དབྱངས་ཅན་དམར་མོའི་རྒྱུན་ཁྱེར་ཏམྦུ་རའི་སྒྲ་དབྱངས།

From Khyentse Lineage - A Tsadra Foundation Project
DKR-KABUM-08-NYA-035
Wylie title dbyangs can dmar mo'i rgyun khyer tam+bu ra'i sgra dbyangs DKR-KABUM-08-NYA-035.pdf
Location dil mgo mkhyen brtse bka' 'bum
Volume 8, Text 35, Pages 281 (Folios 1a1 to 1b2)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ཆོས་ཀྱི་གོ་ཆ་ (chos kyi go cha)
Citation Khyentse, Dilgo. Dbyangs can dmar mo'i rgyun khyer tam+bu ra'i sgra dbyangs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 8: 281. Delhi: Shechen Publications, 1994.
Genre Daily Practice - rgyun khyer  ·  Sadhanas - Evocation Ritual - sgrub thabs
Cycle ཡང་ཟབ་བདེ་ཆེན་དཔལ་མོའི་ཐུགས་ཀྱི་མེ་ལོང་ (yang zab bde chen dpal mo'i thugs kyi me long)
Deity dbyangs can dmar mo
Colophon

།ཞེས་པའང་རྡོ་རྗེའི་མཆེད་པོ་རྣམས་ཀྱི་ལག་རྩེད་སྦྱང་ཞོར་ལ་རྩེ་མཚར་དུ་ཤར་མར་བྲིས་པ་པྲཛྙཱ་བཛྲས་སོ།། །།

/zhes pa'ang rdo rje'i mched po rnams kyi lag rtsed sbyang zhor la rtse mtshar du shar mar bris pa pradz+nyA badz+ras so//_//

Notes These texts were compiled and arranged by Dilgo Khyentse Rinpoche. Elsewhere this cycle is attributed to rdzong sngon pad+ma thugs mchog rdo rje.
[edit]
༄༅། །དབྱངས་ཅན་དམར་མོའི་རྒྱུན་ཁྱེར་ཏམྦུ་རའི་སྒྲ་དབྱངས་བཞུགས།། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་ནི། རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་ངག་གི་ལྷར། །མི་ཕྱེད་དད་པས་སྙིང་ནས་སྐྱབས་སུ་མཆི། །ཁམས་གསུམ་རིགས་དྲུག་རྫོགས་ཞིང་ལ་འགོད་ཕྱིར། །སྒྲ་དབྱངས་ལྷ་མོ་བསྒོམ་པར་སེམས་བསྐྱེད་དོ། །དངོས་གཞི་ལྷ་བསྐྱེད་བྱ་བ་ནི། ཨཿ དབྱིངས་ལས་པད་ཟླར་ཧྲཱིཾཿཡིག་འཕྲོ་འདུ་ལས། །རང་ཉིད་སྐད་ཅིག་དྲན་རྫོགས་རྒྱལ་བའི་ཡུམ། །དཔལ་མོ་དབྱངས་ཅན་བཅུ་དྲུག་ལང་ཚོས་སྒེག །དམར་གསལ་ཆགས་པའི་ཉམས་ལྡན་དོར་སྟབས་བཞེངས། །ཕྱག་གཡས་འདོད་འབྱུང་རཏྣ་ཐུགས་ཀར་འཛིན། །གཡོན་པས་ཀུན་གསལ་མེ་ལོང་དཀུ་ལ་བརྟེན། །ཨུཏྤལ་དམར་པོའི་ཕྲེང་བས་འཕྱང་འཕྲུལ་གཡོ། །འཇའ་ཚོན་འོད་ལྔའི་ཟེར་ཐིག་འཁྱིལ་བའི་ཀློང༌། །དམ་ཡེ་དབྱེར་མེད་གར་གྱིས་རོལ་པར་བཞུགས། །ཐུགས་ཀར་འོད་ལྔའི་དགའ་འཁྱིལ་གཡོན་འཁོར་དབུས། །ཧྲཱིཾཿཡིག་མཐའ་མར་སྔགས་ཕྲེང་དམར་པོས་བསྐོར། །དེ་ལས་འོད་འཕྲོས་རྒྱལ་བའི་མཁྱེན་རབ་རྣམས། །ཚུལ་བསྡུས་བདག་ཐིམ་མ་རིག་མུན་པ་སེལ། །ཤེས་རབ་ཡེ་ཤེས་ཕྱོགས་མེད་རྒྱས་པར་གྱུར། །ཨོཾ་སྭ་ར་སྭ་སྟི་ཧྲཱིཾཿཧྲཱིཾཿཧྲཱིཾཿསྭཱ་ཧཱཿ ཐུན་མཐར་བསྡུ་ལྡང་བསྔོ་སྨོན་བཀྲ་ཤིས་ནི། སྣང་བའི་ཆོས་ཀུན་དམིགས་མེད་སྟོང་པའི་ངང༌། །སླར་ཡང་ཟུང་འཇུག་སྒྱུ་མའི་ཕྱག་རྒྱར་བཞེངས། །དགེ་བས་འགྲོ་ཀུན་རྣམ་མཁྱེན་སར་བཀོད་ནས། །དོན་གཉིས་ལྷུན་གྲུབ་མཆོག་གི་བཀྲ་ཤིས་ཤོག །དགེའོ། །ཞེས་པའང་རྡོ་རྗེའི་མཆེད་པོ་རྣམས་ཀྱི་ལག་རྩེད་སྦྱང་ཞོར་ལ་རྩེ་མཚར་དུ་ཤར་མར་བྲིས་པ་པྲཛྙཱ་བཛྲས་སོ།། །།

Footnotes

Other Information