ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ མེ་མཆོད་ཀྱི་ལས་ཁྲིགས་ཌཱ་ཀིའི་གསང་གཏམ་གྲུབ་གཉིས་འདོད་འཇོ༔

From Khyentse Lineage - A Tsadra Foundation Project
DKR-KABUM-08-NYA-041
Wylie title yang zab bde chen dpal mo'i thugs kyi me long las: me mchod kyi las khrigs DA ki'i gsang gtam grub gnyis 'dod 'jo: DKR-KABUM-08-NYA-041.pdf
Location dil mgo mkhyen brtse bka' 'bum
Volume 8, Text 41, Pages 297-298 (Folios 1a1 to 2b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཆོས་ཀྱི་གོ་ཆ་ (chos kyi go cha)
Citation Khyentse, Dilgo. Yang zab bde chen dpal mo'i thugs kyi me long las me mchod kyi las khrigs DA ki'i gsang gtam grub gnyis 'dod 'jo. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 297-298. Delhi: Shechen Publications, 1994.
Genre Fire Offerings - sbyin sreg
Cycle ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ (yang zab bde chen dpal mo'i thugs kyi me long)
Colophon

གྲུབ་གཉིས་འདོད་འཇོ་ལྷ་མོའི་མེ་མཆོད་ཀྱི༔ ལས་ཁྲིགས་བྱིན་འོད་འབར་བ་ཌཱ་ཀིའི་གཏམ༔ བསྙེན་སྒྲུབ་ཡན་ལག་ཅིག་ཀྱང་དགོས་དབང་གིས༔ ཁོ་བོ་བློ་གྲོས་ཆོས་ཀྱི་གོ་ཆ་ཡིས༔ འོད་གསལ་དམ་པའི་ཉམས་ལ་ཤར་བཞིན་སྤེལ༔ མན་ངག་ཡི་གེ་པི་ཝང་སྒྲུབ་ཕྲིན་དང༔ དབང་དང་རྒྱས་པའི་ལས་ཚོགས་རཀྟ་དང༔ ཚེ་དང་ཡེ་ཤེས་སྤེལ་བའི་རྫས་སྒྲུབ་བཅས༔ སླད་ནས་རྗེས་འཇུག་དད་མོས་རབ་གྱུར་གྱི༔ དོན་དུ་རྟེན་འབྲེལ་འགྲིགས་ཚེ་སྤྲོ་བར་བྱ༔ ས་མཱ་ཡ༔ རྒྱ༔ རྒྱ༔ རྒྱ༔ མངྒ་ལཾ། དགེའོ།། །།

grub gnyis 'dod 'jo lha mo'i me mchod kyi:_las khrigs byin 'od 'bar ba DA ki'i gtam:_bsnyen sgrub yan lag cig kyang dgos dbang gis:_kho bo blo gros chos kyi go cha yis:_'od gsal dam pa'i nyams la shar bzhin spel:_man ngag yi ge pi wang sgrub phrin dang:_dbang dang rgyas pa'i las tshogs rak+ta dang:_tshe dang ye shes spel ba'i rdzas sgrub bcas:_slad nas rjes 'jug dad mos rab gyur gyi:_don du rten 'brel 'grigs tshe spro bar bya:_sa mA ya:_rgya:_rgya:_rgya:_mang+ga laM/_dge'o//__//

Notes These texts were compiled and arranged by Dilgo Khyentse Rinpoche. Elsewhere this cycle is attributed to rdzong sngon pad+ma thugs mchog rdo rje.
[edit]
༁ྃ༔ ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ལས༔ མེ་མཆོད་ཀྱི་ལས་ཁྲིགས་ཌཱ་ཀིའི་གསང་གཏམ་གྲུབ་གཉིས་འདོད་འཇོ་བཞུགས་སོ༔ ༁ྃ༔ ཡེ་ཤེས་མེ་ལོང་ཡུམ་མཆོག་དཔལ་ལྷ་མོ༔ མི་ཤིགས་ཐིག་ལེའི་དཔྱིད་གྱུར་དེ་ཡིས་སྐྱོངས༔ གང་གི་ཕྲིན་ལས་མེ་མཆོད་ལ་བརྟེན་པས༔ དངོས་གྲུབ་དབྱིག་གི་དཔལ་བསྐྱེད་འདི་ན་བྲི༔ དེ་ལ་འདིར་ལྷ་མོའི་བསྙེན་སྒྲུབ་ཀྱི་ཁ་སྐོང་བ་དང༔ མཆོག་དང་ཐུན་མོང་གི་ལས་རབ་འབྱམས་མ་ལུས་པ་བདེ་བླག་ཉིད་དུ་ཐོབ་པར་བྱ་བའི་ཐབས་ཁྱད་པར་ཅན་མེ་མཆོད་བྱ་བ་ལའང༔ དང་པོ་ཐིག་གདབ་པ་ནི༔ མཎྜལ་མདའ་གང་གྲུ་བཞི་བ་འཐས་པར་བཅགས་ཏེ༔ ཞལ་བ་ལེགས་པར་བྱས་དྲི་བཟང་དང་བ་བྱུང་སྦྱར་བའི་གོ་མ་ཡེས་ཁྱེམ་མེད་པར་བྱུགས་ལ༔ ཐིག་ཆེན་བརྒྱད་སྤྱི་ལྟར་གདབ༔ མུ་ཁྱུད་རིམ་པ་གསུམ་གྱི་དབུས༔ དགའ་བ་འཁྱིལ་བའི་ལྟེ་བར་ཧྲཱིཿཡིག་དམར་པོས་མཚན་པའི་མཐར་ཧ་རི་ནི་ས་བཀོད་པ་དང༔ ཁ་ཁྱེར་རིན་པོ་ཆེའི་ཨུཏྤལའི་ཕྲེང་བས་བསྐོར་བ་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་བྲི༔ དེ་སྟེང་བུད་ཤིང་བཟང་པོ་བརྩིགས༔ གཉིས་པ་བསྲེག་རྫས་རིམ་པ་ནི༔ འོ་མ་ཅན་གྱི་ཡམ་ཤིང་རྩེ་མོ་མར་གྱིས་བྱུགས་པ་དང༔ མར་ཁུ་དང༔ ཏིལ་དཀར་ནག༔ ཨུག་ཆོས་སོགས་མེ་ཏོག་དམར་པོའི་རིགས༔ འབྲས་མ་གྲུགས་པ༔ སྲན་མ་དང༔ ནས༔ གྲོ་དང༔ དཀར་གསུམ་མངར་གསུམ་དང་སྦྲང་རྩིས་སྦགས་པའི་ཟས་མཆོག༔ ཀུ་ཤ་དང་དཱུརྦ་སོགས་རྫས་རྣམས་བཀོད་ལེགས་པར་བཤམས༔ གཞན་ཡང་གཏོར་མ༔ གོས་ཟུང༔ སོ་རྩི་རྣམས་འདུ་བགྱིས༔ ལོགས་སུ་ཆུ་གཉིས་ཉེར་སྤྱོད་སོགས་དམ་རྫས་བྱེ་བྲག་པ༔ རྡོར་དྲིལ་དགང་གཟར་བླུགས་སོགས་ཀྱང་སྟ་གོན་བྱས་ལ༔ ཁྱད་པར་གྱི་སེམས་བསྐྱེད་དང་ལྡན་པས༔ ཐོག་མར་མཆོད་རྫས་སོགས་བྱིན་གྱིས་བརླབ་པ་ནི༔ ཨོཾ་ཨཱཿཤྲཱི་ཛིཾ་ཀུ་རུ་ཀུ་རུ་ཧཱུྃ་སྭཱ་ཧཱཿ ཞེས་པས༔ རྫས་རྣམས་ཀྱི་ཉེས་སྐྱོན་ཐམས་ཅད་བྱང་ཞིང་དག་པར་བསམ༔ དེ་ནས་མེ་སྦར་ཞིང༔ ཨོཾ་བཛྲ་ཛྭ་ལ་རཾ༔ ཞེས་སྦར༔ རླུང་གཡབ་ཀྱིས་གཡབ་ཅིང༔ ཨོཾ་བཛྲ་བྷ་ཡུ་ཧཱུྃ༔ ཞེས་བརྗོད༔ གསུམ་པ་དངོས་གཞི་ནི༔ ཨཱཿ འབྱུང་ལྔའི་དྭངས་མ་འོད་དུ་འཁྱིལ་བའི་ཀློང༔ གོས་དཀར་མོ་ཡི་བརྟུལ་ཞུགས་རགས་པ་དང༔ ལྷན་ཅིག་འགྲོགས་པའི་བདེ་ཆེན་ཉམས་ཀྱི་དཔྱིད༔ མཚན་ཉིད་བཞི་རུ་སྨིན་པའི་མཎྜལ་ལར༔ རྒྱལ་བ་ཀུན་ཡུམ་དབྱངས་ཅན་ངག་གི་དཔལ༔ སྐུ་མདོག་དམར་མོ་ཆགས་པའི་ཉམས་ལྡན་ཞིང༔ ཞལ་གཅིག་ཕྱག་གཉིས་ཕྱག་གཡས་ཡིད་བཞིན་དབང༔ གཡོན་པས་དྭངས་ཤེལ་མེ་ལོང་ཐུགས་ཀར་འཛིན༔ ཞབས་གཉིས་ཕྱེད་སྐྱིལ་ཞི་ཚུལ་ཉམས་ཀྱིས་སྒེག༔ རྒྱན་ཆས་ཡོངས་རྫོགས་འཛུམ་ཞལ་གཡོ་བའི་དབུས༔ ཤེས་བྱ་ཇི་སྙེད་ཚེམས་འཕྲེང་བཞད་པ་ལ༔ ཇི་ལྟའི་ཡེ་ཤེས་རོ་འཛིན་མེ་འོད་ཀྱི༔ རྣམ་པས་དངོས་འཛིན་མཚན་མའི་རྫས་རྣམས་ཀུན༔ ཡོངས་བསྲེགས་གཉིས་མེད་འོད་གསལ་ཆེན་པོར་དག༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ་པར་དམིགས༔ ཞེས་སྲེག་བླུགས་རྒྱུན་གྱིས་དྲངས་པའི་མར་ཁུ་ཕུལ་ལ༔ ཨོཾ་ཨགྣེ་ཛྭ་ལ་རཾཿ ཨོཾ་སྭ་ར་སྭ་སྟི་ཧྲཱིཾཿཧྲཱིཾཿཧྲཱིཾཿ ནད་གདོན་སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་འཇིགས་པ་བརྒྱད་སོགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱཿ ཞེས་བདུན་ནམ་གསུམ་བརྗོད༔ དེ་ནས་ཡམ་ཤིང་ནས་བཟུང་རྫས་རྣམས་རིམ་པར་ཕུལ༔ མིན་ཀྱང་སྤུང་རྫས་བྱས་ནའང་ཆོག༔ རྫས་རྣམས་ཕུལ་བའི་སྔགས་ནི༔ ཨོཾ་དཱི་བྷྱ་ཨགྣེ་སྭ་ར་སྭ་སྟི་ཧྲཱིཾཿཧྲཱིཾཿཧྲཱིཾཿ ཁ་བསྒྱུར་ཞི་བ་གོང་བཞིན་དང༔ རྒྱས་པ་ལ༔ ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ལེགས་ཚོགས་ཡོན་ཏན་སྤྱི་དང༔ ཁྱད་པར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཁྱད་པར་ཅན༔ ཆེ་བ༔ གསལ་བ༔ མྱུར་བ༔ ཟབ་པ༔ འཆད་པ༔ རྩོད་པ༔ རྩོམ་པ༔ མི་བརྗེད་པའི་གཟུངས༔ མི་འཇིགས་པའི་སྤོབས་པ༔ མི་ཟད་པའི་བློ་གྲོས་དམ་པ་མྱུར་དུ་འཕེལ་བར་གྱུར་ཅིག༔ པུཥྚིཾ་ཀུ་རུ་ཨོཾ༔ ཞེས་དང༔ དབང་ལ༔ སྲིད་ཞིའི་དཔལ་འབྱོར་ས་དང་ལམ་གྱི་སྤང་བ་དང་རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཝཱ་ཤཾ་ཀུ་རུ་ཧོ༔ ཞེས་དང༔ དྲག་པོ་ལ༔ གནོད་བྱེད་དགྲ་བགེགས་དུག་ལྔ་དུག་གསུམ་ཐམས་ཅད་མཱ་ར་ཡ་ཕཊ྄༔ ཅེས་སོ༔ ཁྱད་པར་རྩ་སྔགས་ཁོ་ནས་ཕུལ༔ རྫས་རྣམས་རྫོགས་པ་དང༔ གཏོར་མ་འབྲུ་གསུམ་གྱིས་བརླབས༔ ཨོཾ་སྭ་ར་སྭ་སྟི་ཨ་ཀཱ་རོ་མུ་ཁཾ་སོགས། ཏྭཏྟ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ མཆོད་སྦྱིན་གཏོར་མ་དམ་པ་འདི༔ བཞེས་ལ་མཆོག་དང་ཐུན་མོང་གི༔ དངོས་གྲུབ་ཟད་མི་ཤེས་པའི་མཛོད༔ ད་ལྟ་ཉིད་དུ་བསྩལ་དུ་གསོལ༔ བཀྲ་ཤིས་བདེ་ལེགས་ཐོབ་པར་ཤོག༔ ཞེས་གསོལ༔ ཨོཾ་བཛྲ་ཏཾ་བུ་ལ་ཡེ་སྭཱ་ཧཱཿ ཞེས་སོ་རྩི་ཕུལ༔ ཨོཾ་བཛྲ་ཝསྟྲ་ཡེ་སྭཱ་ཧཱ༔ ཞེས་གོས་ཟུང་ཕུལ༔ བཞི་པ་རྗེས་ཀྱི་རིམ་པ་ལ༔ ཚོགས་ཀྱི་དགའ་སྟོན་དང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ༔ གྲུབ་གཉིས་འདོད་འཇོ་ལྷ་མོའི་མེ་མཆོད་ཀྱི༔ ལས་ཁྲིགས་བྱིན་འོད་འབར་བ་ཌཱ་ཀིའི་གཏམ༔ བསྙེན་སྒྲུབ་ཡན་ལག་ཅིག་ཀྱང་དགོས་དབང་གིས༔ ཁོ་བོ་བློ་གྲོས་ཆོས་ཀྱི་གོ་ཆ་ཡིས༔ འོད་གསལ་དམ་པའི་ཉམས་ལ་ཤར་བཞིན་སྤེལ༔ མན་ངག་ཡི་གེ་པི་ཝང་སྒྲུབ་ཕྲིན་དང༔ དབང་དང་རྒྱས་པའི་ལས་ཚོགས་རཀྟ་དང༔ ཚེ་དང་ཡེ་ཤེས་སྤེལ་བའི་རྫས་སྒྲུབ་བཅས༔ སླད་ནས་རྗེས་འཇུག་དད་མོས་རབ་གྱུར་གྱི༔ དོན་དུ་རྟེན་འབྲེལ་འགྲིགས་ཚེ་སྤྲོ་བར་བྱ༔ ས་མཱ་ཡ༔ རྒྱ༔ རྒྱ༔ རྒྱ༔ མངྒ་ལཾ། དགེའོ།། །།

Footnotes

Other Information