་ངེས་པར་བསྐུལ༔ བསྙེན་དང་སྒྲུབ་པ་ལས་སྦྱོར་བས༔ སྤྲོ་བསྡུས་རིམ་པ་འདི་ལྟར་བྱ༔ བདག་ཉིད་གཙོ་བོའི་ཐུགས་ཀ་རུ༔ ཉི་ཟླའི་གྭའུ་འོག་རྒྱ་གྲམ༔ ནང་དུ་སྲོག་གི་སྙིང་པོ་ཧྲཱི༔ དམར་གསལ་སྔགས་ཀྱི་ཕྲེང་བས་བསྐོར༔ དྭངས་མའི་འོད་ཟེར་མཁའ་ཁྱབ་འཕྲོས༔ འཕགས་མཆོད་ཚོགས་གཉིས་རྫོགས་པར་བྱས༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱི༔ དྭངས་མ་བདུད་རྩིའི་ཆར་དུ་བྱུང༔ ལུས་གང་ཡེ་ཤེས་གཟི་བྱིན་འབར༔ སླར་ཡང་མཁའ་ཁྱབ་འོད་ཟེར་གྱིས༔ མཐའ་ཀླས་སེམས་ཅན་ལ་རེག་པས༔ འགྲོ་ཀུན་སྐྱེ་འཆིའི་སྡུག་བསྔལ་སོགས༔ སྲིད་པའི་རྒྱུ་འབྲས་ཐམས་ཅད་སྦྱངས༔ ཀུན་ཀྱང་ལྷ་ཡི་འཁོར་ལོར་སད༔ ཕྱི་སྣོད་འབྱུང་བ་ལྔའི་དྭངས་མ༔ ནང་བཅུད་སྐྱེ་འགྲོའི་ཚེ་དཔལ་ཀུན༔ འོད་ཀྱི་བདུད་རྩིའི་རྣམ་པ་རུ༔ བསྡུས་ནས་སླར་ཡང་སྐུ་ལ་ཐིམ༔ མ་དག་ཕུང་ཁམས་སྐྱེ་མཆེད་ཀྱི༔ རྩ་རླུང་ཐིག་ལེ་ཀུན་སྦྱངས་ཏེ༔ དྭངས་མའི་རྡོ་རྗེ་གསུམ་དུ་གྱུར༔ གཞོམ་གཞིག་བྲལ་བ་གཉུག་མའི་སྲོག༔ ཡེ་ཤེས་ཕྱག་རྒྱ་ཆེ་འགྲུབ་གྱུར༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨཱ་ཡུ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ༔ འབུམ་ཕྲག་བཞི་བཟླས་ཏིང་འཛིན་གྱིས༔ དངོས་གྲུབ་སྒོ་རྙེད་གདོན་མི་ཟ༔ ས་མ་ཡ༔ བསྙེན་པའི་རྣལ་འབྱོར་ལས་རུང་བས༔ སྒྲུབ་པའི་རིམ་པ་དག་ལ་འཇུག༔ གཙོ་བོ་རིགས་ལྔའི་ཐུགས་ཀར་རྒྱ་གྲམ་སྟེང༔ ཉི་ཟླའི་གྭའུར་རང་སྲོག་ས་བོན་མཐར༔ སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ་ལས༔ འོད་ཟེར་སྤྲོ་བསྡུའི་དོན་གཉིས་མཐའ་དག་སྒྲུབ༔ ཁྱད་པར་རིགས་ལྔའི་ཡེ་ཤེས་ཚེ་ཡི་བཅུད༔ འབྱུང་ལྔའི་དྭངས་མ་བསྡུས་ཐིམ་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མི་ཟད་ཕྱག་རྒྱའི་སྤྲིན༔ གཉིས་སུ་མེད་པའི་ངོ་བོར་བྱིན་བརླབས་གྱུར༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཨ་ཡུརྫྙཱ་ན་པུཥྚིཾ་ཀུ་རུ་ཨོཾ༔ འབུམ་ཕྲག་བཞི་ཡི་རྣལ་འབྱོར་ལ༔ བརྩོན་པས་ཚེ་ཡི་དངོས་གྲུབ་ཐོབ༔ བསྙེན་དང་སྒྲུབ་པའི་ལྷ་ཉིད་དང༔ སྐལ་བ་མཉམ་ཚེ་ལས་ལ་སྦྱོར༔ གཙོ་འཁོར་ཡོངས་རྫོགས་ཐུགས་ཀྱི་འོད༔ སྒོ་མ་བཞི་བསྐུལ་ཕོ་ཉའི་ཚོགས༔ ནམ་མཁའ་གང་བའི་སྤྲོ་བསྡུ་ཡིས༔ ཚེ་བདུད་བར་ཆད་གཟུང་འཛིན་ཞི༔ བསོད་ནམས་ལོངས་སྤྱོད་དྭངས་མ་འཕེལ༔ མཆོག་གི་རླུང་སེམས་དབང་དུ་འདུས༔ བདུད་བགེགས་བསྒྲལ་ཞིང་ཐུན་མོང་དང༔ ཁྱད་པར་ལས་བཞི་ལྷུན་གྲུབ་གྱུར༔ ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ༔ ཛཿཤནྟིཾ་ཀུ་རུ་ཧཱུྃ༔ ཧཱུྃ་པུཥྚིཾ་ཀུ་རུ་ཨོཾ༔ བྃ་ཝ་ཤཾ་ཀུ་རུ་ཧོ༔ ཧོཿམཱ་ར་ཡ་ཕཊ༔ འབུམ་རེས་ལས་འགྲུབ་གདོན་མི་ཟ༔ ཐོ་རངས་ལ་སོགས་དུས་བཞི་རུ༔ གནད་དུ་བསྣུན་པས་མཚན་མའི་རྟགས༔ མངོན་དུ་འགྱུར་བས་སིདྡྷི་བླང༔ ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་གསུང་ཐུགས་ཀྱི་ཡེ་ཤེས་དབྱིངས༔ ནམ་མཁའ་མཉམ་པའི་ཆོ་འཕྲུལ་ལས༔ མཁྱེན་བརྩེའི་དགོངས་པའི་སྒོ་ཕྱེས་ལ༔ ལུས་ནི་འཆི་མེད་སྐུ་འགྲུབ་མཛོད༔ གཞོམ་མེད་ཚངས་དབྱངས་གསུང་ཐོབ་མཛོད༔ ཡེ་ཤེས་ཐུགས་ཀྱི་སྲོག་ཐོབ་མཛོད༔ འཆི་མེད་གཉུག་མའི་གསང་བ་ཆེ༔ ད་ལྟ་ཉིད་དུ་འགྲུབ་པར་མཛོད༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སིདྡྷི་ཕ་ལ་ཧཱུྃ༔ ཐུན་མཚམས་ཐབས་དང་ཤེས་རབ་ཀྱི༔ དམ་རྫས་བཀོད་པ་བཟང་དུ་བཤམས༔ བསང་ཆུ་བདུད་རྩིས་བྲན་བྱས་ཏེ༔ གཉིས་མེད་རོལ་པས་བྱིན་གྱིས་རླབས༔ རཾ་ཡཾ་ཁཾ༔ དབྱིངས་ཀྱི་བྷཉྫར་རིག་པའི་བཅུད༔ ཡེ་ཤེས་ལྔ་ལྡན་བདུད་རྩིའི་ཕུད༔ འདོད་ཡོན་ཟེགས་མ་བསམ་ཡས་འཕྲོ༔ མཁའ་ཁྱབ་ཚོགས་ཀྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཚོགས་ཞིང་ལྷ་རྣམས་སྤྱན་འདྲེན་ནི༔ ཧྲཱི༔ ཆོས་སྐུའི་ཞིང་ན་འོད་མི་འགྱུར༔ ལོངས་སྤྱོད་ཡོངས་རྫོགས་ཚེ་དཔག་མེད༔ སྤྲུལ་པའི་གར་སྒྱུར་རྔ་སྒྲའི་གཙོ༔ བཅོམ་ལྡན་དཀྱིལ་འཁོར་ལྷ་རྣམས་ཀུན༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་ན༔ ཡེ་ཤེས་དགོངས་པས་གཤེགས་སུ་གསོལ༔ ཚོགས་མཆོད་འོད་ཕུང་ལྡེམས་སེ་ལྡེམ༔ འཆི་མེད་བདུད་རྩིའི་བཅུད་དུ་འཁྱིལ༔ ལྷ་ཚོགས་གར་སྟབས་ཤིགས་སེ་ཤིག༔ རྡོ་རྗེའི་གླུ་བྲོ་ཅིར་ཡང་བསྒྱུར༔ རྣལ་འབྱོར་དགོངས་ཉམས་བུན་ནེ་བུན༔ བདེ་སྟོང་ཆོ་འཕྲུལ་བསམ་མི་ཁྱབ༔ གནས་མཆོག་དག་པའི་ཞིང་དུ་སྒྱུར༔ མཆེད་ལྕམ་ཐབས་དང་ཤེས་རབ་ལྡན༔ བཟའ་བཏུང་རྡོ་རྗེའི་དམ་ཚིག་རྫས༔ སྣོད་བཅུད་དག་པར་བྱིན་གྱིས་རློབས༔ སརྦ་ས་མ་ཡ་ཛཿཛཿཛྙཱ་ན་སིདྡྷི་ཧོ༔ རང་ལས་སྤྲོས་པའི་ལྷ་མོའི་ཚོགས༔ བསམ་མི་ཁྱབ་པས་མཆོད་པར་བསམ༔ བཟའ་བཏུང་ཕུད་ཀྱི་དང་པོ་མཆོད༔ ཧོ༔ རྡོ་རྗེ་བཟའ་བའི་དམ་ཚིག་རྫས༔ ལོངས་སྤྱོད་ཆེན་པོ་རྨད་དུ་བྱུང༔ འཆི་མེད་གྲུབ་པའི་ར་ས་ཡན༔ དཀྱིལ་འཁོར་ལྷ་ལ་འབུལ་གྱིས་བཞེས༔ ག་ཎ་ཙཀྲ་པཱུ་ཛ་ཧོ༔ བར་པ་བསྐང་ཞིང་བཤགས་པ་ནི༔ ཧྲཱི༔ བདེ་ཆེན་སྒྱུ་མར་རོལ་པ་ཡི༔ རྡོ་རྗེའི་ཞིང་གི་བཀོད་པའི་མཆོག༔ ངོ་མཚར་རྒྱན་གྱི་རོལ་མོ་ཆེ༔ དབྱིངས་དང་མཉམ་པར་སྤྲོ་ཞིང་ཤར༔ རང་སྣང་བཀོད་པ་རྨད་བྱུང་བ༔ ཕྱི་ནང་གསང་བའི་མཆོད་རྫས་ཆེ༔ བླ་ན་མེད་པའི་དམ་ཚིག་གི༔ རོལ་པའི་ཆོ་འཕྲུལ་རྨད་དུ་བྱུང༔ ངོ་མཚར་བསམ་མི་ཁྱབ་པ་འདིས༔ འཆི་མེད་མགོན་པོའི་དཀྱིལ་འཁོར་གཙོ༔ རིགས་ཀྱི་ཚོམ་བུ་དང་བཅས་པ༔ ཐུགས་དམ་གཉན་པོ་དགྱེས་པར་བསྐང༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་བཤགས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པས་ཉམས་ཆག་མཐོལ༔ ཐ་མ་བསྒྲལ་བསྟབ་རིམ་པ་ནི༔ ཨེ་ལས་འབར་བའི་བྷཉྫ་རུ༔ ཚེ་བདུད་བར་ཆད་གློ་བུར་བགེགས༔ ཕྱག་བརྒྱ་བཞི་ཡིས་འགུགས་འཆིང་བསྡོམ༔ མྱོས་ཏེ་ལྷ་བྲལ་རང་གཤེད་དབབ༔ རྟ་མཆོག་རོལ་པའི་རྡོ་རྗེའི་མཚོན༔ ཉམས་པའི་སྙིང་ལ་བཏབ་ཅིང་གཟིར༔ དྭངས་མའི་སྙིང་པོ་རང་ལ་བསྟིམ༔ ཤ་ཁྲག་དགྱེས་པའི་མཆོད་པར་འབུལ༔ མཱ་ར་ཡ་ཕཊ༔ མཾ་ས་རཀྟ་གོ་རོ་ཙ་ན་ཀེཾ་ནི་རི་ཏི་ཁཱ་ཧི༔ འདུས་པའི་ཚོགས་ལ་བཟའ་བཏུང་བྲིམ༔ བརྡ་དང་བརྡ་ཡི་ལན་གྱིས་རོལ༔ ལས་ཀྱི་རྡོ་རྗེས་ཕྱག་བྱས་ཏེ༔ ཐབས་ཤེས་བཟའ་བཏུང་བསྣོལ་མར་སྟོབ༔ ཨེ་མ་ཧོ༔ རྡོ་རྗེ་རྒྱལ་པོ་གསང་བ་སྔགས་ཀྱི་མཛོད༔ བདེ་ཆེན་དགྱེས་པར་རོལ་པའི་བརྟུལ་ཞུགས་བསྐྱེད༔ གཙང་དམེ་གཉིས་འཛིན་བྲལ་བའི་འཁོར་ལོ་ཡི༔ བདེ་མཆོག་དགྱེས་པའི་དཔལ་ལ་རོལ་དུ་གསོལ༔ ལན་དུ་པདྨའི་ཕྱག་རྒྱས་བླང༔ ཨ་ལ་ལ༔ ཐབས་དང་ཤེས་རབ་བདེ་བ་མཆོག་གི་དབྱིངས༔ འདུ་འབྲལ་མེད་པ་གསང་བའི་དེ་ཁོ་ན༔ རོལ་པ་ཆེན་པོའི་དམ་ཚིག་བླ་ན་མེད༔ མཆོག་གི་ཡེ་ཤེས་རྒྱས་ཕྱིར་བདག་གིས་བླང༔ ཞེས་དང་རང་ལུས་དཀྱིལ་འཁོར་གསལ༔ རྡོ་རྗེ་ཕུང་པོའི་དཀྱིལ་འཁོར་ནི༔ གདོད་ནས་གདན་གསུམ་ལྷ་ཡི་དལ༔ རྩ་རླུང་ཐིག་ལེ་བདེ་སྟོང་དུ༔ དགྱེས་པས་རོལ་པའི་དཔལ་དུ་སྤྱོད༔ ས་མ་ཡ་པཱུ་ཛ་ཧོ༔ སྟངས་དཔྱལ་མཉམ་པར་རོལ་པ་ཡིས༔ བདེ་བ་ཆེན་པོ་ལམ་དུ་སློང༔ རྡོ་རྗེ་པདྨའི་གྲོང་ཁྱེར་ནི༔ མཉམ་པར་སྦྱོར་བའི་དེ་ཉིད་ལས༔ ཨ་ཧཾ་བསྲེགས་བཞུའི་རོལ་རྩེད་ཀྱིས༔ གསང་མཆོག་དགྱེས་པའི་དམ་ཚིག་གོ༔ ཨ་ནུ་རཱ་ག་ཨ་ལ་ལ་ཧོ༔ ངེས་པའི་གསང་བ་བླ་ན་མེད༔ དེ་ཁོ་ན་ཡི་དབྱིངས་སུ་བཞག༔ ཕུད་ཀྱི་ལྷག་མ་ཀུན་བསྡུས་ཏེ༔ པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ༔ ཧྲཱི༔ པདྨ་དབང་གི་དཀྱིལ་འཁོར་ཆེ༔ སྐྱོང་བའི་བཀའ་ཉན་ལྷག་སྡུད་ཚོགས༔ དཔལ་གྱི་ཕམ་ཕབ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ བླ་མེད་གསང་བའི་དཀྱིལ་འཁོར་དུ༔ དམ་ཚིག་ཆེན་པོས་མཆོད་པའི་མཐུས༔ ཚོགས་གཉིས་ཡོངས་སུ་རྫོགས་པ་དང༔ འཆི་མེད་ཚེ་ཡི་དཔལ་ཐོབ་ཤོག༔ རྡོ་རྗེའི་གླུ་དང་གར་ཆེན་པོས༔ ལྷ་ཚོགས་དགྱེས་བསྐྱེད་དངོས་གྲུབ་ཚོགས༔ ཐོབ་པའི་སྐལ་བཟང་མངོན་གྱུར་ནས༔ ལྷ་དང་སྐལ་པ་མཉམ་པར་བསམ༔ རྗེས་ལ་ཐུགས་དམ་བསྐུལ་བ་ནི༔ ཧྲཱི༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཚེ་མཐའ་ཡས་པའི་ཐུགས་དམ་བསྐུལ༔ སྐྱེ་འཆིའི་མཚན་མ་དག་པ་ཡི༔ མཆོག་གི་ཚེ་དབང་བསྩལ་དུ་གསོལ༔ བདེ་ཆེན་རིག་པའི་ཕོ་བྲང་ནས༔ གསུང་གི་དབང་ཕྱུག་ཐུགས་དམ་བསྐུལ༔ མི་ཤིགས་རྡོ་རྗེའི་གསང་བ་གསུམ༔ མངོན་སུམ་འགྲུབ་པར་མཛད་དུ་གསོལ༔ ཟུང་འཇུག་མཁའ་ཁྱབ་དཀྱིལ་འཁོར་ནས༔ པདྨ་དབང་གི་ཐུགས་དམ་བསྐུལ༔ འཆི་མེད་ཡེ་ཤེས་ཚེ་ཡི་མཆོག༔ འགྲུབ་པའི་དངོས་གྲུབ་མཆོག་སྩོལ་མཛོད༔ གཟུང་འཛིན་འཁྲུལ་པའི་བག་ཆག་ཞི༔ ཚེ་དང་ཡེ་ཤེས་མཆོག་ཏུ་རྒྱས༔ རླུང་སེམས་དབང་འདུས་ཕྲིན་ལས་ཀྱིས༔ ཚེ་བདུད་བར་ཆད་ཞི་བར་མཛོད༔ གཏོར་མ་བསྐྱངས་ལ་ཆད་ཐོ་བསྒྲགས༔ ཧཱུྃ་ཧྲཱི༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ ཚེ་ཡི་རིག་འཛིན་སྒྲུབ་པའི་ཚེ༔ བྲག་ཕུག་མཱ་ར་ཏི་ཀ་རུ༔ འཆི་མེད་པདྨ་རིག་འཛིན་དང༔ ལྷ་ལྕམ་མནྡཱ་ར་བ་ཡིས༔ ཉེ་རྒྱུའི་སྤྱོད་པས་མཆོག་གྲུབ་ནས༔ ཚེ་བདག་མགོན་པོ་ཡབ་ཡུམ་གྱིས༔ རྡོ་རྗེའི་ཚེ་ཡི་དབང་ཡང་བསྐུར༔ སྐྱེ་འཆི་དག་པའི་གོ་འཕང་བརྙེས༔ ཚེ་རྒྱུད་བྱེ་བ་ཕྲག་བརྒྱ་གཏད༔ རྡོ་རྗེའི་ས་ལ་ཕྱིན་པའི་ཚེ༔ གཡར་དམ་ཕོག་པའི་ཆོས་སྐྱོང་ཀུན༔ གཏོར་མ་བདུད་རྩིའི་མཆོད་པ་བཞེས༔ རྣལ་འབྱོར་ཚེ་སྲོག་ཉམས་པ་གསོས༔ ཚེ་དབང་མཆོག་གི་དངོས་གྲུབ་ཐོབ༔ ཟབ་གཏེར་བསྟན་པ་རྒྱས་པ་དང༔ འདོད་དགུའི་ཕྲིན་ལས་འགྲུབ་པར་མཛོད༔ བརྟན་མ་བཤལ་ཆུས་བྲན་ནས་ཀྱང༔ ཧཱུྃ་བྷྱོ༔ བོད་ཁམས་སྐྱོང་བ་བརྟན་མའི་ཚོགས༔ བདུད་དང་གནོད་སྦྱིན་སྨན་མོའི་ཚུལ༔ བཤལ་ཆུའི་བདུད་རྩི་བཞེས་ནས་ཀྱང༔ སོ་ཁ་སྲུངས་ལ་ཀླ་ཀློ་སྒྲོལ༔ རྩ་རླུང་ཐིག་ལེའི་མདུད་པ་དཀྲོལ༔ བདེན་དོན་ཡན་ལག་བཅུ་གཉིས་ཚོགས༔ མི་རྟོག་དབུ་མའི་དབྱིངས་སུ་དག༔ དངོས་གྲུབ་མཆོག་གི་སྡོང་གྲོགས་མཛོད༔ གཏོར་གཞོང་རི་རབ་གསལ་བའི་འོག༔ སྒབ་འདྲེ་དམ་སྲི་མནན་པར་བསམ༔ ཧཱུྃཿ ཨེ་ཡི་དཀྱིལ་འཁོར་ཆེན་པོ་རུ༔ བར་དུ་གཅོད་པའི་དམ་སྲིའི་ཚོགས༔ མནན་ནོ་ཀློང་ཆེན་ཡུམ་ལྔའི་རྒྱ༔ ནམ་ཡང་ལྡང་བར་མ་གྱུར་ཅིག༔ མཚན་བཅས་ལྷ་ཡི་རྟེན་བརྟེན་པ༔ འོད་གསལ་དབྱིངས་ཀྱི་ཐིག་ལེར་ཐིམ༔ སྣང་གྲགས་རིག་པ་ལྷ་དང་སྔགས༔ ཡེ་ཤེས་རོལ་པའི་འཁོར་ལོར་ཤར༔ ཧོ༔ ལེགས་སྤྱད་དགེ་བའི་ཚོགས་ཐམས་ཅད༔ འཆི་མེད་རིག་འཛིན་འགྲུབ་ཕྱིར་བསྔོ༔ ལྷ་དང་སྐལ་བ་མཉམ་པ་ཡིས༔ དོན་གཉིས་འབད་མེད་འགྲུབ་གྱུར་ཅིག༔ ཨོཾ༔ གསུང་གི་རྡོ་རྗེ་དཀྱིལ་འཁོར་གཙོ༔ ཚེ་མཐའ་ཡས་པའི་བཀྲ་ཤིས་ཤོག༔ གསང་བ་ཡེ་ཤེས་མཁའ་འགྲོའི་མཆོག༔ གོས་དཀར་ཡུམ་གྱི་བཀྲ་ཤིས་ཤོག༔ ཡེ་ཤེས་རྣམ་ལྔས་འགྲོ་བ་སྒྲོལ༔ ཚེ་བདག་རིགས་ལྔའི་བཀྲ་ཤིས་ཤོག༔ ལྷ་ཚོགས་དགྱེས་བསྐྱེད་ཚེ་དཔལ་སྡུད༔ འཆི་མེད་ཌཱ་ཀིའི་བཀྲ་ཤིས་ཤོག༔ ཕྲིན་ལས་རྣམ་བཞིར་དབང་བསྒྱུར་བའི༔ ཕྱག་རྒྱ་མ་བཞིའི་བཀྲ་ཤིས་ཤོག༔ གནས་སྐབས་ཚེ་དང་བསོད་ནམས་འཕེལ༔ བརྟན་གཡོའི་དཔལ་ཀུན་དབང་དུ་འདུ༔ མཐར་ཐུག་གཉུག་མའི་འཁོར་ལོ་ཆེར༔ དབྱེར་མེད་འགྲུབ་པའི་བཀྲ་ཤིས་ཤོག༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས། རིམ་པ་དང་པོའི་ཚེ་བསྲིང་བའི་ལེའུ་སྟེ་ལྔ་པའོ༔ བསྙེན་དང་སྒྲུབ་པ་ལས་རུང་ནས༔ མཚན་མའི་ལས་ཀྱི་སྦྱོར་བ་བྱ༔ དེས་ནི་འགལ་རྐྱེན་མཐའ་དག་ཞི༔ འཆི་མེད་འགྲུབ་པར་གདོན་མི་ཟ༔ དང་པོ་ལྷ་སྐུ་ཕྱག་རྒྱ་ཆེའི༔ ཐབས་ཀྱིས་ཚེ་མཆོག་བསྲིང་བ་ནི༔ ཆོ་འཕྲུལ་དང་ནི་ས་ག་ཟླར༔ བཟོ་བོ་གསོ་སྦྱོང་ལ་གནས་པས༔ རས་དཀར་གཙང་མ་སྐྱང་ནུལ་བྱ༔ ཐིག་བཏབ་ཆོ་ག་བཞིན་དུ་བྲི༔ ཚོན་གྱིས་སྐྱེ་མཆེད་གསལ་བ་དང༔ དཀྱིལ་འཁོར་འཁོར་ལོར་བསྐྱེད་ནས་ཀྱང༔ རབ་ཏུ་གནས་ལ་རྩ་སྔགས་མཐར༔ སུ་པྲ་ཏིཥྛ་བཛྲ་ཡེའི༔ ཤམ་སྦྱར་འབུམ་ཕྲག་གཅིག་བཟླ་ཞིང༔ མེ་ཏོག་འཐོར་ལ་མཆོད་པ་བྱ༔ བྲིས་སྐུ་བཞད་དང་འོད་ཟེར་འཕྲོ༔ འཛུམ་སོགས་དགེ་བའི་ལྟས་མཐོང་ན༔ དངོས་གྲུབ་བླང་ལ་རྟེན་དུ་འཆང༔ དུས་བཟང་རྣམས་སུ་མཆོད་པས་བསྐོར༔ གསོལ་བཏབ་ཚེ་ཟད་ཀུན་བསྲིང་ཞིང༔ རིང་འཚོ་སྒྲུབ་པའི་ཐབས་ཆེན་ནོ༔ ས་མ་ཡ༔ གསུང་གི་རིག་པ་ལ་བརྟེན་ནས༔ ཚེ་སྤེལ་བར་ཆད་སྲུང་བ་ནི༔ དར་རམ་རྒྱ་ཤོག་གཙང་མའི་ངོས༔ འཁོར་ལོ་ཕྱི་ནང་དྲུག་ཏུ་བསྐོར༔ ལྟེ་བར་ཧྲཱིཿལ་རྩ་བའི་སྔགས༔ རྩིབས་བཞིར་རིགས་བཞིའི་ས་བོན་གྱི༔ སྔགས་ལྡན་གཡས་སུ་བསྐོར་ཏེ་བྲི༔ རྩིབས་མཆན་རིགས་བཞིའི་ཕྱག་མཚན་བྲི༔ མུ་ཁྱུད་ཚེ་ཡི་རིག་པ་དང༔ དེའི་ཕྱིར་དབྱངས་གསལ་རྟེན་འབྲེལ་སྙིང༔ ཨོཾ༔ འཆི་མེད་མགོན་པོ་ལྷ་ཡི་ལྷ༔ དཀྱིལ་འཁོར་ཆེན་པོར་བཞུགས་པ་ཡི༔ ཡེ་ཤེས་ལྷ་ཚོགས་ཐམས་ཅད་ཀྱིས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ རིག་པ་ཆེན་པོ་འདི་འཆང་བའི༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས༔ ཚེ་བདུད་བར་ཆད་གདོན་བགེགས་ཞི༔ ལུས་སེམས་དྭངས་མའི་ཚོགས་རྒྱས་ཤིང༔ འཆི་མེད་དངོས་གྲུབ་མཆོག་སྩོལ་མཛོད༔ སུ་པྲ་ཏིཥྛའི་སྔགས་བཅས་བྲི༔ རྡོ་རྭ་འོད་ཟེར་ཕྲེང་བས་བསྐོར༔ དྲི་བཟང་རྫས་བྱུག་རབ་ཏུ་གནས༔ ལྷག་པར་ཤིས་བརྗོད་མང་དུ་བྱ༔ མེ་ཏོག་འཐོར་ལ་བསྟེབས་ནས་ཀྱང༔ དར་གྱི་ན་བཟའ་དང་བཅས་པར༔ མགུལ་དུ་བཅངས་པས་གདོན་བགེགས་སྲུང༔ ཚེ་དང་དངོས་གྲུབ་ངང་གིས་འཕེལ༔ ས་མ་ཡ༔ ཐུགས་ཀྱི་སཙྪ་ལ་བརྟེན་ནས༔ ཚེ་མཆོག་བསྲིང་བའི་ཆོ་ག་ནི༔ རིན་ཆེན་འབྲུ་སྨན་བསྲེས་པ་ཡི༔ ས་སྤྱིན་གཙང་མས་སཙྪ་བྱ༔ གཟུངས་སྔགས་སྤེལ་ཚིག་ལྡན་པ་གཞུག༔ དུས་བཟང་ཡར་ངོར་རབ་གནས་བྱ༔ ཁྱད་པར་མེ་ཏོག་སེར་པོ་འཐོར༔ ཨོཾ༔ བཅོམ་ལྡན་མཁྱེན་བརྩེ་ནུས་པའི་བདག༔ བདེ་བར་གཤེགས་པ་ཚེ་མཐའ་ཡས༔ ལྷ་ཡི་ལྷ་མཆོག་འཁོར་དང་བཅས༔ བདག་ལ་དགོངས་པར་མཛད་དུ་གསོལ༔ བདག་ཅག་འཁོར་དང་བཅས་པ་རྣམས༔ ཡེ་ཤེས་མཆོད་སྡོང་ཆོས་སྐུའི་རྟེན༔ རྣམ་པ་ཐམས་ཅད་ཕྱག་རྒྱ་ཡི༔ བྱིན་རླབས་དབང་དང་དངོས་གྲུབ་སྩོལ༔ ཚེ་རབས་ཐོག་མེད་ནས་བསགས་པའི༔ ལས་ཀྱི་རྣམ་སྨིན་མ་ལུས་བྱང༔ མཐུན་རྐྱེན་བསོད་ནམས་ཚོགས་རྫོགས་ནས༔ ཡེ་ཤེས་རྒྱས་པར་བྱིན་གྱིས་རློབས༔ མདོར་ན་དྲན་པ་ཙམ་གྱིས་ཀྱང༔ འདོད་པའི་དོན་ཀུན་ཐོགས་མེད་དུ༔ འགྲུབ་པའི་དངོས་གྲུབ་ཀུན་ཐོབ་ནས༔ མགོན་པོ་ཁྱོད་དང་མཉམ་པར་ཤོག༔ ས་མ་ཡ་སིདྡྷི་ཧོ༔ གསོལ་བ་བཏབ་ལ་བཀུར་བསྟི་བཅས༔ མཆོད་སྡོང་ནང་དུ་གཞུག་པའམ༔ ཡང་ན་དཔལ་ཅན་ས་ཡི་ངོགས༔ བཞག་ལ་ཤིས་པའི་ཚིག་མང་བརྗོད༔ དེས་ནི་ཚེ་དང་བསོད་ནམས་སོགས༔ མཐུན་རྐྱེན་མཐའ་དག་རྒྱས་པར་ངེས༔ ས་མ་ཡ༔ ཡོན་ཏན་རྫས་ལ་བརྟེན་པ་ཡི༔ བདུད་རྩིའི་བཅུད་ལེན་བྱ་བ་ནི༔ འབྲས་བུ་གསུམ་དང་བཟང་པོ་དྲུག༔ དབང་ལག་རྟག་ངུ་རྒྱལ་བའི་སྤྱན༔ ཐལ་དཀར་རྡོ་རྗེ་ཙན་དན་གཉིས༔ རམ་བུ་རྩ་བ་ལྔ་དང་ནི༔ ཅོང་ཞི་བྲག་ཞུན་སྦྲང་རྩི་དང༔ རྒྱ་མཚལ་ཤིང་མངར་བུ་རམ་བཅས༔ དམར་ཟལ་བ་ཡི་འོ་མས་སྦྲུ༔ རིལ་བུ་སྲན་འཕོས་ཙམ་དུ་དྲིལ༔ བྷན་དྷར་བཞག་ལ་དལ་དུ་བཀོད༔ ཁྲུས་བྱས་བགེགས་བསལ་མཆོད་པས་བསྐོར༔ བདག་ཉིད་ལྷ་ཡི་སྐུར་བསྒོམས་ཏེ༔ མདུན་དུ་རླུང་མེ་ཐོད་སྒྱེད་སྟེང༔ བྷན་དྷར་བདུད་རྩིའི་རྒྱ་མཚོར་འཁྱིལ༔ ཁ་དོག་དྲི་རོ་ཕུན་སུམ་ཚོགས༔ ཡེ་ཤེས་བདུད་རྩིའི་རླངས་སྤྲིན་སྟེང༔ ས་བོན་ཧྲཱིཿཡིག་ཡོངས་གྱུར་ལས༔ སྤྲོ་བསྡུས་བརྟན་གཡོའི་དྭངས་མ་བསྡུས༔ སྐད་ཅིག་དཀྱིལ་འཁོར་ཡོངས་རྫོགས་སྒོམས༔ སྤྱན་འདྲེན་ཕྱག་མཆོད་བསྟོད་པ་སོགས༔ ལས་ཀྱི་རིམ་པ་རྫོགས་པ་དང༔ བདག་ཉིད་ལྷ་ཡི་ཐུགས་ཀའི་འོད༔ འཕྲོས་པས་རླུང་གཡོས་མེ་སྦར་ཏེ༔ ཐོད་པ་དྲོས་ཤིང་བཅུད་རྣམས་ཁོལ༔ མ་དག་རླངས་པའི་རྣམ་པར་ཐོན༔ དྭངས་མས་ལྷ་རྣམས་བསྐུལ་བ་ལས༔ བདེ་སྟོང་རྒྱས་པའི་སྦྱོར་མཚམས་ནས༔ འོད་ཟེར་སྤྲོ་བསྡུས་ཕྱི་སྣོད་ཀྱི༔ འབྱུང་བ་ལྔ་ཡི་དྭངས་མ་དང༔ ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དཔལ༔ བསྡུས་ཏེ་སྐུ་ལ་ཐིམ་པ་ཡིས༔ དྭངས་མ་རྗེས་ཆགས་བྱང་ཆུབ་སེམས༔ ཆར་ལྟར་བབ་ནས་རྫས་ལ་ཐིམ༔ བརྟེན་པས་འཆི་མེད་མཆོག་གྲུབ་པའི༔ དངོས་གྲུབ་བདུད་རྩིའི་སྙིང་པོར་གྱུར༔ རྩ་བའི་སྔགས་ལ་ཤམ་འདི་གདགས༔ ཛྙཱ་ན་ར་ས་ཡ་ན་ཨ་མྲྀ་ཏ་སིདྡྷི་ཧོ༔ ཞེས་བཏགས་ཐུན་མཚམས་བྱིན་འབེབས་བྱ༔ ལྷ་ཚོགས་འོད་ཞུ་རྫས་ལ་བསྟིམ༔ རྟགས་མཐོང་བར་དུ་བསྒྲུབས་ནས་ཀྱང༔ རྒྱུན་དུ་རོལ་པས་ཚེ་དཔལ་འཕེལ༔ དྭངས་མ་རྒྱས་ཤིང་སྟོབས་བཀྲག་འཕེལ༔ ལུས་ཡངས་རིག་པ་གསལ་ལ་དྭངས༔ ཉམས་རྟོགས་ཡོན་ཏན་རྒྱས་པ་ཡི༔ ཐབས་ཀྱི་གསང་བ་རྨད་བྱུང་ངོ༔ ས་མ་ཡ༔ ཕྲིན་ལས་མེ་རླུང་ལ་བསྟེན་ནས༔ སྔགས་ཀྱི་ནུས་པ་རྒྱས་པ་དང༔ རྟགས་མཚན་རྣོ་བའི་ཐབས་མཆོག་ནི༔ ས་ཡི་ཆོ་ག་སྔོན་འགྲོ་བས༔ སྟེགས་བུར་བྲིས་བསྐོས་ཐབ་བཞེངས་ལ༔ མཚན་ཉིད་ལྡན་པའི་བུད་ཤིང་བརྩེགས༔ རྫས་དང་མཆོད་པ་བཤམས་ནས་ཀྱང༔ བྱིན་རླབས་ཆོ་གའི་རིམ་པ་ནི༔ སྲེག་རྫས་མིང་ཡིག་དང་པོ་ནི༔ ཐིག་ལེའི་བརྒྱན་པ་ཡོངས་གྱུར་ལས༔ དངོས་གྲུབ་ཐོགས་མེད་སྒྲུབ་ནུས་པའི༔ ལྷ་རྫས་མཆོག་གི་ངོ་བོར་གྱུར༔ ཨོཾ་ཨཱཿཧཱུྃ་དང་སྔགས་རྣམས་བརྗོད༔ ཐབ་ལ་གསང་ཆུས་བྲན་བྱས་ལ༔ སྟོང་པའི་ངང་ལས་འབར་བའི་མེ༔ ཀུན་ཏུ་འབར་ཞིང་འཁྱིལ་བ་ཡི༔ རྡོ་རྗེའི་ཐབ་ཁུང་མཚན་ཉིད་རྫོགས༔ ལས་ཀུན་སྒྲུབ་པའི་ནུས་ལྡན་པའི༔ ནང་དུ་རཾ་ལས་ར་སྐྱེས་སྟེང༔ མེ་ལྷ་དྲང་སྲོང་ཆ་བྱད་ཅན༔ གུནྡྷེ་བགྲང་ཕྲེང་འཛིན་པ་གསལ༔ སྐྱབས་སྦྱིན་མཐེ་བོང་གཡབ་ནས་སུ༔ ཀྱཻ༔ འཇིག་རྟེན་ཚངས་དབང་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེ༔ ཊ་ཀིས་དབང་བསྐུར་ཕྲིན་ལས་བདག༔ གནས་འདིར་ད་ལྟ་གཤེགས་སུ་གསོལ༔ ཨགྣེ་དེ་ཝ་ཨ་ཀརྵ་ཡ་ཛ༔ ཛཿཧཱུྃ་བྃ་ཧོ༔ ཏིཥྛ་ལྷན༔ ཉེར་སྤྱོད་མཆོད་པ་སྔོན་འགྲོ་བས༔ ལྷ་ཡི་ལྷ་མཆོག་དངོས་གྲུབ་ཚོགས༔ ཐོགས་མེད་སྩོལ་བའི་ཕྲིན་ལས་བདག༔ ཤར་ལྷོའི་གདོན་གྱི་རྒྱལ་པོ་ཆེ༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ བྱོན་པའི་སྐྱེམས་དང་ཡཾ་ཤིང་ཕྲེང༔ མར་ཁུ་ལ་སོགས་རྫས་རྣམས་ཕུལ༔ སྔགས་དང་སྤེལ་ཚིག་རིམ་པའི་ཚོགས༔ གང་འདོད་ལས་བཞིན་སོ་སོར་སྦྱར༔ སླར་ཡང་ཡེ་ཤེས་མེ་ལྷའི་ཚོགས༔ བསྐྱེད་ལ་མཆོད་བསྟོད་རྫས་རྣམས་འབུལ༔ སྐབས་སུ་འདོད་གསོལ་རིམ་པས་བསྐུལ༔ ལས་སྒྲུབ་དམིགས་པའི་ཏིང་འཛིན་དང༔ སྦྱར་ལ་བཟླས་པ་དག་ཀྱང་བྱ༔ མཆོད་བསྟོད་ནོངས་བཤགས་གཤེགས་གསོལ་བྱ༔ སླར་ཡང་འཇིག་རྟེན་མེ་ལྷ་གསལ༔ རྫས་དང་གཤེགས་སྐྱེམས་གཏང་རག་འབུལ༔ མཆོད་བསྟོད་ནོངས་བཤགས་རང་གནས་གཤེགས༔ ཐལ་བ་ཆུ་བོར་གཤེགས་པའམ༔ མཛོད་ཕུག་སྦ་ཞིང་རི་ཡི་རྩེར༔ རླུང་ལ་འཕྱར་བས་ལས་ཀུན་འགྲུབ༔ ཡང་ན་རིག་སྔགས་སྤེལ་ཚིག་ཅན༔ ཚེ་སྤེལ་ཙཀྲ་གང་ཡིན་པ༔ ལེགས་པར་དྲིལ་ལ་ན་བཟའ་གསོལ༔ རབ་གནས་དང་བཅས་རླུང་ལ་བསྐོར༔ གསེར་སྐྱེམས་གཏོར་མ་བཏང་ནས་སུ༔ ཀྱཻ༔ འབྱུང་བ་ཀུན་གྱི་རྒྱལ་པོ་ནི༔ རླུང་གི་ལས་ཀུན་བྱེད་པ་སྟེ༔ ཀུན་ལ་ཁྱབ་ཅིང་གཡོ་ཞིང་སྡུད༔ ངོ་བོ་ཡུམ་ཆེན་དམ་ཚིག་སྒྲོལ༔ རྣམ་པ་རླུང་གི་ཆོ་འཕྲུལ་ལ༔ རིག་པའི་གསང་སྔགས་འདི་བསྐོར་བས༔ ཕྱི་ནང་གཞན་གསུམ་དབུ་མའི་དབྱིངས༔ དག་པའི་བྱེད་ལས་གཅིག་པུ་ཡིས༔ རིག་སྔགས་རྡོ་རྗེའི་ནུས་པའི་མཐུ༔ ད་ལྟ་ཉིད་དུ་མངོན་པར་མཛོད༔ རླུང་གིས་ཀུན་ལ་ཁྱབ་པ་བཞིན༔ རིགས་སྔགས་ནུས་པས་ཀུན་ལ་ཁྱབ༔ བསྙེན་སྒྲུབ་བཟླས་པ་ཚད་འཁྱོལ་ཏེ༔ ལས་ཀུན་ཐོགས་མེད་འགྲུབ་པར་མཛོད༔ ཐོགས་མེད་མྱུར་ཞིང་ཤུགས་དྲག་ལྟར༔ དངོས་གྲུབ་གནས་ལ་ཐོགས་མེད་པས༔ ཇི་ལྟར་འདོད་པའི་ལས་ཀྱི་ཚོགས༔ ད་ལྟ་ཉིད་དུ་འགྲུབ་གྱུར་ཅིག༔ བཛྲ་ཡཾ་ཡཾ་སརྦ་ཀརྨ་ཀུ་རུ་ཧོ༔ ཞེས་པས་འདོད་པའི་ལས་གསོལ་ཞིང༔ དེ་ལྟར་ལས་ཚོགས་གང་ལ་ཡང༔ རྟེན་འབྲེལ་སྙིང་པོའི་བཟླས་པ་བྱ༔ དངོས་གྲུབ་ཐོགས་པ་མེད་འགྲུབ་པའི༔ རྣོ་འདོན་གསང་བའི་སྙིང་པོའོ༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་བརྟེན་ནས་ཚེ་བསྲིང་བའི་ལེའུ་སྟེ་དྲུག་པའོ༔ རྣལ་འབྱོར་ཚེ་ཡི་མཆོག་སྒྲུབ་ལ༔ བར་ཆད་ཚེ་བདུད་བཟློག་པའི་མདོས༔ ལན་ཆགས་སྦྱང་བའི་ཆོ་ག་བྱ༔ སྟེགས་བུར་རི་རབ་བང་རིམ་སྟེང༔ དཔལ་གྱི་གཏོར་མ་བརྗིད་ལྡན་བཀོད༔ ཕྱོགས་མཚམས་མཐུན་རྫས་བཤོས་བུས་བསྐོར༔ ནམ་མཁའ་རྒྱང་བུ་ཤིང་རིས་འཛུགས༔ མདའ་འཕངས་གཟུགས་འགྲོས་མཐུན་རྫས་བསྐོར༔ མཚམས་བཞིར་མར་མེ་ཕྱོགས་བཞི་རུ༔ མེ་ལོང་སྟེང་དུ་བྱ་ནག་བཞི༔ བཀོད་ལ་ལྷ་ཡི་ང་རྒྱལ་གྱིས༔ ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས༔ བྱིན་གྱིས་བརླབས་ལ་སྨྲེང་གིས་བསྔོ༔ ཀྱཻ༔ གདོད་ནས་དག་པའི་ཆོས་ཉིད་ལ༔ འཕོ་འགྱུར་མཚན་མ་ལས་འདས་ཀྱང༔ འགགས་མེད་ཐུགས་རྗེའི་ཆོ་འཕྲུལ་ལས༔ སྲིད་ཞི་ཅིར་ཡང་སྣང་བའི་ཕྱིར༔ འཁྲུལ་པ་རང་རྒྱུད་ཞེན་པའི་ངོར༔ བཀོད་པ་མི་འདྲ་དུ་མ་ཤར༔ ལས་དང་ཉོན་མོངས་རང་གཟུགས་ལས༔ འཇིག་རྟེན་སྐྱེ་རྒ་ན་འཆི་བྱུང༔ ཐབས་ལ་རྟེན་འབྲེལ་བཅོས་ཟབ་པས༔ སྣང་ཚུལ་མཐུན་པའི་མདོས་ཤིག་བཤམས༔ མདོས་ལ་སྣོད་བཅུད་ཡོངས་སུ་རྫོགས༔ འདོད་ཡོན་མཁོ་དགུས་འབྱོར་ཞིང་ཕྱུག༔ ཡས་སྟགས་མཆོད་པས་མི་མགུ་མེད༔ ཕུད་དང་གཏོར་མར་མི་གདུང་མེད༔ རྟེན་འབྲེལ་ཆོ་གས་མི་བསླུ་མེད༔ བདེན་པའི་ཚིག་ལ་མི་ཉན་མེད༔ དེ་ཕྱིར་རྣལ་འབྱོར་བདག་ཅག་གིས༔ དགའ་དགུ་བསགས་ནས་མཐུན་དགུ་སྡེབ༔ བཟང་དགུའི་འབྱོར་པའི་མགྲོན་ཆེན་དུ༔ བླ་མ་ཡི་དམ་དཀོན་མཆོག་གསུམ༔ ཡེ་ཤེས་ཐུགས་རྗེའི་རྩལ་གྱིས་བྱོན༔ མཁའ་འགྲོ་ཆོས་སྐྱོང་ཡོན་ཏན་མགྲོན༔ དམ་ཚིག་ཐུགས་རྗེའི་ཤུགས་ཀྱིས་བྱོན༔ འགྲོ་བ་རིགས་དྲུག་སྙིང་རྗེའི་མགྲོན༔ སེམས་བསྐྱེད་སྙིང་རྗེའི་དབང་གིས་བྱོན༔ སྡེ་བརྒྱད་བགེགས་རིགས་ལན་ཆགས་མགྲོན༔ ཚེ་རབས་ཤ་འཁོན་སྦྱང་ཕྱིར་བྱོན༔ མདོས་ལ་འཁོར་འདས་ཐམས་ཅད་འབོད༔ མགྲོན་དུ་བཟང་ངན་ཕམ་རྒྱལ་མེད༔ མདོས་མཁན་སྟོང་ཉིད་རྟོགས་པའི་ཕྱིར༔ སྟོང་པ་ཉིད་ལ་བདག་གཞན་བྲལ༔ རྣལ་འབྱོར་ཐབས་ལ་མཁས་པའི་ཕྱིར༔ གང་གི་མགུ་བ་དེ་བཞིན་སྦྱིན༔ སྟོང་དང་རྟེན་འབྱུང་ཟུང་འཇུག་ལྟར༔ སྣང་སྟོང་གཉིས་སུ་མེད་པར་ཤར༔ དེ་ཕྱིར་སྨྲེང་གིས་དཀྲོལ་བ་བཞིན༔ བདེ་ཆེན་སྒྱུ་མའི་སྣང་ཆ་ལས༔ ཤར་བའི་འཁོར་དང་མྱང་འདས་ཀྱི༔ སྣང་ཆའི་མགྲོན་ཀུན་གཤེགས་སུ་གསོལ༔ སརྦ་ས་མ་ཡ་ཛཿཛཿསརྦ་བིགྷྣཱན་ཨ་ཀརྵ་ཡ་ཛཿ ཛཿཧཱུྃ་བྃ་ཧོ༔ ཀྱཻཿ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ ཤར་ཕྱོགས་ཚེ་བདུད་གདོན་གྱི་གཙོ༔ དབང་པོ་རྡོ་རྗེ་འཆང་བའི་ལྷ༔ དཀར་པོ་ལྷ་གདོན་བྱེ་བས་བསྐོར༔ ཤིང་ཁམས་གདོན་གྱི་གཙོ་བོ་སྟེ༔ འགྲམ་འཁྲུག་བྱེད་པ་གསུམ་མཐིང་སྨེ༔ བདུན་ཟུར་སྟག་དང་ཡོས་ཀྱི་ལོ༔ སྤར་ཁ་ཟིན་ལ་སོགས་པ་ཡི༔ ཚེ་སྲོག་དཔལ་ལ་འཁུ་བ་ཡི༔ སྨྱོ་འབོག་གཏོང་བའི་ཆོ་འཕྲུལ་ཅན༔ ཁྱེད་རྣམས་མ་ལུས་ཐམས་ཅད་ལ༔ རང་རང་མཐུན་པའི་དམ་རྫས་དང༔ ནམ་མཁའ་མདའ་རྒྱང་ཤིང་རིས་དང༔ བལ་ཏི་ཤུག་ཏི་ཤོག་ཤོག་དང༔ དོང་རྩེ་རིན་ཆེན་སྨན་འབྲུའི་མཛོད༔ དར་ཟབ་སྟག་གཟིག་རས་མ་སོགས༔ གང་ལ་ཅི་འདོད་འབྱུང་བའི་རྫས༔ ཁྱད་པར་བསྒྲུབ་བྱའི་ཕུང་པོ་ཁམས༔ སྐྱེ་མཆེད་རྫོགས་པའི་གླུད་གཏོར་ནི༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ བསྒྲུབ་བྱ་འཁོར་དང་བཅས་པ་རྣམས༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ འཁོན་དང་འཁྲུགས་པ་རང་སར་ཞི༔ འགྲས་པ་ཐམས་ཅད་ཞི་བས་བསྡུམ༔ བླ་ཡི་རྟེན་ཕུར་མ་ཕུད་ཅིག༔ སྲོག་གི་ལྗོན་ཤིང་མ་སྒྱེལ་ཅིག༔ ཚེ་ཡི་རྫིང་བུ་མ་འཕྲོག་ཅིག༔ གདོན་གྱིས་ཧབ་ཐོབ་མ་བྱེད་པར༔ བརྔན་དུ་དཀོར་ཆ་མཁོ་དགུ་སྦྱིན༔ སྐྱིན་དུ་བསྒྲུབ་བྱའི་སྐུ་གླུད་འབུལ༔ འཆི་བ་མེད་པའི་ཚེ་སྒྲུབ་པའི༔ འགལ་རྐྱེན་མཐའ་དག་ཞི་བ་དང༔ ཁྱད་པར་ཤིང་ཁམས་དབང་བྱེད་པའི༔ གདོན་དང་བགེགས་ཀྱི་གནོད་པ་སྲུངས༔ སྨྱོ་འབོག་བརྒྱལ་ནད་སངས་གྱིས་ལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཀྱཻ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ ལྷོ་ཕྱོགས་ཚེ་བདུད་གདོན་གྱི་གཙོ༔ གཤིན་རྗེ་བེ་ཅོན་འཆང་བའི་ལྷ༔ སེར་པོ་གཤིན་རྗེ་བྱེ་བས་བསྐོར༔ མེ་ཁམས་གདོན་གྱི་གཙོ་བོ་སྟེ༔ འགྲམ་འཁྲུག་བྱེད་པ་དགུ་དམར་ཏེ༔ བདུན་ཟུར་རྟ་དང་སྦྲུལ་གྱི་ལོ༔ སྤར་ཁ་ལི་ལ་སོགས་པ་ཡི༔ ཚེ་སྲོག་དཔལ་ལ་འཁུ་བ་ཡི༔ ཁྲམ་ལ་འདེབས་པའི་ཆོ་འཕྲུལ་ཅན༔ ཁྱེད་རྣམས་མ་ལུས་ཐམས་ཅད་ལ༔ རང་རང་མཐུན་པའི་དམ་རྫས་དང༔ ནམ་མཁའ་མདའ་རྒྱང་ཤིང་རིས་དང༔ བལ་ཏི་ཤུག་ཏི་ཤོག་ཤོག་དང༔ དོང་རྩེ་རིན་ཆེན་སྨན་འབྲུའི་མཛོད༔ དར་ཟབ་སྟག་གཟིག་རས་མ་སོགས༔ གང་ལ་ཅི་འདོད་འབྱུང་བའི་རྫས༔ ཁྱད་པར་བསྒྲུབ་བྱའི་ཕུང་པོ་ཁམས༔ སྐྱེ་མཆེད་རྫོགས་པའི་གླུད་གཏོར་ནི༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ བསྒྲུབ་བྱ་འཁོར་དང་བཅས་པ་རྣམས༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ འཁོན་དང་འཁྲུགས་པ་རང་སར་ཞི༔ འགྲས་པ་ཐམས་ཅད་ཞི་བས་བསྡུམ༔ བླ་ཡི་རྟེན་ཕུར་མ་ཕུད་ཅིག༔ སྲོག་གི་ལྗོན་ཤིང་མ་སྒྱེལ་ཅིག༔ ཚེ་ཡི་རྫིང་བུ་མ་འཕྲོག་ཅིག༔ གདོན་གྱིས་ཧབ་ཐོབ་མ་བྱེད་པར༔ བརྔན་དུ་དཀོར་ཆ་མཁོ་དགུ་སྦྱིན༔ སྐྱིན་དུ་བསྒྲུབ་བྱའི་སྐུ་གླུད་འབུལ༔ འཆི་བ་མེད་པའི་ཚེ་སྒྲུབ་པའི༔ འགལ་རྐྱེན་མཐའ་དག་ཞི་བ་དང༔ ཁྱད་པར་མེ་ཁམས་དབང་བྱེད་པའི༔ གདོན་དང་བགེགས་ཀྱི་གནོད་པ་སྲུངས༔ ཁྲམ་ལ་བཏབ་པ་ད་ཕྱིས་ལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཀྱཻ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ ནུབ་ཕྱོགས་ཚེ་བདུད་གདོན་གྱི་གཙོ༔ ཆུ་བདག་ལག་ན་སྦྲུལ་ཞགས་འཆང༔ སྔོན་པོ་ཀླུ་གདོན་བྱེ་བས་བསྐོར༔ ལྕགས་ཁམས་གདོན་གྱི་གཙོ་བོ་སྟེ༔ འགྲམ་འཁྲུག་བྱེད་པ་བདུན་དམར་སྨེ༔ བདུན་ཟུར་བྱ་དང་སྤྲེལ་གྱི་ལོ༔ སྤར་ཁ་དྭ་ལ་སོགས་པ་ཡི༔ ཚེ་སྲོག་དཔལ་ལ་འཁུ་བ་ཡི༔ ཞ་གྲུམ་གཏོང་བའི་ཆོ་འཕྲུལ་ཅན༔ ཁྱེད་རྣམས་མ་ལུས་ཐམས་ཅད་ལ༔ རང་རང་མཐུན་པའི་དམ་རྫས་དང༔ ནམ་མཁའ་མདའ་རྒྱང་ཤིང་རིས་དང༔ བལ་ཏི་ཤུག་ཏི་ཤོག་ཤོག་དང༔ དོང་རྩེ་རིན་ཆེན་སྨན་འབྲུའི་མཛོད༔ དར་ཟབ་སྟག་གཟིག་རས་མ་སོགས༔ གང་ལ་ཅི་འདོད་འབྱུང་བའི་རྫས༔ ཁྱད་པར་བསྒྲུབ་བྱའི་ཕུང་པོ་ཁམས༔ སྐྱེ་མཆེད་རྫོགས་པའི་གླུད་གཏོར་ནི༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ བསྒྲུབ་བྱ་འཁོར་དང་བཅས་པ་རྣམས༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ འཁོན་དང་འཁྲུགས་པ་རང་སར་ཞི༔ འགྲས་པ་ཐམས་ཅད་ཞི་བས་བསྡུམ༔ བླ་ཡི་རྟེན་ཕུར་མ་ཕུད་ཅིག༔ སྲོག་གི་ལྗོན་ཤིང་མ་སྒྱེལ་ཅིག༔ ཚེ་ཡི་རྫིང་བུ་མ་འཕྲོག་ཅིག༔ གདོན་གྱིས་ཧབ་ཐོབ་མ་བྱེད་པར༔ བརྔན་དུ་དཀོར་ཆ་མཁོ་དགུ་སྦྱིན༔ སྐྱིན་དུ་བསྒྲུབ་བྱའི་སྐུ་གླུད་འབུལ༔ འཆི་བ་མེད་པའི་ཚེ་སྒྲུབ་པའི༔ འགལ་རྐྱེན་མཐའ་དག་ཞི་བ་དང༔ ཁྱད་པར་ལྕགས་ཁམས་དབང་བྱེད་པའི༔ གདོན་དང་བགེགས་ཀྱི་གནོད་པ་སྲུངས༔ མཛེ་རིགས་གཏོང་བ་ད་སོལ་ལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཀྱཻ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ བྱང་ཕྱོགས་ཚེ་བདུད་གདོན་གྱི་གཙོ༔ གནོད་སྦྱིན་ལག་ན་བེ་ཅོན་ཐོགས༔ ལྗང་གུ་དམུ་ཡི་གདོན་གྱིས་བསྐོར༔ ཆུ་ཁམས་གདོན་གྱི་གཙོ་བོ་སྟེ༔ འགྲམ་འཁྲུགས་བྱེད་པ་གཅིག་དཀར་ཏེ༔ བདུན་ཟུར་བྱི་བ་ཕག་གི་ལོ༔ སྤར་ཁ་ཁམ་ལ་སོགས་པ་ཡི༔ ཚེ་སྲོག་དཔལ་ལ་འཁུ་བྱེད་པའི༔ འཐིབ་གནོན་གཏོང་བའི་ཆོ་འཕྲུལ་ཅན༔ ཁྱེད་རྣམས་མ་ལུས་ཐམས་ཅད་ལ༔ རང་རང་མཐུན་པའི་དམ་རྫས་དང༔ ནམ་མཁའ་མདའ་རྒྱང་ཤིང་རིས་དང༔ བལ་ཏི་ཤུག་ཏི་ཤོག་ཤོག་དང༔ དོང་རྩེ་རིན་ཆེན་སྨན་འབྲུའི་མཛོད༔ དར་ཟབ་སྟག་གཟིག་རས་མ་སོགས༔ གང་ལ་ཅི་འདོད་འབྱུང་བའི་རྫས༔ ཁྱད་པར་བསྒྲུབ་བྱའི་ཕུང་པོ་ཁམས༔ སྐྱེ་མཆེད་རྫོགས་པའི་གླུད་གཏོར་ནི༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ བསྒྲུབ་བྱ་འཁོར་དང་བཅས་པ་རྣམས༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ འཁོན་དང་འཁྲུགས་པ་རང་སར་ཞི༔ འགྲས་པ་ཐམས་ཅད་ཞི་བས་བསྡུམ༔ བླ་ཡི་རྟེན་ཕུར་མ་ཕུད་ཅིག༔ སྲོག་གི་ལྗོན་ཤིང་མ་སྒྱེལ་ཅིག༔ ཚེ་ཡི་རྫིང་བུ་མ་འཕྲོག་ཅིག༔ གདོན་གྱིས་ཧབ་ཐོབ་མ་བྱེད་པར༔ བརྔན་དུ་དཀོར་ཆ་མཁོ་དགུ་སྦྱིན༔ སྐྱིན་དུ་བསྒྲུབ་བྱའི་སྐུ་གླུད་འབུལ༔ འཆི་བ་མེད་པའི་ཚེ་སྒྲུབ་པའི༔ འགལ་རྐྱེན་མཐའ་དག་ཞི་བ་དང༔ ཁྱད་པར་ཆུ་ཁམས་དབང་བྱེད་པའི༔ གདོན་དང་བགེགས་ཀྱི་གནོད་པ་སྲུངས༔ དམུ་གབ་གཏོང་བ་ད་སོལ་ལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཀྱཻ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ ཤར་ལྷོའི་ཚེ་བདུད་གདོན་གྱི་གཙོ༔ མེ་ལྷ་ལག་ན་བགྲང་ཕྲེང་ཐོགས༔ ནག་པོ་བདུད་གདོན་བྱེ་བས་བསྐོར༔ ས་ཁམས་གདོན་གྱི་གཙོ་བོ་སྟེ༔ འགྲམ་འཁྲུག་བྱེད་པ་བཞི་ལྗང་སྨེ༔ བདུན་ཟུར་གཤེད་བཞི་འབྲུག་གི་ལོ༔ སྤར་ཁ་ཟོན་ལ་སོགས་པ་ཡི༔ ཚེ་སྲོག་དཔལ་ལ་འཁུ་བྱེད་པའི༔ ཧུར་ཐུམ་གཏོང་བའི་ཆོ་འཕྲུལ་ཅན༔ ཁྱེད་རྣམས་མ་ལུས་ཐམས་ཅད་ལ༔ རང་རང་མཐུན་པའི་དམ་རྫས་དང༔ ནམ་མཁའ་མདའ་རྒྱང་ཤིང་རིས་དང༔ བལ་ཏི་ཤུག་ཏི་ཤོག་ཤོག་དང༔ དོང་རྩེ་རིན་ཆེན་སྨན་འབྲུའི་མཛོད༔ དར་ཟབ་སྟག་གཟིག་རས་མ་སོགས༔ གང་ལ་ཅི་འདོད་འབྱུང་བའི་རྫས༔ ཁྱད་པར་བསྒྲུབ་བྱའི་ཕུང་པོ་ཁམས༔ སྐྱེ་མཆེད་རྫོགས་པའི་གླུད་གཏོར་ནི༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ བསྒྲུབ་བྱ་འཁོར་དང་བཅས་པ་རྣམས༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ འཁོན་དང་འཁྲུགས་པ་རང་སར་ཞི༔ འགྲས་པ་ཐམས་ཅད་ཞི་བས་བསྡུམ༔ བླ་ཡི་རྟེན་ཕུར་མ་ཕུད་ཅིག༔ སྲོག་གི་ལྗོན་ཤིང་མ་སྒྱེལ་ཅིག༔ ཚེ་ཡི་རྫིང་བུ་མ་འཕྲོག་ཅིག༔ གདོན་གྱིས་ཧབ་ཐོབ་མ་བྱེད་པར༔ བརྔན་དུ་དཀོར་ཆ་མཁོ་དགུ་སྦྱིན༔ སྐྱིན་དུ་བསྒྲུབ་བྱའི་སྐུ་གླུད་འབུལ༔ འཆི་བ་མེད་པའི་ཚེ་སྒྲུབ་པའི༔ འགལ་རྐྱེན་མཐའ་དག་ཞི་བ་དང༔ ཁྱད་པར་ས་ཁམས་དབང་བྱེད་པའི༔ གདོན་དང་བགེགས་ཀྱི་གནོད་པ་སྲུངས༔ ཧུར་ཐུམ་རྒྱུག་འགྱེལ་མ་གཏོང་བར༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཀྱཻཿ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ ལྷོ་ནུབ་ཚེ་བདུད་གདོན་གྱི་གཙོ༔ སྲིན་པོ་ལག་ན་རལ་གྲི་ཐོགས༔ དམར་པོ་བཙན་གདོན་བྱེ་བས་བསྐོར༔ ས་ཁམས་གདོན་གྱི་གཙོ་བོ་སྟེ༔ འགྲམ་འཁྲུག་བྱེད་པ་གཉིས་ནག་སྨེ༔ བདུན་ཟུར་གཤེད་བཞི་ལུག་གི་ལོ༔ སྤར་ཁ་ཁོན་ལ་སོགས་པ་ཡི༔ ཚེ་སྲོག་དཔལ་ལ་འཁུ་བྱེད་པའི༔ གྲི་གཟེར་གཏོང་བའི་ཆོ་འཕྲུལ་ཅན༔ ཁྱེད་རྣམས་མ་ལུས་ཐམས་ཅད་ལ༔ རང་རང་མཐུན་པའི་དམ་རྫས་དང༔ ནམ་མཁའ་མདའ་རྒྱང་ཤིང་རིས་དང༔ བལ་ཏི་ཤུག་ཏི་ཤོག་ཤོག་དང༔ དོང་རྩེ་རིན་ཆེན་སྨན་འབྲུའི་མཛོད༔ དར་ཟབ་སྟག་གཟིག་རས་མ་སོགས༔ གང་ལ་ཅི་འདོད་འབྱུང་བའི་རྫས༔ ཁྱད་པར་བསྒྲུབ་བྱའི་ཕུང་པོ་ཁམས༔ སྐྱེ་མཆེད་རྫོགས་པའི་གླུད་གཏོར་ནི༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ བསྒྲུབ་བྱ་འཁོར་དང་བཅས་པ་རྣམས༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ འཁོན་དང་འཁྲུགས་པ་རང་སར་ཞི༔ འགྲས་པ་ཐམས་ཅད་ཞི་བས་བསྡུམ༔ བླ་ཡི་རྟེན་ཕུར་མ་ཕུད་ཅིག༔ སྲོག་གི་ལྗོན་ཤིང་མ་སྒྱེལ་ཅིག༔ ཚེ་ཡི་རྫིང་བུ་མ་འཕྲོག་ཅིག༔ གདོན་གྱིས་ཧབ་ཐོབ་མ་བྱེད་པར༔ བརྔན་དུ་དཀོར་ཆ་མཁོ་དགུ་སྦྱིན༔ སྐྱིན་དུ་བསྒྲུབ་བྱའི་སྐུ་གླུད་འབུལ༔ འཆི་བ་མེད་པའི་ཚེ་སྒྲུབ་པའི༔ འགལ་རྐྱེན་མཐའ་དག་ཞི་བ་དང༔ ཁྱད་པར་ས་ཁམས་དབང་བྱེད་པའི༔ གདོན་དང་བགེགས་ཀྱི་གནོད་པ་སྲུངས༔ གྲི་གཟེར་གཏོང་བ་ད་སོལ་ལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཀྱཻ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ ནུབ་བྱང་ཚེ་བདུད་གདོན་གྱི་གཙོ༔ རླུང་ལྷ་ལག་ན་བ་དན་ཐོགས༔ ཁྲ་བོ་མ་མོའི་གདོན་གྱིས་བསྐོར༔ ས་ཁམས་གདོན་གྱི་གཙོ་བོ་སྟེ༔ འགྲམ་འཁྲུག་བྱེད་པ་དྲུག་དཀར་སྨེ༔ རྒྱལ་པོ་སྐྱེ་འགྲོའི་དཔལ་དཀར་པོ༔ བདུན་ཟུར་གཤེད་བཞི་ཁྱི་ཡི་ལོ༔ བྱིས་པ་མཐིང་གི་ཁ་དོག་ཅན༔ སྤར་ཁ་ཁེན་ལ་སོགས་པ་ཡི༔ ཚེ་སྲོག་དཔལ་ལ་འཁུ་བྱེད་པའི༔ དལ་ཡམས་གཏོང་བའི་ཆོ་འཕྲུལ་ཅན༔ ཁྱེད་རྣམས་མ་ལུས་ཐམས་ཅད་ལ༔ རང་རང་མཐུན་པའི་དམ་རྫས་དང༔ ནམ་མཁའ་མདའ་རྒྱང་ཤིང་རིས་དང༔ བལ་ཏི་ཤུག་ཏི་ཤོག་ཤོག་དང༔ དོང་རྩེ་རིན་ཆེན་སྨན་འབྲུའི་མཛོད༔ དར་ཟབ་སྟག་གཟིག་རས་མ་སོགས༔ གང་ལ་ཅི་འདོད་འབྱུང་བའི་རྫས༔ ཁྱད་པར་བསྒྲུབ་བྱའི་ཕུང་པོ་ཁམས༔ སྐྱེ་མཆེད་རྫོགས་པའི་གླུད་གཏོར་ནི༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ བསྒྲུབ་བྱ་འཁོར་དང་བཅས་པ་རྣམས༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ འཁོན་དང་འཁྲུགས་པ་རང་སར་ཞི༔ འགྲས་པ་ཐམས་ཅད་ཞི་བས་བསྡུམ༔ བླ་ཡི་རྟེན་ཕུར་མ་ཕུད་ཅིག༔ སྲོག་གི་ལྗོན་ཤིང་མ་སྒྱེལ་ཅིག༔ ཚེ་ཡི་རྫིང་བུ་མ་འཕྲོག་ཅིག༔ གདོན་གྱིས་ཧབ་ཐོབ་མ་བྱེད་པར༔ བརྔན་དུ་དཀོར་ཆ་མཁོ་དགུ་སྦྱིན༔ སྐྱིན་དུ་བསྒྲུབ་བྱའི་སྐུ་གླུད་འབུལ༔ འཆི་བ་མེད་པའི་ཚེ་སྒྲུབ་པའི༔ འགལ་རྐྱེན་མཐའ་དག་ཞི་བ་དང༔ ཁྱད་པར་ས་ཁམས་དབང་བྱེད་པའི༔ གདོན་དང་བགེགས་ཀྱི་གནོད་པ་སྲུངས༔ དལ་ཡམས་གཏོང་བ་ད་སོལ་ལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཀྱཻ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ བྱང་ཤར་ཚེ་བདུད་གདོན་གྱི་གཙོ༔ དབང་ལྡན་ལག་ན་ལྕགས་ཀྱུ་ཐོགས༔ ཐལ་མདོག་ཐེའུ་རང་གདོན་གྱིས་བསྐོར༔ ས་ཁམས་གདོན་གྱི་གཙོ་བོ་སྟེ༔ འགྲམ་འཁྲུག་བྱེད་པ་བརྒྱད་དཀར་ཏེ༔ དབང་ཕྱུག་མ་ཧཱ་དེ་ཝ་དཀར༔ བདུན་ཟུར་གཤེད་བཞི་གླང་གི་ལོ༔ བུ་མོ་གསེར་གྱི་ཁ་དོག་ཅན༔ སྤར་ཁ་གིན་ལ་སོགས་པ་ཡི༔ ཚེ་སྲོག་དཔལ་ལ་འཁུ་བྱེད་པའི༔ གོད་ཁ་གཏོང་བའི་ཆོ་འཕྲུལ་ཅན༔ ཁྱེད་རྣམས་མ་ལུས་ཐམས་ཅད་ལ༔ རང་རང་མཐུན་པའི་དམ་རྫས་དང༔ ནམ་མཁའ་མདའ་རྒྱང་ཤིང་རིས་དང༔ བལ་ཏི་ཤུག་ཏི་ཤོག་ཤོག་དང༔ དོང་རྩེ་རིན་ཆེན་སྨན་འབྲུའི་མཛོད༔ དར་ཟབ་སྟག་གཟིག་རས་མ་སོགས༔ གང་ལ་ཅི་འདོད་འབྱུང་བའི་རྫས༔ ཁྱད་པར་བསྒྲུབ་བྱའི་ཕུང་པོ་ཁམས༔ སྐྱེ་མཆེད་རྫོགས་པའི་གླུད་གཏོར་ནི༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ བསྒྲུབ་བྱ་འཁོར་དང་བཅས་པ་རྣམས༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ འཁོན་དང་འཁྲུགས་པ་རང་སར་ཞི༔ འགྲས་པ་ཐམས་ཅད་ཞི་བས་བསྡུམ༔ བླ་ཡི་རྟེན་ཕུར་མ་ཕུད་ཅིག༔ སྲོག་གི་ལྗོན་ཤིང་མ་སྒྱེལ་ཅིག༔ ཚེ་ཡི་རྫིང་བུ་མ་འཕྲོག་ཅིག༔ གདོན་གྱིས་ཧབ་ཐོབ་མ་བྱེད་པར༔ བརྔན་དུ་དཀོར་ཆ་མཁོ་དགུ་སྦྱིན༔ སྐྱིན་དུ་བསྒྲུབ་བྱའི་སྐུ་གླུད་འབུལ༔ འཆི་བ་མེད་པའི་ཚེ་སྒྲུབ་པའི༔ འགལ་རྐྱེན་མཐའ་དག་ཞི་བ་དང༔ ཁྱད་པར་ས་ཁམས་དབང་བྱེད་པའི༔ གདོན་དང་བགེགས་ཀྱི་གནོད་པ་སྲུངས༔ གོད་ཁ་གཏོང་བ་ད་སོལ་ལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཀྱཻ༔ སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི༔ སྟེང་འོག་ཚེ་བདུད་གདོན་གྱི་གཙོ༔ ཚངས་པ་ལག་ན་འཁོར་ལོ་ཐོགས༔ ལྟོ་འཕྱེ་ལག་ན་ནོར་བུ་འཆང༔ སྟེང་འོག་གདོན་གྱི་ཚོགས་ཀྱིས་བསྐོར༔ གཟའ་ཀླུ་ས་བདག་གཙོ་བོ་སྟེ༔ འགྲམ་འཁྲུག་བྱེད་པ་ལྔ་སེར་སྨེ༔ ས་བདག་རྒྱལ་པོ་གསེར་གྱི་མདོག༔ འདུ་འཁྲུག་གཏོང་བའི་ཆོ་འཕྲུལ་ཅན༔ ཁྱེད་རྣམས་མ་ལུས་ཐམས་ཅད་ལ༔ རང་རང་མཐུན་པའི་དམ་རྫས་དང༔ ནམ་མཁའ་མདའ་རྒྱང་ཤིང་རིས་དང༔ བལ་ཏི་ཤུག་ཏི་ཤོག་ཤོག་དང༔ དོང་རྩེ་རིན་ཆེན་སྨན་འབྲུའི་མཛོད༔ དར་ཟབ་སྟག་གཟིག་རས་མ་སོགས༔ གང་ལ་ཅི་འདོད་འབྱུང་བའི་རྫས༔ ཁྱད་པར་བསྒྲུབ་བྱའི་ཕུང་པོ་ཁམས༔ སྐྱེ་མཆེད་རྫོགས་པའི་གླུད་གཏོར་ནི༔ འདོད་ཡོན་མི་ཟད་གཏེར་དུ་བསྔོ༔ བསྒྲུབ་བྱ་འཁོར་དང་བཅས་པ་རྣམས༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ འཁོན་དང་འཁྲུགས་པ་རང་སར་ཞི༔ འགྲས་པ་ཐམས་ཅད་ཞི་བས་བསྡུམ༔ བླ་ཡི་རྟེན་ཕུར་མ་ཕུད་ཅིག༔ སྲོག་གི་ལྗོན་ཤིང་མ་སྒྱེལ་ཅིག༔ ཚེ་ཡི་རྫིང་བུ་མ་འཕྲོག་ཅིག༔ གདོན་གྱིས་ཧབ་ཐོབ་མ་བྱེད་པར༔ བརྔན་དུ་དཀོར་ཆ་མཁོ་དགུ་སྦྱིན༔ སྐྱིན་དུ་བསྒྲུབ་བྱའི་སྐུ་གླུད་འབུལ༔ འཆི་བ་མེད་པའི་ཚེ་སྒྲུབ་པའི༔ འགལ་རྐྱེན་མཐའ་དག་ཞི་བ་དང༔ ཁྱད་པར་གནམ་ས་དབང་བྱེད་པའི༔ གདོན་དང་བགེགས་ཀྱི་གནོད་པ་སྲུངས༔ འདུ་འཁྲུག་གཏོང་བ་ད་སོལ་ལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ ཁྱད་པར་བདུད་ཀྱི་སྡེ་ཆེན་བཞི༔ བརྔན་པའི་གཟེར་ཁ་འདེབས་པ་ནི༔ ཀྱཻ༔ ཤར་ནས་བསླུ་བྲིད་ལྷ་བུའི་བདུད༔ དཀར་གསལ་ཁྱེའུ་གཞོན་ནུའི་ཚུལ༔ མཛེས་པའི་རྒྱན་ཆ་ལམས་སེ་ལམ༔ ཁྱོད་ནི་སྐྱེ་འགྲོའི་བདུད་དུ་ཆེ༔ འདོད་ཡོན་སྒྱུ་མའི་ཆོ་འཕྲུལ་གྱིས༔ འགྲོ་བ་བསླུ་ནི་རྐྱེན་པོ་ལ༔ དེ་རིང་བདག་གིས་བརྔན་ཞིག་སྦྱིན༔ ཚིམས་པར་གྱིས་ལ་གླགས་མ་ལྟ༔ མགུ་བར་གྱིས་ལ་རང་གི་གནས༔ གཞན་འཕྲུལ་དབང་བྱེད་གནས་སུ་སོང༔ མི་འཆི་ཚེ་ཡི་རྫི་འུ་མཛོད༔ ཀྱཻ༔ ལྷོ་ནས་འཇོམས་བྱེད་འཆི་བདག་བདུད༔ མཐིང་ནག་ཁྲོ་གཏུམ་འཇིགས་པའི་གཟུགས༔ མགོ་ཕྲེང་དར་ནག་ཁྲམ་ཤིང་ཐོགས༔ ཁྱོད་ནི་སྐྱེ་འགྲོའི་བདུད་དུ་ཆེ༔ ཁམས་གསུམ་སྐྱེ་འགྲོ་ཁྲམ་ལ་འདེབས༔ ཚེ་སྲོག་བླ་ཡི་དཔལ་ཀུན་སྡུད༔ དེ་རིང་བདག་གིས་བརྔན་ཞིག་སྦྱིན༔ ཚིམས་པར་གྱིས་ལ་གླགས་མ་ལྟ༔ མགུ་བར་གྱིས་ལ་རང་གི་གནས༔ ལྷོ་ཕྱོགས་མུན་པའི་གླིང་དུ་སོང༔ མི་འཆི་ཚེ་ཡི་བདག་པོ་མཛོད༔ ཀྱཻ༔ ནུབ་ཏུ་འཆིང་བྱེད་ཉོན་མོངས་བདུད༔ དམར་གསལ་སྒེག་ཆགས་རོལ་པའི་གཟུགས༔ རྒྱན་ལྡན་ལག་ན་ལྕགས་ཀྱུ་ཐོགས༔ ཁྱོད་ནི་སྐྱེ་འགྲོའི་བདུད་དུ་ཆེ༔ མཁའ་ཁྱབ་སེམས་ཅན་ཁྱོད་དབང་བསྒྱུར༔ བྱང་ཆུབ་སྒྲུབ་ལ་བར་གཅོད་པར༔ དེ་རིང་བདག་གིས་བརྔན་ཞིག་སྦྱིན༔ ཚིམས་པར་གྱིས་ལ་གླགས་མ་ལྟ༔ མགུ་བར་གྱིས་ལ་རང་གི་གནས༔ ནུབ་ཕྱོགས་སྐྱེ་མེད་དབྱིངས་སུ་དེངས༔ མི་འཆི་ཚེ་ཡི་སྲུང་བ་མཛོད༔ ཀྱཻ༔ བྱང་ན་སྒྱུ་མ་ཕུང་པོའི་བདུད༔ སེར་པོ་རྔམ་པའི་གཟི་བརྗིད་ཅན༔ བགྲེས་ཚུལ་ལག་ན་མཁར་བ་ཐོགས༔ ཁྱོད་ནི་སྐྱེ་འགྲོའི་བདུད་དུ་ཆེ༔ འགྲོ་ཀུན་ལས་ཉོན་ཁྱོད་ལ་བརྟེན༔ ཟག་བཅས་སྡུག་བསྔལ་ཀུན་གྱི་གཞི༔ དེ་རིང་བདག་གིས་བརྔན་ཞིག་སྦྱིན༔ ཚིམས་པར་གྱིས་ལ་གླགས་མ་ལྟ༔ མགུ་བར་གྱིས་ལ་རང་གི་གནས༔ བྱང་ཕྱོགས་དུར་ཁྲོད་ཆེན་པོར་སོང༔ མི་འཆི་ཚེ་ཡི་བླ་རྟེན་མཛོད༔ ཅེས་དང་སཾ་བྷ་ར་ཡིས་བསྔོ༔ གདོན་ཀུན་མགུ་ཞིང་ཚིམས་པར་བསམ༔ མཐར་ནི་འདྲེ་ལྔའི་ཕྱོགས་སུ་ཁྱེར༔ མགྲོན་རྣམས་གཤེགས་པར་ཞུ་བ་ནི༔ ཀྱེ༔ དེ་རིང་རྣལ་འབྱོར་བདག་ཅག་གི༔ དགྱེས་པའི་ལོངས་སྤྱོད་འདི་བཞེས་ལ༔ དགའ་མགུ་ཡི་རང་ཚིམས་པའི་སེམས༔ བསྐྱེད་ལ་རང་རང་གནས་སུ་གཤེགས༔ མདོས་འདི་ཕྱོགས་སུ་མི་བསྐྱལ་རྒྱུ༔ ལྷ་སྲིན་སྡེ་བརྒྱད་མདོས་ལ་གཟིགས༔ ཡས་ལ་གདུང་ཞིང་ཕུད་ལ་དགྱེས༔ མཁོ་དགུའི་སྦྱིན་པས་ངོ་སོ་བསྟོད༔ རང་རང་གནས་སུ་བདེ་བར་གཤེགས༔ དགའ་ཞིང་མགུ་བའི་ཚུལ་གྱིས་སོང༔ ཚིམས་ཤིང་ངོམས་པའི་ཡིད་ཀྱིས་སོང༔ མདོས་གླུད་དགྱེས་པའི་སྟོན་མོ་ཡིན༔ གཏང་རག་ཚུལ་དུ་བསྣམས་ལ་གཤེགས༔ བསྒྲུབ་བྱ་མི་བུ་རིན་ཆེན་འདིའི༔ ཚེ་ཡི་ལྗོན་ཤིང་མ་འགྱེལ་མཛོད༔ སྲོག་གི་ཉི་ཟླ་མ་ཉམས་མཛོད༔ བླ་ཡི་རྡེའུ་མ་ཡར་མཛོད༔ ལན་ཆགས་ཐམས་ཅད་བྱང་གྱུར་ཅིག༔ ཤ་འཁོན་ཐམས་ཅད་དག་གྱུར་ཅིག༔ བུ་ལོན་ཐམས་ཅད་སོད་གྱུར་ཅིག༔ འཁོན་འགྲས་ཐམས་ཅད་བསྡུམ་གྱུར་ཅིག༔ ཆོས་ཉིད་སྐྱེ་བ་མེད་པ་ལ༔ བདག་དང་གཞན་དུ་དབྱེ་བསལ་མེད༔ བྱང་ཆུབ་སེམས་ཀྱི་རང་བཞིན་ལ༔ དགྲ་དང་གཉེན་དུ་ཕྱོགས་རིས་མེད༔ སྙིང་རྗེ་ཆེན་པོའི་སྦྱིན་པ་ལ༔ མཆོག་དང་དམན་པའི་བླང་དོར་བྲལ༔ ཆོས་ཀུན་སེམས་ཀྱི་བཏགས་པ་ཙམ༔ མིང་ཚིག་བརྗོད་པ་མཉམ་པ་ཉིད༔ སྟོང་ཉིད་གཅིག་གི་རང་བཞིན་དུ༔ ཤེས་པས་ཁྱེད་རྣམས་བཀའ་ལ་ཉོན༔ གསུང་དུ་སྡོད་ཅིང་ཕྲིན་ལས་སྒྲུབས༔ སྟོང་པའི་རང་མདངས་རྟེན་འབྱུང་དུ༔ ཤར་ནས་བཅོས་ན་ཅི་ཡང་འཆོས༔ ཐབས་ཀྱི་མན་ངག་ཟབ་མོ་ནི༔ སྣང་སྟོང་གཉིས་སུ་མེད་པར་ཤར༔ ཆོས་ཀུན་བདེ་ཆེན་ཡེ་ཤེས་ཏེ༔ ཀུན་ཀྱང་བཀྲ་ཤིས་དཔལ་གྱི་མཆོག༔ བདེ་ལེགས་དོན་ཀུན་འགྲུབ་པ་ཡི༔ ཕྱོགས་ལས་རྣམ་པར་རྒྱལ་གྱུར་ཅིག༔ ཅེས་བརྗོད་ཤིས་པ་རྒྱ་ཆེར་བརྗོད༔ ཐབས་འདི་སྤྱོད་པའི་རྣལ་འབྱོར་པ༔ འཆི་བདག་བདུད་ཀྱང་བཟློག་ནུས་ན༔ འཕྲལ་རྐྱེན་ངན་པ་སྨོས་ཅི་དགོས༔ དེ་ཕྱིར་ཟབ་པའི་རིམ་པའོ༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ ཚེ་བདུད་བཟློག་པའི་མདོས་ཀྱི་ལེའུ་སྟེ་བདུན་པའོ༔ བླ་ཉམས་ཚེ་ཡི་རྫིང་བུ་རལ༔ སྲོག་གི་ཉི་ཟླ་ཡལ་སྲིད་པས༔ སྔགས་དང་ཏིང་འཛིན་རྫས་སྦྱོར་གྱིས༔ དེ་ཉིད་འགུགས་པའི་ཆོ་ག་བརྩམ༔ བདག་མདུན་དཀྱིལ་འཁོར་གཞུང་བཞིན་བཤམས༔ རྒྱུན་འབབ་ཆུ་བོའི་རྡེའུ་དཀར༔ བཅུ་དྲུག་དབྱངས་ཀྱིས་བརྒྱན་པ་དང༔ བླ་གཡུ་མདའ་དར་ཕྱེ་མར་བཤམས༔ མདུན་བསྐྱེད་དཀྱིལ་འཁོར་ལྷ་ཚོགས་ཀྱི༔ ཤར་སྒོར་པདྨ་ཟླ་བའི་སྟེང༔ བསྒྲུབ་བྱ་སེམས་དཔའ་གཞོན་ནུའི་ཚུལ༔ ཐལ་སྦྱར་གུས་པས་གནས་པ་དང༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ལུས་ཀྱི་ཆ་རྣམས་ཐམས་ཅད་དུ༔ དྭངས་མ་དཀར་དམར་འོད་ཀྱི་ཀློང༔ དབྱངས་ཡིག་བཅུ་དྲུག་བཀྲག་ཏུ་གསལ༔ གུས་པའི་ཚུལ་གྱིས་གཙོ་ལ་བལྟ༔ བདག་མདུན་ཐུགས་ནས་འོད་ཀྱི་ཕྲེང༔ སྣ་ལྔ་ལྕགས་ཀྱུ་ལྟ་བུར་འཕྲོས༔ ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཀྱི༔ འཁོར་འདས་བརྟན་གཡོའི་དྭངས་མ་དང༔ ཁྱད་པར་བསྒྲུབ་བྱའི་བླ་སྲོག་ཚེ༔ འཁྱམས་དང་ཡར་དང་སྡེ་བརྒྱད་ཀྱིས༔ བརྐུས་འཕྲོག་ཐམས་ཅད་དབང་མེད་དུ༔ ཁབ་ལེན་རྡོ་ཡིས་ལྕགས་བཞིན་བསྡུས༔ ཀུན་ཀྱང་འོད་ལྔའི་ཐིག་ལེ་ཆེ༔ རང་དབང་བརྟན་པ་མེད་པར་བསྡུས༔ སྲུང་བྱའི་ལུས་ངག་ཡིད་གསུམ་ལ༔ གཉིས་མེད་བསྟིམས་པས་གཟི་བྱིན་འབར༔ བླ་ཚེ་སྲོག་དབུགས་ཉམས་པ་ཀུན༔ སོར་ཆུད་མདུན་གྱི་བླ་རྟེན་ལ༔ ཐིམ་པས་རིང་འཚོའི་དཔལ་ཐོབ་བསམ༔ རྩ་བའི་སྔགས་ལ་ཤམ་འདི་གདགས༔ རྫབ་རྫབ་རྫུབ་རྫུབ་བྷ་ཏ་སློང་སློང་ནྲྀ་ཁུག་ཛཿཛཿཧ་རི་ནི་ས་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ དམིགས་པ་རྩེ་གཅིག་དང་བཅས་ཏེ༔ རྟགས་ཐོན་བར་དུ་ཡང་ཡང་བསྐྱར༔ སྐབས་སུ་མདའ་དར་སྣ་ལྔ་གཡབ༔ སྙན་པའི་དབྱངས་ཀྱིས་ལྷ་ཚོགས་བསྐུལ༔ ཧྲཱི༔ དཀར་མོ་མགྱོགས་མ་རྡོ་རྗེ་རིགས་ཀྱི་ཡུམ༔ ཞི་བའི་ལས་མཛད་མདའ་དར་ཚེ་བུམ་བསྣམས༔ རང་འདྲའི་སྤྲུལ་པ་འཇིག་རྟེན་ཁྱབ་པར་འགེངས༔ ཤར་ཕྱོགས་སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀྱི༔ བརྟན་གཡོའི་དཔལ་དང་ཚེ་བསོད་དྭངས་མའི་ཚོགས༔ ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཡར་བ་ཁུག༔ སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་ཕྲོགས་པ་ཁུག༔ བྱད་ཕུར་གདོན་གྱིས་གཟིར་དང་ཉམས་པ་ཁུག༔ ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཀུན་ནས་ཁུག༔ བསྒྲུབ་བྱའི་ལུས་ངག་ཡིད་ལ་དབྱེར་མེད་བསྟིམ༔ རྡོ་རྗེའི་ཚེ་མཆོག་འགྲུབ་པའི་ལས་མཛོད་ཅིག༔ ཧྲཱི༔ སེར་མོ་མགྱོགས་མ་རིན་ཆེན་རིགས་ཀྱི་ཡུམ༔ རྒྱས་པའི་ལས་མཛད་མདའ་དར་ཚེ་བུམ་བསྣམས༔ རང་འདྲའི་སྤྲུལ་པ་འཇིག་རྟེན་ཁྱབ་པར་འགེངས༔ ལྷོ་ཕྱོགས་སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀྱི༔ བརྟན་གཡོའི་དཔལ་དང་ཚེ་བསོད་དྭངས་མའི་ཚོགས༔ ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཡར་བ་ཁུག༔ སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་ཕྲོགས་པ་ཁུག༔ བྱད་ཕུར་གདོན་གྱིས་གཟིར་དང་ཉམས་པ་ཁུག༔ ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཀུན་ནས་ཁུག༔ བསྒྲུབ་བྱའི་ལུས་ངག་ཡིད་ལ་དབྱེར་མེད་བསྟིམ༔ རིན་ཆེན་ཚེ་མཆོག་འགྲུབ་པའི་ལས་མཛོད་ཅིག༔ ཧྲཱི༔ དམར་མོ་མགྱོགས་མ་པདྨའི་རིགས་ཀྱི་ཡུམ༔ དབང་གི་ལས་མཛད་མདའ་དར་ཚེ་བུམ་བསྣམས༔ རང་འདྲའི་སྤྲུལ་པ་འཇིག་རྟེན་ཁྱབ་པར་འགེངས༔ ནུབ་ཕྱོགས་སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀྱི༔ བརྟན་གཡོའི་དཔལ་དང་ཚེ་བསོད་དྭངས་མའི་ཚོགས༔ ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཡར་བ་ཁུག༔ སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་ཕྲོགས་པ་ཁུག༔ བྱད་ཕུར་གདོན་གྱིས་གཟིར་དང་ཉམས་པ་ཁུག༔ ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཀུན་ནས་ཁུག༔ བསྒྲུབ་བྱའི་ལུས་ངག་ཡིད་ལ་དབྱེར་མེད་བསྟིམ༔ པདྨ་ཚེ་མཆོག་འགྲུབ་པའི་ལས་མཛོད་ཅིག༔ ཧྲཱི༔ ལྗང་མོ་མགྱོགས་མ་ལས་ཀྱི་རིགས་ཀྱི་ཡུམ༔ དྲག་པོའི་ལས་མཛད་མདའ་དར་ཚེ་བུམ་བསྣམས༔ རང་འདྲའི་སྤྲུལ་པས་འཇིག་རྟེན་ཁྱབ་པར་འགེངས༔ བྱང་ཕྱོགས་སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀྱི༔ བརྟན་གཡོའི་དཔལ་དང་ཚེ་བསོད་དྭངས་མའི་ཚོགས༔ ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཡར་བ་ཁུག༔ སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་འཕྲོགས་པ་ཁུག༔ བྱད་ཕུར་གདོན་གྱིས་གཟིར་དང་ཉམས་པ་ཁུག༔ ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཀུན་ནས་ཁུག༔ བསྒྲུབ་བྱའི་ལུས་ངག་ཡིད་ལ་དབྱེར་མེད་བསྟིམ༔ ལས་རབ་ཚེ་མཆོག་འགྲུབ་པའི་ལས་མཛོད་ཅིག༔ ཧྲཱི༔ སྔོན་མོ་མགྱོགས་མ་བདེ་གཤེགས་རིགས་ཀྱི་ཡུམ༔ མཆོག་གི་ལས་མཛད་མདའ་དར་ཚེ་བུམ་བསྣམས༔ རང་འདྲའི་སྤྲུལ་པ་འཇིག་རྟེན་ཁྱབ་པར་འགེངས༔ ཕྱོགས་མཚམས་སྣོད་བཅུད་འཇིག་རྟེན་རབ་འབྱམས་ཀྱི༔ བརྟན་གཡོའི་དཔལ་དང་ཚེ་བསོད་དྭངས་མའི་ཚོགས༔ ཁྱད་པར་བསྒྲུབ་བྱའི་བླ་ཚེ་ཡར་བ་ཁུག༔ སྡེ་བརྒྱད་འབྱུང་པོས་བརྐུས་ཤིང་ཕྲོགས་པ་ཁུག༔ བྱད་ཕུར་གདོན་གྱིས་གཟིར་དང་ཉམས་པ་ཁུག༔ ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཀུན་ནས་ཁུག༔ བསྒྲུབ་བྱའི་ལུས་ངག་ཡིད་ལ་དབྱེར་མེད་བསྟིམ༔ བདེ་གཤེགས་ཚེ་མཆོག་འགྲུབ་པའི་ལས་མཛོད་ཅིག༔ ཛྙཱ་ན་བཛྲ་ཨཱ་ཡུ་ཥེ་ཛཿཛཿཛཿཧཱུྃ་བྃ་ཧོ༔ སྐབས་སུ་བདེན་པའི་སྟོབས་བརྗོད་ལ༔ བླ་སྲོག་ཚེ་བཅས་འགུགས་སྔགས་བརྗོད༔ ལན་ཆགས་སྦྱང་ཕྱིར་གླུད་གཏོར་བཤམས༔ བྱིན་གྱིས་བརླབས་ཏེ་བསྔོ་བ་ནི༔ ཀྱཻ༔ འཇིག་རྟེན་སྲིད་པའི་འཁྲུལ་སྣང་ལ༔ བཏགས་པ་ཙམ་ནས་མིང་ཞིག་གྲུབ༔ དོན་ལ་རང་མཚན་མ་དམིགས་ཏེ༔ ཀུན་ཀྱང་སེམས་ཀྱི་སྣང་ཆ་ཙམ༔ དེ་ཕྱིར་མཁས་པའི་རྣལ་འབྱོར་གྱིས༔ འབྱུང་ལྔ་མཐུན་སྡེབ་གླུད་དུ་བཞེངས༔ སྐྱེ་མཆེད་མཐུན་པའི་རྫས་ཀུན་བསགས༔ རྟེན་འབྱུང་སྣང་ཆ་གཟུགས་སུ་གྲུབ༔ ཕོ་གདོང་ཐབས་ཀྱི་གོ་མཚོན་ཅན༔ སྤྱན་ཁྲོ་སྨ་ར་རྒྱན་དང་ལྡན༔ རྔམ་པའི་བྲོ་གར་ལམས་སེ་ལམ༔ གཟི་བརྗིད་ལྡན་པའི་མཆོག་ཏུ་ཤར༔ མོ་གདོང་ཤེས་རབ་བཙུན་མོའི་ཆས༔ ཞི་འཛུམ་ལང་ཚོ་བལྟ་ན་སྡུག༔ དར་ཟབ་གོས་ལ་རིན་ཆེན་རྒྱན༔ སྙན་པའི་གླུ་དང་གླིང་བུ་བསྒྱུར༔ མདའ་ཁྲ་དཔའ་བོའི་མཚོན་གྱི་མཆོག༔ འཕང་ཁྲ་དར་ཟབ་སྐུད་པ་འཁྲིལ༔ རྒྱང་བུ་ཟུང་འཇུག་དཔག་བསམ་ལྗོན༔ ཤིང་རིས་ཡུལ་མཁར་བཀོད་པ་ཅན༔ རྟ་ཕྱུགས་སྲོག་ཆགས་མདངས་ཀྱི་གཟུགས༔ རྒྱལ་མཚན་འཕན་ཁྲ་མཁའ་ལ་འཕུར༔ རིན་ཆེན་ལོངས་སྤྱོད་དཀོར་ཆས་གཏམས༔ ཅི་བཞེད་ལྷུན་གྱིས་གྲུབ་པ་འདི༔ དངོས་ལས་བརྒྱ་སྟོང་བྱེ་བས་ལྷག༔ བསྒྲུབ་བྱའི་བླ་སྲོག་སྐྱིན་དུ་འབུལ༔ ཞི་ཞིང་བྱམས་པའི་སེམས་བཅས་ཏེ༔ དགའ་མགུ་ཡི་རང་ཚིམས་གྱིས་ལ༔ མ་གནོད་མ་འཁོན་གཞན་དུ་སོང༔ བརྔན་དུ་མདོས་ཀྱིས་མཆོད་བྱས་ཀྱང༔ བཀའ་ལ་འཁུ་བའི་ཡིད་ཅན་རྣམས༔ བདག་ཉིད་པདྨ་ཧེ་རུ་ཀ༔ དབང་གི་རྒྱལ་པོ་རྟ་སྐད་འཚེར༔ གདོན་བགེགས་འདུལ་བའི་དཔའ་བོ་སྟེ༔ ཅིས་ཀྱང་མི་འགྲོ་འདུག་གྱུར་ན༔ རྡུལ་དུ་བརླག་པར་གདོན་མི་ཟ༔ མགོ་བོ་ཚལ་པ་བརྒྱར་འགས་ཤིང༔ ལུས་ནི་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་སྔགས་དང་ཐུན་གྱིས་གཟིར༔ གུ་གུལ་བདུག་ལ་སྲུང་མཚམས་བཅད༔ གླུད་གཏོར་ཆུ་བོའི་གཞུང་དུ་དོར༔ རྟེན་འབྱུང་པྲ་ཡི་བརྟགས་འདོད་ན༔ ཆུ་ལྷའི་རྫིང་ལ་བླ་ལུག་སྐོར༔ ཤྭ་བསྒྲིལ་ལ་སོགས་བྱས་ཀྱང་རུང༔ ལེགས་པའི་མཚན་མ་མཐོང་བ་དང༔ བླ་རྟེན་མ་ཉམས་གཏའ་རུ་བཟུང༔ ཚེ་ཡི་སྨིན་བྱེད་ཡང་ཡང་ཞུ༔ སྲོག་བསླུ་མི་འཇིགས་སྦྱིན་པ་བྱ༔ ཚོགས་བསགས་རྣལ་འབྱོར་ལ་བརྩོན་ན༔ བླ་ཚེ་ཉམས་པ་མཐའ་དག་གསོ༔ ཡར་གུད་རལ་ཞིག་གནས་སུ་ཆུད༔ དྭངས་མ་འཛིན་ཞིང་བཀྲག་མདངས་རྒྱས༔ དངོས་གྲུབ་ངེས་པའི་རྟགས་མཐོང་འགྱུར༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ བླ་བསླུ་བའི་ལེའུ་སྟེ་བརྒྱད་པའོ༔ འཛམ་གླིང་ལས་ཀྱི་ས་པ་ལ༔ དུས་མིན་འཆི་བའི་བར་གཅོད་ཀྱི༔ དེ་ཉིད་བསླུ་བའི་ཆོ་ག་ནི༔ སྔགས་པས་ཡང་དག་བརྩམ་པར་བྱ༔ དུར་ཁྲོད་ལ་སོགས་ཕུང་ས་རུ༔ ལྕགས་མཁར་དྲུག་བཅུ་རྩ་བཞིར་བརྩེགས༔ ཁ་བད་ཀེང་རུས་ཕྲེང་བའི་སྟེང༔ དམར་གཏོར་དུག་ཁྲག་བརྒྱན་པ་ལ༔ འཁོར་ལྔ་བཅུ་གཉིས་བཅུ་ཡིས་བསྐོར༔ ཤ་ཁྲག་ནང་ཁྲོལ་མཚོན་ཆས་བརྒྱན༔ གཡས་སུ་ཆང་བུ་བརྒྱ་རྩ་བརྒྱད༔ རིལ་བུ་གྲངས་མཉམ་དཀར་གསུམ་བརྒྱན༔ གཡོན་དུ་དམར་གྱི་གཏོར་ཆུང་ནི༔ དྲུག་བཅུ་རྩ་བཞི་ཁྲག་གིས་སྦག༔ དྲག་པོ་རྔམ་པའི་མཆོད་པས་བསྐོར༔ བདག་གི་རྣལ་འབྱོར་དང་ལྡན་པས༔ མཆོད་དང་གཏོར་མ་བྱིན་གྱིས་བརླབས༔ ཡཿལས་དྲག་པོའི་ཐོད་པའི་མཁར༔ གྲུ་གསུམ་རྔམ་པའི་རྒྱན་ཆ་ཅན༔ འཇིགས་པའི་མུན་པ་འཁོར་ཡུག་འཁྲིགས༔ དུག་གི་སྤྲིན་ལས་ཐོག་སེར་འབེབས༔ ས་གཞིར་ཁྲག་གི་རྒྱ་མཚོ་འཁྱིལ༔ མཚོ་འགྲམ་མཚོན་ཆའི་ནགས་ཚལ་ཅན༔ བྱ་གཅན་ཀེང་རུས་རྒྱུ་བ་ཡི༔ དབུས་སུ་མ་ཧེ་འཇིགས་པའི་སྟེང༔ ལས་ཀྱི་གཤིན་རྗེ་མ་ཧེའི་གདོང༔ གཅེར་བུ་མི་ལྤགས་རློན་པ་གྱོན༔ མགོ་བོར་ཐོད་པའི་ཕྲེང་བ་ཅན༔ ལག་ན་བེ་ཅོན་འཁོར་ལོ་ཐོགས༔ སྟག་ཤམ་རུས་པའི་ཕྱག་རྒྱས་སྤྲས༔ སྦྱོར་ཡུམ་གཏུམ་མོ་དུག་ཧྲུལ་མ༔ བེ་ཅོན་དང་ནི་ཞགས་པ་གདེངས༔ གཡས་སུ་ཚེ་བདག་གཡོན་སྲོག་བདག༔ ལ་སོགས་གཤེད་ཆེན་སྡེ་བཞི་དང༔ ལོ་གཤེད་འཆི་བདག་བཅུ་གཉིས་སོགས༔ མ་གཤིན་བྱེ་བའི་ཚོགས་དང་བཅས༔ ཁམས་གསུམ་སྐྱེ་འགྲོའི་ཚེ་ལ་རྔམས༔ སྲོག་གཅོད་དུས་ཀྱི་ཞགས་པ་གདེང༔ ཁམས་གསུམ་ཟ་བའི་མཐུ་བོ་ཆེ༔ དུས་ཀྱི་དགྲ་ཆེན་ཡ་མ་ར༔ ཕོ་ཉ་བྱེ་བ་བསམ་ཡས་བཅས༔ སྐད་ཅིག་མདུན་དུ་གསལ་བར་བསྒོམས༔ ཧཱུྃ༔ མགོན་པོ་ཀུན་གཟིགས་འཇམ་པའི་དབྱངས༔ དྲག་པོའི་སྐུར་བཞེངས་ཚེ་ཡི་བདག༔ ཕྱག་རྒྱ་ཟིལ་གནོན་ཧེ་རུ་ཀའི༔ བཀའ་ཉན་ཡ་མ་རཱ་ཛ་ཆེ༔ གདུང་བའི་ང་རོས་དེང་འབོད་ཀྱིས༔ སྐད་ཅིག་མྱུར་བའི་ཤུགས་ཀྱིས་གཤེགས༔ འཁོར་དང་སྤྲུལ་པ་བྱེ་བ་འབུམ༔ ལན་ཆགས་ཤ་མཁོན་བདག་པོ་ཀུན༔ ད་ལྟ་ཉིད་དུ་གནས་འདི་རུ༔ གཤེགས་ཤིག་དུས་ཀྱི་དགྲ་ཆེན་པོ༔ ཞིང་གི་པགས་པས་གཡབ་དོར་ཞིང༔ ཚིལ་ཆེན་དུད་པ་སྤྲིན་ལྟར་འཁྲིགས༔ རྐང་གླིང་ཐོད་པའི་རྔས་བསྐུལ་ན༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཡ་མ་རཱ་ཛ་ས་པ་རི་ཝཱ་ར་ས་མ་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོ༔ ཨོཾ་ཡ་མ་རཱ་ཛ་ས་མ་ཡ་རཀྵནྟུ༔ བཛྲ་ཨ་མྲྀ་ཏོ་ད་ཀ་ཋ་ཋ་ཋ༔ ཧཱུྃ༔ ཡ་མ་རཱ་ཛ་འཁོར་བཅས་ལ༔ ཕྱི་མཆོད་འདོད་ཡོན་ལྔ་ཡིས་མཆོད༔ ནང་མཆོད་འདོད་པའི་ཡོན་ཏན་ལྔ༔ གསང་བ་སྨན་རཀ་གཏོར་མའི་ཚོགས༔ སྦྱོར་སྒྲོལ་མཉམ་པའི་མཆོད་པ་འབུལ༔ དགྱེས་པར་བཞེས་ལ་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས་ཤབྡ་མ་ཧཱ་རུ་དྲ་མཱ་ར་ཡ་པཉྩ་ཀཱ་མ་གུ་ཎ་པཱུ་ཛ་ཧོ༔ ཨ་མྲྀ་ཏ་རཀྟ་བ་ལིངྟ་ཧོ༔ ཏ་ན་ག་ཎ་ཧོ༔ ཧཱུྃ༔ འཇམ་དཔལ་ཁྲོས་པའི་བཀའ་ཉན་པ༔ གཤིན་རྗེའི་རྒྱལ་པོ་མཐུ་བོ་ཆེ༔ ཁམས་གསུམ་ཚེ་འཆི་སྲོག་གི་བདག༔ འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ ཁྲག་འཐུང་ཀཱ་ལ་རཱུ་པ་ཁྱོད༔ མཆོད་ཅིང་ཐུགས་དམ་དེང་བསྐུལ་ན༔ བགེགས་ལ་བཀའ་ནན་མ་ཆུང་བར༔ དུས་ཀྱི་ཞགས་པ་གྲོལ་བར་མཛོད༔ སཾ་བྷ་ར་ཡི་སྔགས་བརྒྱ་རྩ༔ བརྗོད་ལ་མཆོད་དང་སླར་ཡང་ནི༔ བདེན་པའི་སྟོབས་བརྗོད་དགྲ་བགེགས་བཀུག༔ བསྒྲལ་ཏེ་ཤ་ཁྲག་ཟས་སྐལ་བསྔོ༔ ཧཱུྃ༔ ཡ་མ་རཱ་ཛ་འཁོར་དང་བཅས༔ ཉམས་པའི་ཤ་ཁྲག་འདི་བཞེས་ལ༔ བསྒྲུབ་བྱ་བདག་ཅག་མ་ལུས་པ༔ དུས་ཀྱི་བར་ཆད་ཞི་བར་མཛོད༔ ཡ་མ་རཱ་ཛ་སརྦ་ཤ་ཏྲཱུན་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཁཱ་ཧི༔ དྲུག་བཅུ་རྩ་བཞིའི་བར་དུ་བསྔོ༔ མཐར་ནི་གཏོར་མ་རཀྟས་བྲན༔ ཧཱུྃ༔ ལྷོ་ཕྱོགས་གཤིན་རྗེའི་གྲོང་ཁྱེར་ཆེ༔ རིམ་པ་བདུན་གྱི་ས་ཡི་འོག༔ ལྕགས་ཀྱི་ཕོ་བྲང་འཇིགས་རུང་བ༔ ཡི་དྭགས་བྱེ་བས་བསྐོར་བ་ནས༔ མུན་པ་འཁྲིགས་པའི་དུར་ཁྲོད་ན༔ འཇམ་དཔལ་ཁྲོས་པའི་བཀའ་ཉན་པ༔ ལས་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ༔ ལན་ཆགས་བདག་པོ་བགེགས་ཀྱི་ཚོགས༔ བཀའ་སྡོད་ཚུལ་དུ་གནས་ཀུན་ལ༔ ཕས་རྒོལ་བྱད་མ་བསྒྲལ་བ་ཡི༔ གཏི་མུག་ཤ་ཡི་རི་བོ་བརྩེགས༔ འདོད་ཆགས་ཁྲག་གི་རྒྱ་མཚོ་བསྐྱིལ༔ ཞེ་སྡང་རུས་པའི་ཕུང་པོ་བརྡལ༔ ཐོད་ཆེན་བྷཉྫའི་སྣོད་ནང་དུ༔ དུག་གིས་སྦག་ཏེ་འབུལ་ལགས་ན༔ བཞེས་ཤིག་ལྷག་མ་མེད་པར་རོལ༔ དགྱེས་པའི་གད་མོ་དང་བཅས་ཏེ༔ བསྒྲུབ་བྱ་བདག་ཅག་འཁོར་དང་བཅས༔ ཚེ་ལ་བར་དུ་མ་གཅོད་ཅིག༔ སྲོག་ལ་རློམ་སེམས་མ་བསྐྱེད་ཅིག༔ བླ་ལ་ཧབ་ཐོབ་མ་མཛད་ཅིག༔ གཤིན་རྗེའི་ཁྲམ་ལ་བཏབ་ན་ཕྱིས༔ དུས་ཀྱི་ཞགས་པས་བཅིངས་ན་ཁྲོལ༔ འཕེན་པའི་ཤྭ་རྡེལ་ནག་ན་བཅོས༔ དུས་མིན་འཆི་བའི་བདུད་ལས་སྐྱོབས༔ ཚེ་དང་དཔལ་གྱི་སྟོབས་བསྐྱེད་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ སརྦ་བྷཱུ་ཏ་གཙྪ༔ ལྷོ་ཕྱོགས་གྲོང་ཁྱེར་ཟད་པའི་སར༔ བསྐྱལ་ནས་ཚེ་འགུགས་གཟུངས་སྔགས་བརྗོད༔ ཤིས་པའི་ཚིག་གི་མེ་ཏོག་འཐོར༔ གལ་ཆེན་ལན་གསུམ་བསྐྱར་བྱས་ན༔ དུས་ལ་བབ་ཀྱང་ལོ་གསུམ་བསྲིང༔ ཟླ་གསང་རྒྱུད་ཀྱི་དགོངས་པ་སྟེ༔ ཟབ་མོའི་ངེས་པ་རྨད་བྱུང་ངོ༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས་འཆི་བ་བསླུ་བའི་ལེའུ་སྟེ་དགུ་པའོ༔ ཟབ་མོའི་དངོས་གྲུབ་བསྒྲུབ་པ་ལ༔ བར་དུ་གཅོད་པའི་བདུད་འདུལ་ཕྱིར༔ དབང་གི་རྒྱལ་པོའི་ཏིང་འཛིན་གྱིས༔ བགེགས་ཚོགས་འདུལ་བའི་ཏིང་འཛིན་ནི༔ ན་མོ༔ བདག་དང་ཁམས་གསུམ་འགྲོ་བ་ཀུན༔ རྩ་གསུམ་ལྷ་ལ་སྐྱབས་སུ་མཆི༔ གཞན་དོན་སངས་རྒྱས་ཐོབ་བྱའི་ཕྱིར༔ པདྨ་ཁྲོས་པའི་རྣལ་འབྱོར་བསྒོམ༔ ཧྲཱི༔ དེ་བཞིན་ཉིད་དབྱིངས་ཀ་ནས་དག༔ ཀུན་སྣང་སྙིང་རྗེ་སྒྱུ་མའི་གདངས༔ ཟུང་འཇུག་ས་བོན་ཡི་གེ་ཧྲཱི༔ འོད་ཀྱིས་སྣོད་བཅུད་གཟུང་འཛིན་སྦྱངས༔ སྟོང་པའི་ངང་ལས་ཡེ་ཤེས་ཀྱི༔ རང་སྣང་དབང་གི་ཕོ་བྲང་ཆེ༔ པདྨ་རཱ་ག་ལས་གྲུབ་པའི༔ གཞལ་ཡས་ཟླ་གམ་སྒོ་གཅིག་པ༔ རིན་ཆེན་རྒྱན་གྱི་བཀོད་པ་རྫོགས༔ དབུས་སུ་པདྨ་འདབ་བཞི་པའི༔ ལྟེ་བར་བདུད་བཞི་པད་ཉིའི་སྟེང༔ ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས༔ པདྨ་དབང་ཆེན་རྟ་སྐད་འཚེར༔ དམར་ནག་དུས་མཐའི་མེ་ལྟར་འབར༔ ཕྱག་གཡས་པདྨའི་ལྕགས་ཀྱུ་གདེངས༔ སྣང་སྲིད་ཐམས་ཅད་དབང་དུ་སྡུད༔ གཡོན་པས་ཚེ་ཡི་བུམ་པ་ནི༔ རྒྱ་གྲམ་ཕྱག་རྒྱས་མཚན་པ་འཛིན༔ དཔལ་དང་དུར་ཁྲོད་རོལ་པའི་ཆས༔ གཟི་བྱིན་འབར་བའི་འོད་ཕྲེང་ཅན༔ ཞབས་གཉིས་བརྐྱང་བསྐུམ་རོལ་པའི་སྟབས༔ རང་འོད་པདྨ་གཟི་ལྡན་སྦྱོར༔ པད་ཕྲེང་དུང་ཁྲག་བསྣམས་པས་འཁྱུད༔ ཕྱོགས་བཞིར་རྡོ་རྗེ་རིན་པོ་ཆེ༔ བདེ་གཤེགས་ལས་ཀྱི་ཧྱ་གྲཱྀ༔ དཀར་སེར་མཐིང་ལྗང་གཙོ་དང་མཚུངས༔ རིགས་ཀྱི་ཌཱ་ཀི་མཉམ་པར་སྦྱོར༔ སྒོ་སྲུང་པདྨ་དབྱིངས་ཕྱུག་མ༔ ལྕགས་ཀྱུ་ཞགས་གདེངས་སྒེག་བཞད་ཁྲོ༔ གར་གྱི་སྟང་སྟབས་སྒྱུར་བཞིན་དུ༔ རུས་པ་མེ་ཏོག་ཕྲེང་བས་བརྒྱན༔ དབང་གི་ཞིང་ཁམས་སྐྱོང་བ་ཡི༔ དབང་མཛད་དབང་གི་ལྷ་ཚོགས་ཀུན༔ ཉི་ཟེར་རྡུལ་ལྟར་འཁྲིགས་པ་ཡིས༔ བར་ཆད་བདུད་བགེགས་ཐམས་ཅད་འདུལ༔ གནས་གསུམ་རྡོ་རྗེའི་ཡིག་འབྲུ་གསུམ༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་རྫོགས༔ སྤྱི་བོའི་གནས་ལྔར་རིགས་ལྔ་ཡི༔ ས་བོན་ལས་གྱུར་རིགས་ལྔ་ཡི༔ བྱང་སེམས་བདུད་རྩིའི་དབང་བསྐུར་བས༔ ཕུང་ཁམས་རིགས་ཀྱི་འཁོར་ལོས་བསྒྱུར༔ བདེ་གཤེགས་ལྔ་ཡི་ངོ་བོར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲཱྃ་ཨོཾ་ཨཱཿ ཧྲཱི༔ བདེ་ཆེན་ཕྱོགས་ལྷུང་བྲལ་བའི་ཞིང༔ འོད་གསལ་སྒྱུ་འཕྲུལ་དྲྭ་བའི་ལྷ༔ རྟ་མཆོག་རོལ་པའི་དཀྱིལ་འཁོར་ལྷ༔ ཡེ་ཤེས་དབྱིངས་ནས་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ སརྦ་མཎྜ་ལ་ས་མ་ཡ་ཛཿ ཛཿཧཱུྃ་བྃ་ཧོཿཏིཥྛ་ལྷནཿ ན་མོ་ན་མ་མི༔ ཧྲཱི༔ བདེ་ཆེན་སྒྱུ་མའི་ཆོ་འཕྲུལ་ལས༔ འཆར་བའི་རྨད་བྱུང་མཆོད་པའི་སྤྲིན༔ ཕྱི་ནང་གསང་བ་བླ་མེད་པས༔ རང་བྱུང་རང་ཤར་ཆེན་པོར་མཆོད༔ ཧྲཱིཿཧྱ་གྲཱྀ་ཝ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་སརྦ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨྲྀ་ཏ་རཀྟ་བ་ལིངྟ་ཁཱ་ཧི༔ དྷརྨ་དྷཱ་ཏུ་ཨ༔ ཧྲཱི༔ གསུང་གི་རྡོ་རྗེ་དཀྱིལ་འཁོར་བདག༔ དབང་ཆེན་འབར་བ་གར་དགུའི་གཟུགས༔ བདེ་ཆེན་ཕྱག་རྒྱ་ཆེན་པོའི་དབྱིངས༔ འདུ་འབྲལ་མེད་པའི་ལྷ་ལ་བསྟོད༔ རྟ་མཆོག་རོལ་པའི་ཐུགས་ཀ་རུ༔ པད་ཉིའི་སྟེང་དུ་ཧྲཱིཿདམར་གསལ༔ རྡོ་རྗེའི་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་ཟེར་སྤྲོ་བསྡུས་དོན་གཉིས་བྱས༔ དབང་ཆེན་རོལ་པའི་ལྷ་ཚོགས་ཀྱི༔ སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི༔ ཕོ་ཉ་ནམ་མཁའ་ཁྱབ་པར་སྤྲོས༔ ཚེ་བདུད་བར་ཆད་དབྱིངས་སུ་བསྒྲལ༔ གཟུང་འཛིན་འབྱུང་པོ་སྲུང་མཚམས་བཅད༔ བྱད་ཕུར་རྦོད་གཏོང་བཟློག་ཅིང་བསྒྱུར༔ སྣང་སྲིད་སྐུ་གསུང་ཐུགས་ཀྱི་དབྱིངས༔ མཉམ་ཉིད་དགོངས་པའི་རྩལ་རྫོགས་གྱུར༔ ཧྲཱིཿཔདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་སརྦ་བིགྷྣཱན་ཧ་ན་ཧ་ན་ཧཱུྃ་ཕཊཿ འབུམ་ཕྲག་བཞི་བཟླས་བར་ཆད་བགེགས༔ མཐའ་དག་ཞི་ཞིང་དངོས་གྲུབ་ཐོབ༔ ཚེ་ཡི་འགལ་རྐྱེན་སྲུང་བྱེད་པའི༔ གུད་སྦས་གུ་ཧྱ་ཨ་ཐཾ་རྒྱ༔ སྨིན་བྱེད་ཟབ་མོས་རྗེས་འཛིན་ན༔ དཀྱིལ་འཁོར་བཤམས་ནས་ལེགས་པར་སྒྲུབ༔ ཁྲུས་བྱས་བགེགས་བསྲུང་ལོ་རྒྱུས་བརྗོད༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ པདྨ་དཀྱིལ་འཁོར་གཙོ་བོ་མཆོག༔ དབང་ཆེན་ཧེ་རུ་ཀཿདཔལ་དགོངས༔ རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་རུ༔ སྨིན་ཅིང་གྲོལ་བར་མཛད་དུ་གསོལ༔ སྐྱབས་སེམས་སྡོམ་བཟུང་བྱིན་ཆེན་དབབ༔ ཐོག་མར་བུམ་པའི་ཆུ་སྦྱིན་ཏེ༔ ཧྲཱི༔ རང་བྱུང་བུམ་པ་གཞལ་མེད་ཁང༔ ཡེ་ཤེས་ལྷ་ཚོགས་བདུད་རྩིར་འཁྱིལ༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྨིན་གྲོལ་ཡོན་ཏན་རྫོགས་པར་ཤོག༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ༔ གཟུངས་སྔགས་བཟླས་པའི་ལུང་སྦྱིན་ལ༔ ཨ༔ རང་རིག་ཡེ་ཤེས་བདེ་བ་ཆེ༔ གདོད་ནས་རང་གི་སེམས་སུ་བཞུགས༔ གཉིས་མེད་དགོངས་པས་ངོ་སྤྲད་ན༔ ཤེས་པར་གྱིས་ཤིག་རིགས་ཀྱི་བུ༔ དམ་ཚིག་ཁས་བླང་མཎྜལ་ཕུལ༔ བསྔོ་སྨོན་ཟབ་མོའི་རྒྱས་གདབ་བྱ༔ དེ་ཉིད་ལྡན་པའི་སློབ་དཔོན་གྱིས༔ སྨིན་བྱེད་ཙམ་གྱིས་བར་ཆད་སྲུང༔ དེ་ཕྱིར་སྙིང་ལས་གཅེས་པར་ཟུངས༔ དམ་མེད་ལོག་པར་སྤྱོད་ལ་རྒྱ༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ བར་ཆད་སེལ་བའི་དབང་གི་རྒྱལ་པོའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་བཅུ་པའོ༔ དག་པ་ཡེ་ཤེས་རྩ་ཐིག་རླུང༔ ལས་ཀྱི་བག་ཆགས་ཀྱིས་བསྒྲིབས་པས༔ ཟག་བཅས་ཉེ་བར་ལེན་པའི་གཟུགས༔ སྐྱེ་དང་འཆི་བའི་སྡུག་བསྔལ་སྣང༔ དེ་ཉིད་བཟློག་པའི་རྣལ་འབྱོར་གྱིས༔ ཐབས་ལས་ཐབས་བྱུང་མན་ངག་གིས༔ རྩོལ་བཅས་ཏིང་འཛིན་ལམ་དུ་བྱ༔ ཨ༔ རྣམ་ཐར་གསུམ་ལྡན་རྡོ་རྗེ་བཙུན་མོའི་དབྱིངས༔ ཡེ་ཤེས་མཁའ་འགྲོའི་ལྷ་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སྲིད་ཞིའི་འཇིགས་ལས་དབུགས་དབྱུང་ཕྱིར༔ འཆི་མེད་མཁའ་འགྲོའི་རྣལ་འབྱོར་བསྒོམ་པར་བགྱི༔ ཨ༔ སྣོད་བཅུད་དག་པ་ཡེ་ཤེས་མཁའ་འགྲོའི་དལ༔ ཅིར་སྣང་བདེ་ཆེན་སྒྱུ་མའི་མཆོད་པའི་སྤྲིན༔ སེམས་ཀྱི་རིན་ཆེན་ཡིད་བཞིན་ནོར་བུའི་གཏེར༔ ནམ་མཁའ་མཛོད་ཀྱི་འབྱོར་པ་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཨརྒྷཾ་སོགས་ཤབྡ་སརྦ་པཱུ་ཛ་ས་མ་ཡ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིངྟ་པཱུ་ཛ་ཧོ༔ ཨ༔ ཆོས་སྐུ་སྐྱེ་མེད་དབྱིངས་ཡུམ་ཀུན་ཏུ་བཟང༔ ལོངས་སྐུ་རང་སྣང་མཁའ་ཁྱབ་སྙིང་རྗེའི་སྤྲིན༔ ཟུང་འཇུག་དྭངས་མའི་ཡི་གེ་ཧྲཱིཿདམར་པོ༔ སྲིད་ཞི་བརྟན་གཡོའི་དཔྱིད་ཀྱི་ཐིག་ལེར་ཤར༔ བདེ་བའི་འོད་ཀྱིས་སྣོད་བཅུད་སྣང་ཞེན་སྦྱངས༔ སྣང་སྲིད་བདེ་ཆེན་དག་པའི་རོལ་མོ་ལས༔ རྡོ་རྗེའི་སྲུང་འཁོར་གཞལ་མེད་ཁང་ཆེན་པོ༔ ཚད་མེད་སྒོ་བཞི་རྣམ་ཐར་རྟ་བབ་རྫོགས༔ དབུས་སུ་ཆོས་འབྱུང་འདབ་བཞི་པདྨའི་ལྟེར༔ ཉི་མའི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་སྟེང༔ ཧྲཱིཿཡིག་ཟླ་བ་སྙོམས་པར་ཞུགས་པ་ལས༔ ཡོངས་གྱུར་དབྱིངས་ཕྱུག་དཔལ་མོ་མནྡ་ར༔ དམར་གསལ་འཆར་ཁའི་ཉི་གཞོན་ལང་ཚོ་རྒྱས༔ སྐེད་སྐབས་ཕྲ་ལྡེམ་ནུ་འབུར་མཐོ་ལ་མཁྲེགས༔ ཆུ་སྐྱེས་རབ་རྒྱས་ཞལ་རས་མཛེས་འཛུམ་སྒེག༔ སྤྱན་གསུམ་འོད་གསལ་སྣང་བཞིའི་སྒྲོན་མེ་འཆར༔ ལྗགས་འདྲིལ་ཚེམས་ཀྱི་ཕྲེང་བ་ཅུང་ཟད་གསལ༔ གནག་སྣུམ་དབུ་སྐྲའི་ལན་ཚར་འཕྱང་བའི་རྩེར༔ ནོར་བུའི་ཐོར་ཚུགས་རུས་པའི་འཁོར་ལོས་མཛེས༔ ཐོད་སྐམ་དབུ་རྒྱན་ཕྱག་རྒྱ་ལྔས་བརྒྱན་པའི༔ ཞབས་གཉིས་བརྐྱང་བསྐུམ་བདེ་བའི་གར་སྟབས་བསྒྱུར༔ ཕྱག་གཡས་མདའ་དར་སྲིད་ཞིའི་ཚེ་བཅུད་འགུགས༔ གཡོན་པས་བུམ་བཟང་བདུད་རྩིས་ལྷན་སྐྱེས་སྟེར༔ དར་དཔྱངས་པུཎྜ་རི་ཀའི་དོ་ཤལ་ཅན༔ ཡེ་ཤེས་མེ་འོད་འཁྲིགས་པའི་ཀློང་ན་འགྱིང༔ ཤར་དུ་མཱ་ཀི་ཀ་ལ་སིདྡྷི་དཀར༔ ལྷོ་རུ་སྤྱན་མ་ཤཱཀྱ་དེ་ཝི་སེར༔ ནུབ་ཏུ་བདེ་གཤེགས་བཀྲ་ཤིས་ཁྱེའུ་འདྲེན་མཐིང༔ བྱང་དུ་སྒྲོལ་མ་མཚོ་རྒྱལ་ལྗང་གསལ་མཛེས༔ ཀུན་ཀྱང་གཙོ་མཚུངས་སྣང་སྟོང་སྒྱུ་མའི་སྐུ༔ བདེ་བའི་ཉམས་ལྡན་འོད་གསལ་ཡེ་ཤེས་ལུས༔ མདའ་དར་བུམ་འཛིན་འབུམ་ཕྲག་ཌཱ་ཀིས་བསྐོར༔ གཙོ་མོའི་རིགས་བདག་པདྨ་ཐོད་ཕྲེང་རྩལ༔ དམར་གསལ་ཁྲོ་འཛུམ་ཡིད་ཙམ་ཆགས་པའི་ཉམས༔ བརྟུལ་ཞུགས་སྤྱོད་འཆང་ཧེ་རུ་ཀ་ཡི་ཆས༔ ཕྱག་གཉིས་མདའ་དར་ཚེ་བུམ་བཅུད་ལྡན་བསྣམས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གཟི་བྱིན་འབར༔ པདྨ་ཟླ་བའི་གདན་ལ་རོལ་པའི་འཁོར༔ རྩ་གསུམ་རབ་འབྱམས་མཚོ་ལ་སྐར་བཞིན་བཀྲ༔ སྒོ་བཞིར་དབང་ཆེན་སྡེ་བཞི་ལས་ཀྱི་མདོག༔ བེ་ཅོན་པདྨ་འཛིན་པ་ཁྲོ་བོའི་ཆས༔ ཕུང་ཁམས་དག་པ་བདེ་གཤེགས་རིགས་ལྔའི་དབང༔ ཡེ་ནས་ལྷུན་གྱིས་གྲུབ་པའི་ཚུལ་དུ་རྫོགས༔ གཉུག་མའི་སྒོ་གསུམ་བདེ་གསལ་མི་རྟོག་པའི༔ སྐུ་གསུང་ཐུགས་ཀྱི་གསང་བ་ལྷུན་གྱིས་གྲུབ༔ ཨོཾ་ཨཱཿཧཱུྃ༔ ཧྲཱིཿཧཱུྃ་ཏྲྃ་ཨོཾ་ཨཱཿ ཧྲཱི༔ རྣམ་པར་མི་རྟོགས་ཨ་ཝ་དྷཱུ་ཏིའི་དབྱིངས༔ མི་འགྱུར་དྭངས་མའི་ཐིག་ལེ་ཆོས་སྐུའི་ཡུམ༔ བདེ་ཆེན་སྒྱུ་མར་རོལ་པ་ཌཱ་ཀིའི་ཚུལ༔ འབུམ་ཕྲག་ཡངས་པའི་ཚོམ་བུ་གཤེགས་སུ་གསོལ༔ སྒྲུབ་མཆོག་བུ་ལ་དབང་བཞིའི་ཡེ་ཤེས་བསྐུར༔ གཉིས་སྣང་བདུད་བགེགས་སྐྱེ་མེད་ཀློང་དུ་སྒྲོལ༔ མཆོག་ཐུན་དངོས་གྲུབ་རབ་འབྱམས་འབྱུང་བའི་གནས༔ འཆི་མེད་རྡོ་རྗེའི་འོད་སྐུར་འགྲུབ་པར་མཛོད༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་མཎྜལ་སརྦ་ས་མ་ཡ་ཛཿཛཿ ཧྲཱི༔ སེམས་ཀྱི་རྡོ་རྗེ་གདོད་ནས་ཝཱ་ར་ཧི༔ རྣམ་ཀུན་མཆོག་ལྡན་དབྱིངས་སུ་འདུ་འབྲལ་མེད༔ རོ་གཅིག་མཉམ་པའི་དེ་ཉིད་རྟོགས་པ་ཡི༔ གཉིས་མེད་ཆོས་སྐུའི་ཀློང་དུ་ཏིཥྛ་ལྷན༔ ཧྲཱི༔ འོད་གསལ་བསམ་མི་ཁྱབ་པའི་ཡེ་ཤེས་ལ༔ བཟང་ངན་འཛིན་པའི་ཀུན་རྟོག་གདོད་ནས་དག༔ ཟག་མེད་འབྲས་བུ་གཞི་ལ་རྫོགས་པ་ཡི༔ ངོ་མཚར་ལྟ་བ་འཇལ་བའི་ཕྱག་ཀྱང་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ ཧྲཱི༔ སྣང་བ་སྐྱེ་མེད་དབྱིངས་ཀྱི་མཁའ་ཀློང་དུ༔ སྲིད་པ་རང་གྲོལ་བདེ་ཆེན་མཆོད་པར་ཤར༔ ཟུང་འཇུག་ཡུལ་དང་དབང་པོ་གཉིས་མེད་པའི༔ བློ་འདས་མཆོད་པ་དམ་པས་དགྱེས་གྱུར་ཅིག༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡ་མ་ཧཱ་པཱུ་ཛ་ཧོ༔ སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔ དྷརྨ་དྷཱ་ཏུ་ཨ༔ ཧྲཱི༔ ཀུན་འབྱུང་འབར་བའི་ཙཎྜ་ལིས་བསྲོས་པའི༔ དྭངས་མ་བདེ་ཆེན་ཞུ་བའི་དཔྱིད་ཀྱི་སྐུ༔ རྡོ་རྗེ་རྡུལ་བྲལ་ནམ་མཁའི་ལང་ཚོ་ཅན༔ ལྷན་ཅིག་སྐྱེས་པའི་བཙུན་མོར་བསྟོད་པར་བགྱི༔ རིགས་ཀྱི་ཡུམ་ལྔའི་ཐུགས་ཀར་ཡེ་ཤེས་སེམས༔ ཚེ་ཡི་ཡུམ་མཆོག་དམར་གསལ་བདེ་བ་རྒྱས༔ ལོངས་སྐུའི་རྒྱན་རྫོགས་མཉམ་བཞག་ཚེ་བུམ་བསྣམས༔ རྡོ་རྗེའི་དཀྱིལ་ཀྲུང་པད་ཟླ་ལ་རོལ་པའི༔ ཐུགས་ཀར་པདྨ་དམར་པོའི་གེ་སར་ཧྲཱིཿ རང་རིགས་སྔགས་ཀྱིས་བསྐོར་བའི་གསལ་སྣང་གིས༔ མ་དག་ཕུང་ཁམས་འཁྲུལ་པའི་བག་ཆག་སྦྱངས༔ འཆི་མེད་མཁའ་ཁྱབ་ཡེ་ཤེས་རྡོ་རྗེའི་སྐུ༔ རྟགས་བརྟན་བདེ་བ་ཆེན་པོའི་ཐིག་ལེར་འཁྱིལ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནི་པདྨ་མནྡ་ར་སརྦ་སིདྡྷི་ཧཱུྃ༔ ཨཱ་ཡུ་ཥེ་སྭཱ་ཧཱ༔ རིགས་བཞིའི་ཌཱ་ཀིའི་ཐུགས་སྲོག་འོད་ཟེར་གྱིས༔ ཕྱི་འབྱུང་བཅུད་བསྡུས་དྭངས་མ་ལུས་ལ་ཐིམ༔ རྩ་རླུང་ཐིག་ལེ་མི་ཕྱེད་སྐུ་གསུམ་གྱི༔ རྡོ་རྗེ་ཡེ་ཤེས་གྲུབ་པའི་སྲོག་ཐོབ་གྱུར༔ ཨོཾ་བཛྲ་ཌཱ་ཀི་ནི་ཨཱ་ཡུ་ཥེ་སྭཱ་ཧཱཿ ཨོཾ་རཏྣ་ཌཱ་ཀི་ནི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་བུདྡྷ་ཌཱ་ཀི་ནི་ཨཱ་ཡུ་ཥེ་སྭཱ་ཧཱ༔ ཨོཾ་ཀརྨ་ཌཱ་ཀི་ནི་ཨཱ་ཡུ་ཥེ་སྭཱ་ཧཱ༔ གཙོ་མོ་རྣམ་ལྔའི་འོད་ཀྱིས་སྒོ་བ་བསྐུལ༔ ཐུན་མོང་ཁྱད་པར་ལས་བཞིའི་དངོས་གྲུབ་བསྡུས༔ བདག་ལ་ཐིམ་པས་མཉམ་ཉིད་རང་བྱུང་བའི༔ རྩོལ་མེད་མཁའ་ཁྱབ་དགོངས་པ་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ༔ ཤཱནྟིཾ་པུཥྚིཾ་ཝཱ་ཤཾ་མཱ་ར་ཡ་ཧཱུྃ་སྭཱ་ཧཱ༔ བསྙེན་པ་འབྲུ་འབུམ་སྒྲུབ་པ་འབུམ་ཕྲག་གཅིག༔ ལས་སྦྱོར་ཁྲི་ཡིས་ངེས་པའི་རྟགས་མཐོང་ཞིང༔ རླུང་སེམས་དབུ་མར་ཞུགས་གནས་ཐིམ་གསུམ་གྱི༔ རྟགས་ཀྱི་རིམ་པ་ལྷན་སྐྱེས་འཆར་བར་འགྱུར༔ ས་མ་ཡ༔ ཐུན་མཚམས་བཟའ་བཏུང་ཚོགས་མཆོད་བྱ་བ་ནི༔ ཧྲཱི༔ བདེ་ཆེན་དབྱིངས་ནས་ཐམས་ཅད་ཀུན་ཏུ་བཟང༔ གཙང་དམེའི་འཛིན་རྟོག་དག་པའི་བདུད་རྩི་ཆེ༔ རང་བྱུང་འཆི་མེད་གྲུབ་པའི་བཅུད་ཀྱི་ལེན༔ རྡོ་རྗེའི་ཚེ་མཆོག་སྒྲུབ་པའི་རྫས་སུ་ཤར༔ ཨོཾ་ཨཱཿཧཱུྃ༔ ཧོ༔ རང་ལུས་གདན་གསུམ་ཡེ་ཤེས་ལྷ་ཡི་དལ༔ རྩ་ཁམས་རླུང་ཀུན་འཆི་མེད་མཁའ་འགྲོའི་མཆོག༔ ཐབས་ཤེས་དམ་རྫས་ཀུན་ཀྱང་མཆོད་པའི་རྫས༔ ལག་གཉིས་རྡོ་རྗེའི་དགང་བླུགས་ཀྱིས་ཕུལ་བས༔ ཞལ་གྱི་ཐབ་ཁུང་ལས་བརྒྱུད་སྙིགས་མ་བསྲེགས༔ དྭངས་མ་འབར་བའི་གོས་དཀར་བྱིན་ཟ་ལས༔ བདེ་ཆེན་འཁོར་ལོའི་བླ་མ་ཡབ་ཡུམ་ལ༔ ཡེ་ཤེས་བདུད་རྩིའི་ཕུད་ཀྱིས་མཆོད་པ་འབུལ༔ ལོངས་སྤྱོད་འཁོར་ལོའི་ཡི་དམ་རྒྱུད་སྡེའི་ཚོགས༔ རིགས་ལྔའི་དམ་རྫས་བདུད་རྩིའི་དགའ་སྟོན་འབུལ༔ ཆོས་ཀྱི་འཁོར་ལོ་དབྱིངས་ཕྱུག་ཌཱ་ཀི་ལྔར༔ གཟུང་འཛིན་ཉམས་པ་བསྒྲལ་བའི་ཤ་ཁྲག་འབུལ༔ དམ་ཚིག་ཉམ་ཆག་ཉེས་པའི་དྲི་མ་བཤགས༔ སྐུ་གསུང་ཐུགས་ལ་དགྱེས་པ་རྨད་བྱུང་བའི༔ བདེ་ཆེན་སྣང་བས་དངོས་གྲུབ་བླ་ན་མེད༔ ཡིད་བཞིན་ལྷུན་གྱིས་གྲུབ་པའི་དཔལ་སྩོལ་གྱུར༔ མ་ཧཱ་པཱུ་ཛ་ག་ཎ་ཙཀྲ་པཱུ་ཛ་ཧོ༔ ཚིམ་པ་དྲུག་གིས་རོལ་པ་ལས༔ ལུས་ཀྱི་བཅུད་རྒྱས་དྭངས་མ་འཕེལ༔ སྤྱན་དང་མངོན་ཤེས་ཏིང་འཛིན་སྒོ༔ ཡིད་བཞིན་འཆར་བར་གདོན་མི་ཟ༔ ཧྲཱིཾ་ཕེཾཿ ཟག་བཅས་ལྷག་མའི་ཕམ་ཕབ་ཨ་མྲྀ་ཏ༔ གནས་ཡུལ་ཞིང་སྐྱོང་ཌཱ་ཀིའི་ཚོགས་ལ་འབུལ༔ བདེན་དོན་དག་པའི་རྟེན་འབྲེལ་ལུགས་ལྡོག་གིས༔ སྲིད་པ་དབྱིངས་སུ་སྒྲོལ་བའི་ཕྲིན་ལས་མཛོད༔ ཨུཙྪིཥྚ་བ་ལིངྟ་ཁཱ་ཧི༔ ཡེ་ཤེས་ཌཱ་ཀི་འདུས་པའི་གྲོང་ཁྱེར་དུ༔ གསང་མཆོག་དགྱེས་པའི་མཆོད་པ་འདི་ཕུལ་བས༔ འཆི་མེད་རྟག་པ་རྡོ་རྗེའི་སྐུ་ཐོབ་ནས༔ མཁའ་མཉམ་འགྲོ་ཀུན་ཕྱམ་གཅིག་གྲོལ་བར་ཤོག༔ དེ་ལྟར་ལུས་ཀྱི་སྟོང་ར་གསལ༔ ང་རྒྱལ་བརྟན་ཅིང་དག་པ་དྲན༔ ཤེས་པ་གཞན་དུ་མི་འགྱུར་བས༔ རྩེ་གཅིག་ཏིང་འཛིན་སྒྲུབ་པར་བྱ༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ དབྱིབས་ཀྱི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ༔ དེ་ལྟར་ཉམས་སུ་ལེན་པ་ལ༔ དད་བརྩོན་བརྟུལ་ཞུགས་མཐུ་ལྡན་པའི༔ སྣོད་ལྡན་དབང་གི་རིམ་པ་ཡིས༔ ཟབ་མོའི་ལམ་གྱི་སྣོད་རུང་ཕྱིར༔ བློ་དང་ལྡན་པའི་གང་ཟག་ལ༔ ངེས་པའི་ཆོ་ག་འདིས་སྨིན་བྱ༔ བླ་མ་བདེ་ཆེན་དགྱེས་པ་ཅན༔ རྣལ་འབྱོར་མ་དཔལ་དགོངས་སུ་གསོལ༔ བདག་ཅག་ཡང་དག་ལམ་ཟབ་མོར༔ འཇུག་པའི་ཆོ་ག་བསྩལ་དུ་གསོལ༔ ལན་གསུམ་གསོལ་གདབ་རྒྱུད་སྦྱངས་ཤིང༔ སྡོམ་གཟུང་ཆོ་ག་ནན་དུ་བྱ༔ གཞི་ལུས་ལྷར་བསྐྱེད་ཕུང་ཁམས་ཀུན༔ གདོད་ནས་གྲུབ་པའི་དཀྱིལ་འཁོར་གསལ༔ བྱིན་ཆེན་དབབ་ཅིང་བརྟན་པར་བཞུགས༔ ཐོག་མར་བདེ་སྐྱོང་བུམ་དབང་བསྐུར༔ ཧྲཱི༔ རང་བྱུང་ལྷུན་གྲུབ་ཀ་པཱ་ལ༔ བྱང་སེམས་བདུད་རྩིའི་སྤྲིན་ཆེན་པོ༔ རྡོ་རྗེའི་རིགས་ཀྱི་བུ་ལ་སྦྱིན༔ གཉིས་མེད་མཉམ་པའི་ཚུལ་གྱིས་རོལ༔ ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃ༔ རོལ་པས་རྩ་ཁམས་འོད་དུ་དེངས༔ སྣང་སྟོང་སྒྱུ་མའི་གསལ་སྣང་ལྟོས༔ བུམ་ཅན་རླུང་གི་རིམ་པ་བཅས༔ འབར་འཛག་གདམས་པ་ཕོག་ལ་སྒོམ༔ སིནྡྷུ་ཝཱ་རའི་དཀྱིལ་འཁོར་གཏད༔ ཐིག་ལེ་གནས་གསུམ་བྱུག་དང་བཅས༔ ཧྲཱི༔ རྣམ་ཐར་གསུམ་གྱི་མེ་ལོང་དུ༔ བདེ་ཆེན་ལི་ཁྲིའི་ཐིག་ལེ་བཀོད༔ གཉིས་མེད་སྦྱོར་བའི་དབང་བསྐུར་བས༔ ལྷན་སྐྱེས་དགའ་བཞི་རྒྱས་པར་ཤོག༔ ཀརྨ་མུ་དྲ་ཛྙཱ་ན་སིདྡྷི་ཧོ༔ འབར་བའི་ཙཎྜ་ལི་ཡི་རྟགས༔ སིནྡྷུ་ཝཱ་རའི་ཚོམ་བུའི་མེ༔ འབར་ཞིང་གནས་བཞིར་གང་བ་ལས༔ མ་དག་ཕུང་ཁམས་ཆོས་ཀུན་སྦྱངས༔ ཞུ་བདེའི་དྭངས་མ་ལས་སྨིན་པའི༔ ཕོ་ཉའི་གཟུགས་ཅན་ལྷག་པར་སྒོམས༔ རྟག་ཏུ་བདེ་སྟོང་བོགས་འབྱིན་བྱ༔ དྭངས་པའི་མན་ཤེལ་བསྟན་ནས་ཀྱང༔ ཧྲཱི༔ འོད་གསལ་དྭངས་མའི་ཡེ་ཤེས་ནི༔ གང་དུ་མི་གནས་ས་ལེར་གསལ༔ གཉིས་སུ་མེད་པའི་དོན་རྟོགས་ན༔ འོད་གསལ་དེ་ཉིད་འདི་ཀའོ༔ དྷརྨ་དྷཱ་ཏུ་ཨ༔ སྟོང་ཆའི་འོད་གསལ་ཆོས་སྐུའི་གཤིས༔ རང་ངོ་སྐྱོངས་ལ་མཉམ་པར་བཞག༔ སེམས་ཀྱི་དེ་ཉིད་མཐོང་བའི་ཚེ༔ རྫོགས་རིམ་ཀུན་གྱི་མཐར་ཐུག་གོ༔ ས་མ་ཡ་ཡི་གཡར་དམ་དང༔ ཡོན་ཕུལ་དགེ་བ་ཡང་དག་བསྔོ༔ ངེས་པའི་སྣོད་དང་ལྡན་པ་ལས༔ ཁྱབ་པར་མི་སྦྱིན་གུ་ཧྱ་རྒྱ༔ དེ་ནས་སྙིང་པོའི་ཏིང་འཛིན་གྱིས༔ རྣལ་འབྱོར་ལམ་དུ་བྱ་བ་ནི༔ འཁྲུལ་པའི་སྐྱེ་དང་འཆི་བ་ནི༔ བདེན་འཛིན་ཁོ་ནའི་ཉེར་ལེན་ལས༔ བྱུང་བའི་ལུས་ངག་སེམས་ལ་བརྟགས༔ དཔྱད་ན་གཅིག་ཀྱང་མ་གྲུབ་པ༔ རང་བཞིན་སྟོང་པ་ཉིད་དུ་གནས༔ སྐྱེ་འགགས་གནས་པ་ལྟར་སྣང་ཡང༔ ལུས་ནི་ལྟོས་བཅས་བེམ་པོའི་ཆོས༔ དཔྱད་ན་འབྱུང་བཞི་སིལ་བུ་པ༔ དེ་ཡང་ཆ་མེད་རྡུལ་གྱི་ཚུལ༔ རྡུལ་ཞེས་བྱ་བའང་བརྟགས་པ་ཙམ༔ ངག་ནི་ལུས་སེམས་ཚོགས་པ་ལས༔ གློ་བུར་སྣང་ཞིང་བརྟགས་པ་སྟེ༔ སེམས་ཀྱང་ཆོས་ཉིད་སྐྱེ་བ་མེད༔ རྟོག་པའི་ཕྲེང་བ་འབའ་ཞིག་པ༔ དོན་ལ་གང་དུའང་མི་གནས་པའི༔ སྟོང་ཉིད་གཅིག་ལས་དུ་མ་མེད༔ ཡེ་ནས་སྟོང་པའི་ཆོས་ཉིད་ལ༔ སུ་ཞིག་སྐྱེ་འགགས་གནས་པ་སྣང༔ ངོ་བོ་དེ་ལས་མི་འདའ་བཞིན༔ རྣམ་པ་རྟེན་འབྱུང་འགགས་མེད་ཀྱི༔ སྣང་ཆ་ཅིར་ཡང་འཆར་བ་ལས༔ སྒྱུ་མའི་ལུས་ངག་སེམས་སུ་སྣང༔ བརྟགས་པའི་རྟེན་ལས་རང་ཤར་བའི༔ ྃ སྣང་དུས་ཉིད་ནས་སྟོང་པ་ཉིད༔ དེ་ཕྱིར་སྟོང་གཟུགས་བར་སྣང་འཇའ༔ སྐྱེ་མཆེད་རྫོགས་པའི་ཚུལ་བསྒོམས་ཏེ༔ ལུས་དབུས་དབུ་མ་མཚན་ཉིད་ནི༔ ཁྱད་པར་བཞི་ལྡན་དཀར་དམར་སྔོ༔ ཤེལ་གྱི་ཀ་བ་ལྟར་གསལ་བའི༔ གཡས་གཡོན་རོ་རྐྱང་དཀར་ལ་དམར༔ མར་སྣེ་ལྟེ་འོག་ཟུང་དུ་ཆུད༔ ཡར་སྣ་ལྟག་པ་ནས་གུག་སྟེ༔ སྣ་བུག་འབྲེལ་བ་སྟོང་སང་ངེ༔ འོད་ཀྱི་སྦུ་གུ་ཕྲ་ལ་དྭངས༔ འཁོར་ལོ་བཞི་ལྡན་ཅན་གསལ་བ༔ སྣང་སྟོང་གཉིས་མེད་གཞིག་ཏུ་མེད༔ ཕྱི་ནང་ཟང་ཐལ་ཀུན་ཏུ་ཁྱབ༔ ཕྲ་རབ་རྡུལ་གྱི་ཆོས་ལས་འདས༔ ཟག་པ་ཟད་པ་རྡོ་རྗེའི་སྐུ༔ ལྷག་པའི་ལྷ་རུ་གསལ་བ་ཡི༔ སྙིང་གར་འོད་ཀྱི་ཐིག་ལེ་ནི༔ ཕྲ་ལ་གསལ་བ་ཉ་མིག་ཙམ༔ སྲོག་གི་སྙིང་པོ་ཧྲཱིཿཡིས་མཚན༔ ཀུན་ཀྱང་བཀྲག་གསལ་གཟི་བྱིན་འབར༔ ལེགས་པར་བསམ་ལ་རླུང་རོ་བསལ༔ ཧ་སྒྲ་འདོན་བཞིན་བརྡབ་ཆུང་བྱ༔ བར་སྣང་མིག་གཏད་ངལ་ཡང་བསོ༔ དེ་ནས་ནང་དུ་རྔུབས་པ་ལས༔ སྣོད་བཅུད་དྭངས་མ་མ་ལུས་པ༔ ཁབ་ལེན་རྡོ་ཡིས་ལྕགས་བཞིན་བསྡུས༔ སྣ་བུག་ནས་ཞུགས་རོ་རྐྱང་བརྒྱུད༔ དབུ་མའི་མར་སྣ་ནས་ཕྱུར་ཏེ༔ སྙིང་གའི་ཧྲཱིཿལ་སིབ་ཀྱིས་ཐིམ༔ རླུང་དང་རིག་པ་དབྱེར་མེད་པའི༔ འདྲེས་པར་བསམ་ལ་རང་ངོ་བསྐྱངས༔ བུམ་ཅན་སྦྱོར་བ་བཞི་ལྡན་པ༔ གནད་དུ་བསྣུན་ལ་རླུང་རིག་བསྲེས༔ རྔུབ་ཆུང་འཐེན་གནོན་ཅི་རིགས་བྱ༔ དྭངས་མའི་ཟེར་གྱིས་སྙིང་གའི་ཧྲཱིཿ ཤིན་ཏུ་བཀྲག་འཚེར་འབར་བ་ལས༔ འོད་ཀྱིས་རྟེན་བཅས་རྩ་རླུང་ཐིག༔ མུན་ཁང་སྒྲོན་མེ་བཏེགས་པ་བཞིན༔ སངས་ཀྱིས་བསལ་སྟེ་དྭངས་མའི་ཆ༔ ལུས་དང་རྩ་ཐིག་མ་ལུས་པ༔ ཤེལ་གྱི་གོང་བུ་ལྟར་གསལ་བའི༔ སྐྱེ་མཆེད་གསལ་ལ་རྡོས་བཅས་སུ༔ མ་གྲུབ་ཆུ་ཟླ་བཞིན་དུ་བསམ༔ དེ་ལྟར་དམིགས་པའི་འཕྲོ་འདུ་ཡིས༔ བུམ་ཅན་བརྒྱ་དང་ལྔ་བཅུ་དང༔ ཉེར་ལྔ་གང་འོས་གནད་དུ་བསྣུན༔ ཐུན་མཐར་ལུས་སྦྱང་འཁྲུལ་འཁོར་བྱ༔ ཡན་ལག་དྲག་ཏུ་བརྐྱང་བསྐུམ་བརྡབ༔ ཧ་སྒྲ་འབྱིན་ལ་སྤྲུག་ཅིང་བསྒྱུར༔ ཁྱད་པར་ན་ཚའི་ཟུག་རྔུ་དང༔ ལྡན་ན་དེ་ལ་ཞིབ་ཏུ་བརྟགས༔ སྟོང་པར་ཤེས་པས་གང་ན་བའི༔ རང་བཞིན་འཇའ་ཚོན་མི་གསལ་བ༔ དེ་ཡི་ཐད་ནས་བུན་བུན་དུ༔ སངས་པར་བསམ་ལ་ཐལ་མོས་བྲབ༔ དེས་ནི་ཟུག་གཟེར་མཐའ་དག་འཇོམས༔ རྣལ་འབྱོར་ལྡན་པའི་གེགས་སེལ་ཏེ༔ ཐུན་མཚམས་ཆོས་རྣམས་མ་ལུས་དང༔ ཁྱད་པར་ལུས་ངག་སེམས་ཀྱི་ཚོགས༔ སྒྱུ་མའི་ལམ་ཁྱེར་མ་བྲལ་བྱ༔ ཕྱི་ནང་རོ་གཅིག་ངེས་ཤེས་བསྐྱེད༔ རྨད་བྱུང་གསེང་ལམ་འདི་བསྟན་ན༔ འཛིན་པའི་མདུད་པ་ངང་གིས་གྲོལ༔ འདི་ནི་སྒྲོལ་མ་དམ་ཚིག་མའི༔ རྣམ་པ་ལམ་བྱེད་རྣལ་འབྱོར་ཏེ༔ བོགས་འབྱིན་མེ་ལོང་དྭངས་པ་ལ༔ ལྷ་སྐུ་མཛེས་པ་འཆར་དུ་བཞུགས༔ མཆོད་དང་བསྙེན་བཀུར་ཕུལ་བ་ཡིས༔ དེ་ལ་རེ་དོགས་མེད་ཚུལ་བསམ༔ ཡང་དུ་ངན་པའི་གཟུགས་བསྟན་ལ༔ མི་སྙན་བརྗོད་པས་ཁྲོ་འཁོན་བྲལ༔ མེ་ལོང་བཟང་ངན་གང་ཤར་ཡང༔ གོས་པ་མེད་ཅིང་སྣང་བ་ཙམ༔ མ་འགགས་གསལ་བའི་དུས་ནས་སྟོང༔ སྣང་སྟོང་དབྱེར་མེད་ངེས་ཤེས་བསྐྱེད༔ གཟུགས་བརྙན་དཔེ་ཡིས་མཚོན་བྱས་ཏེ༔ རང་གི་ལུས་ཀྱང་འདི་དང་མཚུངས༔ དཔེ་དོན་བསྲེས་ལ་ཞིབ་ཏུ་དཔྱད༔ སྐྱིད་སྡུག་རོ་སྙོམས་ལམ་ཁྱེར་བྱ༔ ལུས་ལ་གཅེས་འཛིན་གཅམ་གྱིས་སྐྱུར༔ ཞེན་མེད་ངང་ནས་སྒྱུ་མར་སྦྱངས༔ ཨ་ཞེས་གླུ་དབྱངས་འཇམ་སྙན་ཅན༔ དལ་བུར་བླང་ལ་ངོ་བོར་བལྟ༔ བདེན་ཞེན་གཤིགས་པའི་མན་ངག་གོ༔ འདིས་ནི་ལུས་ཡངས་ཤེས་པ་གསལ༔ ཕྱི་ནང་འབྱུང་བ་གཅིག་ཏུ་འདྲེས༔ རི་བྲག་ཐོགས་མེད་མངོན་ཤེས་འཆར༔ སྒྱུ་མ་ལྟ་བུའི་ཏིང་འཛིན་འབྱོང༔ ཆོས་ཀུན་རྨི་ལམ་ཙམ་དུ་རྟོགས༔ འཇིག་རྟེན་ཆོས་བརྒྱད་ཞེན་པ་བྲལ༔ རེ་དོགས་མེད་པའི་གདིང་རྙེད་ན༔ འཆི་མེད་བཙན་ས་ངེས་པར་ཟིན༔ འདི་ནི་དབྱིངས་ཕྱུག་ནམ་མཁའ་ཆེའི༔ རྡོ་རྗེའི་སྲོག་གི་སྒྲུབ་པའོ༔ ས་མ་ཡ༔ རྡོ་རྗེའི་ཚེ་ཡི་རྒྱུད་ལས༔ ལྷ་སྐུ་སྒྱུ་ལུས་ཀྱི་ཏིང་ངེ་འཛིན་གྱི་ལེའུ་སྟེ་བཅུ་གཉིས་པའོ༔ ལུས་ནི་རྣམ་སྣང་ཆོས་བདུན་གྱི༔ ཕྱི་ནང་སྟོང་ར་ལེགས་གསལ་བའི༔ དབུ་མའི་ཡར་སྣེ་ཧཾ་ཡིག་དཀར༔ མར་སྣ་ཨ་ཐུང་འབར་ལ་ཁད༔ ཤིན་ཏུ་ཕྲ་ལ་དྭངས་མའི་གཟུགས༔ ཤེས་པ་རྩེ་གཅིག་གྲིམ་པར་གཏད༔ སྙིང་གར་ཧྲཱིཿཡིག་སྔར་བཞིན་གསལ༔ རླུང་རོ་བསལ་ལ་དལ་བུས་རྔུབས༔ ལྟེ་འོག་ཨ་ཤད་རྟ་རྔའི་ཆ༔ ལྟ་བུར་འབར་བ་དབུ་མའི་ནང༔ གློག་ཞགས་ལྟར་གཡོས་ཧཾ་ལ་རེག༔ རིམ་བཞིན་འབར་བས་དབུ་མ་དང༔ འཁོར་ལོ་བཞི་གང་བདེ་དྲོད་སྐྱེས༔ བུད་ཤིང་མར་ཁུས་བྲན་པ་ལྟར༔ ལྷག་པར་འབར་བས་རྩ་རྣམས་གང༔ དེ་ལས་འབར་ཞིང་འཁྱུགས་པའི་མེས༔ ལུས་ནང་ཐམས་ཅད་མེར་གྱིས་ཁེངས༔ བ་སྤུའི་བུ་ག་ཡན་ཆོད་དུ༔ མེས་གང་ལྕགས་གོང་བསྲེགས་པ་ལྟར༔ འབར་བའི་ཕྱི་ནང་ཟག་པའི་ཆ༔ ཉོན་མོངས་དང་བཅས་མིང་མེད་བསྲེགས༔ སྟོང་ཉིད་འབར་བའི་ཙཎྜ་ལི༔ ཤུགས་དྲག་མཆེད་པས་སྣོད་བཅུད་ཁྱབ༔ ཀུན་ཀྱང་མེ་ཡི་རང་བཞིན་འབར༔ ཁམས་གསུམ་ཞེན་པའི་ཡུལ་སྣང་བསྲེགས༔ ཚོགས་དྲུག་གང་ཤར་མ་ལུས་པ༔ མེ་དཔུང་གཅིག་ཏུ་འུར་འུར་འབར༔ དྲོད་ཀྱིས་རེག་པ་ཙམ་ཉིད་ནས༔ གང་སྣང་དངོས་པོ་མེ་རུ་ཤར༔ སྟོང་གསུམ་འབར་བའི་མེའི་ཕྲེང་བ༔ དཀྱིལ་འཁོར་གཅིག་ཏུ་ལྷག་གེར་གསལ༔ ནད་གདོན་བགེགས་དང་བར་དུ་གཅོད༔ ཉོན་མོང་ལས་རྣམས་མ་ལུས་དང༔ སྐྱེ་འཆི་རང་གི་རྟོགས་པ་ཀུན༔ ལྷག་གེ་འབར་བའི་ཏིང་འཛིན་གཟིར༔ དྲག་རླུང་བུམ་པ་ཅན་དགང་སྟེ༔ ལྟོ་བ་མཉེ་ཞིང་འཕར་སྟངས་བྱ༔ ཐལ་མོས་བསྣུན་པས་སྐྱེས་པའི་དྲོད༔ ལུས་ཀུན་འཕུར་ཞིང་ཡང་ཡང་བྱུག༔ མཐར་ནི་མེ་ལྕེ་ཐམས་ཅད་ཀུན༔ ཚེ་ཡུམ་ཌཱ་ཀི་ཙཎྜ་ལི༔ དམར་གསལ་བདེ་བའི་གར་སྟབས་ཅན༔ རེས་འགའ་སྟོང་གསུམ་སྐུ་ཡིས་ཁྱབ༔ སྐུ་ནི་སྣང་སྟོང་ཐ་མི་དད༔ ཡེ་ཤེས་འོད་ཀྱི་སྙིང་པོས་ཁྱབ༔ ཁམས་གསུམ་གང་བ་ཙམ་དུ་བསྐྱེད༔ སླར་ཡང་ཇེ་ཕྲ་མེ་སྟག་ཙམ༔ ལིང་ལིང་གར་བྱེད་འཕུར་ལ་ལྡིང༔ དེ་ཡང་སྐར་མདའ་ལྟར་ཡལ་ཏེ༔ སྟོང་པར་བསམ་ལ་ཕཊ་ཅེས་བརྗོད༔ ལྟ་སྟངས་རིག་པ་རྩེ་གཅིག་གཅུན༔ ངལ་བསོའི་ངང་དུ་མཉམ་པར་བཞག༔ མེར་སྣང་སྟོང་སེམས་ཐམས་ཅད་པ༔ རོ་གཅིག་ཤེས་པས་གཤིས་ལ་ལྟ༔ མཉམ་པར་བཞག་པའི་གནད་ཀྱི་གཟེར༔ ཟག་པ་མཐའ་དག་འདིས་ཟད་བྱེད༔ ཐུན་མཚམས་སྣང་གྲགས་རིག་པ་ཀུན༔ ལྷ་སྔགས་མཉམ་པ་ཚེ་ཡི་ཡུམ༔ སྐུ་གསུང་ཐུགས་གསུམ་མི་ཕྱེད་པའི༔ ཡེ་ཤེས་གཅིག་གི་ངང་དུ་བསྐྱངས༔ བོགས་འབྱིན་ལྷ་ཡི་སྐུར་བསྒོམས་ཏེ༔ ཐུན་མིན་རིག་པའི་སྔགས་འདི་བཟླ༔ ཨོཾ་པདྨ་ཙཎྜ་ལི་ཛྙཱ་ན་ཛ་མ་ཌཱ་ཀི་ནི་ཧཱུྃ༔ ཨཱ་ཡུ་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་བཟླས་འདིས་ནི་ནད་གདོན་བགེགས༔ ཉོན་མོངས་ཀུན་སྦྱངས་གསང་བ་ཆེ༔ གོས་དཀར་ཡུམ་གྱི་རྣལ་འབྱོར་ཏེ༔ འཆི་མེད་སྒྲུབ་པའི་མན་ངག་གོ༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ འབར་བ་ཆེན་པོའི་ཚེ་སྒྲུབ་པའི་ལེའུ་སྟེ་བཅུ་གསུམ་པའོ༔ བདེ་བའི་སྟན་ལ་ལུས་བསྲང་སྟེ༔ ལྟེ་འོག་འབར་བའི་གཏུམ་མོ་ཡིས༔ སྤྱི་བོའི་ཧཾ་ལ་རེག་པའི་མོད༔ བ་མོར་ཉི་མ་ཕོག་པ་བཞིན༔ བདེ་བའི་ཟིལ་པ་དལ་བུས་བབ༔ མུ་ཏིག་རྡོག་མ་ལྟར་འདྲིལ་ཏེ༔ མེ་ལ་ཕོག་པས་དྲོད་ཀྱི་ལྕེ༔ བདེ་བ་དབང་མེད་འདྲེན་ནུས་པ༔ སླར་སོང་བབ་པ་ཤུགས་དྲག་པས༔ མེ་མཆེད་དྭངས་མའི་ཟླ་བ་ཡང༔ ཆར་ལྟར་བྲུལ་ནས་གནས་བཞིར་སོན༔ དགའ་བཞི་རྒྱས་པའི་ལུས་ཁྱབ་སྟེ༔ བདེ་བའི་འོད་ཀྱིས་སྣོད་བཅུད་རེག༔ ཀུན་ཀྱང་དྭངས་མར་མེར་གྱིས་ཞུ༔ སྙིང་པོ་མཚོ་ཡི་ལན་ཚྭ་བཞིན༔ གསལ་གསལ་ཤིན་ཏུ་འཚེར་བག་ཅན༔ བདེ་བའི་ཉམས་ལྡན་སྤྲིན་དུ་ཆགས༔ ཉིས་དྭངས་སུམ་དྭངས་ཆ་ཤས་བཅས༔ ལྷ་སྐུ་སྒྱུ་མ་ཚེ་འཕེལ་མ༔ རྡོ་རྗེའི་རིགས་མཆོག་མཱ་མ་ཀི༔ དཀར་གསལ་བདེ་བའི་ཉམས་འགྱུར་ཅན༔ ལང་ཚོའི་ཆ་ཤས་མཆོག་རྫོགས་པའི༔ གཞོན་ནུའི་གཟུགས་སུ་ལམ་གྱིས་ཤར༔ འོད་ཀྱི་སྣང་བ་ཆེས་འབར་བའི༔ རེག་པས་ཀུན་ཀྱང་བདེ་བར་ཤར༔ བདེ་བ་སྟོང་པའི་སྙིང་པོ་ཅན༔ མཆོག་ཏུ་མི་འགྱུར་ཚུལ་ཤེས་པས༔ གསང་བའི་རིག་པ་འདི་ཡང་བཟླ༔ ཨོཾ་བཛྲ་ཌཱ་ཀི་ནི་སུ་ཁ་ག་ཎཱ་མཱ་ཀི་ཧཱུྃ༔ ཨཱ་ཡུ་པུཥྚིཾ་ཀུ་རུ་ཨོཾ༔ བཟླས་པ་རྩེ་གཅིག་རྣལ་འབྱོར་སྐྱོངས༔ བདེ་བའི་ཉམས་ནི་ཆེར་རྒྱས་ན༔ ལུས་བྱུག་རྐང་ལག་འཕེན་སྡུད་བྱ༔ ཁྱད་པར་རྐང་ལག་སོར་མོ་བསྐུམ༔ འོག་སྒོ་འབྱེད་འཛུམ་མང་དུ་བྱ༔ སྟོང་འདྲེན་བྱ་ཞིང་ཧུ་སྒྲ་འབྱིན༔ ཁ་ནས་རླུང་རྔུབ་མིག་འབྲས་བསྒྲིལ༔ སྤྱི་བོའི་ཧཾ་ལ་ཤེས་པ་གཏད༔ མགོ་བོ་བསྒྲིལ་ལ་གཡོན་དུ་བསྐོར༔ བོགས་འབྱིན་སྐུ་མཉེ་བཟང་དུ་བརྟེན༔ མེ་དང་ཉི་མ་འཛེམ་བྱས་ཏེ༔ བདེ་བ་ཞེན་མེད་ལམ་དུ་ཁྱེར༔ ཆགས་པ་རྒྱས་ན་ལྷ་ཡི་སྐུ༔ སྟོང་པར་བཤིག་ལ་ངོ་བོར་བལྟ༔ ཉོན་མོངས་སྐྱེ་འགགས་གནས་བྲལ་བའི༔ རྗེས་ཤེས་ངང་དུ་རྩེ་གཅིག་གཏད༔ ཙནྡན་ག་པུར་བུ་རམ་བཅས༔ ཞུན་དང་སྦྱར་ཏེ་སྤྱི་བོར་བྱུག༔ སླར་ཡང་བདེ་འཕེལ་ཏིང་འཛིན་ནི༔ སྔ་མ་བཞིན་དུ་ཉམས་སུ་ལེན༔ ཡང་ཡང་བསྒོམས་པས་གཉེར་མ་མེད༔ སྐྲ་གནག་དབང་པོ་མཆོག་ཏུ་གསལ༔ ལུས་རྒྱས་ལང་ཚོའི་མཛེས་པ་འཕེལ༔ བྱང་ཆུབ་སེམས་རྒྱས་བདེ་སྟོང་གི༔ ཉམས་ཀྱི་རླུང་སེམས་ཡེ་ཤེས་ཆ༔ འཕེལ་བས་སྤོབས་པ་བློ་གྲོས་བསྐྱེད༔ སེམས་མ་རྡོ་རྗེའི་ཏིང་འཛིན་གྱིས༔ ལང་ཚོ་བསྐྱེད་པའི་རིམ་པའོ༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ བདེ་བ་ཆེན་པོའི་ཚེ་སྒྲུབ་པའི་ལེའུ་སྟེ་བཅུ་བཞི་པའོ༔ དེ་ལྟར་འབར་དང་འཛག་པ་ཡི༔ མཐར་ནི་དཀར་དམར་གཅིག་ཏུ་འདྲེས༔ དྭངས་མ་འཆི་མེད་བདུད་རྩིའི་རྒྱུན༔ ལུས་ཀྱི་ཕྱི་ནང་ཀུན་ཏུ་ཁྱབ༔ ལྕགས་ལ་གསེར་འགྱུར་རྩིས་ཐེབ་ལྟར༔ མ་དག་ཕུང་ཁམས་ཐམས་ཅད་སྦྱང༔ དག་པ་ཡེ་ཤེས་འོད་ཀྱི་སྐུ༔ ལམ་གྱིས་ཤར་བའི་གནས་ལྔ་རུ༔ རིགས་ལྔའི་ཚེ་དཔག་མེད་ཡབ་ཡུམ༔ དྭངས་མའི་དཔྱིད་ཐིག་སྨིན་པ་ལས༔ འཕྲོས་པའི་འོད་ཀྱིས་སྣོད་བཅུད་སྦྱངས༔ སྣང་ཆ་ཐབས་མཆོག་ཧེ་རུ་ཀ༔ རྣམ་བཅས་དཔའ་བོའི་རང་བཞིན་དང༔ སྟོང་ཆ་རྣམ་མེད་དབྱིངས་ཕྱུག་ཡུམ༔ གཉིས་མེད་ཡེ་ཤེས་ཐམས་ཅད་པ༔ དག་པ་ཆེན་པོ་ལྷ་ཡི་སྐུ༔ གཞོམ་མེད་དྷཱུ་ཏིའི་ཡེ་ཤེས་སྐུ༔ ངོ་བོ་བདེ་གཤེགས་སངས་རྒྱས་སྤྱན༔ ཕྱག་རྒྱའི་སྐུ་རུ་བཞེངས་པ་ལ༔ གསལ་སྣང་རྩེ་གཅིག་ཉིད་དུ་སྒྲུབ༔ མཐར་ནི་དྭངས་མ་ཐམས་ཅད་ཀྱང༔ འོད་དུ་འཁྲིལ་བ་འུབ་འུབ་འདུས༔ གནས་ལྔའི་ཚེ་དཔག་མེད་པ་ལ༔ ཐིམ་པས་གཟི་བྱིན་ལྷག་པར་རྒྱས༔ བླ་ཚེ་ཉམས་འཁྱར་རང་སོར་ཚུད༔ རྩ་རླུང་ཐིག་ལེའི་དྭངས་མའི་དཔྱིད༔ གཞོམ་དུ་མེད་པ་གཉུག་མའི་དབྱིངས༔ རང་ངོ་བསྐྱངས་ལ་སྔགས་འདི་བཟླ༔ ཨོཾ་བུདྡྷ་ལོ་ཙ་ན་རཏྣ་ཌཱ་ཀི་ནི་ཧཱུྃ༔ པུཥྚིཾ་ཀུ་རུ་ཨོཾ༔ ལུས་གནས་སྲོག་གི་དྭངས་མའི་ཆ༔ སྙིང་གར་ཐིག་ལེ་དཀར་དམར་གྱི༔ གྭའུར་སྲོག་ཡིག་ཧྲཱིཿདམར་གསལ༔ རྒྱ་མཚལ་ཐིག་པ་ལྟ་བུར་གསལ༔ ལུས་ཀྱི་གཡས་གཡོན་ཐབས་ཤེས་ཆ༔ བཅུ་དྲུག་དབྱངས་ཀྱི་ཡི་གེ་ནི༔ དམར་འཚེར་མར་མེ་ལྟར་གནས་པ༔ ཀུན་ཀྱང་འོད་ལྔའི་མདངས་ཤིགས་སེ༔ དེ་དག་མ་ལུས་ཡི་གེ་ལས༔ འོད་ཟེར་ལྕགས་ཀྱུ་ལྟ་བུ་ནི༔ འཕྲོས་པས་སྣོད་བཅུད་སྲིད་དང་ཞིའི༔ དྭངས་བཅུད་ཁབ་ལེན་ལྕགས་ཀྱིས་བླང༔ ས་བོན་ཐིམ་པས་གཟི་བྱིན་འབར༔ རགས་པའི་རྩ་རླུང་ཐིག་ལེ་ཀུན༔ སྦྱང་སྟེ་འོད་ཀྱི་ལུས་རྫོགས་པ༔ གཞོན་ནུའི་ལང་ཚོ་ཅན་དུ་བསམ༔ དམིགས་པ་གཅུན་ལ་འཁྲུལ་འཁོར་སྦྱངས༔ འདི་ནི་བདེ་ཆེན་མི་འགྱུར་བའི༔ ཡེ་ཤེས་སྒྲུབ་པའི་ཐབས་ཟབ་མོ༔ ཀུན་ལས་ཁྱད་འཕགས་དམིགས་པའི་གནད༔ ཡང་དག་དོན་གྱི་སྙིང་པོའོ༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ བདེ་སྟོང་གཉིས་སུ་མེད་པའི་ཚེ་སྒྲུབ་པའི་ལུང་གི་ལེའུ་སྟེ་བཅོ་ལྔ་པའོ༔ ཡང་ན་དམིགས་པའི་མདེའུ་ཁ་ནི༔ སྤྱི་བོ་ལ་སོགས་གནས་ལྔ་རུ༔ རླུང་གི་ཐིག་ལེ་དཀར་དམར་མཐིང༔ སེར་ལྗང་བཀྲག་ཏུ་འཚེར་བ་གསལ༔ ཐོག་མར་རླུང་རོ་ལན་དགུ་འབུད༔ ཧ་སྤྲུག་འཕར་སྟངས་ཡང་ཡང་བྱ༔ ནད་གདོན་བར་དུ་གཅོད་པ་ཀུན༔ སངས་སངས་ཕྱིར་རུ་ཐོན་པར་བསམ༔ སྣོད་བཅུད་དྭངས་མ་རླུང་དུ་བསྡུས༔ བུམ་ཅན་ཁོ་ན་གནད་དུ་བསྣུན༔ ལུས་ནང་ཐིག་ལེ་ལྔའི་འོད་ཀྱིས༔ རགས་པའི་ཤ་ཁྲག་རུས་སོགས་དང༔ ཁྱད་པར་གཟུང་འཛིན་ཉོན་མོངས་ཆ༔ སྦྱངས་ཏེ་ཀུན་ཀྱང་ཡེ་ཤེས་ཀྱི༔ རླུང་གི་ངོ་བོ་རྣམ་པ་རུ༔ ཨ་ལི་ཀ་ལི་དཀར་དམར་དུ༔ ཤིགས་སེ་གྱུར་པས་ལུས་ཀུན་གང༔ ཉོན་མོངས་རྣམ་པར་རྟོག་པའི་རྒྱུན༔ མཐའ་དག་ཞི་སྟེ་གཟུངས་དྲན་དང༔ མངོན་ཤེས་ཏིང་འཛིན་ཤེས་རབ་སྒོ༔ གསལ་ཞིང་རྒྱས་པའི་ཏིང་འཛིན་བཅས༔ ཨོཾ་ཏཱ་རེ་ཛྙཱ་ན་ཀརྨ་ཌཱ་ཀི་ནི་ཧཱུྃ༔ ཨཱ་ཡུ་པུཥྚིཾ་ཀུ་རུ་ཨོཾ༔ སྐབས་སུ་ཐིག་ལེ་དེ་དག་ལས༔ དྭངས་མ་མར་ཁུ་ལྟ་བུ་བབ༔ ལུས་གང་རླུང་གི་ནད་གདོན་ཞི༔ མི་གཡོ་ལྟེམ་གྱིས་གནས་པར་བསམ༔ སྙིང་དབུས་ཨ་ཡིག་ཟླ་བའི་མདོག༔ དེ་ལས་བྱུང་བའི་འོད་ཟེར་ནི༔ ཁ་དོག་ལྔ་ལྡན་རླུང་གི་ཟེར༔ འཕྲོས་པས་སྣོད་བཅུད་ཀུན་ལ་ཕོག༔ ལན་ཚྭ་ཆུ་རུ་ཞུ་བ་ལྟར༔ རིམ་གྱིས་ཞུ་ནས་ལུས་ལ་ཐིམ༔ ལུས་ཀྱང་སྙིང་གི་ཨ་ལ་འདུས༔ ཨ་ཡིག་འོད་ཞུ་མཁའ་ལ་ཡལ༔ སྟོང་པའི་རྗེས་ཤེས་ངང་དུ་བཞག༔ ཧ་ཞེས་རླུང་བཏང་རིག་ངོ་སྐྱོངས༔ དེས་ནི་ལུས་ཡངས་ཤེས་པ་གསལ༔ ཤིན་སྦྱངས་བདེ་བ་རྒྱུད་ལ་སྐྱེ༔ བྱད་ཕུར་འཚུབ་སློང་མཐའ་དག་ཞི༔ སྟོང་གསལ་ཉམས་སྐྱེ་རླུང་རིག་དྭངས༔ ཡངས་པ་ཀུན་ཁྱབ་ཏིང་འཛིན་ཞེས༔ མཐར་ཐུག་སྐྱེལ་སོ་རྨད་དུ་བྱུང༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ གསལ་སྟོང་ཡངས་པ་ཆེན་པོའི་རྡོ་རྗེའི་སྲོག་སྒྲུབ་པའི་ལུང་གི་ལེའུ་སྟེ་བཅུ་དྲུག་པའོ༔ དེ་ལྟར་བདེ་གསལ་མི་རྟོགས་པའི༔ རྣལ་འབྱོར་ཟབ་མོ་སྦྱོང་བའི་ཚེ༔ མཚན་མོ་གཉིད་ཀྱི་རྣལ་འབྱོར་རིམ༔ ལུས་ནང་འཁོར་ལོ་བཞི་གསལ་བའི༔ མགྲིན་པར་ཡི་གེ་ཧྲཱིཿདམར་པོ༔ ཧཱུྃ་ཏྲཱྃ་ཨོཾ་ཨཱཿས་བསྐོར་བ་གསལ༔ གཉིད་དུ་ཕྱོགས་ཚེ་ཡིག་འབྲུ་རྣམས༔ ཨཿནས་འདུས་སྟེ་ཧྲཱིཿལ་ཐིམ༔ ཧྲཱིཿནི་གསལ་སྟོང་འོད་ཀྱི་གུར༔ ཐོ་ཕྱི་ཚུན་ཆད་གསལ་བ་ལ༔ སེམས་གཏད་གཉིད་དུ་ལོག་པ་ན༔ རྨི་ལམ་ཟིན་ཚེ་དག་མ་དག༔ སྣ་ཚོགས་བསྒྱུར་ལ་སྤྲུལ་པ་བཀྱེ༔ དངོས་ཡོད་དངོས་མེད་དུ་མ་བསྒྱུར༔ གོམས་པས་ཉིན་སྣང་བག་ཆགས་དང༔ བསྲེས་ལ་ཉམས་མྱོང་སྐྱེས་པ་ན༔ ཉིན་སྣང་སྒྱུ་མའི་རྩལ་སྦྱང་བྱ༔ དེ་ཚེ་ཉིན་མཚན་སྐྱེ་འཆི་གཉིས༔ མཉམ་པར་ཤེས་པའི་ལམ་ཁྱེར་ན༔ བར་དོ་གྲོལ་བའི་གདེང་ཚད་རྙེད༔ བར་སྲིད་ཞེས་པ་རླུང་སེམས་འདུས༔ དྲན་པ་ཙམ་ནས་དེར་འཆར་བའི༔ རང་བཞིན་འཁྲུལ་པ་མ་ངེས་པ༔ ཡ་མ་ཟུང་དུ་འཆར་སྲིད་པས༔ ཕྱིར་བལྟས་འཁྲུལ་པས་བརྟགས་པ་ལས༔ དོན་ལ་གཞན་དུ་འཁྲུལ་པ་མེད༔ བརྡ་དང་བཏགས་པའི་ཆོས་ཁོ་ནས༔ སྡུག་བསྔལ་བསྐྱེད་པའི་མཚང་ཤེས་ནས༔ བདེ་སྟོང་སྒྱུ་མའི་ཏིང་འཛིན་དང༔ བར་དོའི་སྣང་ཤེས་བསྲེས་ལ་སྦྱངས༔ ངེས་པའི་དོན་ལས་མ་འགྱུར་ན༔ འཁྲུལ་སྣང་ཐམས་ཅད་རྨི་ལམ་བཞིན༔ ཅིར་ཡང་འཆར་མེད་ཕན་གནོད་བྲལ༔ ལྟ་བའི་གདེང་ལྡན་རྣལ་འབྱོར་ལ༔ སྐྱེ་འཆི་རྟོག་པའི་བརྡ་ཙམ་ནས༔ ད་ལྟའི་སྣང་བ་རྨི་ལམ་དང༔ རྨི་ལམ་བར་དོ་ཕན་ཚུན་དུ༔ སྤེལ་ཏེ་འདུན་པ་རྩེ་གཅིག་སྦྱངས༔ བར་དོ་སྒྱུ་མར་ཤེས་པའི་གདེང༔ རྙེད་ན་འཆི་བ་ཞེས་པའང༔ རང་སེམས་བློ་ཡི་ཀུན་བརྟག་ཉིད༔ རྣམ་རྟོག་འཁྲུལ་པའི་སྣང་ཆ་ལས༔ སུ་ཞིག་སྐྱེ་དང་གནས་ཤིང་འགགས༔ ཀུན་ཀྱང་སྟོང་ཉིད་སྐྱེ་བ་དང༔ མཚན་མ་མེད་པའི་རྣམ་ཐར་གསུམ༔ འདུ་འབྲལ་མེད་ལ་གདེང་ཐོབ་ན༔ འཆི་བའི་འཇིགས་པ་ངང་གི་ཞི༔ སྣང་སྤྱོད་བདེ་སྟོང་ཡེ་ཤེས་ཤར༔ ཡང་ཡང་གོམས་པས་འོད་གསལ་གྱི༔ རྟགས་སྣང་སྣ་ཚོགས་འཆར་བ་དང༔ ཉིན་མཚན་སྣང་བ་གཅིག་ཏུ་འདྲེས༔ ཁ་སྦྱོར་ཆེན་པོ་ལ་གོམས་ནས༔ སྐྱེ་འཆི་བཙལ་ཀྱང་མི་རྙེད་པའི༔ ངེས་དོན་རྡོ་རྗེའི་ཚེ་འགྲུབ་འགྱུར༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ ཁ་སྦྱོར་གྱི་རྣལ་འབྱོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ༔ ལས་ཀྱི་ཕྱག་རྒྱས་བོགས་དབྱུང་ན༔ ཐིག་ལེ་འཛིན་འདྲེན་དབང་ཐོབ་ནས༔ ལྷ་དང་བླ་མས་གནང་བ་ཡི༔ ཕྱག་རྒྱ་རིགས་ཅན་རྣམ་པ་ལྔའི༔ མཆོག་ནི་པདྨ་ཅན་ཉིད་དེ༔ ཁབ་ལེན་རྡོ་དང་སྔོ་ལྕགས་ཀྱུ༔ བྱི་རུ་ཟངས་ཕྱེ་བྱང་ཆུབ་སེམས༔ དཀར་དམར་བསྡུས་ལ་དབང་གི་ལྷ༔ སྒོམས་ལ་སྔགས་ཀྱི་ཤམ་འདི་གདགས༔ ཙག་ཤུ་ཙེར་ལྡན་གུམ་ཛ༔ ཟེ་ཛོ་ཟེ་ཛོ་མུ་དྲ་ཨངྐུ་ཤ་ཛ༔ བཟླ་ཞིང་རང་ཐུགས་འོད་དམར་གྱིས༔ ཕྱག་རྒྱའི་བྷ་གར་རེག་པ་དང༔ སྐྱེ་གནས་ཆུ་ཡི་དཀྱིལ་འཁོར་བཀོལ༔ ལྟེ་བའི་ས་གཡོས་དྲོད་རླང་གིས༔ སྙིང་རྩ་བདེ་བའི་ཟིལ་པ་ཕོག༔ དབང་མེད་བསྐྱོད་དེ་བདག་ཁོ་ན༔ དྲན་པར་བསམ་སྟེ་དམིགས་པ་དང༔ རང་སེམས་ཆགས་པ་གཡོས་པའི་མོད༔ རིལ་བུ་བྱིན་པས་དབང་དུ་བྱེད༔ དྲང་ངེས་ཆོས་བཤད་རྒྱུད་སྦྱངས་ལ༔ བསྐྱེད་རྫོགས་བརྟན་པ་ཅི་རིག་པའི༔ དྲོད་རྟགས་སྐྱེས་ནས་ཁམས་རྒྱས་པའི༔ ཟས་དང་བཅུད་ཀྱིས་ཡང་ཡང་གསོ༔ བལྟས་དགོད་ལག་པ་བཅང་བ་ཡིས༔ བདེ་བ་སྤེལ་བའི་སྤྱོད་པ་བྱ༔ ཡབ་ཡུམ་ཚེ་བདག་སྟངས་དཔྱལ་གྱི༔ སྐུ་དང་མཁའ་གསང་རྡོ་རྗེ་དང༔ པདྨར་བལྟས་ལ་ལམ་འདི་ཡིས༔ འགྲོ་ཀུན་བདེ་ཆེན་ཕྱག་རྒྱ་ཆེར༔ སྦྱོར་བའི་འདུན་པ་ཡང་དག་བཅས༔ མཁའ་གསང་སྤྲད་དེ་སྦྱོར་བ་ཡིས༔ སྲུབ་པའི་བདེ་བ་སྐྱེས་པ་དང༔ ཡབ་ཡུམ་གནས་ལྔའི་ཚེ་ཡི་བདག༔ སྦྱོར་བའི་འོད་ཀྱིས་ཞིང་ཀུན་ཁྱབ༔ བརྟན་གཡོའི་དྭངས་མ་ཐམས་ཅད་དང༔ ཁྱད་པར་སངས་རྒྱས་སྲས་དང་བཅས༔ ཆགས་པ་ཆེན་པོའི་འོད་ཟེར་ལྔའི༔ ཐིག་ལེར་ཞུ་བ་ཆར་ལྟར་བྱོན༔ ཡུམ་གྱི་སྤྱི་བོ་ནས་ཞུགས་ཏེ༔ གནས་ལྔའི་ཚེ་བདག་རིགས་མཆོག་ལྔ༔ དྷཱུ་ཏིར་བཞུགས་པའི་སྐུའི་དབྱིབས་བརྒྱུད༔ ཡུམ་གྱི་པདྨའི་གེ་སར་རྩེར༔ བདེ་བའི་ཟིལ་པ་ཕྲུལ་གྱིས་བྱུང༔ ཡབ་ཀྱི་རྡོ་རྗེའི་ལྕེས་གཞིབ་སྟེ༔ བུ་གར་སྦྲིད་ཆིལ་བྱུང་བ་དང༔ གསང་ལྟེ་སྙིང་ག་མགྲིན་སྤྱི་བོར༔ མས་བརྟན་ཚུལ་གྱིས་བྱུང་བ་དང༔ ལུས་དཀྱིལ་ལྷ་ཚོགས་གཟི་བྱིན་འབར༔ བདེ་བའི་འོད་ལས་བྱང་ཆུབ་སེམས༔ ཟིལ་པ་ཅན་སྤྲོས་ལུས་རྣམས་གང༔ སྙིགས་མ་སྦྱངས་ཤིང་དྭངས་བཅུད་རྒྱས༔ བརྟན་གཡོའི་སྲིད་ཞིའི་དྭངས་མའི་ཆ༔ སྙིང་པོར་གྱུར་ཀུན་གནས་ལྔ་ཡི༔ ཚེ་བདག་ལ་ཐིམ་མི་ཤིགས་པའི༔ སྲོག་དང་རོ་གཅིག་འདྲེས་པར་བསམ༔ བུམ་ཅན་བཟུང་ཞིང་སྟོང་འདྲེན་དང༔ ཁྱད་པར་ཐིག་ལེ་སྤྱི་བོར་བཟློག༔ དྭངས་མ་བཀྲམ་ལ་མཉམ་པར་བཞག༔ རྩ་སྒོ་ཡངས་ན་ཁམས་གཡོས་ཚེ༔ སྲུབ་འཕྲོ་བཅད་དེ་གཟུང་བ་གཅེས༔ བདེ་བ་སྲ་ན་སྒྱུ་རྩལ་ནི༔ སྣ་ཚོགས་ཚུལ་གྱིས་བརྩེ་བར་བྱ༔ ཧ་ཅང་བདེ་བས་མྱོས་པ་ན༔ སྟོང་ཉིད་དབྱིངས་སུ་ངལ་གསོ་ཞིང༔ སྒྱུ་མར་ཤེས་པས་མ་ཆགས་ནས༔ རིག་སྟོང་ཆེན་པོར་ངལ་གསོ་བྱ༔ སྐབས་སུ་ཡབ་ཡུམ་སྦྱོར་བའི་འོད༔ ཉི་མ་ལྟ་བུར་འབར་བའི་རྩེར༔ རང་འདྲའི་ཚེ་དཔག་མེད་ཡབ་ཡུམ༔ ཆར་ལྟར་སྤྲོས་པས་འགྲོ་ཁམས་ཁྱབ༔ ཡིད་ཅན་ཀུན་གྱི་རྒྱུད་གནས་པའི༔ ཆགས་པ་ཐམས་ཅད་གར་གྱི་དབང༔ པདྨ་རིགས་ཀྱི་ལྕམ་དྲལ་དུ༔ སད་པའི་མཐུ་ལས་འཆིང་བ་དག༔ བདེ་སྟོང་སོ་སོར་རྟོག་པ་ཡི༔ ཡེ་ཤེས་ཆེན་པོར་འབྱམས་ཀླས་བསམ༔ སྣང་སྤྱོད་བདེ་སྟོང་ཆེན་པོར་བལྟ༔ ཐུན་མཚམས་སྔགས་ཀྱང་བཟླ་བར་བྱ༔ ཨཾ་ཨ་རོ་ལྀཀ༔ རཱ་ག་སུ་ཁ་དྷཱ་ཏུ་ཨ་ཨ་ཨ༔ ཞེས་བཟླ་སྐབས་སུ་རྩ་བ་ལྔ༔ རྩི་བཞི་དྭངས་མ་ད་བྱིད་རིགས༔ དབང་ལག་ཨ་བ་རྟག་ཏུ་ངུ༔ འབྲས་བུ་སྣ་ཚོགས་བཅས་བཏགས་ཏེ༔ རིལ་བུ་ལྷ་ཡི་ངོ་བོར་བསྒོམ༔ རྟགས་མཐོང་བར་དུ་སྒྲུབ་ནས་ཀྱང༔ སྟངས་དཔྱལ་ཟ་ཞིང་སྐུ་མཉེ་བརྟེན༔ ཁམས་འཕེལ་ཐབས་སུ་ཡང་ཡང་བརྩོན༔ དེ་ལྟར་བརྩོན་པས་ལུས་རྒྱས་ཤིང༔ ལང་ཚོའི་དཔལ་འཕེལ་དབང་པོ་གསལ༔ ཚེ་རིང་རྒས་སྲ་ནད་ལས་གྲོལ༔ རླུང་རྟ་དར་རྒྱས་མཆོག་འགྲུབ་འགྱུར༔ ཁྱད་པར་འོད་གསལ་ཡེ་ཤེས་ཆེ༔ ཐབས་ཀྱི་ངེས་པའི་གསེང་ལམ་ནས༔ མཐོང་བའི་ཉེ་ལམ་བླ་ན་མེད༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ ཉེ་རྒྱུའི་ཚེ་སྒྲུབ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ༔ དེ་ལྟར་ལམ་རྣམས་ཐམས་ཅད་པའི༔ དོན་གྱི་སྙིང་པོའི་སྐྱེལ་སོ་ནི༔ སྣང་སྲིད་འཁོར་འདས་མ་ལུས་པ༔ བཏགས་པ་ཙམ་ལས་རང་མཚན་དུ༔ གདོད་ནས་སྐྱེ་མེད་ཆེན་པོར་གནས༔ སྟོང་པའི་དེ་ཉིད་སྤྲོས་པ་བྲལ༔ ཡོད་མེད་ཕྱོགས་སུ་མ་ལྷུང་ཞིང༔ བསམ་བརྗོད་སྨྲ་བའི་ཡུལ་མིན་ལ༔ ཡིད་དཔྱོད་དག་པའི་རང་བཞིན་ལ༔ འོད་གསལ་ཡེ་ཤེས་མཐའ་དབུས་བྲལ༔ སྒྲིབ་པ་ལས་འདས་ཆོས་ཀྱི་སྐུ༔ ཟག་མེད་ཡོན་ཏན་ལྷུན་གྱིས་གྲུབ༔ གསལ་སྟོང་རིག་པའི་སྙིང་པོ་ཅན༔ འདུ་འབྲལ་མེད་པ་ཡེ་ནས་བཞུགས༔ འགྲོ་ཀུན་སེམས་ལ་སངས་རྒྱས་ཚུལ༔ བསལ་བཞག་འདས་པའི་ཆོས་ཉིད་སྟེ༔ འདི་ཡི་རྩལ་ལས་ཤར་བ་ཡི༔ ཀུན་རྫོབ་སྣང་ཆའི་ཆོས་ཀུན་ཀྱང༔ ལྷ་དང་ཡེ་ཤེས་རོལ་པ་ལས༔ མ་དག་ཞེས་པ་བཙལ་ཀྱང་མེད༔ བདེན་གཉིས་མཉམ་ཉིད་དག་པའི་གཤིས༔ སྲིད་དང་ཞི་བའི་སྟོང་སྲོག་སྟེ༔ ལྷན་ཅིག་སྐྱེས་པའི་བདག་ཉིད་ནི༔ རྟོགས་པར་འདོད་པས་བསམ་གཏན་བྱ༔ བདེ་བའི་སྟན་ལ་བག་ཕབ་སྟེ༔ འཁོར་བ་ཞེས་པའི་འཁྲུལ་གཞི་ནི༔ ལུས་ངག་སེམས་ཀྱི་ཚོགས་པ་སྟེ༔ ལུས་ནི་རྡུལ་གྱི་ཆ་ཤས་ཙམ༔ ངག་ནི་རླུང་གི་འགྱུ་བ་སྟེ༔ སེམས་ལ་སྐྱེ་འགགས་གནས་པ་བྲལ༔ སྣང་ཙམ་ཉིད་ནས་སྟོང་པ་ཉིད༔ ཡེ་ཤེས་རིག་པའི་སྙིང་པོ་ཅན༔ རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ༔ མི་ཕྱེད་འདུས་མ་བྱས་པའི་དབྱིངས༔ རང་གསལ་དཔེ་ལས་འདས་པ་ཡི༔ ངོ་བོ་བབས་ཀྱིས་མཐོང་བའི་མོད༔ རང་བབ་མ་བཅོས་ཚུལ་དུ་བཞག༔ སྒོམ་དུ་མེད་ལ་ཡེངས་སུ་མེད༔ སོ་མ་རང་བབ་ལྷོད་དེ་བ༔ གཤིས་ལ་གང་དུའང་མི་འཛིན་པའི༔ ངོ་བོ་ལྷག་གེར་ཤར་བ་ལ༔ ཚོགས་དྲུག་ཤེས་པ་གང་ཤར་ཡང༔ ཆགས་སྡང་དགག་སྒྲུབ་བྲལ་བ་ཡི༔ རིག་པས་སྣང་ཤེས་རྒྱས་ཐེབས་ན༔ གཟུང་འཛིན་མདུད་པ་རང་སར་གྲོལ༔ གྲོལ་ཞེས་བརྡ་ཡིས་བཏགས་ཙམ་ལས༔ བཅིངས་པ་མེད་ན་སུ་ཞིག་གྲོལ༔ དོན་འདི་ངེས་པའི་གདེང་ཐོབ་ན༔ བྱས་ལ་མི་སོགས་ཚོགས་འགྱུར་ཏེ༔ ཉོན་མོངས་ཡེ་ཤེས་ཆེན་པོར་ཤར༔ འཁོར་བ་ཀ་ནས་དག་པ་ལ༔ སྡུག་བསྔལ་ཀུན་འབྱུང་མིང་ཡང་མེད༔ སྐྱེ་དང་འཆི་ཞེས་བཏགས་པ་ཙམ༔ འཇིགས་དང་སྡུག་བསྔལ་བདེ་ཆེན་ཤར༔ འོད་གསལ་དེ་ཉིད་བོགས་འབྱིན་ཕྱིར༔ སྙིང་ནས་རྒྱ་མཚོར་འབྲེལ་བ་ཡི༔ ཀ་ཏི་བ་མེན་ར་ལྟ་བུ༔ ཐིག་ལེ་ཁྲག་གི་མ་གོས་པར༔ ཡེ་ཤེས་ཆེན་པོ་རྒྱུ་བའི་སྲང༔ ཡང་དག་མངོན་དུ་བྱ་བའི་ཕྱིར༔ ཕྱི་ཡི་མེ་ཆུའི་དཀྱིལ་འཁོར་དང༔ ནང་གསལ་ནམ་མཁའ་ལ་བརྟེན་ནས༔ ནང་གི་དབྱིངས་རིག་ཐིག་ལེའི་འཕེལ༔ མངོན་སུམ་སྣང་བ་ལོངས་སྤྱོད་ཕྱིར༔ སྐུ་གསུམ་བཞུགས་སྟངས་གཟིགས་སྟངས་ཀྱིས༔ གཅུན་ཏེ་རྩེ་གཅིག་སྒོམ་པ་ལས༔ ནང་གི་རིག་པ་ཟང་ཐལ་གསལ༔ ཕྱི་ཡི་དབྱིངས་སྣང་སྣ་ཚོགས་པ༔ འཆར་ནས་ཐིག་ལེ་སུམ་འབྲེལ་ཚུན༔ ཆོས་ཉིད་མངོན་སུམ་སྣང་བ་སྟེ༔ དབྱིངས་སྣང་རིག་པ་འཆར་བ་དང༔ ཐིག་ལེའི་དབྱིངས་སུ་བཙོན་དུ་བཟུང༔ སྣང་ཡུལ་འོད་སྣང་དྲ་བ་རིས༔ གྲུ་ཆད་ཐིག་ལེ་སུམ་འཁྱོགས་དང༔ ཉི་ཚེའི་སྐུ་ཡི་གཟུགས་འཆར་ཚེ༔ ཉམས་སྣང་གོང་དུ་འཕེལ་བའོ༔ འོད་ཟེར་ཀློང་དུ་ཞི་ཁྲོའི་སྐུ༔ རྒྱན་ཆས་རྫོགས་དང་སྟངས་དཔྱལ་རོལ༔ ངོ་མཚར་སྣང་བ་ཆེན་པོ་ཡིས༔ ཕྱི་ནང་རྡོས་བཅས་འོད་དུ་དེངས༔ མ་དག་འབྱུང་བ་དབྱིངས་སུ་ཟད༔ དག་པའི་ཕྱག་རྒྱར་སད་པ་ནི༔ རིག་པ་ཚད་ལ་ཕེབས་པ་སྟེ༔ དེ་ལྟར་ཉམས་ཀྱི་འཕེལ་རྫོགས་ནས༔ དབྱིངས་རིག་སྣང་བ་ཀློང་དུ་ཟད༔ གཏིང་གསལ་བུམ་པ་སྐུ་ཡི་ཀློང༔ རེ་དོགས་བྲལ་བའི་གདིང་སྙེད་དེ༔ ཡེ་དག་ཆོས་སྐུ་གཉུག་མའི་ཀློང༔ བློས་བྱས་ཉམས་ཀྱི་འཛིན་པ་དག༔ ཡིད་དཔྱོད་འཁྲུལ་པ་དབྱིངས་སུ་བཟློག༔ གཡོ་མེད་དགོངས་པའི་གདིང་རྙེད་པ༔ ཆོས་ཟད་ཆེན་པོའི་སྣང་བ་སྟེ༔ དབྱིངས་ནི་ཀ་དག་གོས་དཀར་མོ༔ རིག་པ་ཚེ་བདག་སྣང་མཐའ་ཡས༔ འཆི་མེད་གཉུག་མ་རྡོ་རྗེའི་སྐུ༔ འདུ་འབྲལ་མེད་པའི་བདག་ཉིད་དེ༔ འོད་གསལ་དགོངས་པས་ཉམས་བླང་ན༔ ཀུན་འབྱུང་སྐྱེ་འཆིའི་སྣང་བ་ཟད༔ འཆི་མེད་འོད་གསལ་ཡེ་ཤེས་སྐུ༔ རྩོལ་བ་མེད་པ་མངོན་དུ་བྱེད༔ འཇའ་ལུས་དྭངས་མ་རྡོ་རྗེའི་སྲོག༔ ཚེ་འདིར་འགྲུབ་པར་གདོན་མི་ཟ༔ མཐར་ཐུག་ངེས་པའི་སྐྱེལ་སོ་སྟེ༔ ཐེག་པ་རྒྱ་མཚོའི་ཡང་བཅུད་དེ༔ སྐལ་བཟང་སྙིང་གི་བུ་ལ་གཏད༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ རྩོལ་མེད་ཀྱི་རྣལ་འབྱོར་གྱིས་ཚེ་སྒྲུབ་པའི་ལེའུ་སྟེ་བཅུ་དགུ་པའོ༔ རྨད་དུ་བྱུང་བའི་རྡོ་རྗེའི་ཚིག༔ རང་བཞིན་གསང་བ་ཟབ་མོ་འདིས༔ སྤྲོས་པ་ཅན་ལ་ཕྱི་སྒྲུབ་སྟེ༔ བློ་གྲོས་མཆོག་ལ་བསྐྱེད་པའི་རིམ༔ བརྩོན་འགྲུས་ཅན་ལ་རང་ལུས་དང༔ ཕྱག་རྒྱའི་བདེ་བས་མཆོག་སྟེར་ཞིང༔ གཅིག་ཆར་རིགས་ལ་ངེས་པའི་གསང༔ རྩོལ་མེད་ནང་གི་ཏིང་ངེ་འཛིན༔ གནད་དུ་བསྣུན་པས་དབང་པོ་དང༔ སྐལ་བའི་མཆོག་བཞིན་ཉམས་བླང་བས༔ ཡེ་ཤེས་ཕྱག་རྒྱ་དྭངས་མའི་སྲོག༔ མངོན་སུམ་འགྲུབ་པར་གདོན་མི་ཟ༔ དེ་ཚེ་རྣལ་འབྱོར་ངེས་པའི་སྲོག༔ སྲིད་ལས་ངེས་འབྱུང་བློ་བསྐྱེད་ཅིང༔ ཁྱད་པར་རྒྱུ་འབྲས་ཡིད་ཆེས་པའི༔ བློ་ཡིས་མཆོད་པ་རྒྱ་ཆེར་བྱ༔ འགྲོ་ལ་མི་འཇིགས་སྦྱིན་པ་དང༔ སྲོག་བསླུ་ཉེའུ་མང་དུ་འདོན༔ རྟེན་གསུམ་བསྙེན་བཀུར་རྒྱ་ཆེར་དང༔ སཱཙྪ་དཀར་པོ་གཟུངས་ལྡན་པ༔ བརྒྱ་རྩ་ལ་སོགས་བཞེངས་བྱས་ནས༔ རབ་གནས་ལྡན་པ་ཚེ་འཕེལ་བའི༔ དཔལ་དང་ལྡན་པའི་རི་ལ་སྦ༔ ཆུ་ལ་གཟུངས་སྔགས་ཕྲེང་བ་བཀོད༔ རླུང་ལ་འཕྱར་ཞིང་འཁོར་ལོ་བསྐོར༔ འཆི་མེད་མགོན་པོ་ལ་སོགས་པའི༔ སྐུ་བཞེངས་རྟེན་གསུམ་གཞིག་གཞོམ་སྤངས༔ ལྷ་སྔགས་རྣལ་འབྱོར་ཟབ་མོ་ལ༔ མི་ཕྱེད་བརྩོན་པ་མཐར་ཆགས་བྱ༔ ཟམ་པ་བཙུགས་དང་ལམ་འཕྲང་བཅོས༔ ཚེ་སྤེལ་ཐབས་ཀྱི་རིམ་པ་དག༔ ཉ་སྟོང་ཚེས་པ་བརྒྱད་ལ་སོགས༔ དུས་བཟང་རྣམས་སུ་ཡང་ཡང་འབད༔ ཐབས་ཀྱི་རིམ་པ་བསམ་ཡས་ལ༔ བརྩོན་པ་ཡལ་བར་མི་འདོར་བས༔ རྣལ་འབྱོར་ལྡན་པས་ལེགས་སྤྱད་ན༔ ངེས་པར་ཚེ་ཡི་འགལ་རྐྱེན་སེལ༔ རིང་དུ་འཚོ་བའི་དཔལ་ལྡན་ཞིང༔ འཆི་མེད་གཉུག་མ་འོད་གསལ་གྱི༔ ཡེ་ཤེས་རྡོ་རྗེའི་སྐུ་ཐོབ་འགྱུར༔ ཁྱད་པར་རྒྱུན་གྱི་ཏིང་ངེ་འཛིན༔ ཡང་ཟབ་གསང་བའི་སྙིང་པོ་ནི༔ ཆོས་ཀུན་གཟོད་ནས་དེ་བཞིན་ཉིད༔ འཆི་མེད་གཉུག་མའི་ཡེ་ཤེས་ངང༔ ཀུན་སྣང་སྙིང་རྗེའི་ཏིང་འཛིན་ལས༔ རྒྱུ་ཡི་ཡི་གེ་ཧྲཱིཿདམར་གསལ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ དེ་ལས་སྔགས་ཀྱི་སྒྲ་བསྒྲགས་པས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཀློང་ལྔ་ཡུམ་གྱི་རང་བཞིན་མཁར༔ རང་བྱུང་ཚེ་ཡི་དཀྱིལ་འཁོར་ཆེ༔ དྭངས་གསལ་འོད་ཀྱི་ཐིག་ལེའི་དབུས༔ ཐར་པ་ཆེན་པོའི་གཞལ་མེད་ཁང༔ མཚན་ཉིད་ཐམས་ཅད་ཡོངས་རྫོགས་པའི༔ ལྟེ་བར་པདྨ་ཉི་ཟླའི་སྟེང༔ རྡོ་རྗེའི་སྔགས་ཀྱི་རོལ་མོ་ལས༔ འཆི་མེད་མགོན་པོའི་ཕྱག་རྒྱར་བཞེངས༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ བདག་ཉིད་པདྨ་ཚེ་དཔག་མེད༔ པདྨ་རཱ་གའི་མདངས་འོད་ཅན༔ ཕྱག་གཉིས་མཉམ་བཞག་ཚེ་བུམ་འཛིན༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཞི་འཛུམ་མཚན་དཔེའི་ཉམས་འགྱུར་རྫོགས༔ ཀུན་བཟང་དཀར་མོ་དགྱེས་པའི་ཡུམ༔ ཕྲེང་བ་བུམ་པ་འཛིན་པས་འཁྱུད༔ སྟོང་གསལ་སྐུ་ཡི་དྭངས་མའི་རྩ༔ འཁོར་ལོ་ལྔ་ཡི་ལྟེ་བ་རུ༔ སྤྱི་བོར་བདེ་གཤེགས་ཚེ་དཔག་མེད༔ མགྲིན་པར་པདྨ་སྣང་མཐའ་ཡས༔ ཐུགས་ཀར་རྡོ་རྗེ་མི་བསྐྱོད་པ༔ ལྟེ་བར་རིན་ཆེན་འབྱུང་ལྡན་དང༔ གསང་བར་ཕྲིན་ལས་དོན་ཡོད་གྲུབ༔ དཀར་དམར་མཐིང་སེར་ལྗང་གུའི་མདོག༔ རང་རིགས་ཡུམ་དང་མཉམ་པར་སྦྱོར༔ ཕྲ་ལ་ཞལ་ཕྱག་མཚན་དཔེ་རྫོགས༔ རྩ་འདབ་རྣམས་སུ་ཚེའི་མགྱོགས་མ༔ གཞོན་མཛེས་གར་སྟབས་ལིང་ངེར་བཞུགས༔ ཁྱད་པར་སྙིང་གི་རྩ་འདབ་ཀྱི༔ ནང་དུ་ཕྱོགས་བཞིར་རིགས་མཆོག་བཞི༔ མཚམས་བཞིར་ཀུན་གཟིགས་ཡོན་ཏན་དང༔ ཡེ་ཤེས་མི་གཡོ་ཚེ་དཔག་མེད༔ ཀུན་ཀྱང་དམར་གསལ་ཚེ་བུམ་ཅན༔ རང་རིགས་ཡུམ་དང་མཉམ་པར་སྦྱོར༔ གཡས་གཡོན་དབང་པོའི་དྭངས་མའི་རྩ༔ ཐིག་ལེ་སྒེག་སོགས་ལྷ་མོ་དང༔ མགྱོགས་མ་བཞི་དང་ཡན་ལག་ལ༔ ཁྲོ་བོ་སྒོ་མའི་ཚོགས་རྣམས་ཀུན༔ གདོད་ནས་རྡོ་རྗེའི་ལུས་ལ་རྫོགས༔ ཐུགས་ཀར་པདྨ་དཀར་པོ་ནི༔ གེ་སར་ཟིལ་ཕོད་དང་བཅས་པའི༔ ལྟེ་བར་ཧྲཱིཿདམར་རང་སྒྲ་ཅན༔ མར་མེ་ལྟ་བུར་འབར་བ་ལས༔ འོད་འཕྲོས་སྲིད་ཞིའི་དྭངས་བཅུད་དང༔ བདེ་བ་ཅན་སོགས་དག་པའི་ཞིང༔ རབ་འབྱམས་ཀུན་ན་བཞུགས་པ་ཡི༔ སྲས་བཅས་རྒྱལ་བའི་གསང་གསུམ་ནས༔ བྱིན་རླབས་དངོས་གྲུབ་རང་འདྲ་བའི༔ ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས༔ ཆར་ལྟར་བབ་ནས་གཉིས་མེད་ཐིམ༔ མི་འགྱུར་ཚེ་དང་ཡེ་ཤེས་ཀྱི༔ སྣང་བ་མཆོག་ཏུ་རྒྱས་པར་བསམ༔ ཡིད་མིག་རླུང་གསུམ་རྩེ་གཅིག་དྲིལ༔ དབྱིངས་རིག་དབྱེར་མེད་ངང་ནས་བཟླ༔ ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ༔ འབུམ་ཕྲག་གསུམ་གྱིས་དངོས་གྲུབ་འགྱུར༔ ཐུན་མཚམས་མཆོད་བསྟོད་གསོལ་བ་གདབ༔ ཡན་ལག་བདུན་དང་མཎྜལ་ཕུལ༔ སཱཙྪ་གདབ་ཅིང་ཆུ་སྦྱིན་བྱ༔ མཚན་བརྒྱ་བརྒྱད་ཀྱི་གཟུངས་ཀྱང་ཀློག༔ འདིས་ནི་དུས་མིན་འཆི་བ་ཞི༔ ལྷ་དང་སྔགས་ཀྱི་སྟོབས་ཁོ་ནས༔ ཚེ་དབང་འཛིན་པའི་རིགས་སུ་འགྱུར༔ དེ་ཕྱིར་རྣལ་འབྱོར་ལྡན་རྣམས་ཀྱི༔ རྒྱུན་གྱི་རྣལ་འབྱོར་སྙིང་པོའོ༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ ལམ་སྤྱིའི་ཡན་ལག་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ༔ རྒྱལ་ཀུན་གསུང་གི་གསང་བ་ཆེ༔ བདེ་ཆེན་པདྨའི་རིགས་ཀྱི་གཙོ༔ དཀྱིལ་འཁོར་དབང་ཕྱུག་ཆེན་པོ་ཡི༔ ངེས་པའི་གསང་བ་ལ་བརྟེན་ནས༔ འཆི་མེད་སྒྲུབ་པའི་ལམ་བཟང་ནི༔ རྨད་བྱུང་ཐབས་ཀྱི་སྙིང་པོ་ལ༔ ཡང་དག་བརྩོན་པ་མི་དོར་བས༔ སྐལ་བ་ཅན་གྱིས་ཉམས་བླང་ན༔ གནས་སྐབས་ནད་གདོན་བར་ཆད་དང༔ ཁྱད་པར་དུས་མིན་འཆི་བ་ཞི༔ བསོད་ནམས་ཡེ་ཤེས་ཚེ་དཔལ་རྒྱས༔ རླུང་སེམས་དྭངས་མའི་སྟོབས་འཕེལ་ཞིང༔ ལུས་སེམས་ལྷ་ཡི་སྐུར་སྨིན་པའི༔ རྣམ་སྨིན་ཚེ་དབང་ཕྱག་རྒྱ་ཆེ༔ ལྷུན་གྱིས་གྲུབ་པའི་རིག་འཛིན་བཞི༔ མཐར་ཕྱིན་འོད་གསལ་ཡེ་ཤེས་སྐུ༔ འཆི་མེད་གཉུག་མའི་མཚན་དཔེའི་མཆོག༔ ཚངས་དབྱངས་རྣམ་པ་ཐམས་ཅད་པའི༔ བདེ་ཆེན་ཡེ་ཤེས་རྡོ་རྗེ་ཚེ༔ སྐུ་གསུང་ཐུགས་ཀྱི་གསང་བ་ནི༔ ཡོན་ཏན་ཕྲིན་ལས་མི་ཟད་པ༔ རྒྱན་གྱི་འཁོར་ལོའི་དབྱིངས་དམ་པ༔ གཉིས་སུ་མེད་པར་བྱང་ཆུབ་སྟེ༔ ནམ་མཁའ་ཇི་སྲིད་མཛད་པ་དང༔ ཕན་བདེ་བསམ་མི་ཁྱབ་པ་ཡི༔ མཁའ་མཉམ་འགྲོ་བའི་དོན་རྒྱ་མཚོ༔ རྩོལ་མེད་ལྷུན་གྱིས་གྲུབ་ནས་ཀྱང༔ སངས་རྒྱས་ཀུན་དང་ཐ་མི་དད༔ ཟག་མེད་འབྲས་བུའི་ཡེ་ཤེས་ལ༔ ཚེ་འདིར་སྤྱོད་པ་གདོན་མི་ཟ༔ ས་མ་ཡ༔ རྡོ་རྗེ་ཚེ་ཡི་རྒྱུད་ལས༔ མཐར་ཕྱིན་འབྲས་བུའི་རྣམ་བཞག་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ༔ དེ་སྐད་སྟོན་པས་བཀའ་བསྩལ་པས༔ པདྨ་སེམས་གཙོའི་གུས་པ་ཆེས༔ ཡང་དག་ངེས་པའི་ལམ་ཟབ་མོ༔ ཟབ་ཅིང་རྒྱ་ཆེ་རྡོ་རྗེའི་ཚིག༔ ཆོས་ཉིད་རང་སྒྲས་བསྟན་པ་ནི༔ ཤིན་ཏུ་བཀའ་དྲིན་རྨད་བྱུང་བས༔ སྐལ་བ་ཅན་ལ་སྣང་སྲིད་ཀྱིས༔ ངེས་པའི་གསང་བ་ཇི་ལྟར་སྤྱད༔ ཞེས་ཞུས་པས་སྟོན་པས་བཀའ་བསྩལ་པ༔ ཀྱེ་ཧོ་གསང་བ་རྡོ་རྗེའི་སྐུ༔ བསྟན་ཚེ་བཀའ་ཡི་སྲུང་མར་མཆོད༔ ཟངས་གཞོང་གཏོར་མ་དམར་ཟླུམ་བཤམས༔ ཆང་དང་མངར་གསུམ་ལ་སོགས་པ༔ རྫས་ཀྱིས་གཏམས་པ་བྱིན་གྱིས་བརླབ༔ ཧྲཱི༔ བདེ་ཆེན་འབར་བ་དབང་གི་ཞིང༔ པདྨ་དྲ་བས་ཁེབས་པ་ནས༔ འཆི་མེད་ཉེ་དབང་ཙཎྜི་ཀ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བྃ་ཧོཿཏིཥྛནྟུ༔ ཧཱུྃ༔ དངོས་སུ་འབྱོར་དང་ཡིད་ལས་བྱུང༔ ཀུན་བཟང་སྒྱུ་འཕྲུལ་དྲྭ་བའི་གཏེར༔ བདེ་ཆེན་སྒྱུ་མར་རོལ་པ་ཡི༔ དགྱེས་པའི་མཆོད་པ་བཞེས་སུ་གསོལ༔ ཨོཾ་མ་ཧཱ་སུ་ཁ་ཨརྒྷཾ་ནས། ཤབྡ་པཱུ་ཛ་ཧོ༔ ཨ་མྲྀ་ཏ་རཀྟ་ཁཱ་ཧི༔ ཨོཾ་ཨ་མཱ་ར་ཙཎྜི་ཀ་ཛཿས་པ་རི་ཝ་ར་ཨི་དམ་བྷ་ལིངྟ་ཁ་ཁ་ཁཱ་ཧི༔ ཧྲཱི༔ གསུང་གི་རྡོ་རྗེ་འཇིག་རྟེན་དབང༔ རྗེས་ཆགས་སིནྡྷུ་ཝཱ་རའི་མདངས༔ དམར་གསལ་པདྨའི་ཞལ་བཟང་ཅན༔ འཆི་མེད་ལྷ་ཡི་ལྷ་ལ་བསྟོད༔ ཡིད་འོང་ལང་ཚོ་བལྟ་ན་སྡུག༔ སྒེག་བཞད་ཞལ་གྱིས་གཞན་ཡིད་འགུགས༔ ལྷ་རྫས་རིན་ཆེན་ནོར་བུའི་རྒྱན༔ ཕུན་ཚོགས་དཔལ་གྱིས་མཛེས་ལ་བསྟོད༔ ཕྱག་གཡས་པདྨའི་ལྕགས་ཀྱུ་གདེངས༔ གཡོན་པས་ཚེ་བུམ་བཅུད་ལྡན་འཛིན༔ ཞབས་གཉིས་བཙུན་མོའི་རོལ་སྟབས་ཀྱིས༔ པད་ཉིའི་སྟེང་ན་འགྱིང་ལ་བསྟོད༔ འཁོར་དུ་དབང་མཛད་མཁའ་འགྲོ་མ༔ བསམ་ཡས་སྤྲུལ་པའི་ཆོ་འཕྲུལ་ཅན༔ འདོད་དགུའི་ཕྲིན་ལས་སྩོལ་མེད་དུ༔ སྟེར་མཛད་ཀུན་ལ་བསྟོད་པར་བགྱི༔ མཆོད་སྦྱིན་བཟང་པོ་འདི་བཞེས་ལ༔ རྣལ་འབྱོར་པ་ལ་རྟག་ཏུ་སྲུངས༔ ནད་གདོན་བར་གཅོད་ཞི་བ་དང༔ ཚེ་དཔལ་བསོད་ནམས་ཡེ་ཤེས་སྤེལ༔ སྣང་སེམས་སྲིད་ཞི་དབང་དུ་སྡུས༔ གནོད་བྱེད་བྱད་མ་རྡུལ་དུ་རློག༔ ཁྱད་པར་འཆི་མེད་གྲུབ་པའི་ལམ༔ བརྩོན་ལ་སྡོང་གྲོགས་གཡེལ་མེད་མཛོད༔ ས་མ་ཡ་ཧོ༔ ཞེས་པས་ལས་ཀྱི་གཉེར་གཏད་པས༔ འདོད་པའི་ཕྲིན་ལས་ཐོགས་མེད་འགྲུབ༔ བརྒྱུད་འཛིན་སློབ་མར་གཏོར་རྫས་ཀྱིས༔ བཀའ་གཏད་བྱས་པས་འགོ་བར་འགྱུར༔ ས་མ་ཡ༔ དེ་ལྟར་གསང་བའི་གཉེར་འཛིན་ལ༔ གཏད་པས་འཆད་ཉན་སྟོན་པ་ཀུན༔ བར་ཆད་མེད་ཅིང་སྡོང་གྲོགས་ཀྱིས༔ དངོས་གྲུབ་གསང་བ་མྱུར་དུ་ཐོབ༔ རྨད་དུ་བྱུང་བའི་ཏནྟྲའི་སྙིང༔ ཚེ་མཆོག་སྒྲུབ་པའི་ཐབས་ཀྱི་མཆོག༔ པདྨ་རང་བྱུང་སྙིང་པོའི་རྒྱུད༔ སྟོན་པ་རྡོ་རྗེའི་ཐུགས་ལ་གནས༔ སྒྲ་ཚིག་བྱ་རྩོལ་བྲལ་བ་ཡི༔ ཆོས་སྐུ་འདུ་འབྲལ་མེད་པའི་དབྱིངས༔ ཟབ་ཅིང་གསང་བའི་ཚུལ་དུ་བཞུགས༔ ཁ་སྦྱོར་བདེ་ཆེན་དགྱེས་པའི་དཔྱིད༔ ཟག་མེད་གསང་བ་ཆེན་པོའི་ཀློང༔ ཆོས་ཉིད་རང་སྒྲའི་ཚུལ་གྱིས་སུ༔ དུས་གསུམ་དུས་མེད་ཆེན་པོར་སྟོན༔ རིག་རྩལ་ཡེ་ཤེས་སེམས་དཔའི་གཙོ༔ ཞུ་དང་སྡུད་པའི་ཚུལ་གྱིས་སུ༔ ལུང་གི་དུམ་བུ་མན་ངག་སྲོག༔ པདྨ་ཚེ་ཡི་ལམ་དུ་བསྟན༔ ངེས་པའི་གསང་བ་རྨད་དུ་བྱུང༔ ལས་ཅན་སེམས་དཔའ་དག་པའི་འཁོར༔ སྟོན་འཁོར་དགོངས་པ་གཉིས་མེད་པས༔ རང་སྣང་སྤྲུལ་པ་སྒྱུ་མའི་ཚུལ༔ གང་འདུལ་སྟོན་པས་ཕྱི་མ་ཡི༔ གདུལ་བྱ་ཡོངས་ལ་སྨན་པའི་ཕྱིར༔ གསུང་གི་རྡོ་རྗེས་བཀའ་བསྩལ་ཏེ༔ རང་བྱུང་སེམས་དཔས་གཟུངས་སུ་བཟུང༔ ལས་སྨོན་དག་པའི་བགོ་སྐལ་དུ༔ རིམ་བཞིན་སྣང་བས་དོན་ཡོད་འགྱུར༔ ངེས་གསང་བླ་མེད་རྡོ་རྗེའི་ལམ༔ ཡང་དག་ཉིད་དུ་གསལ་བར་བྱས༔ ཐུགས་ཀྱི་རྡོ་རྗེ་རིག་པ་འཛིན༔ པདྨ་དཀྱིལ་འཁོར་རྒྱ་མཚོའི་བདག༔ འབྲས་བུའི་སེམས་དཔའ་གཞོན་ནུའི་གཟུགས༔ རྡོ་རྗེ་ཐོད་ཕྲེང་རྩལ་ཆེན་པོའི༔ བདེན་དོན་དག་པའི་མཛད་པ་ཡིས༔ འཛམ་གླིང་གདུལ་བྱ་འདུལ་བའི་ཚེ༔ རྒྱ་གར་ཤར་ཕྱོགས་རྡོ་རྗེ་གདན༔ མཱ་ར་ཏི་ཀའི་ཀེའུ་ཚང༔ རིགས་གསུམ་དགྱེས་པའི་ཕོ་བྲང་དུ༔ བདེ་ཆེན་ཌཱ་ཀི་མནྡ་རས༔ གསང་བའི་སྒྲུབ་སྡེ་མོ་བྱས་ཏེ༔ ཐབས་ཀྱི་ཉེ་རྒྱུའི་གསེང་ལམ་གྱིས༔ འཆི་མེད་རྡོ་རྗེའི་སྲོག་སྒྲུབ་ཚེ༔ དངོས་གྲུབ་གསང་བ་ངེས་པའི་མཐར༔ ཚེ་བདག་མགོན་པོ་སྒྲོལ་མ་བཅས༔ མངོན་སུམ་མདུན་གྱི་མཁར་བྱོན་ཏེ༔ རྡོ་རྗེ་ཚེ་ཡི་དབང་ཡང་བསྐུར༔ སྐྱེ་ཤི་མེད་པར་རྒྱ་ཡིས་བཏབ༔ འཆི་མེད་གསང་བའི་ཏནྟྲ་ནི༔ བྱེ་བ་ཕྲག་བརྒྱ་བསྟན་ནས་ཀྱང༔ ངེས་པའི་གསང་བའི་མཛོད་གཏད་པ༔ ཀུན་གྱི་ཡང་སྙིང་མཐར་ཐུག་ལམ༔ རང་བྱུང་རང་ཤར་རྡོ་རྗེའི་རྒྱུད༔ ཁ་ཚང་དོན་འདྲིལ་ཟབ་རྒྱས་ཀྱི༔ སྙིང་པོ་བླ་ན་མེད་པ་འདི༔ སྙིང་གི་ཐིག་ལེར་འཆང་བ་ལས༔ བདག་ཉིད་ཆེན་པོ་ཡབ་ཡུམ་གཉིས༔ རྡོ་རྗེའི་སྐུ་རུ་དངོས་སུ་གྲུབ༔ སྐྱེ་ཤི་མེད་པའི་དགོངས་པ་བརྙེས༔ ནམ་མཁའ་ཇི་སྲིད་སེམས་ཅན་གྱི༔ དོན་ཀུན་ལུས་འདིས་སྒྲུབ་ནུས་བྱུང༔ སྔོན་གྱི་སྨོན་ལམ་མཐུ་བཙན་པས༔ གངས་ཅན་ཡུལ་གྱི་ལྟེ་བ་རུ༔ སོན་ཏེ་སངས་རྒྱས་བསྟན་པ་སྤེལ༔ ལྷ་སྲིན་གདུག་པ་དམ་ལ་བཏགས༔ རྟེན་གསུམ་བྱིན་ཅན་བགྲངས་ཡས་བཞེངས༔ རབ་ཏུ་གནས་པས་མཐའ་དམག་དང༔ དམ་སྲིའི་རུ་གནོན་ས་གནད་གསོས༔ གངས་བྲག་རི་གསུམ་ཐམས་ཅད་ལ༔ ཚོགས་དང་གཅིག་པུའི་སྒྲུབ་གནས་བྱས༔ ཐུགས་ལ་བརྣག་པའི་སྙིང་པོའི་ཆོས༔ རྗེ་འབངས་འདུས་པ་ཡོངས་ལ་གདམས༔ དགེ་སློང་ནམ་མཁའི་སྙིང་པོ་དང༔ སངས་རྒྱས་ཡེ་ཤེས་བཻ་རོ་རྗེ༔ ཌཱ་ཀིའི་དབང་ཕྱུག་མཁར་ཆེན་བཟའ༔ ཐམས་ཅད་ལམ་འདིས་རྡོ་རྗེའི་སྐུ༔ མངོན་སུམ་གྲུབ་ནས་འགྲོ་བ་འདྲེན༔ དེ་ཕྱིར་ཕྱི་མའི་གདུལ་བྱའི་ཕྱིར༔ རྗེ་འབངས་སོ་སོའི་ངོ་སྐལ་དུ༔ རྡོ་རྗེའི་ཚེ་མཆོག་སྒྲུབ་པའི་ཐབས༔ རྒྱུད་ལུང་མན་ངག་སྣ་ཚོགས་པ༔ རྒྱས་བསྡུས་བསམ་མི་ཁྱབ་པ་ཞིག༔ ལ་ལ་ས་ཡི་གཏེར་དུ་སྦས༔ འགའ་ཞིག་དགོངས་པའི་དབྱིངས་སུ་སྦས༔ སྙན་རྒྱུད་གསང་བ་ངེས་པ་སོགས༔ དུ་མ་སྦས་པས་སྐལ་པ་བཞིན༔ ལས་འཕྲོ་སྨོན་ལམ་དག་པ་ལས༔ དུས་སུ་སྣང་ཞིང་ཕན་པར་སྤྱོད༔ འདི་ནི་དེ་དག་ཐམས་ཅད་ཀྱི༔ ངེས་པའི་གསང་བ་བླ་ན་མེད༔ ཟབ་ལམ་སྙིང་པོའི་བཅུད་དྲིལ་ཏེ༔ ཆ་ཤས་ཙམ་ཞིག་ཉམས་བླང་ཀྱང༔ དུས་མིན་འཆི་བའི་འཇིགས་སྐྱོབས་ཤིང༔ ཚེ་ཡི་དཔལ་མཆོག་སྟེར་བྱེད་ན༔ མཐའ་དག་ཉམས་སུ་བླངས་པ་ཡིས༔ དངོས་གྲུབ་ཐོབ་པར་གདོན་མི་ཟ༔ མཆོག་གི་ལམ་རྣམས་ཐམས་ཅད་ཀྱི༔ ཆ་རྐྱེན་གཞན་དུ་མ་བསྟན་པ༔ སྙིང་པོ་བཅུད་དུ་དྲིལ་བ་འདི༔ ཡང་ཟབ་སྙིང་གི་ཐིག་ལེའི་ཆོས༔ སྙན་བརྒྱུད་གདམས་པ་རྒྱ་མཚོའི་སྲོག༔ རྩོད་པ་རྒྱས་པའི་དུས་ཀྱི་ཚེ༔ སེམས་ཅན་ལོག་པའི་ལས་ལ་བརྩོན༔ རང་བྱས་ལས་ངན་རང་གི་གཤེད༔ ནད་གདོན་བར་ཆད་འཚེ་བའི་ཚོགས༔ རླུང་དམར་བཞིན་དུ་འཁྲུགས་པ་ཡིས༔ ཚེ་དང་སྲོག་གི་མར་མེ་གསོད༔ བཟོད་དཀའི་ཚོར་བ་ཆུ་ལྟར་ཁོལ༔ དམག་ཇག་སྡུག་བསྔལ་དཔག་ཏུ་མེད༔ དེ་ཡིས་སྣོད་བཅུད་རྒུད་པ་ལས༔ ཆོས་ལྡན་ཉིན་སྐར་ལྟར་དཀོན་ཚེ༔ བསྟན་འཛིན་སྐྱེས་བུའི་མཆོག་རྣམས་ཀྱང༔ མཛད་པ་ཕྲིན་ལས་བར་གཅོད་མང༔ སྐུ་ཚེའི་འདུ་བྱེད་བཏུང་བ་དང༔ ནུས་པར་ལྡན་ཀྱང་མངོན་སྤྱོད་ལས༔ སྔགས་པ་ནང་འགྲས་ཕལ་ཆེར་འབྱུང༔ བྱད་ཕུར་རྦོད་གཏོང་ཆོ་འཕྲུལ་གྱིས༔ བསྟན་སེལ་སྡེ་འཁྲུག་མང་བའི་ཚེ༔ སྙིང་ནས་བརྩེ་བ་མི་བཟོད་པས༔ རིག་རྩལ་སྐྱེས་བུ་བརྟུལ་ཞུགས་འཆང༔ ངང་རྒྱུད་དལ་ཞིང་ཤེས་རབ་ཆེ༔ བློ་གྲོས་སྤོབས་པ་སྒམ་ལ་བརྟན༔ སྙིགས་འགྲོ་སྐྱོབས་པའི་རིག་པ་འཛིན༔ པཎ་ཆེན་བི་མ་མི་ཏྲ་དང༔ མངའ་བདག་ཁུ་དབོན་ཡེ་ཤེས་གཟུགས༔ རང་བྱུང་དགོངས་པའི་རྩལ་རྫོགས་པའི༔ དཔའ་བོ་གར་གྱི་དབང་ཕྱུག་རྩལ༔ མདོ་སྔགས་གླིང་པ་ཆོས་ཀྱི་རྗེ༔ འོད་གསལ་སྤྲུལ་པའི་རྡོ་རྗེ་ཞེས༔ ལྕགས་ཁམས་དཔའ་བོའི་མཚན་དང་ལྡན༔ དེ་ཡི་སྐལ་བ་ཁོ་ནར་གདམས༔ དེ་ལ་ཕྱི་ནང་གསང་བ་ཡི༔ རྣལ་འབྱོར་ངེས་པའི་རྟེན་འབྲེལ་གྱི༔ གསང་བའི་སྤྱོད་པ་མཐར་སོན་ཚེ༔ པད་འབྱུང་ཡབ་ཡུམ་དགྱེས་པ་ཡི༔ བྱིན་རླབས་ཟབ་མོའི་དབུགས་དབྱུང་སྟེ༔ ཐོལ་བྱུང་ཉིད་དུ་རྒྱུད་ལ་སད༔ ཡི་གེའི་རིས་སུ་གཏན་ལ་ཕོབས༔ སྤྱོད་པའི་སྐྱེས་བུ་སྐལ་བ་ཅན༔ རང་དང་གཉིས་མིན་པདྨའི་མཚན༔ མཉྫུ་ཤྲཱིའི་སྒྱུ་འཕྲུལ་ལས༔ སྙན་བརྒྱུད་གསང་བའི་ཚུལ་དུ་གདམས༔ གཉིས་ཀའི་ཉམས་སུ་བླང་བ་ཡི༔ ངེས་པའི་དྲོད་ཚད་རྙེད་པ་དང༔ བི་མ་མི་ཏྲ་ཀུན་ཏུ་བཟང༔ ནམ་མཁའི་སྙིང་པོ་རྡོ་རྗེའི་མིང༔ བཻ་རོ་ཙཱ་ན་དཔལ་གྱི་མཚན༔ ཨ་ཙར་ས་ལེ་དབྱངས་ཅན་མིང༔ ཧཱུྃ་ཆེན་ཀཱ་ར་གོ་ཆ་དང༔ ཤྲཱི་སེང་ཧ་བསྟན་པ་འཛིན༔ གཉགས་ལོ་ཆེན་པོ་སཱུརྻ་དང༔ རླངས་ཆེན་དཔལ་སེང་བློ་གྲོས་ཅན༔ ཀླུ་དབང་སྲུང་བ་པདྨའི་མིང༔ ལྷ་སྲས་དམ་འཛིན་བཛྲ་རྩལ༔ སངས་རྒྱས་ཡེ་ཤེས་རིག་པ་འཛིན༔ མཚོ་རྒྱལ་སྐྱེ་བ་བདེ་ཆེན་རྩལ༔ དངོས་བརྒྱུད་གདུལ་བྱའི་སྐལ་པ་རུ༔ དུས་ལ་བབ་ཚེ་རིམ་གྱིས་སྤྲོད༔ ངེས་པར་ཉམས་བླང་ཡིད་ཆེས་པའི༔ རྟགས་མཚན་ལྡན་ལ་གནས་སྐབས་དང༔ མཐར་ཐུག་ཚེ་ཡི་བར་ཆད་སྐྱོབས༔ དངོས་གྲུབ་བཟང་པོའི་སྣོད་གྱུར་ནས༔ ཟབ་དོན་སྤེལ་བ་དོན་ཡོད་འགྱུར༔ ངེས་པར་གྱིས་ཤིག་ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ྀཨཐི༔ ཁ་ཐཾ༔ མནྟྲ་གྷརྦྷ་ཏནྟྲ་གུ་ཧྱ་ཨ་ཏི་ཧོ༔ ཞེས་འཆི་མེད་པདྨ་རྡོ་རྗེ་ཚེ་ཡི་རྒྱུད་ཆེན་པོ་ངོ་མཚར་གསང་བ་ཡོངས་སུ་རྫོགས་པའི་ལམ་འདི་ཡང་མེ་ཕག་དབོ་ཟླའི་འཕེལ་ཚེས་སྐོར་ཀུན་གཟིགས་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཕྱག་བྲིས་ཤོག་དྲིལ་ཞིག་མཇལ་བ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ་ལས་བརྒྱུད་པའི་རྡོ་རྗེའི་ཚེ་སྒྲུབ་པའི་མན་ངག་ངོ་མཚར་ཅན་ཞིག་ཏུ་འདུག་པ་རྨིས་པའི་རྐྱེན་ལས་རིམ་པར་རིག་པའི་ཆུ་གཏེར་ལས་བརྡོལ་ཞིང༌། ལྷོ་ཟླའི་གནས་ཆེན་རྒྱམ་རྒྱལ་པདྨ་ཤེལ་རིའི་གནས་ཞལ་འབྱེད་པའི་སྐབས་སུ་བཀྲ་ཤིས་འོ་མཚོའི་འགྲམ་གྱི་ནེའུ་གསེང་དུ་ཚེ་ཡི་བདག་པོའི་བྱིན་རླབས་ཀྱི་དབུག་དབྱུང་ཁྱད་པར་ཅན་ཐོབ་པ་དང༌། ལྷག་པར་གངས་རིའི་ལྗོངས་སུ་འགྲན་ཟླ་ཐམས་ཅད་དང་བྲལ་བའི་སྒྲུབ་གནས་རང་བྱུང་རྡོ་རྗེའི་བླ་མ་པདྨས་བྱིན་གྱིས་བརླབས་པའི་སྐུ་འཆི་མེད་བདེ་ཆེན་པདྨ་ཤེལ་གྱི་ཕུག་པར་བསྐྱོད་པའི་སྐབས་ཡིད་ཆེས་ཀྱི་ངེས་པར་ཁྱད་པར་ཅན་ཐོབ་ཅིང༌། མཚོ་སྐྱེས་བླ་མས་ཚེ་ཡི་གསོས་སྨན་དུ་དབུགས་དབྱུང་ཐོབ་པ་ལ། ཚེ་རབས་ཀུན་ཏུ་ཐུགས་རྗེའི་སྣང་བས་འབྲལ་མེད་སྐྱོང་བའི་རིགས་ཀྱི་ཁྱབ་བདག་གདོད་མའི་མགོན་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་རིས་མེད་བསྟན་པའི་རྒྱལ་མཚན་ནས། བཛྲ་གཱིརྟི་རྒྱུད་མང་དང་ཆབས་ཅིག་བཀྲ་ཤིས་པའི་ལྷ་རྫས་ཨཱ་ཡུ་ཥེ། རིན་ཆེན་ཨསྨ་གྷརྦྷའི་དོ་ཤལ་གྱི་རྟེན་བཅས་དགྱེས་པའི་བཀའ་ལུང་མནྡ་རའི་ཕྲེང་བ་ཛ་ལནྡྷ་རར་བསྩལ་བ་ལས་གུས་ཤིང་སྤྲོ་བའི་ལྷག་པའི་བསམ་སྦྱོར་གྱིས་རྒྱལ་ཟླའི་དཀར་ཕྱོགས་རྒྱལ་བ་དང་པོའི་འཕེལ་ཚེས་གཟའ་སྐར་སྦྱོར་བྱེད་ཀྱི་རྟེན་འབྱུང་རྨད་དུ་བྱུང་བ་ནས་དབུ་བརྩམ་སྟེ་བཀའ་གཏེར་ཆོས་ཀྱི་ཕྱ་གཡང་འཁྱིལ་བའི་གཞལ་མེད་ཁང་རྫོང་སར་བཀྲ་ཤིས་ལྷ་རྩེའི་གཟིམ་སྤྱིལ་བཀྲ་ཤིས་འཆི་མེད་གྲུབ་པའི་དགའ་ཚལ་དུ། འཆི་མེད་པདྨ་གར་དབང་འོད་གསལ་སྤྲུལ་པའི་རྡོ་རྗེའམ་མདོ་སྔགས་གླིང་པས་གཏན་ལ་ཕབ་པ་འདིས་ཀྱང་ལུང་ཟིན་རྩ་བའི་ཆོས་ཀྱི་བདག་པོ་འཇམ་མགོན་དྲན་པས་གདུང་སེལ་གྱི་གཙོར་མཛད་རྒྱལ་བསྟན་རིན་པོ་ཆེ་བླ་ནས་བླར་འདེགས་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་མཆོག་རྣམས་ཀྱི་སྐུ་ཚེ་དང་ཕྲིན་ལས་ཀྱི་དཔལ་དུ་གྱུར་ནས་འགྲོ་ཀུན་འཆི་མེད་རྟག་པ་དམ་པའི་ཡེ་ཤེས་ཀྱི་བཅུད་ལེན་རྨད་དུ་བྱུང་བའི་དཔྱིད་དུ་གྱུར་ཅིག །སརྦ་ཨརྠ་སིདྡྷི་ཧཱུྃ༔ སརྦ་མངྒ་ལཾ། དགེའོ།། །།

Footnotes

Other Information