བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན།

From Khyentse Lineage - A Tsadra Foundation Project
Revision as of 09:00, 1 June 2024 by Jeremi (talk | contribs) (Text replacement - "Khyentse Metadata" to "Text")
(diff) ← Older revision | Latest revision (diff) | Newer revision → (diff)

DKR-KABUM-02-KHA-036
Wylie title bla ma'i rnal 'byor snying thig gsal sgron DKR-KABUM-02-KHA-036.pdf
Location dil mgo mkhyen brtse bka' 'bum
Volume 2, Text 36, Pages 177-181 (Folios 1a to 5b4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. Bla ma'i rnal 'byor snying thig gsal sgron. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 177-181. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor
Cycle ཟབ་ལམ་སྙིང་ཐིག་གསལ་སྒྲོན་ (zab lam snying thig gsal sgron)
Recension Link Other Versions on this site: བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན།, ཚོགས་མཆོད་ཡེ་ཤེས་དཔལ་སྟེར།
Lotsawa House Link https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/nyingtik-saldron; https://www.lotsawahouse.org/tibetan-masters/jamyang-khyentse-chokyi-lodro/nyingtik-saldron-tsok
Colophon
  • First colophon: །དེ་ལྟར་ཟབ་པའི་རྣལ་འབྱོར་འདི། །རང་ལ་སྦྱར་འོས་མི་ཆེ་ཡང༌། །ལྷ་རིགས་བདེ་སྐྱོང་དབང་མོ་ནི། །གཡུ་སྒྲོན་མཆོག་གི་གསུང་བསྐུལ་ངོར། །ཆོས་ཀྱི་བློ་གྲོས་ཞེས་བྱ་བས། །ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ལ། །གང་ཤར་ཐོལ་བྱུང་ཉིད་དུ་བྲིས། །དགེ་བས་འཁོར་བ་དོང་སྤྲུགས་ཤོག །ས་མ་པྟ་ྀཨཐི།
  • Second colophon: །ཞེས་པའང་སྡེ་དགེ་ལྷ་རིགས་སྲས་མོ་གཡུ་སྒྲོན་ནས་རྟེན་དང་བཅས་ཏེ་གསུང་གིས་བསྐུལ་བ་དང༌། མཁྱེན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་མངྒ་ལས་ཀྱང་བྲིས་ན་ལེགས་པའི་གསུང་བསྐུལ་ངོར། དེ་འཕྲལ་ཉིད་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་པདྨ་ཡེ་ཤེས་རྡོ་རྗེས་ཞུས་རིམ་བཞིན་མཆོག་སྤྲུལ་རིན་པོ་ཆེས་ཡི་གེར་མཛད་པ་འདིས་ཀྱང་རང་གཞན་གྱིས་རྒྱུད་ལ་ཚོགས་གཉིས་རླབས་པོ་ཆེ་གོང་དུ་འཕེལ་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ནཾ་བྷ་ཝ་ཏུ། །དགེའོ།།
  • First colophon: /de ltar zab pa'i rnal 'byor 'di/__/rang la sbyar 'os mi che yang*/__/lha rigs bde skyong dbang mo ni/__/g.yu sgron mchog gi gsung bskul ngor/__/chos kyi blo gros zhes bya bas/__/cho 'phrul zla ba'i tshes bcu la/__/gang shar thol byung nyid du bris/__/dge bas 'khor ba dong sprugs shog_
  • Second colophon: /zhes pa'ang sde dge lha rigs sras mo g.yu sgron nas rten dang bcas te gsung gis bskul ba dang*/__mkhyen gzigs mchog sprul rin po che mang+ga las kyang bris na legs pa'i gsung bskul ngor/__de 'phral nyid du 'jam dbyangs blo gros rgya mtsho'am pad+ma ye shes rdo rjes zhus rim bzhin mchog sprul rin po ches yi ger mdzad pa 'dis kyang rang gzhan gyis rgyud la tshogs gnyis rlabs po che gong du 'phel ba'i rgyur gyur cig__/sarba dA ka l+yA naM b+ha wa tu/__/dge'o//
Notes The text entry also includes the feast offering tshogs mchod ye shes dpal ster .
[edit]
༄༅། །བླ་མའི་རྣལ་འབྱོར་སྙིང་ཐིག་གསལ་སྒྲོན་བཞུགས་སོ།།

༄༅། །ན་མོ་གུ་ར་ཝེ། རང་རིག་བླ་མར་ཕྱག་འཚལ་ནས། །རྡོ་རྗེའི་ཡེ་ཤེས་འབེབས་པའི་ཐབས། །བྱིན་བརླབ་བླ་མའི་རྣལ་འབྱོར་ནི། །མདོར་བསྡུས་ཉུང་གསལ་སྙིང་པོར་སྤེལ། །བདེ་བའི་སྟན་ལ་བག་ཕེབས་ཏེ། །ངེས་འབྱུང་བྱང་སེམས་རྒྱུད་སྦྱོངས་ནས། ཨ། རང་རིག་ཀ་དག་ཆོས་ཀྱི་སྐུ། །རང་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས། །རིག་རྩལ་ཐུགས་རྗེ་སྤྲུལ་པའི་སྐུ། །རང་ངོ་ཤེས་པས་སྐྱབས་སུ་མཆི། །ཞེས་ལན་གསུམ། ཨ། མ་རིག་འཁྲུལ་པའི་སེམས་ཅན་རྣམས། །སྐུ་གསུམ་ས་ལ་འགོད་པའི་ཕྱིར། །སྨོན་འཇུག་བྱང་ཆུབ་སེམས་སྦྱངས་ཤིང༌། །རང་གྲོལ་ཆེན་པོར་སེམས་བསྐྱེད་དོ། །ལན་གསུམ། སེམས་ཅན་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང༌། །ཆོས་ཀུན་བཏང་སྙོམས་ལ་གནས་ཤོག །ཅེས་ཚད་མེད་བཞི་སྒོམ། ཨ། མདུན་མཁར་འཇའ་འོད་འཁྲིགས་པའི་ཀློང༌། །སེང་ཁྲི་པདྨ་ཟླ་ཉི་བརྩེགས། །སྟག་ལྤགས་སྡེར་བཞི་བགྲད་པའི་སྟེང༌། །པདྨ་ཡེ་ཤེས་རྡོ་རྗེ་ནི། །ཧེ་རུ་ཀཿདཔལ་རྣལ་འབྱོར་སྤྱོད། །དམར་སྨུག་འཛུམ་ཁྲོའི་ཉམས་ལྡན་པ། །ཕྱག་གཡས་ཐོད་པའི་ཌཱ་རུ་འཁྲོལ། །གཡོན་པས་མཉམ་བཞག་ཐོད་པ་བསྣམས། །རུས་རྒྱན་སྟག་ཤམ་དྲིལ་གཡེར་སྒྲོགས། །མཆན་གཡོན་རྡོ་རྗེའི་ཁ་ཊྭཱྃ་བཟུང༌། །སྣང་སྲིད་ཟིལ་གནོན་ཆེན་པོར་གསལ། །གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་ཐིམ། །ཧཱུྃ་ཧྲཱིཿ རང་བཞིན་རྣམ་དག་ཕོ་བྲང་ནས། །སྐྱེ་མེད་ཆོས་སྐུའི་བླ་མ་གཤེགས། །གསལ་རྫོགས་ཁྱབ་བརྡལ་ཕོ་བྲང་ནས། །འགག་མེད་ལོངས་སྐུའི་བླ་མ་གཤེགས། །རིག་རྩལ་འགྲོ་འདུལ་ཕོ་བྲང་ནས། །གནས་མེད་སྤྲུལ་སྐུའི་བླ་མ་གཤེགས། །སྐུ་གསུམ་དབྱེར་མེད་ཕོ་བྲང་ནས། །རྡོ་རྗེའི་བླ་མ་གཤེགས་སུ་གསོལ། །རྣལ་འབྱོར་བདག་ལ་བྱིན་གྱིས་རློབས། །བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཚོགས་བསགས་པ་ནི། ཨོཾ་ཨཱཿཧཱུྃ། རང་སྣང་རྣམ་དག་བླ་མ་ལ། །མཚན་འཛིན་བྲལ་བས་ཕྱག་འཚལ་ལོ། །དག་མཉམ་ཆོས་སྐུའི་མཆོད་པ་འབུལ། །སྡིག་སྒྲིབ་སྐྱེ་མེད་ཀློང་དུ་བཤགས། །མ་བྱས་དགེ་ལ་རྗེས་ཡི་རང༌། །གཞོམ་མེད་བརྗོད་བྲལ་ཆོས་འཁོར་བསྐོར། །མི་འགྱུར་རྟག་པའི་ཁྲི་ལ་བཞུགས། །ཟག་མེད་ཆོས་དབྱིངས་ཆེན་པོར་བསྔོ། །སྐུ་གསུམ་གོ་འཕང་མྱུར་ཐོབ་ཤོག །མཎྜལ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ། བདག་དང་མཐའ་ཡས་སེམས་ཅན་གྱིས། །ལུས་དང་ལོངས་སྤྱོད་དགེ་ཚོགས་ཀུན། །ཕྱི་ནང་གསང་བའི་མཎྜལ་གྱིས། །བླ་མ་རྒྱལ་བ་སྲས་བཅས་མཆོད། །ཨོཾ་གུ་རུ་སརྦ་ཏ་ཐཱ་ག་ཏ་རཏྣ་མཎྜལ་པཱུ་ཛ་ཧོཿ ཞེས་དབུལ། གསོལ་བཏབ་དབང་བླང་བྱ་བ་ནི། ཕྱི་ལྟར་རྒྱལ་སྲས་ཆོས་ཀྱི་བློ་གྲོས་རྗེ། །ནང་ལྟར་འཇམ་དཔལ་དྲི་མེད་བཤེས་གཉེན་དང༌། །གསང་བ་མཚན་རྫོགས་ཧེ་རུ་ཀཿདཔལ་ལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཐུགས་དམ་རྒྱུད་བསྐུལ་བཟླས་པ་ནི། ཨོཾ་ཨཱཿཧཱུྃ་གུ་རུ་ཤྲཱི་པདྨ་ཧེ་རུ་ཀ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཐུན་མཐར་དབང་བླངས་དངོས་གྲུབ་ཞུ། བླ་མའི་གནས་གསུམ་ཡིག་འབྲུ་ལས། །འོད་ཟེར་དཀར་དམར་མཐིང་གསུམ་བྱུང༌། །རང་གི་གནས་གསུམ་ཐིམ་པ་ཡི། །དབང་བསྐུར་བྱིན་རླབས་དངོས་གྲུབ་ཐོབ། །བླ་མ་འོད་ཞུ་རང་ལ་ཐིམ། །མ་བཅོས་འཛིན་བྲལ་ངང་དུ་བཞག །ཐུན་མཐར་དགེ་བསྔོ་སྤྱི་ལྟར་བྱ། །རྗེས་ཐོབ་བླ་མའི་ལམ་ཁྱེར་བརྩོན། །དེ་ལྟར་ཟབ་པའི་རྣལ་འབྱོར་འདི། །རང་ལ་སྦྱར་འོས་མི་ཆེ་ཡང༌། །ལྷ་རིགས་བདེ་སྐྱོང་དབང་མོ་ནི། །གཡུ་སྒྲོན་མཆོག་གི་གསུང་བསྐུལ་ངོར། །ཆོས་ཀྱི་བློ་གྲོས་ཞེས་བྱ་བས། །ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ལ། །གང་ཤར་ཐོལ་བྱུང་ཉིད་དུ་བྲིས། །དགེ་བས་འཁོར་བ་དོང་སྤྲུགས་ཤོག །ས་མ་པྟ་ྀཨཐི། ༈ ཚོགས་མཆོད་ཡེ་ཤེས་དཔལ་སྟེར་བཞུགས་སོ། །རང་རིག་བླ་མ་བདེ་ཆེན་གཙོ། །དཀྱིལ་འཁོར་བདག་པོར་གུས་བཏུད་ནས། །ཟབ་མོ་བླ་མའི་རྣལ་འབྱོར་གྱི། །ཚོགས་མཆོད་ཡེ་ཤེས་དཔལ་སྟེར་དབྱེ། །དེ་ལ་འདིར་དབང་ཐོབ་ཅིང་དད་པ་དང་དམ་ཚིག་ལྡན་པའི་རྣལ་འབྱོར་པས་ཚོགས་ཀྱི་ཡོ་བྱད་མ་དཱ་ན་དང༌། བཱ་ལ་སོགས་ཐབས་ཤེས་ཀྱི་རྫས་ཅི་འབྱོར་བ་བཤམས་ལ་ཆུ་ཆང་གིས་བྲན། རྃ་ཡྃ་ཁྃ། ཕྱི་སྣོད་བདེ་ཆེན་ཀ་པཱ་ལ། །ནང་བཅུད་ཡེ་ཤེས་ཚོགས་གཏོར་ཆེ། །ཟག་མེད་བདུད་རྩིའི་སྤྲིན་ཆེན་པོ། །འདོད་ཡོན་ནམ་མཁའ་ཁྱབ་པར་སྤེལ། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད། ཚོགས་ཞིང་སྤྱན་འདྲེན་པ་ནི། སྐུ་གསུམ་ཞིང་ཁམས་རབ་འབྱམས་ནས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །འདིར་གཤེགས་ཚོགས་ལ་བྱིན་ཆེན་ཕོབ། །རྣལ་འབྱོར་རིག་པའི་ཉམས་རྟོགས་སྤོར། །རྩ་རླུང་ཐིག་ལེར་བྱིན་རློབས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཚོགས་ཕུད་རིམ་པ་གསུམ་སྤྲོས་ལ་དང་པོ་མཆོད་པ་ནི། ཨོཾ་ཨཱཿཧཱུྃ། བླ་མེད་ཚོགས་ཀྱི་མཆོད་པ་ནི། །ཡེ་ཤེས་རྣམ་ལྔའི་འོད་ཟེར་འཕྲོ། །བླ་མ་སྐུ་བཞིའི་དཀྱིལ་འཁོར་རྣམས། །ཚོགས་ཀྱི་མཆོད་པས་མཉེས་གྱུར་ཅིག །བར་པ་བསྐང་ཞིང་བཤགས་པ་ནི། ཧཱུྃ་ཧྲཱིཿ འོག་མིན་གསང་མཆོག་ཞིང་ཁམས་ཆེར། །དབྱིངས་ཀྱི་བྷནྡྷ་རྒྱ་རེ་ཡངས། །ཚོགས་གཏོར་འདོད་ཡོན་བཅུད་རེ་ཆེ། །རྣལ་འབྱོར་རིག་པ་དྭངས་རེ་སྤྲོ། །རིག་རྩལ་ཀུན་བཟང་མཁའ་ཁྱབ་སྤྲིན། །ཕྱི་ནང་གསང་མཆོད་དཔག་ཡས་ཀྱིས། །བླ་མ་སྐུ་བཞིའི་ལྷ་ཚོགས་རྣམས། །ཐུགས་དམ་གཉེན་པོ་དགྱེས་པར་བསྐང༌། །བདག་ཅག་མི་ཤེས་གཏི་མུག་པས། །བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཀུན། །དམ་རྫས་ཚོགས་ཀྱི་མཆོད་པས་བཤགས། །དག་ཅིང་ཚངས་པར་བསྩལ་དུ་གསོལ། །བཛྲ་ས་མ་ཡ་ཨཿ ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི། ཨེ་དབྱིངས་འབར་བའི་ཧོམ་ཁུང་དུ། །གཉིས་འཛིན་རྟོག་པའི་རུ་ཏྲ་བཀུག །བདག་མེད་ཕུར་བུའི་མཚོན་གྱིས་བསྒྲལ། །ཡེ་ཤེས་རབ་འབར་ཞལ་དུ་བསྟབ། །མ་ཏྲཾ་རུ་ཏྲ་མཱ་ར་ཡ་རྦད། ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི། ཕུང་ཁམས་སྐྱེ་མཆེད་ལྷར་གསལ་བཞིན། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཚོགས་ལ་ལོངས་སྤྱོད་མཐར། ཧོཿ རིག་འཛིན་བླ་མའི་ལྷ་ཚོགས་ལ། །ཚོགས་ཀྱི་མཆོད་པ་ཕུལ་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་ཀུན། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །ཅེས་སྨོན་ལམ་བཏབ། ལྷག་མ་བསྡུས་ལ་ཁ་ཆུ་བྲན། ཕཻཾ། ལྷག་ལ་དབང་བའི་བཀའ་ཉན་སྡེ། །མཁའ་འགྲོ་གིང་ལང་དབང་ཕྱུག་མ། །མ་བདུན་སྲིང་བཞི་འབར་མ་སོགས། །ལྷག་གཏོར་བཞེས་ལ་ཕྲིན་ལས་སྒྲུབ། །ཨུཙྪིཥྚ་བ་ལིང་ཏ་ཁཱ་ཧིཿ སྤྲོ་ན་རྡོ་རྗེའི་གླུ་གར་བྱ། །རྗེས་ལ་ཆད་ཐོའི་གཏོར་མ་ཕུལ། །ཧཱུྃ་ཧྲཱིཿ བརྒྱུད་གསུམ་རིག་འཛིན་བླ་མ་ཡིས། །དམ་ལ་བཏགས་པའི་སྲུང་མ་རྣམས། །སྨན་རཀ་བདུད་རྩིས་དགྱེས་པ་བསྐྱེད། །དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས། །མི་མཐུན་འགལ་རྐྱེན་བར་ཆད་སྒྲོལ། །ཟབ་གཏེར་བསྟན་པ་རྒྱས་པ་དང༌། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ས་མ་ཡ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧིཿ བཤལ་ཆུས་བསྟན་མ་བསྐྱང་ཞིང་མཆོད། །བྷྱོཿ རྟེན་འབྲེལ་བཅུ་གཉིས་གནས་དག་པའི། །བདེན་དོན་རྣམ་པ་བཅུ་གཉིས་གཟུགས། །བོད་སྐྱོང་བསྟན་མ་བཅུ་གཉིས་ཚོགས། །འདིར་བྱོན་གཏོར་མའི་བཤལ་ཆུ་བཞེས། །བཅོལ་བའི་ལས་རྣམས་འགྲུབ་པར་མཛོད། །འཇིག་རྟེན་བདེ་བའི་ཕྲིན་ལས་སྤེལ། །རྟག་ཏུ་བསྲུང་ཞིང་སྐྱོབ་པར་མཛོད། །མ་མཱ་ཧྲཱིང་ཧྲཱིང་བ་ལིང་ཏ་ཁཱ་ཧིཿ རྟ་བྲོ་ནི། ཧཱུྃ། རྡོ་རྗེ་འགུགས་བྱེད་ཆེན་པོ་ཡིས། །དམ་སྲི་ཐམས་ཅད་བཀུག་ནས་ཀྱང༌། །རི་རབ་འབར་བའི་འོག་ཏུ་མནན། །ནམ་ཡང་ལྡང་བར་མ་གྱུར་ཅིག །ཡ་མ་དམ་སྲི་སྟྭམ་བྷ་ཡ་ནཾ། གཏོར་གཞོང་ཁ་སྦུབས་པའི་སྟེང་རྡོ་རྗེའི་ཕྱག་རྒྱས་མནན། རྗེས་མཆོད་བསྟོད་དངོས་གྲུབ་བླང༌། །ཧོཿ རིག་འཛིན་བླ་མའི་ལྷ་ཚོགས་ལ། །ཕྱི་ནང་གསང་བའི་མཆོད་པ་འབུལ། །ཡུལ་དང་དབང་པོ་གཉིས་མེད་རོལ། །སྤངས་བླང་འཛིན་བྲལ་ངང་དུ་བཞེས། །ཨོཾ་བཛྲ་ཨརྒྷཾ་ནས། ཤབྡ། རཱུ་པ་ཤཔྟ་གནྡྷེ་རཱ་ས་སྤརྴེ་མ་ཧཱ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཁཱ་ཧི། ཧཱུྃ་ཧྲཱིཿ རང་བྱུང་འོད་གསལ་ངང་ལས་མ་གཡོས་ཀྱང༌། །མ་འགག་རོལ་པ་ལོངས་སྤྱོད་རྫོགས་པའི་སྐུ། །ཐུགས་རྗེ་གང་འདུལ་སྤྲུལ་སྐུའི་ལྷ་ཚོགས་ལ། །མི་གཡོ་མཉམ་པ་ཆེན་པོས་བསྟོད་པར་བགྱི། །ཨོཾ་ཨཱཿཧཱུྃ། རིག་འཛིན་བླ་མའི་ཐུགས་དམ་དུས་ལ་བབ། །བདེ་སྟོང་ཡེ་ཤེས་ཆེན་པོའི་སྒོ་ཕྱེས་ལ། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །ད་ལྟ་ཉིད་དུ་བསྩལ་ཞིང་བརྟན་པར་མཛོད། །ཨོཾ་ཨཱཿཧཱུྃ་བཛྲ་མ་ཧཱ་གུ་རུ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿ དངོས་གྲུབ་བླང་ཞིང་ནོངས་པ་བཤགས། །ཚོགས་མགྲོན་རྟེན་ཡོད་ན་བརྟན་བཞུགས་བྱ། དབང་བླང་དང་བླ་མ་བསྡུ་བསྟིམ་ནི་བླ་རྣལ་གཞུང་ལྟར་བྱ། བསྔོ་སྨོན་ནི། བདག་སོགས་མཁའ་མཉམ་འགྲོ་བ་ཀུན། །སྐྱེ་ཀུན་བླ་མས་རྗེས་སུ་བཟུང༌། །སྨིན་གྲོལ་བདུད་རྩིའི་རྒྱུད་ཕྱུག་སྟེ། །སྐུ་བཞིའི་གོ་འཕང་མྱུར་ཐོབ་ཤོག །ཤིས་བརྗོད་ནི། བརྒྱུད་གསུམ་བླ་མའི་སྤྲིན་ཕུང་འཁྲིགས། །ཡི་དམ་དངོས་གྲུབ་སྦྲང་ཆར་འབེབས། །མཁའ་འགྲོ་ཆོས་སྐྱོང་འབྲུག་སྒྲ་སྒྲོགས། །སྲིད་ཞིའི་དགེ་མཚན་རྒྱས་གྱུར་ཅིག །ཅེས་སོགས་ཤིས་པ་བརྗོད་ལ་རྒྱུན་གྱི་ལམ་ཁྱེར་ལ་འཇུག་གོ །ཞེས་པའང་སྡེ་དགེ་ལྷ་རིགས་སྲས་མོ་གཡུ་སྒྲོན་ནས་རྟེན་དང་བཅས་ཏེ་གསུང་གིས་བསྐུལ་བ་དང༌། མཁྱེན་གཟིགས་མཆོག་སྤྲུལ་རིན་པོ་ཆེ་མངྒ་ལས་ཀྱང་བྲིས་ན་ལེགས་པའི་གསུང་བསྐུལ་ངོར། དེ་འཕྲལ་ཉིད་དུ་འཇམ་དབྱངས་བློ་གྲོས་རྒྱ་མཚོའམ་པདྨ་ཡེ་ཤེས་རྡོ་རྗེས་ཞུས་རིམ་བཞིན་མཆོག་སྤྲུལ་རིན་པོ་ཆེས་ཡི་གེར་མཛད་པ་འདིས་ཀྱང་རང་གཞན་གྱིས་རྒྱུད་ལ་ཚོགས་གཉིས་རླབས་པོ་ཆེ་གོང་དུ་འཕེལ་བའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ནཾ་བྷ་ཝ་ཏུ། །དགེའོ།། །།

Footnotes

Other Information