འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་གི་བརྒྱུད་འདེབས་འཆི་མེད་མཆོག་སྩོལ།

From Khyentse Lineage - A Tsadra Foundation Project
DKR-KABUM-18-TSHA-031
Wylie title 'chi med pad+ma tshe yi snying thig gi brgyud 'debs 'chi med mchog stsol DKR-KABUM-18-TSHA-031.pdf
Location dil mgo mkhyen brtse bka' 'bum
Volume 18, Text 31, Pages 259 (Folios 1a1 to 1b5)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo)
Citation Khyentse, Dilgo. 'chi med pad+ma tshe yi snying thig gi brgyud 'debs 'chi med mchog stsol. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 18: 259. Delhi: Shechen Publications, 1994.
Genre Lineage Supplications - brgyud 'debs
Cycle འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་ ('chi med pad+ma tshe yi snying thig)
Deity tshe dpag med
Colophon

།ཅེས་པའང་ཐོག་མའི་ཆོས་བདག་ཏུ་དབུགས་དབྱུང་ཐོབ་པ་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།།

/ces pa'ang thog ma'i chos bdag tu dbugs dbyung thob pa chos kyi blo gros pas gsol ba btab pa sid+d+hi rastu//

[edit]
༄༅། །འཆི་མེད་པདྨ་ཚེ་ཡི་སྙིང་ཐིག་གི་བརྒྱུད་འདེབས་འཆི་མེད་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། བདུད་བཞིའི་དཔུང་བཅོམ་མགོན་པོ་ཚེ་དཔག་མེད། །ཚེ་ཡི་ཡུམ་མཆོག་ལྷ་མོ་གོས་དཀར་མོ། །འཆི་མེད་གྲུབ་བརྙེས་སློབ་དཔོན་ཛེ་ཏཱ་རིར། །གསོལ་བ་འདེབས་སོ་འཆི་མེད་མཆོག་གྲུབ་སྩོལ། །དཀྱིལ་འཁོར་ཀུན་གཙོ་འཆི་མེད་མཚོ་སྐྱེས་རྗེ། །ཚེ་ཡི་དབྱིངས་ཕྱུག་ལྷ་མོ་མནྡ་ར། །ཚེ་ལམ་གསང་བའི་གྲོགས་མཆོག་མཚོ་རྒྱལ་མར། །གསོལ་བ་འདེབས་སོ་འཆི་མེད་མཆོག་གྲུབ་སྩོལ། །ཆོས་རྒྱལ་ཡབ་སྲས་གདམས་པའི་སྣོད་མཆོག་ལྡན། །ལོ་ཆེན་བཻ་རོ་གནུབས་བན་ནམ་མཁའི་སྙིང༌། །སངས་རྒྱས་ཡེ་ཤེས་རྒྱལ་བ་མཆོག་དབྱངས་ལ། །གསོལ་བ་འདེབས་སོ་འཆི་མེད་མཆོག་གྲུབ་སྩོལ། །སྲས་བཅས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །སྙིགས་དུས་བསྟན་དང་འགྲོ་བའི་དཔུང་གཉེན་མཆོག །ཀུན་མཁྱེན་འོད་གསལ་སྤྲུལ་པའི་རྡོ་རྗེ་ལ། །གསོལ་བ་འདེབས་སོ་འཆི་མེད་མཆོག་གྲུབ་སྩོལ། །ཟབ་གཏེར་སྙན་བརྒྱུད་གདམས་པའི་བཀའ་བབ་མཆོག །གཏེར་འབྱིན་མཁས་དང་གྲུབ་པའི་གཙུག་གི་རྒྱན། །པདྨ་འོད་གསལ་གླིང་དང་མ་ཏིའི་མཚན། །གསོལ་བ་འདེབས་སོ་འཆི་མེད་མཆོག་གྲུབ་སྩོལ། །ལས་སྨོན་ཆོས་བདག་བརྒྱུད་པར་བཅས་པ་དང༌། །འཆི་མེད་བཅོམ་ལྡན་ཚེ་ལྷའི་དཀྱིལ་འཁོར་པ། །ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ལ། །གསོལ་བ་འདེབས་སོ་འཆི་མེད་མཆོག་གྲུབ་སྩོལ། །ཐུན་མོང་ཐུན་མིན་སྔོན་འགྲོས་རྒྱུད་སྦྱངས་ཤིང༌། །ཕྱི་ནང་གསང་བའི་ལྷ་སྔགས་བཟླས་པ་ཡིས། །སྒོ་གསུམ་རྡོ་རྗེ་གསུམ་དུ་གྲུབ་པ་དང༌། །རླུང་དང་གཏུམ་མོའི་རྣལ་འབྱོར་མཐར་ཕྱིན་ཤོག །རང་ལུས་ཐབས་ལྡན་མཐར་ཕྱིན་གཞན་ལུས་ཀྱི། །ཕོ་ཉའི་གསང་ལམ་ཟབ་མོ་བགྲོད་པ་དང༌། །དབབ་ལྡོག་དགའ་བཞིས་སྲིད་ཞིའི་བཅུད་བསྡུས་ནས། །འཕོ་མེད་རྡོ་རྗེའི་ལང་ཚོ་རྒྱས་པར་ཤོག །རིག་སྟོང་མི་ཤིགས་རྡོ་རྗེའི་སྐུ་རུ་སྨིན། །འགག་མེད་གསུང་དབྱངས་ཆོས་སྒྲ་རྒྱུན་ཆད་མེད། །མཁའ་ལྟར་དག་པའི་ཐུགས་མཆོག་འོད་གསལ་ཞིང༌། །ཡོན་ཏན་ཕྲིན་ལས་རྒྱ་མཚོར་དབང་འབྱོར་ཤོག །ཅེས་པའང་ཐོག་མའི་ཆོས་བདག་ཏུ་དབུགས་དབྱུང་ཐོབ་པ་ཆོས་ཀྱི་བློ་གྲོས་པས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།

Footnotes

Other Information