གཏེར་འབྱུང་གི་ལོ་རྒྱུས། རབ་བྱུང་བཅུ་དྲུག་པ་སོགས།

From Khyentse Lineage - A Tsadra Foundation Project
DKR-KABUM-18-TSHA-029
Wylie title gter 'byung gi lo rgyus/ rab byung bcu drug pa sogs DKR-KABUM-18-TSHA-029.pdf
Location dil mgo mkhyen brtse bka' 'bum
Volume 18, Text 29, Pages 185-186 (Folios 1a1 to 2a3)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. Gter 'byung gi lo rgyus rab byung bcu drug pa sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 185-186. Delhi: Shechen Publications, 1994.
Genre History Texts - lo rgyus
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Deity tshe dpag med
Colophon

།གཞན་ལ་ཁྱབ་བསྒྲགས་མི་གནང་བ་ཞུ།།

/gzhan la khyab bsgrags mi gnang ba zhu//

[edit]
༄༅། །རབ་བྱུང་བཅུ་དྲུག་པ་ཤིང་ཕག་ལོའི་སྐོར། མདོ་ཁམས་གནས་ཆེན་ཉེར་ལྔའི་བྱེ་བྲག་ཞི་མཛད་རྡོ་རྗེ་རིགས་ཀྱི་གནས་རྒྱམ་རྒྱལ་པདྨ་ཤེལ་རི་ཞེས་གངས་རི་གཏན་ཆགས་དཔལ་ཧེ་རུ་ཀའི་སྐུ་ཡི་རང་གཟུགས་ཀྱི་མདུན་དུ་སྲིའུ་འོ་མཚོ་ཞེས་ཚེ་བུམ་གྱི་དབྱིབས་ཅན་གྱི་མཚོ་དཀར་པོ་རྡོ་རྗེ་ཚེ་སྒྲུབ་པའི་གནས་སུ་ཆེད་དུ་ལྷགས་ནས། ཐུགས་སྒྲུབ་བར་ཆད་ཀུན་སེལ་བླ་མ་ཆོས་སྐུ་ཚེ་དཔག་མེད་ཀྱི་ཚོགས་མཆོད་ཕུལ་བས། མཚོ་གཞི་དཀར་པོ་ལ་རི་མོ་ལྗང་སྔོན་གྱི་དཀྱིལ་འཁོར་གྲུ་བཞི་སྒོ་བཞིའི་རི་མོ་མཆོག་དམན་ཀུན་གྱི་མཐོང་རྒྱུ་ཡོད་པ་ཤར་བས་རང་གི་སེམས་ལ་པདྨ་ཚེ་སྙིང་གི་སྒྲུབ་ཐབས་ཤར། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་གྱི་ཚེ་མདོའི་འགྲེལ་པ་མཁྱེན་བརྩེ་གོང་མའི་ཕྱག་བྲིས་ཞིག་མཇལ་བ་རྨིས་པས་ཕྱི་ཉིན་རྗེ་བཙུན་ཏཱ་ར་ནཱ་ཐའི་ཚེ་མདོའི་འགྲེལ་པ་ཀློག་པས་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ལྷ་དགུ་དང་བྱིན་རླབས་ཆུ་བོ་གཅིག་འདྲེས་སུ་ངེས་པ་རྙེད། ལོ་དེའི་མཇུག་ཏུ་རྫོང་གསར་དུ་རྗེ་བླ་མ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་མདུན་སོང་བའི་ལམ་བར་ཛམ་ཐང་པདྨ་ཤེལ་ཕུག་གི་མདུན་ཞག་གཅིག་གནས་མལ་བྱུང་བའི་རྨི་ལམ་དུ། གནས་མདུན་གུ་རུའི་ཕྱག་མཁར་ལས་སྐྱེས་པའི་ཤུག་པའི་ཤིང་སྡོང་ཆེན་པོ་བྲག་ཕ་ཝཾ་གི་སྟེང་སྐྱེས་པ་ཞིག་ཡོད་པ་དེར་སླེབ་པས་མཚོ་རྒྱལ་ཡིན་སྙམ་བུད་མེད་གཅིག་གིས་ཤོག་སེར་ཞིག་སྤྲད་བྱུང་བ་བལྟས་པའི་རྐྱེན་གྱིས་ཆོས་སྐོར་ཡོངས་རྫོགས་རིག་ངོར་གསལ་བས། རྡོ་རྗེ་ཚེ་ཡི་རྒྱུད་ཅེས་ཕྱི་སྒྲུབ་ཚེ་དཔག་མེད་སྤྲུལ་སྐུ་ལྷ་དགུ། ནང་སྒྲུབ་ཚེ་དཔག་མེད་ལོངས་སྐུ་ལྷ་བཅུ་བདུན། གསང་སྒྲུབ་རྫོགས་རིམ་ཆོས་དྲུག་དང་འབྲེལ་བའི་མཁའ་འགྲོ་མནྡ་ར་གཙོ་འཁོར་ལྔ། ཡང་གསང་གུ་རུ་གཙོ་འཁོར་ལ་བརྟེན་པའི་རིག་འཛིན་ཚེ་སྒྲུབ། ཚེ་སྒྲུབ་བར་ཆད་སེལ་བའི་རྟ་མགྲིན། བཀའ་སྲུང་ལྷ་མོ་ཙཎྜ་ལི་བཅས་ཡོད་པ་བྲིས་ནས་རང་གིས་ཀྱང་ཉམས་ལེན་ཅུང་ཟད་བྱས། རྗེ་བླ་མ་ལ་ཡང་དབང་ལུང་ཕུལ་བ་ཉམས་བཞེས་གནང་བས་རྟགས་མཚན་དགེ་བར་བྱུང༌། སྔར་ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་གྱི་ཚེ་སྒྲུབ་རྒྱ་གཞུང་མཁྱེན་བརྩེ་གོང་མའི་ཕྱག་བྲིས་ལྡེབ་ཤར་ཞིག་མཇལ་བའི་རྐྱེན་གྱིས་ཚེ་སྒྲུབ་འདི་འདྲ་ཞིག་རིག་ངོར་གསལ་ཡང་དེ་སྐབས་ཡི་གེ་བྲི་རྒྱུ་མ་བྱུང་བས་ད་ཁྱོད་ནས་བྲིས་པ་དང་ཚིག་དོན་གཅིག་རེད་འདུག་པས་ལེགས་འདུག་གསུངས་ནས་དབང་དང་ནང་སྒྲུབ་སོགས་ཆོག་ཁྲིགས་གནང་བ། རྒྱལ་དབང་ཀརྨ་པ། སྨིན་གླིང་མཁན་གཅུང་རྣམ་གཉིས། འཁྲུལ་ཞིག་རིན་པོ་ཆེ། ས་སྐྱ་ཕུན་ཚོགས་ཕོ་བྲང་གདུང་སྲས། སངས་རྒྱས་མཉན་སྤྲུལ་སོགས་ལའང་དབང་ལུང་ཕུལ་ཞིང༌། རང་གིས་ཀྱང་བསྙེན་སྒྲུབ་བགྱིས་པས་བཀྲ་ཤིས་ཞལ་དྲོ་ལྟ་བུ་བྱུང་སྙམ་པ་ ༧གོང་ས་མཆོག་ལ་ཕྱི་ནང་གསང་བ་དྲིལ་སྒྲུབ་ཀྱི་དབང་ཕུལ་བའི་སྐབས་དགྱེས་པའི་བཀའ་ལུང་བསྩལ་བ་བཞིན་ལོ་རྒྱུས་ནང་གནས་སུ་གུས་པས་ཕུལ་བ་དགེ་ལེགས་འཕེལ། །གཞན་ལ་ཁྱབ་བསྒྲགས་མི་གནང་བ་ཞུ།།

Footnotes

Other Information