འཇམ་དཔལ་སྒྲུབ་ཐབས་སྙིང་པོ་ཡེ་ཤེས་སྣང་གཏེར།

From Khyentse Lineage - A Tsadra Foundation Project
DKR-KABUM-10-THA-030
Wylie title 'jam dpal sgrub thabs snying po ye shes snang gter DKR-KABUM-10-THA-030.pdf
Location dil mgo mkhyen brtse bka' 'bum
Volume 10, Text 30, Pages 151-153 (Folios 1a to 3b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Citation Khyentse, Dilgo. 'jam dpal sgrub thabs snying po ye shes snang gter. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 10: 151-153. Delhi: Shechen Publications, 1994.
Genre Sadhanas - Evocation Ritual - sgrub thabs
Deity 'jam dbyangs ser po
Colophon

།ཚུལ་འདི་བློ་གསལ་རིག་པར་སྨྲ། །ཨོ་རྒྱན་གཞན་ཕན་གྱིས་བསྐུར་ངོར། །འཇམ་མགོན་བླ་མ་དགྱེས་པའི་འབངས། །བཀྲ་ཤིས་དཔལ་འབྱོར་འབོད་པ་དེས། །ཡེ་ཤེས་ཆོས་སྐུའི་མཆོད་སྡོང་ཆེ། །བྱ་རུང་ཁ་ཤོར་དྲུང་གནས་ཚེ། །ས་སྤྲེལ་མགོ་ཟླའི་ཚེས་བཅུར་བཀོད། །འགྲོ་ཀུན་ཡེ་ཤེས་དབྱིངས་གྲོལ་ཤོག །དགེའོ།།

/tshul 'di blo gsal rig par smra/_/o rgyan gzhan phan gyis bskur ngor/_/'jam mgon bla ma dgyes pa'i 'bangs/_/bkra shis dpal 'byor 'bod pa des/_/ye shes chos sku'i mchod sdong che/_/bya rung kha shor drung gnas tshe/_/sa sprel mgo zla'i tshes bcur bkod/_/'gro kun ye shes dbyings grol shog_/dge'o//

[edit]
༄༅། །འཇམ་དཔལ་སྒྲུབ་ཐབས་སྙིང་པོ་ཡེ་ཤེས་སྣང་གཏེར་བཞུགས། །

༄༅། །ན་མོ། བླ་མ་སངས་རྒྱས་འདུས་པའི་སྐུ། །སྐྱབས་ཀྱི་དམ་པ་དད་པས་བསྙེན། །འགྲོ་ཀུན་སྲིད་ཞི་ལས་སྒྲོལ་ཕྱིར། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། ཨ། ཆོས་ཀུན་སྟོང་པའི་ཡེ་ཤེས་རྩལ། །རང་བྱུང་ཐུགས་རྗེའི་སྒྲོན་མའི་སྤྲིན། །མཁའ་ཁྱབ་ཞིང་དང་སྐུའི་བཀོད་པ། །སྒྱུ་འཕྲུལ་རོལ་མོ་བསམ་ཡས་པའི། །ཡེ་ཤེས་ས་བོན་དྷཱིཿདམར་སེར། །འོད་ཀྱི་སྤྲོ་བསྡུས་འཕགས་པ་མཆོད། །སེམས་ཅན་དོན་བྱས་སྒྲིབ་པ་སྦྱངས། །ཚུར་འདུས་ཡོངས་གྱུར་སྐད་ཅིག་གིས། །འཇམ་པའི་རྡོ་རྗེ་གུར་གུམ་མདོག །ཉི་མ་འཆར་ཀའི་སྤྲིན་ལྟར་མཛེས། །གཞོན་ནུ་བཅུ་དྲུག་ལང་ཚོ་ཅན། །ཕྱག་གཡས་ཡེ་ཤེས་རལ་གྲི་འཕྱར། །གཡོན་པས་ཤེར་ཕྱིན་གླེགས་བམ་བསྣམས། །གཡས་འོག་མདའ་དང་གཡོན་འོག་གཞུ། །དར་དང་རིན་ཆེན་ཨུཏྤལ་བརྒྱན། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས། །པད་ཟླའི་གདན་ལ་མཛེས་པར་འགྱིང༌། །ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས། །སངས་རྒྱས་བྱང་སེམས་ཡི་དམ་ལྷ། །འཁོར་གྱི་ཚོགས་དང་བཅས་ཏེ་བཞུགས། །སྣང་སྟོང་མཁའ་ཁྱབ་སྒྱུ་མའི་སྐུ། །འོད་ཟེར་ཕུང་པོའི་ཀློང་དུ་གསལ། །གནས་གསུམ་རྡོ་རྗེའི་ཡི་གེས་མཚན། །རིགས་ལྔས་དབང་བསྐུར་རྒྱས་བཏབ་གྱུར། ཨོཾ། ཆོས་སྐུ་མཁའ་ཁྱབ་བརྡལ་བ་ལས། །ཡེ་ཤེས་རོལ་པ་ཅིར་ཡང་སྣང༌། །དཔག་ཡས་ཞིང་དང་བཀོད་པའི་སྤྲིན། །གང་འདུལ་དེར་སྣང་ཐུགས་རྗེའི་མཐུ། །མ་འགག་སྒྱུ་མར་རོལ་པ་ཡིས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས། །དབང་བསྐུར་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་མཉྫུ་ཤྲཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཛཿ ཛཿཧཱུྃ་བྃ་ཧོཿ ས་མ་ཡ་ཏིཥྛནྟུ། ཨོཾ་ཨཱཿཧཱུྃ། ཀུན་བཟང་སྒྱུ་འཕྲུལ་རོལ་པ་ཡི། །མཆོད་པ་རྒྱ་མཚོས་མཉེས་པར་བགྱི། །ཟག་མེད་ཡོན་ཏན་བསམ་ཡས་པའི། །དེ་ཉིད་མངོན་གྱུར་བློ་ཡིས་བསྟོད། །ཐུགས་ཀར་པདྨ་ཟླ་བའི་དབུས། །དྷཱིཿཡིག་དམར་སེར་ཨ་མཐིང་ག །ར་དམར་པ་དཀར་ཙ་ལྗང་གུ །ན་སེར་ལྔ་ལྡན་ཨོཾ་གྱི་ཕྲེང༌། །ཟླ་བ་རྒྱུ་སྐར་བཞིན་དུ་འཁོད། །ཕྱི་ལྟར་རྡོ་རྗེའི་ཁམས་དྲུག་སྟེ། །ནང་དུ་དྲུག་ལྡན་ཕུང་པོ་ལ། །གཞན་དུ་ཡེ་ཤེས་དྲུག་གི་བདག །བདེ་གཤེགས་རྒྱལ་བ་རིགས་དྲུག་གི །ངོ་བོ་རྡོ་རྗེའི་འབྲུ་དྲུག་པོ། །རང་སྒྲ་དང་བཅས་གསལ་ཞིང་འབར། །སྤྲོ་བསྡུའི་འོད་ཀྱིས་སྣོད་དང་བཅུད། །འཇམ་དཔལ་རིགས་དྲུག་དཀྱིལ་འཁོར་དུ། །གསལ་ལ་མ་འདྲེས་ལྷུན་གྱིས་རྫོགས། །སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི། །ངོ་བོ་མཉམ་པ་ཉིད་ཀྱི་དབྱིངས། །གཉིས་མེད་ཡེ་ཤེས་ཚུལ་འཆང་བའི། །རང་བཞིན་གཅིག་ཏུ་སད་པར་གྱུར། །ཨོཾ་ཨ་ར་པ་ཙ་ན་དྷཱིཿ རྩེ་གཅིག་དམིགས་པ་དང་ལྡན་པས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །རླུང་སྔགས་ཡེ་ཤེས་དབྱེར་མེད་པས། །དོན་གྱི་གནད་གསང་ཤེས་པས་བཟླ། །མི་ཤེས་མུན་པའི་ཚོགས་འཇོམས་ཤིང༌། །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །རྗེས་སུ་འཛིན་པར་གདོན་མི་ཟ། །ཐུན་མཚམས་རྒྱུད་ཀྱི་རྒྱལ་པོ་བཀླག །ལྷག་པའི་ལྷ་མཆོད་བསྟོད་གསོལ་གདབ། །དད་དང་མོས་པས་རྒྱུད་བསྐུལ་ཞིང༌། །ཚོགས་གཉིས་ཟུང་འཇུག་ལམ་ལ་འབད། །དག་པའི་སྣོད་བཅུད་དབྱིངས་སུ་ཐིམ། །ཡེ་ཤེས་གཉིས་མེད་ཚུལ་འཆང་བའི། །ངང་ལས་སྣང་གྲགས་རིག་པའི་ཆོས། །འཇམ་དཔལ་རྡོ་རྗེའི་ངོ་བོར་སད། །འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེ་ཡིས་འགྲོ་བ་ཐམས་ཅད་ཀྱི། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །དབུགས་འབྱིན་ཆེན་པོའི་དགའ་སྟོན་གྱིས། །སྲིད་ཞི་ཀུན་ཏུ་ཁྱབ་གྱུར་ཅིག །ཚུལ་འདི་བློ་གསལ་རིག་པར་སྨྲ། །ཨོ་རྒྱན་གཞན་ཕན་གྱིས་བསྐུར་ངོར། །འཇམ་མགོན་བླ་མ་དགྱེས་པའི་འབངས། །བཀྲ་ཤིས་དཔལ་འབྱོར་འབོད་པ་དེས། །ཡེ་ཤེས་ཆོས་སྐུའི་མཆོད་སྡོང་ཆེ། །བྱ་རུང་ཁ་ཤོར་དྲུང་གནས་ཚེ། །ས་སྤྲེལ་མགོ་ཟླའི་ཚེས་བཅུར་བཀོད། །འགྲོ་ཀུན་ཡེ་ཤེས་དབྱིངས་གྲོལ་ཤོག །དགེའོ།། མངྒ་ལཾ། །

Footnotes

Other Information