འཇམ་དཔལ་རྒྱུད་ལུགས་ཀྱི་སྒྲུབ་ཆེན་སྐབས་ཀྱི་སྟོང་ཐུན་ཉེར་མཁོ།

From Khyentse Lineage - A Tsadra Foundation Project
Revision as of 09:33, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

JKCL-KABUM-05-CA-003
Wylie title 'jam dpal rgyud lugs kyi sgrub chen skabs kyi stong thun nyer mkho JKCL-KABUM-05-CA-003.pdf
Location chos kyi blo gros bka' 'bum
Volume 5, Text 3, Pages 97-118 (Folios 1a to 11b6)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. 'jam dpal rgyud lugs kyi sgrub chen skabs kyi stong thun nyer mkho. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 5: 97-118. Bir, H.P.: Khyentse Labrang, 2012.
Genre Activity Manual - las byang  ·  Ritual and Liturgical Texts - cho ga phyag len  ·  Sadhanas - Evocation Ritual - sgrub thabs
Deity 'jam dpal dbyangs
Colophon

།ཅེས་པའི་སྟོང་ཐུན་འདི་ཡང་ཀཿཐོག་རྒྱུད་སྡེ་ལྷ་ཁང་དུ་སྒྲུབ་མཆོད་ལ་ཉེ་བར་མཁོ་བས་མཁན་པོ་བསོད་ནམས་ནས་གསུངས་བསྐུལ་བཞིན་ཆོས་ཀྱི་བློ་གྲོས་པས་བྲིས་པའོ།

/ces pa'i stong thun 'di yang kaH thog rgyud sde lha khang du sgrub mchod la nye bar mkho bas mkhan po bsod nams nas gsungs bskul bzhin chos kyi blo gros pas bris pa'o/

1 Texts in this Section (sde tshan or chos tshan)

[edit]
༄༅། །འཇམ་དཔལ་རྒྱུད་ལུགས་ཀྱི་སྒྲུབ་ཆེན་སྐབས་ཀྱི་སྟོང་ཐུན་ཉེར་མཁོ་བཞུགས་སོ། ། མངའ་གསོལ་སྐབས། འོད་ལམ་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དཀྱིལ་འཁོར་ཆེན་པོར་ཚོམ་བུ་ཚོགས་ཀྱི་སྒྲུབ་པའི་དགའ་སྟོན་ཆེན་པོ་ཉམས་སུ་མྱོང་བ་འདི་ཡང་ཕུན་སུམ་ཚོགས་པ་ལྔ་ཡི་རང་བཞིན་དང་ལྡན་པ་སྟེ། ཇི་སྐད་དུ། དང་པོ་ཕུན་སུམ་ཚོགས་ལྡན་ཏེ། །ཚད་ཕྱིན་རབ་འབྱམས་སློབ་དཔོན་གྱིས། །སྣོད་དང་ལྡན་པའི་འཁོར་བསྡུས་ནས། །གཞུང་དང་མཐུན་པའི་གནས་དག་ཏུ། །ས་ཆོག་རྫོགས་བྱས་གནས་ཁང་ལྡན། །དགྱེས་པ་ཚང་བའི་ཡོ་བྱད་རྫོགས། །དུས་ཆ་བཞི་ཡི་དང་པོ་ལ། །ཉི་ཟླ་གཟའ་སྐར་ཚེས་གྲངས་བརྟག །ཞེས་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་སྟེ། དེ་ཡང་ཆོས་ཀྱི་སྐུ་སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའི་དེ་བཞིན་ཉིད་ཤིན་ཏུ་རྣམ་པར་དག་པ་གཟོད་མ་ནས་འོད་གསལ་བ་སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་བདག་ཉིད་བརྟན་གཡོ་ཀུན་ཁྱབ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཐོག་མ་དང་ཐ་མ་མེད་ཅིང་སྐྱེ་འཆིའི་མཚན་མ་ལས་རིང་དུ་འདས་པ་སྟེ། ཕལ་པོ་ཆེ་ལས། སྲིད་དང་ཞི་ལས་རྣམ་གྲོལ་ཞིང་། །ཡོན་ཏན་རྒྱ་མཚོ་གཉིས་སུ་མེད། །སྤྲོས་པ་ཀུན་ལས་རབ་འདས་པའི། །བཅོམ་ལྡན་འདས་ནི་མཁའ་རབ་ཞི། །ཞེས་གསུངས་པ་ལྟར། ཐོག་མའི་སངས་རྒྱས་མགོན་པོ་འཇམ་པའི་དབྱངས། དེ་ཉིད་ནི་འདས་པ་དང་། ད་ལྟ་བ། མ་འོངས་པའི་སངས་རྒྱས་གཤེགས་ཤིང་བཞུགས་པ་ཐམས་ཅད་བསྐྱེད་པས་ན་རྒྱལ་བ་ཐམས་ཅད་ཀྱི་ཡབ་ཏུ་གྱུར་པ་སྟེ། རྨད་བྱུང་རྒྱལ་པོའི་རྒྱུད་ལས། ཐོག་མ་ཀུན་གྱིས་སྔོན་རོལ་དུ། །རང་སྣང་གཞི་ལ་མཐར་ཕྱིན་ཏེ། །སྔར་སངས་སྔ་ནས་རྒྱས་པའི་ཕྱིར། །ཐོག་མའི་ཀུན་ཏུ་བཟང་པོ་ནི། །འཁོར་འདས་ཀུན་གྱིས་སྟོན་པར་ཤར། །ཅེས་འབྱུང་བ་ལྟར་སྐུ་གསུམ་གྱི་ཞིང་ཁམས་ཚད་མེད་པའི་སྤྲིན་ཆེན་རྣམ་པར་བཀོད་དེ། དེ་རྣམས་སུ་གདུལ་བྱ་དང་འདུལ་བྱེད་ཀྱི་སྟོན་པ་བསམ་ལས་འདས་པས་སངས་རྒྱས་དང་བྱང་སེམས། སློབ་པ་དང་མི་སློབ་པ་དང་། ཉན་ཐོས་དང་རང་རྒྱལ་བ། ལྷ་དང་བཅས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོར་སྐུ་ཡི་སྣང་བ་ངེས་པ་དང་མ་ངེས་པའི་རྣམ་པར་རོལ་པའི་སྒྱུ་འཕྲུལ་མཐའ་ཡས་པ་དང་། གསུང་གིས་ཀྱང་སྒྲ་ཚིག་རང་མཚན་ལས་འདས་པའི་ཆོས་ཀྱི་སྒྲ་དབྱངས་ཇི་སྙེད་གདུལ་བྱའི་བློ་ཡི་རིམ་པ་དང་མཚུངས་པར་སྔ་ཕྱི་རེས་འཇོག་མ་ཡིན་པར་དུས་གཅིག་ཆར་དུ་རང་རང་གི་སྒྲ་སྐད་དུ་སྣང་བ་དང་། ཐུགས་ནི་ཡེ་ཤེས་ཆེན་པོ་རྒྱ་མཚོ་དང་། ནམ་མཁའ་ལྟར་ཟབ་ཅིང་རྒྱ་ཆེ་བ་ལ་གཡོ་བ་མ་མཆིས་ཀྱང་། སྔོན་གྱི་སྨོན་ལམ་གྱི་ཆོ་འཕྲུལ་ཆེན་པོ་རང་སྣང་བའི་རྩལ་ལས་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱི་འཇུག་པ་སྐད་ཅིག་རེར་ཡང་སེམས་ཅན་རྒྱ་མཚོ་སྨིན་པ་དང་། ཡོངས་སུ་གྲོལ་བ་བྱེད་པ་སྟེ་མདོར་ན་དེ་བཞིན་གཤེགས་པ་འཇམ་དཔལ་གྱི་སྐུ་ཡི་བ་སྤུའི་ཁུང་བུ་རེར་ཡང་ཞིང་བསམ་གྱིས་མི་ཁྱབ་པའི་རྒྱན་གྱིས་བརྒྱན་པའི་ལོངས་སྤྱོད་རྫོགས་པ་ཆེན་པོའི་བདག་ཉིད་དུ་བཞུགས་པ་སྟེ། དཀོན་མཆོག་བརྩེགས་པ་ལས། ནམ་མཁའ་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །སྐུ་ཡི་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱི་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གི་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་དང་། སྡོང་པོ་བཀོད་པའི་མདོ་ལས། སྤུ་ཡི་རྩེ་མོ་གཅིག་ལ་ཡང་། །ཞིང་རྣམས་བྱེ་བ་བསམ་མི་ཁྱབ། །སྣ་ཚོགས་དབྱིངས་ཀྱང་ཐ་དད་དེ། །དེ་དག་འདྲེས་པར་གྱུར་པ་མེད། །ཅེས་གསུངས་པ་ལྟར་སྐུ་གསུང་ཐུགས་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་ཤིང་སྒྲིབ་གསུམ་ལས་རྣམ་པར་གྲོལ་བ་དྲི་མ་མེད་པའི་སྐུ་པདྨ་ལྟར་དག་ཅིང་གཙང་བ་དེ་བཞིན་གཤེགས་པ་ཐམས་ཅད་དང་སྤྱོད་ཡུལ་རོ་གཅིག་ཏུ་མཉམ་པ་སྐུ་གསུམ་དབྱེར་མི་ཕྱེད་པའི་བདག་ཉིད་ཆེན་པོ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་བླ་མར་གྱུར་པ་འཇམ་དཔལ་སྨྲ་བའི་སེང་གེ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་ཀུན་ཏུ་ཚུགས་པ་མེད་ཅིང་། གསང་བ་གསུམ་གྱི་གཟི་བརྗིད་ཀྱི་འོད་ཟེར་བྱེ་བ་འབུམ་གྱིས་ཕྲེང་བས་མཛེས་ཤིང་བལྟ་ན་སྡུག་པ། འཁོར་གྱིས་དཀྱིལ་འཁོར་ཐམས་ཅད་ཟིལ་གྱིས་གནོན་པ། ཐབས་ལ་མཁས་པའི་ཕྲིན་ལས་ཀྱི་མཐུ་དཔག་ཏུ་མེད་པར་རྒྱལ་བ་རྣམས་ཀྱིས་འགྲན་དུ་མི་བཟོད་ཅིང་། དཀྱིལ་འཁོར་རབ་འབྱམས་ཀྱི་སྤྲོ་བསྡུའི་བདག་པོ་ཁྱབ་བདག་འཇམ་དཔལ་རྡོ་རྗེ་ཉིད་རིགས་བརྒྱའི་སྒྱུ་འཕྲུལ་དྲ་བ་ཆེན་པོ་དཀྱིལ་འཁོར་གཅིག་ཏུ་བསྡུས་པ་གསང་ཆེན་རིགས་གཅིག་ཏུ་སྒྲུབ་པའི་ཐབས་ཚུལ་ངོ་མཚར་རྨད་དུ་བྱུང་བ་སྟེ། དེ་ཡང་གནས་ཕུན་སུམ་ཚོགས་པ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གང་དུ་མངོན་པར་བྱང་ཆུབ་པའི་གནས་རི་རབ་ལྷུན་པོའི་ལྷོ་ཕྱོགས་ཛཾ་བུའི་དཔལ་དང་ལྡན་པའི་ཞིང་གི་བྱང་ཕྱོགས་ཁ་བ་ཅན་ཞེས་པའི་ནང་གསེས་སྙིང་རྗེའི་གཏེར་ཆེན་ལྷ་མཆོག་གངས་རིའི་མདངས་ལྡན་གྱིས་ཕྱག་མཚན་དུ་བཞེས་པའི་ཡུལ་དབུས་ལྷ་ལྡན་གྲུ་འཛིན་གྱི་ཉིན་བྱེད་དབང་པོ་འཆར་བའི་ཤར་ཕྱོགས་དྭངས་བསིལ་གྱི་རི་བོ་རྩེ་མོ་ལྔ་པ་ཞེས་ལྷ་དང་དྲང་སྲོང་གྲུབ་པའི་ཚོགས་ཀྱིས་བསྟེན་པ་བློ་གཏེར་རྡོ་རྗེ་རྣོན་པོའི་ཡེ་ཤེས་ཀྱི་སྐུ་ཡི་ཆ་ཤས་གཅིག་ནི་གནས་དེ་ན་རྟག་ཏུ་དགྱེས་ཤིང་རོལ་པ་གང་གི་སྐུ་ཡི་འོད་ཟེར་དམར་སེར་ལི་ཁྲིའི་རྡུལ་བརྩེགས་ཀྱི་ཕུང་པོ་དང་། དེའི་ཐོད་ནས་སྣང་བྱེད་བདག་པོ་འཆར་ཁའི་མདངས་དང་འགྲོགས་ཏེ་ནུབ་ཕྱོགས་བདེ་ལྡན་བོད་དང་བོད་ཆེན་ལྗོངས་སུ་རྟག་ཏུ་ཁྱབ་པའི་ཐུགས་རྗེས་འཚོ་བ་ལས་མི་རྣམས་དགེ་བཅུར་སྤྱོད་ཅིང་རང་བཞིན་བཟང་བ་ཅན་དུ་གནས་པའི་བོད་ཆེན་ས་ཡི་ཐིག་ལེ་རིག་གསུམ་སྤྲུལ་པའི་ཞིང་ཁམས་འཕགས་པ་འཇམ་དཔལ་ཉིད་མི་ཡི་ཤ་ཚུགས་སུ་སྣང་བ་བདེ་གཤེགས་སྤོབས་པ་མཐའ་ཡས་དགྱེས་པའི་གྲུབ་རི་གཉིས་པ་འོག་མིན་ཀཿཐོག་རྡོ་རྗེ་གདན་ཞེས་གཙུག་ལག་གི་གཞུང་ནས་བསྟན་པའི་ས་ཡི་དཔྱད་མ་ཚང་བ་མེད་པ་སྟེ། སྒྱུ་འཕྲུལ་ལས་རིམ་ལས། ཟུར་བརྒྱད་ལ་སོགས་རྩེ་མང་དང་། །ཆུ་བོ་ཤིན་ཏུ་མང་པོ་ཡང་། །མཉམ་ཞིང་ཡིད་འོང་ཁ་ཡི་ཆུ། །ཉི་མ་ཤིན་ཏུ་གནས་པ་ནི། །ནམ་མཁའི་མཚན་ཉིད་ཤེས་པར་བྱ། །མཐོ་དང་མདུད་ས་ནུབ་བྱང་ཡིན། །ཤར་ལྷོ་གཞོལ་ཞིང་འཇམ་པ་ལ། །ཐོ་སྒྲོ་གྲོག་མདོ་ཆུ་སྣ་ཚོགས། །དལ་དབང་སྒྲ་ཡི་མཚམས་བརྟག་བྱ། །ལྷུན་སྡུག་རི་བོ་ནགས་ཚལ་ལྡན། །རབ་ཏུ་འཇམ་ཞིང་སྣུམ་བག་ཅན། །ཆུ་བོ་དབང་གི་ཕྱོགས་ཡིན་ཏེ། །ཅུང་ཟད་ཀྱིས་ནི་རླུང་ཉུང་ཞིང་། །མེ་ཏོག་ཤིང་ཚལ་བྱ་རྐང་བརྟག །ལོ་རྒྱུས་ཤེས་པའང་མཆོག་ཏུ་གསུངས། །བདག་ཉིད་བརྟགས་ཤིང་ཉམས་དགའ་དང་། །བསམ་གཏན་དགྲ་ལས་རིགས་གྱུར་པ། །རང་ཁྱིམ་ལ་སོགས་དེ་བཞིན་ཏེ། །ནན་ཏན་ནུས་མཐུ་ལྡན་ཕྱིར་ཡིན། །ཞེས་པ་ལྟར་མཚན་ཉིད་ཐམས་ཅད་ཡོངས་སུ་ཚང་བ་ལགས། ནམ་ཞིག་སྒྲུབ་པའི་དུས་ཀྱི་ཁྱད་པར་ལ། རྒྱས་པ་ལས། དུས་ནི་ཡར་ངོའི་བརྒྱད་ལ་བརྩམས། །ཤིན་ཏུ་སྐར་མ་རྒྱལ་ལ་བརྩམས། །བྱང་ཆུབ་སྤྱོད་པ་ཆེར་སྤྱོད་པས། །གསུང་མཆོག་དངོས་གྲུབ་ཐོབ་བྱའི་ཕྱིར། །གཟའ་སྐར་ཤེས་པའང་བླང་བར་བྱ། །ཞེས་གསུངས་པ་ལྟར་རྟ་བདུན་དབང་པོ་ཁྱུ་མཆོག་གི་ཁྱིམ་དུ་བསྐྱོད་ཅིང་རྒྱུ་སྐར་གྱི་ལྷ་མོ་ས་གས་ཉ་བའི་ཟླ་བ། བདག་ཅག་གི་སྟོན་པ་ཉིད་སྐུ་བལྟམ་པ་དང་མངོན་པར་བྱང་ཆུབ་པ་དང་། ཡོངས་སུ་མྱ་ངན་ལས་འདས་ཏེ་རྒྱལ་བའི་དུས་ཆེན་གསུམ་འཛོམ་དང་ཁྱད་པར་འཇམ་དཔལ་དབྱངས་ཉིད་སྙིགས་མ་རྩོད་པ་རྒྱས་པའི་དུས་སུ་ལྟ་བ་ངན་པའི་ཚང་ཚིང་སེལ་བར་བྱེད་པ་ལ་བསམ་བཞིན་བྱོན་པ་ཀུན་མཁྱེན་མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱ་མཚོ་ཞེས་མཚན་གྱི་སྙན་པ་ཕྱོགས་བཅུར་རྒྱས་པ་དེ་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀློངས་སུ་ཐིམ་པའི་དམར་ཕྱོགས་ཀྱི་དུས་དང་ཚེས་བཟང་པོར་རྗེས་དྲན་གྱི་མཆོད་པ་སྟེ། སྡོམ་འབྱུང་ལས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །ཞེས་དང་། གསང་འདུས་ལས། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་བས། །བླ་མའི་བ་སྤུ་ཁུང་གཅིག་མཆོག །ཞེས་སོགས་བསོད་ནམས་ཚད་མེད་པའི་འཇུག་ངོགས་དམ་པར་གྱུར་པའོ། །སྟོན་པ་ཕུན་སུམ་ཚོགས་པ་ནི། གསལ་བཀྲ་ལས། སྤྱི་དང་འདྲེན་པ་དམ་ཚིག་དང་། །ཉམས་ཆག་སྐོང་དང་ཤེས་རྒྱུད་གྲོལ། །མན་ངག་ལུང་གི་སློབ་དཔོན་རྣམས། །ཞེས་པ་ལྟར་ཀུན་གྱིས་དམ་པར་བསྐུར་ཞིང་བཀའ་དྲིན་ཐོབ་པ་སྤྱི་ཡི་བླ་མ་ཆོས་སྒོར་འདྲེན་པའི་སློབ་དཔོན། ཤེས་རྒྱུད་གྲོལ་བ། མན་ངག་སྟོན་ཅིང་ལུང་འབོག་པ། ཉམས་ཆགས་སྐོང་བའི་བླ་མ། དམ་ཚིག་དབང་གི་སློབ་དཔོན་ཏེ། དེ་ཡང་དབང་བསྐུར་བའི་སློབ་དཔོན་ནི། ཇི་སྐད་དུ། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་པ་ལྟར་གྱི་མཚན་ཉིད་དང་ལྡན་པའི་རྡོ་རྗེ་རྒྱལ་པོ་ཉིད་དགོངས་པ་ཆོས་ཉིད་ལས་མི་གཡོ་བཞིན་དུ་ཐུགས་རྗེའི་ཕྲིན་ལས་ཚད་མེད་པས་གང་འདུལ་འགྲོ་བའི་དོན་སྒྲུབ་པ་ལ་ཐོགས་པ་མི་མངའ་ཞིང་མཁྱེན་བརྩེ་ནུས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་བདག་ཉིད་དུ་བཞུགས་པའོ། །འཁོར་ཕུན་སུམ་ཚོགས་པ་ཡང་དད་པ་དང་བརྩོན་འགྲུས་ལྡན་ཞིང་ཤེས་རབ་དང་དབང་པོ་གསལ་བ་མཁས་ཤིང་ཡིད་གཞུངས་པ། སྙིང་རྗེ་ཆེ་བ། ཕྱི་སོ་ཐར་གྱི་ངུར་སྨྲིག་གི་རྒྱལ་མཚན་བརྟེན་པ། ནང་དུ་གཞན་ཕན་བྱང་ཆུབ་སེམས་ཀྱི་བདུད་རྩིས་གཏམས་པ། གསང་བ་ཟབ་མོའི་དབང་ཐོབ་ཅིང་བསྐྱེད་རྫོགས་ཀྱི་དོན་ལ་གནས་ཤིང་སྡོམ་པ་དང་དམ་ཚིག་ལ་བརྩོན་པ་སྒྲུབ་པའི་མན་ངག་ལ་མཁས་པ། དབང་ཐོབ་པའི་རྡོ་རྗེ་སློབ་དཔོན་ལ་གུས་པ་དང་ལྡན་ཞིང་བསྙེན་བཀུར་ལ་བརྩོན་པ་སྟེ། ཇི་སྐད་དུ། དད་དང་སྙིང་རྗེས་སེམས་རབ་དུལ། །སྔགས་ཀྱི་ལམ་མཆོག་དོན་གཉེར་བ། །ཞེས་འབྱུང་བ་ལྟར་གྱི་མཚན་ཉིད་དང་ལྡན་པའི་འདུས་པ་རྒྱ་མཚོའི་ཚོགས་རྡོ་རྗེའི་རིག་པ་འཛིན་པ་ཤ་སྟག་གི་ཡོངས་སུ་བསྐོར་བ་ལགས། སྒྲུབ་པར་བྱ་བའི་ཆོས་ཀྱི་རིམ་པ་ཕུན་སུམ་ཚོགས་པ་དང་། ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ། ལུང་ཐམས་ཅད་ཀྱི་སྤྱི་འགྲེལ། བསྟན་པ་ཐམས་ཅད་ཀྱི་ཉིང་ཁུ། རིག་འཛིན་གྲུབ་ཐོབ་རྣམས་ཀྱི་དགོངས་པའི་ཞེ་ཕུག །ཡེ་ཤེས་ཀྱི་ཌཱ་ཀི་མ་རྣམས་ཀྱི་སྙིང་ཁྲག །འཇམ་དཔལ་རྫོགས་པ་ཆེན་པོ་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་བསྟན་དོན། མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱིས་ཐུགས་ཀྱི་ཉིང་ཁུ། ཚེ་གཅིག་ལ་འཕོ་ཆེན་རྡོ་རྗེའི་སྐུ་བརྙེས་པར་བྱེད་པ་ཉམས་ལེན་བྱིན་རླབས་ཀྱི་དྲོད་ཚད་མ་ཉམས་ཤིང་ཌཱ་ཀིའི་ཞལ་རླངས་དང་ལྡན་པ་ཉིད་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱིས་བརྒྱན་ཏེ་སྤྲོས་བཅས་དང་འབྲེལ་བ་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཡོ་བྱད་ཀྱང་། དགྲ་བཟློག་གི་མཚོན་ཆ། ནད་སེལ་གྱི་སྨན། འཚོ་བ་ཡོ་བྱད་མཐའ་གཉིས་སུ་མ་ལྷུང་བ། དངོས་གྲུབ་ཀྱི་རྫས་ཚང་ཞིང་ཉམས་པ་མེད་པ། དམ་ཚིག་གི་རྫས་ཚང་ཤིང་བརྟེན་དུ་ཡོད་པ། དངོས་གྲུབ་སྒྲུབ་པའི་རྟེན་སྐོངས་མཆོད་པའི་ཡོ་བྱད་སོགས་མ་ཚང་བ་མེད་པས་སྒྲུབ་པའི་ལས་རིམ་ཀྱང་དང་པོར་ས་ཡི་ཆོ་ག་དང་། ནུབ་གཉིས་པ་སྟ་གོན་གྱི་རིམ་པ་རྣམས་སྔོན་དུ་ལེགས་པར་གྲུབ་ནས་རྒྱན་བཀྲམ་ནས་སྒྲུབ་པ་པོ་གནས་སུ་བཀོད་པ་སྐབས་སུ་བབ་པ་སྟེ། དེ་ཡང་དཀྱིལ་འཁོར་གྱི་བདག་པོ་སངས་རྒྱས་ཀྱི་གདུང་འཚོབ། སྟོན་པ་རྡོ་རྗེ་རྒྱལ་པོ་དང་ཕྲིན་ལས་རྣམ་བཞིར་དབང་འབྱོར་དམ་ཆོས་ཆར་འབེབས་རྡོ་རྗེ་རྒྱལ་ཚབ། ཡབ་ཀྱི་དགྱེས་བསྐྱེད་རྡོ་རྗེ་ཡུམ་ཆེན། ཕྲིན་ལས་གཞུང་སྲོང་རྡོ་རྗེ་ཀརྨ། བར་ཆད་འདུལ་བའི་རྡོ་རྗེ་མཚམས་པ། དྲོད་ཚད་འཛིན་པའི་རྡོ་རྗེ་སྤྱན་པ། བགེགས་སྤྲད་པའི་རྡོ་རྗེ་གིང་ཆེན། དུས་ཚོད་འཛིན་པ་རྡོ་རྗེ་དུས་མཚམས། གཡོ་བསྐོལ་གྱི་ལས་ལ་མཁས་པའི་རྡོ་རྗེ་ཕྱག་ཚང་། དམ་ཚིག་ཆེ་ཞིང་བརྩེ་གདུང་ཆེ་བའི་རྡོ་རྗེ་བྱན་པོ། གཙང་སྦྲ་ཆེ་ཞིང་རྟག་ཏུ་བཀའ་སྒྲུབ་རྡོ་རྗེ་རྡུལ་ཕྱག་པ་རྣམས་རང་རང་གི་ལྟ་དགོངས་ཏིང་ངེ་འཛིན་དང་ལས་དེ་དང་དེ་སྒྲུབ་པ་ལ་གཞོལ་བའི་ཐུགས་ཀྱི་འདུན་པ་རྩེ་གཅིག་པས་ཚིག་འདི་རྣམས་ཀྱི་རྗེས་ཟློས་མཛད་པར་ཞུ། །། །༈མ་ཊཾ་བསྒྲལ་ཆོག་སྐབས་ལ། འོ་ད་ལམ་སྔོན་བྱུང་གི་སྟོན་པའི་རྣམ་ཐར་རྗེས་འཇུག་ཉམས་ལེན་གྱི་ཚུལ་དུ་མ་ཊཾ་བསྒྲལ་བའི་ཆོ་ག་བགྱི་བ་ལ། དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པོ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་པ་ལྟར་ཆོས་ཉིད་ཞི་བའི་ངང་ལས་སྙིང་རྗེ་ངང་གི་ཁྲོས་པས་གདུལ་བྱ་གདུག་པ་ཅན་འདུལ་བ་སྟེ། དེ་ཡང་སྔོན་བསྐལ་པ་ཀུན་དགའ་ཞེས་བྱ་བར་གསང་སྔགས་ཀྱི་ལྟ་སྤྱོད་ལས་ལོག་པར་གོལ་བའི་རུ་ཏྲ་ཐར་པ་ནག་པོ་འཇིག་རྟེན་དུ་བྱུང་བ་སྔོན་གྱི་སྨོན་ལམ་དྲག་པོ་དང་གསང་སྔགས་སྤྱད་ཉེས་པའི་མཐུ་བཙན་པོས་སྟོབས་དང་ལྡན་པར་གྱུར་ཏེ་གཟུགས་ཁམས་མན་ཆད་དབང་དུ་བསྡུས་པ་ན་གསང་བའི་བདག་པོ་དཔལ་ཆེན་པོ་སྤྲུལ་ཏེ་བཏུལ་ཞིང་ཁོག་པ་གཞལ་ཡས་ཁང་དུ་བྱིན་གྱིས་རླབས། ཡན་ལག་དང་དོན་ཁྲོལ་རྣམས་དུར་ཁྲོད་བརྒྱད་དུ་བཀོད་པར་མཛད་པ་དང་། ཡང་འཇམ་དཔལ་ཉིད་ཁྲོ་བོ་ཐམས་ཅད་ཀྱི་རྗེ་བཙུན་གཤིན་རྗེ་གཤེད་པོའི་སྐུར་བསྟན་ནས་ལྷོ་ཕྱོགས་ས་འོག་རིམ་དགུའི་ཐོད་པ་ལྕགས་ཀྱི་གྲོང་ཁྱེར་ན་གནས་པའི་གཤིན་རྗེའི་ཚོགས་འཁོར་དང་བཅས་པ་བཏུལ་བ་དང་དེ་དག་ཀྱང་བསྟན་པ་སྲུང་བར་བསྐོས་ཤིང་འཁོར་རྣམས་བྲན་དང་འབང་སུ་བཀོལ། ཆས་རྣམས་ཧེ་རུ་ཀ་ཆེན་པོས་རྒྱལ་བྱེད་དཔའ་རྟགས་ཀྱི་ཚུལ་དུ་བཞེས་པ་དང་མཐུན་པར་དེང་འདིར་སྒྲུབ་པ་པོ་རྣམས་ཀྱིས་ཀྱང་གསང་བ་མཆོག་གི་གཞལ་མེད་ཁང་ཆེན་པོར་གདོད་ནས་གྲུབ་པ་ལ་སླར་ཡང་བྱིན་གྱིས་རླབས་ཤིང་སྒྲུབ་པའི་གཞི་བཀོད་པ་ལ་དགོངས་པ་མི་འགྱུར་བའི་གཟེར་དང་། ཡི་དམ་ལྷ་ཡི་ང་རྒྱལ་བརྟན་པོས་མ་ཏྲཾ་བསྒྲལ་བའི་ལས་རིམ་ལ་འཇུག་པར་ཞུ། །། །༈ཆས་ཀྱི་མངའ་གསོལ་སྐབས། འོ་ད་ལམ་སྒྲུབ་པ་པོ་རྣམས་ཡེ་ནས་རང་བཞིན་རྣམ་པར་དག་པ་ལྷ་ཡི་དཀྱིལ་འཁོར་སྟེ། བདེ་མཆོག་ལས། འགྲོ་བ་འདི་དག་རང་བཞིན་གྱིས་གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་དང་། གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཞེས་པ་ལྟར། གདོད་ནས་རང་བཞིན་ལྷུན་གྲུབ་ཏུ་གནས་པ་དེ་ཉིད་མངོན་དུ་བྱེད་པའི་ཏིང་ངེ་འཛིན་གྱིས་མ་དག་པའི་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་འཁོར་ལོ་སྡོམ་པ་ནི་གསང་སྔགས་ཀྱི་ལམ་གྱི་སྲོག་ཏུ་གྱུར་པ་སྟེ། དེ་དང་མཐུན་པའི་ལྷ་ཡི་རྣམ་པ་དང་། མོས་པ་ལམ་བྱེད་ཀྱི་ཚུལ་དུ་རྒྱན་དང་ཆས་གོས་ཀྱི་མངའ་གསོལ་བ་ལ། ངོ་ཚ་དང་ཁྲེལ་ཡོད་ཀྱི་རྟགས་སུ་སྟོད་གཡོགས། སྨད་གཡོགས། ནང་གི་དེ་ཉིད་བསྒྲོད་པས་ས་ཡི་རྩེ་མོར་སོན་པའི་རྟགས་སུ་གཙུག་ཏོར་ནོར་བུའི་ཏོག་ཅན་དང་། ཚོགས་བརྒྱད་གནས་སུ་དག་པའི་བརྡར་རིན་པོ་ཆེའི་རྒྱན་བརྒྱད་དང་། ཕ་རོལ་ཕྱིན་དྲུག་རྫོགས་པའི་རྟགས་སུ་རུས་པའི་རྒྱན་དྲུག །ཡེ་ཤེས་ལྔ་མཚོན་པའི་རྡོ་རྗེ་རྩེ་ལྔ། ཉོན་མོངས་དུག་གསུམ་འཇོམས་པའི་ཁ་ཊྭཱྃ། བདེ་བ་ཆེན་པོ་མཚོན་པའི་རྟགས་ཐོད་པ་བདུད་རྩིས་བཀང་བ། མི་ཤེས་འཇོམས་པའི་རལ་གྲི། ཤེས་བྱ་རབ་འབྱམས་མཁྱེན་པའི་རྟགས་སུ་གླེགས་བམ། ཐབས་ཤེས་མཚོན་པའི་མདའ་གཞུ། མི་འཇིགས་པ་མཚོན་པའི་སེང་ཁྲི། འཁོར་བའི་ཉེས་པས་མ་གོས་པའི་རྟགས་གདན་པདྨ། ཁམས་དཀར་དམར་དག་པའི་རྟགས་ཉི་ཟླ། འོད་དང་གཟི་བརྗིད་སྲེད་མེད་ཀྱི་བུས་ཀྱང་མི་ཕིགས་པའི་གོ་ཆ་སྲ་བའི་གོས་དང་གསུང་ཡི་གེའི་འཁོར་ལོ་འགྱུར་ཞིང་ཆོས་ཐམས་ཅད་གཞོམ་མེད་རྡོ་རྗེ་ནཱ་དའི་རང་སྒྲ་ཤར་བའི་རྟགས་ཨཀྵ་ལྔ་བཅུ། སྐྱེ་འཆི་བསྒྲེས་རྒུད་སྤངས་པའི་རྟགས་ཚེ་ཡི་བུམ་པ་རྣམས་ཀྱི་མངའ་གསོལ་བས་མཚན་དང་དཔེ་བྱད་ཀྱི་དཔལ་འབར་བ། འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོར་གྱུར་པའི་ཐུགས་མོས་དང་བཅས་རྗེས་ཟློས་གནང་བར་ཞུ། །། །༈མར་མེའི་སྨོན་ལམ་སྐབས། འོ་ད་ལམ་ཕུན་སུམ་ཚོགས་པ་ལྔ་ཡི་སྒྲུབ་པའི་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞི་ཡི་ཁོག་ཕུབ། མཐའ་རྒྱས་དངོས་གྲུབ་བླངས་ཤིང་རྗེས་ཀྱི་བྱ་བ་རྣམས་ལེགས་པར་གྲུབ་ནས་ལེགས་བྱས་དགེ་ཚོགས་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་སྟོན་པ་རྡོ་རྗེ་རྒྱལ་པོའི་ཞབས་དྲུང་དུ། བདག་གཞན་དཀྱིལ་འཁོར་འདིར་འཚོགས་པ་ཐམས་ཅད་རྡོ་རྗེའི་རིགས་གཅིག་ཏུ་བྱས་ཏེ་ཚོམ་བུ་གཅིག་ཏུ་འཚོགས་ཤིང་མི་འབྲལ་བའི་ཕྱིར་མར་མེའི་སྨོན་ལམ་གདབ་པ་སྐབས་སུ་བབ་པ་ཡིན། དེ་ཡང་སྒྲུབ་པ་ཟབ་མོ་འདི་ནི་འཕགས་པ་འཇམ་དཔལ་གྱི་རྒྱུད་ལེའུ་ཁྲི་དྲུག་སྟོང་པ་ལས་ཟུར་དུ་བཀོལ་བ་བསྟོད་པ་གླུ་བླངས་ཀྱི་ལེའུ་ཞེས་ཀྱང་གྲགས། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་འདི་ནི་བསྟན་པ་ཐམས་ཅད་ལ་ཁྱབ་ཅིང་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་བྱེད་པ། ཁྱད་པར་དུ་གཉིས་མེད་ཨ་ཏི་ཡོ་གའི་རྒྱུད་ཀྱི་སྦས་པ་ཁ་འབྱེད་པར་བྱེད་པས་འདི་འདྲ་འཇིག་རྟེན་གསུམ་ན་རྙེད་པར་དཀའ་ཞིང་མཚན་ཙམ་ཐོས་པར་དཀའ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལ་འཕགས་ཡུལ་དུ་སློབ་དཔོན་སྒེག་པའི་རྡོ་རྗེ། སངས་རྒྱས་ཡེ་ཤེས་ཞབས། རིགས་ལྡན་འཇམ་དཔལ་གྲགས་པ་རྣམས་ཀྱིས་རྒྱུད་འགྲེལ་སྒྲུབ་ཐབས་རྒྱ་ཆེར་བཀྲལ་བ་ལས། ཁྱད་པར་འཕགས་པ་སློབ་དཔོན་དགའ་རབ་རྡོ་རྗེ། པཎ་ཆེན་དྲི་མེད་བཤེས་གཉེན། ཨོ་རྒྱན་པདྨ་འབྱུང་གནས་རྣམས་ཀྱིས་རྫོགས་པ་ཆེན་པོ་ལྟར་བཀྲལ་ཞིང་རྒྱུད་སྒྲུབ་ཐབས་སུ་བསྡེབས་པར་མཛད་པ་སྟེ། དེ་ཡང་གདོད་མའི་དབྱིངས་སུ་རང་རིག་ཡེ་ཤེས་ནས་སངས་རྒྱས་པ་འཇམ་དཔལ་ཀུན་ཏུ་བཟང་པོ་ཉིད་རང་གདངས་འཇམ་དཔལ་རིགས་ལྔའི་རྣམ་པར་བཞེངས་པའི་བྱིན་རླབས་དགོངས་པའི་ཆུ་བོ་རིག་འཛིན་དགའ་རབ་རྡོ་རྗེ་ལ་སོགས་སྤྲུལ་པའི་སྐུ་མཆོག་རྣམས་ལ་བརྡའ་ཙམ་གྱི་བརྒྱུད་པ་ལས། འདིར་ནི་སློབ་དཔོན་ཆེན་པོ་འཇམ་དཔལ་བཤེས་གཉེན་ཞེས་འཇམ་དཔལ་དབྱངས་ཀྱི་ཡེ་ཤེས་ཀྱི་སྐུས་དངོས་སུ་རྗེས་སུ་བཟུང་བའི་རིག་འཛིན་ཆེན་པོ་དེས་སློབ་དཔོན་སྒེག་པའི་རྡོ་རྗེ་དང་ཤྲཱི་སེང་གེ་གཉིས་ལ་བཤད་སྒྲུབ་ཀྱི་བཀའ་སྲོལ་འབྱེད་པའི་ཚུལ་དུ་གཏད་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཤིང་རིག་འཛིན་ཤྲཱི་སེང་ཧས། སྤྲུལ་སྐུ་པདྨ་འབྱུང་གནས། པཎ་ཆེན་བི་མ་མི་ཏྲ། ལོ་ཆེན་བཻ་རོ་ཙཱ་ན་གསུམ་ལ་གནང་བ་ལས། བི་མ་ལས་སྙིང་པོའི་བཅུད་དྲིལ་གནས་བརྟན་ལྡང་མ་ལྷུན་རྒྱལ་དང་། རྒྱལ་སྲས་རྡོ་རྗེ་གླིང་པའི་གཏེར་བྱོན་ཀྱང་ཡོད་ལ་བོད་ཡུལ་འདིར་དཀྱིལ་འཁོར་གྱི་གཙོ་བོ་འཇམ་དཔལ་དབྱངས་ཉིད་ཀྱི་ཡེ་ཤེས་སྒྱུ་འཕྲུལ་དྲ་བའི་སྣང་ཆ་རིག་འཛིན་གྱི་རྒྱལ་པོ་ཤར་བ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་ཞེས་བྱ་བ་འཇམ་དབྱངས་བློ་ལྡན་མཆོག་སྲེད་ཉིད་ཀྱིས་གནུབས་ཆེན་སངས་རྒྱས་ཡེ་ཤེས་ལ་སོགས་པའི་རྗེ་འབངས་གྲུབ་པའི་ཚོགས་རྣམས་ལ་འཇམ་དཔལ་ཞི་ཁྲོའི་ཆོས་སྐོར་ཟབ་ཅིང་རྒྱ་ཆེ་བ་མང་དུ་སྤེལ་བར་མཛད་པའི་ཕྱི་མའི་དུས་ན་སྤྲུལ་པའི་གཏེར་སྟོན་ཆེན་པོ་རྣམས་ཀྱིས་རིམ་བཞིན་གཏེར་ནས་གདན་དྲངས་པའི་ཆོས་བཀའ་མང་དུ་མཆིས་པ་ལས་མཆོག་ཏུ་གྱུར་པ་འདི་ནི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་མཚན་ལྡན་གྱི་ཡུམ་ཤེལ་བཟའ་སྒྲོན་ཅིག་གཉིས་གདུལ་བྱའི་ཡུལ་དུ་གཟིགས་ནས་འཇམ་དཔལ་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ལ་བཤད་ཐབས་གསུམ་དུ་མཛད། དེ་ཡང་བཀའ་ཡི་འགྲེལ་པ་ལ་བརྟེན་ནས་རྒྱ་ཆེ་བ་སྤྱི་ལྟར་བཤད། རྒྱུད་ལ་བརྟེན་ནས་ཡང་འགྲེལ་མཛད། དེ་དག་ཀྱང་གང་ཟག་དབང་པོའི་རིམ་པ་གསུམ་གྱི་དཀྲི་ཚུལ་དུ་སྙིང་པོར་བསྡུས་ཏེ་གནང་བ། བརྩད་པོས། སྤ་གྲོ་རྩལ་གྱི་བྲག་ཕུག་གི་ཉི་མ་རིས་སུ་ཟླ་བ་གཅིག་གི་ཐུགས་དམ་གྱིས་རྒྱུད་གྲོལ། ཇོ་མོས་སྟག་ཚང་དཔལ་ཕུག་ཏུ་ལོ་བདུན་ཡེ་ཤེས་ཀྱི་སྐུ་ལ་ཐིག་ལེ་སྦྱང་པས་འཕོ་བ་ཆེན་པོའི་སྐུ་བརྙེས་ནས་པདྨ་འོད་ཀྱི་ཕོ་བྲང་དུ་གུ་རུའི་དྲུང་དུ་ཕེབས་གདམས་པའི་བླ་དཔེ་རྣམས་མ་འོངས་པའི་དོན་དུ་རྒྱུད་ཡང་སྙིང་ངོ་སྤྲོད། བཏགས་གྲོལ་སོགས་འཁོར་གྱི་གཤིན་རྗེ་གཤེད་དམར་པོའི་ཐུགས་ཀ་དང་ཡོངས་སུ་ཚང་བ་དཔལ་ཕུག་རྡོ་བ་གཡུ་ཕྲ་ཅན་གཉིས་སུ་གུ་རུ་རིན་པོ་ཆེས་གཏེར་དུ་སྦས་པས་རིམ་བཞིན་མངའ་བདག་གི་སྐྱེ་བ་བཅོ་ལྔ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་དང་མཚན་ལྡན་ཤེལ་གཟའི་རྣམ་འཕྲུལ་གསར་བ་བོན་སྟོན་པ་ཕྱོགས་མེད་གཉིས་ཀྱིས་གཏེར་ནས་གདན་དྲང་བའི་འཇམ་དཔལ་རྫོགས་པ་ཆེན་པོའི་ཆོས་བཀའ་དེ་ཉིད་དང་། གཞན་ཡང་ལྷ་སྲས་ཀྱི་སྐྱེ་མཐའ་གཏེར་སྟོན་ཆེན་པོ་སངས་རྒྱས་གླིང་པའི་གཏེར་ནས་གདན་དྲངས་པའི་འཇམ་དཔལ་ཟབ་རྒྱ་ཅན་གྱི་སྐོར་སོགས་བརྒྱུད་པའི་བཀའ་སྲོལ་ཇི་སྙེད་ཅིག་འདུས་པ་ལགས། དེ་ལྟར་བཀའ་གཏེར་གཉིས་ལྡན་སྒྲུབ་པ་ཟབ་མོ་འདི་ལ་གང་སྒྲུབ་པ་ཏིང་ངེ་འཛིན་གྱིས་ཡན་ལག་ཆོས་ཐམས་ཅད་འཇམ་དཔལ་གྱི་དཀྱིལ་འཁོར་དུ་བསྒྲུབ་པས་ལོངས་སྤྱོད་པར་བྱ་བའི་ཡུལ་དང་སྤྱོད་བྱེད་བདག་ཉིད་ལྷར་ཤར་བས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་རྣམས་མ་འཁྲུལ་བ་དང་། ཇི་ལྟར་སྒྲུབ་པ་མཐུན་པའི་ཡན་ལག །སྒྲུབ་གནས་མཚན་ཉིད་ཚང་ཞིང་ཉེར་མཁོའི་ཡོ་བྱད་ཚང་བ། སྒྲུབ་པའི་གྲོགས་སུ་འགྱུར་བའི་རྟེན་དང་དམ་རྫས་སོགས་མཐུན་རྐྱེན་མ་ཚང་བ་མེད་པ་དང་། གང་གི་སྒྲུབ་པའི་བློ་གཞན་རྐྱེན་གྱིས་མི་འཕྲོགས་ཤིང་དམ་བཅའ་བརྟན་པོས་ལེ་ལོ་དང་སྒྱིད་ལུགས་སོགས་ཀྱིས་ཞུམ་པའི་སེམས་འདོར་ཞིང་ཐེ་ཚོམ་དང་ཡིད་གཉིས་མེད་པའི་ངེས་པའི་ཤེས་པ་གཏིང་ཚུགས་པར་སྐྱེ་བ་དང་། སྒྲུབ་པའི་དུས་ཀྱི་ཡན་ལག་སྒྱུ་འཕྲུལ་རྩ་རྒྱུད་ལས། ཞག་ནི་སུམ་ཅུ་ཕྲག་དྲུག་གམ། བཅུ་གཉིས་བཅུ་བཞི་བཅུ་དྲུག་གི། དབང་བསྒྱུར་རིགས་ཀྱི་དམ་པ་འགྲུབ། །ཞེས་གསུངས་པ་ལྟར། མོས་བསྒོམ་གྱི་དབང་དུ་བྱས་ནས་བདུན་ཕྲག་གཅིག་ཏུ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལས་འབྱུང་བ་ལྟར་སྦྱོར་དངོས་རྗེས་གསུམ་ཚང་བར་སྒྲུབ་པས་གྲུབ་པའི་འབྲས་བུ་ནི། གསང་སྙིང་ལས། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞིང་ཁམས་རྣམ་དག་བསམ་ཡས་དང་། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་། །འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བར་མཉེས་པ་དང་། །རྒྱ་ཆེན་གསུང་ལ་དོན་ཕྱུང་བའང་། །མཐུན་པའི་ཡེ་ཤེས་རང་སྣང་བའོ། །ཞེས་དང་། ལེ་ལོ་སྒྱིད་སྙོམ་མེད་པ་ཡི། །ཐེ་ཚོམ་མེད་པར་བསྒྲུབ་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་ཐོབ། །ཞེས་གསུངས་པ་ལྟར་ཕ་རོལ་ཕྱིན་དྲུག་རྫོགས་པ་དང་ལམ་གྱི་རིམ་པ་རྣམས་བསྒྲོད་ནས་མཐར་འབྲས་ཡེ་ཤེས་བླ་མའི་ས་ཐོབ་པ་དང་། གནས་སྐབས་སུའང་ཚོགས་སྒྲུབ་བྱས་པའི་ཕན་ཡོན་ཀྱང་། ས་ལ་འཛུལ་ཞིང་རི་བྲག་ལ་ཐོགས་མེད་དུ་འགྲོ་བ་དང་། ལྷ་ཀླུ་ལྷ་མ་ཡིན་སོགས་དབང་དུ་འདུས། ནམ་མཁའ་ལ་བྱ་བཞིན་བགྲོད། ངག་གི་དབྱངས་སྙན་པ་དང་། ཚིག་བཙན་ཞིང་ནུས་པ་དང་ལྡན་པར་འགྱུར་བ་དང་། རྒས་སྲ་ཞིང་སྟོབས་དང་ལྡན་པ། འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ། རང་ལུས་འདོད་རྒུར་བསྒྱུར་བ། རང་གཞན་གྱི་གནོད་པ་ཞི་ཞིང་ཕྲིན་ལས་རབ་འབྱམས་ལ་རང་དབང་འབྱོར་པ་སོགས་ཕན་ཡོན་ཆེན་པོ་དང་ལྡན་ཞིང་། སྤྱིར་སངས་རྒྱས་གང་གཱའི་ཀླུང་གི་མཚན་བསྐལ་པ་མང་པོ་བརྗོད་པ་ལས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མཚན་ཙམ་བརྗོད་པ་ཕན་ཡོན་ཆེ་ཞིང་། སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ། གསུང་སྨྲ་བའི་དབང་ཕྱུག །ཐུགས་ཡེ་ཤེས་སེམས་དཔའ་སྟེ། མདོར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་ཏུ་གྱུར་པ་ཉིད། སྔོན་འདས་པའི་དུས་བདེ་གཤེགས་ཀླུ་ཡི་རིག་མཆོག །ད་ལྟ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་མོས་པ་རབ་དགའི་རྒྱལ་པོ། མ་འོངས་པ་ན་རྡུལ་བྲལ་ཡང་དག་བསགས་ཀྱི་ཞིང་ཁམས་སུ་མགོན་པོ་ཀུན་ཏུ་གཟིགས་སོགས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་སོགས་མཚན་དང་སྐུ་ཡི་རྣམ་འགྱུར་མཐའ་ཡས་པ་ཉིད། བླ་མེད་རྡོ་རྗེ་ཐེག་པའི་ཉེ་ལམ་གྱིས་སྒྲུབ་པས་སངས་རྒྱས་བྱང་སེམས་ཇི་སྙེད་ཅིག་སྐད་གཅིག་གིས་སྒྲུབ་པར་འགྱུར་བ་དང་། སྤོབས་པའི་གཏེར་ཆེན་པོ་བརྒྱད་གྲོལ་ཞིང་། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་ཤེས་རབ། མི་བརྗེད་པའི་གཟུངས། མངོན་པར་ཤེས་པ་དྲུག །རྒྱུན་གྱི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཚེ། གཡུང་དྲུང་ལྟ་བུའི་ལུས། འགྱུར་བ་མེད་པའི་སྐུ་མཆོག་མྱུར་དུ་ཐོབ་པའི་ས་བོན་ཐེབས་པ་ལ་དགའ་སྤྲོ་རྒྱ་ཆེན་པོ་བསྐྱེད་ནས། སྣང་གསལ་གྱི་མར་མེ་དྲི་མ་མེད་པ་འོད་གསལ་བའི་བརྡ་འདིས། དོན་རང་བྱུང་གི་ཡེ་ཤེས་མཚོན་པར་བྱེད་ཅིང་། དེ་ཡང་རྟེན་ལུས་ཀྱི་ཀོང་བུ་རྩ་རླུང་ཐིག་ལེའི་ཞུན་མར་ལ་ལམ་བསྐྱེད་རྫོགས་ཀྱི་སྡོང་བུ་བཙུགས་པས། དབྱིབས་སྔགས་ཆོས་གསུམ། ཡེ་ཤེས་ཕྱག་རྒྱའི་སྒྲོན་མེ་སྦར་བ་དང་། རྟེན་ཨ་བ་དྷུ་ཏིའི་ཀོང་བུར། ཁམས་དཀར་དམར་རླུང་དང་བཅས་པའི་ཞུན་མར་ལ། གཏུམ་མོ་ཨ་ཐུང་གི་སྡོང་བུ་བཙུགས་པས་ལྷན་སྐྱེས་ཡེ་ཤེས་ཀྱི་སྒྲོན་མེ་སྦར་བ་དང་། རྟེན་ཀུན་གཞི་ཀློང་ཆེན་ཡངས་པའི་ཀོང་བུར། བྱང་ཆུབ་སེམས་ཀྱི་ཞུན་མར་ལ་རིག་པ་ཡེ་ཤེས་ཀྱི་སྡོང་བུ་བཙུགས་པས་སྣང་བ་བཞིའི་སྒྲོན་མེ་སྦར་བས་སྲིད་གསུམ་གྱི་མ་རིག་པ་ཐམས་ཅད་འཇོམས་ནས་ཡེ་ཤེས་འོད་གསལ་གྱི་སྣང་བ་འབྱམས་ཀླས་པ་མཐའ་དང་མུ་མེད་པར་ཤར་བ་དང་། གལ་ཏེ་ཚེ་འདིར་མ་གྲོལ་ན་བར་དོ་ཆོས་ཉིད་ཀྱི་སྒྲོན་མེའི་འོད་ལ་ངོ་ཤེས་རྩལ་རྫོགས་བརྟན་པ་ཐོབ་ནས་གྲོལ་བ་དང་། སྲིད་པ་བར་དོར་འཕྱན་ན་ཡང་དཔལ་མགོན་རྩ་བའི་བླ་མའི་ཐུགས་རྗེའི་སྒྲོན་མེ་འོད་ཀྱི་སྣང་བས་གོ་ཕྱེས་ནས་ཐར་པའི་བཤུལ་ལམ་བསྙེགས་ཏེ་རང་བཞིན་སྤྲུལ་པའི་ཞིང་དུ་འཚང་རྒྱ་བར་འགྱུར་བའི་དགོས་ཆེན་སོགས་ཕན་ཡོན་མཐའ་ཀླས་པ་དང་། འཇམ་དཔལ་གྱི་རྒྱུད་ལས། ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །ཅེས་པ་ལྟར་གཞི་ལམ་འབྲས་གསུམ་ཐམས་ཅད་སྣང་གསལ་མར་མེ་འདི་ཡི་མཚོན་པར་བྱེད་ཅིང་མར་མེ་གཅིག་ལ་བལྟས་པའི་རྡོ་རྗེ་མཆེད་ལྕམ་རྣམས། ས་མཆོག་འོད་གསལ་རྡོ་རྗེ་རྩེ་མོར་མངོན་བྱང་ཆུབ་ཀྱི་བར་དུ་མི་འབྲལ་བར་འགྲོགས་ཤིང་སྟོན་འཁོར་དགོངས་པ་དབྱེར་མེད་པའི་ཐུགས་འདུན་དང་བཅས་ཏེ་མར་མེའི་སྨོན་ལམ་གྱི་རྗེས་ཟློས་གསུང་བར་ཞུ། །ཅེས་པའི་སྟོང་ཐུན་འདི་ཡང་ཀཿཐོག་རྒྱུད་སྡེ་ལྷ་ཁང་དུ་སྒྲུབ་མཆོད་ལ་ཉེ་བར་མཁོ་བས་མཁན་པོ་བསོད་ནམས་ནས་གསུངས་བསྐུལ་བཞིན་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །། །

Footnotes

Other Information