བླ་སྒྲུབ་སྙིང་ཐིག་གསལ་སྒྲོན་ཚེ་སྒྲུབ་བསྡུས་པ།

From Khyentse Lineage - A Tsadra Foundation Project
DKR-KABUM-02-KHA-037
Wylie title bla sgrub snying thig gsal sgron tshe sgrub bsdus pa
Location dil mgo mkhyen brtse bka' 'bum
Volume 2, Text 37, Pages 182 (Folios 1a1 to 1b6)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Associated People འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation Khyentse, Dilgo. Bla sgrub snying thig gsal sgron tshe sgrub bsdus pa. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 2: 182. Delhi: Shechen Publications, 1994.
Genre Guru Yoga Texts - bla ma'i rnal 'byor  ·  Longevity Rituals - tshe sgrub
Cycle ཟབ་ལམ་སྙིང་ཐིག་གསལ་སྒྲོན་ (zab lam snying thig gsal sgron)
Colophon

ཅེས་པའང་མཁྱེན་རྟོགས་ཐུགས་རྗེའི་མངའ་བདག་ཐིམ་རྫོང་རྡོ་རྗེ་སློབ་དཔོན་འཇམ་དཔལ་ཡེ་ཤེས་སངྒེ་མཆོག་གི་གསུང་བསྐུལ་ངོར་རྗེ་བཙུན་བླ་མ་དགྱེས་པའི་འབངས་བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་པ་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་སྲོག་འགྲུབ་པའི་རྒྱུར་གྱུར་ཅིག །།

ces pa'ang mkhyen rtogs thugs rje'i mnga' bdag thim rdzong rdo rje slob dpon 'jam dpal ye shes sang+ge mchog gi gsung bskul ngor rje btsun bla ma dgyes pa'i 'bangs bkra shis dpal 'byor gyis bris pa rdo rje'i tshe dang ye shes kyi srog 'grub pa'i rgyur gyur cig_//

[edit]
༄༅། ༄༅། །བླ་སྒྲུབ་སྙིང་ཐིག་གསལ་སྒྲོན་ལ་ཚེ་སྒྲུབ་སྦྱར་བར་སྤྲོ་ན། བླ་སྒྲུབ་བཟླས་པའི་བར་བཏང་རྗེས། མདུན་བསྐྱེད་རིག་འཛིན་བླ་མའི་ཐུགས་དབུས་སུ། །དྭངས་མ་ལྔ་ལྡན་འོད་བཀྲག་འཚེར་བའི་སྦུབས། །ཡེ་ཤེས་སེམས་དཔའ་འཆི་མེད་བི་མ་ལ། །དཀར་གསལ་མཛེས་འཛུམ་པཎྜི་ཏ་ཡི་ཆས། །མཉམ་བཞག་ཚེ་བུམ་གྱིས་མཚན་སྐྱིལ་ཀྲུང་བཞུགས། །དེ་ཡི་ཐུགས་དབུས་པད་ཟླར་ས་བོན་ཧྲཱིཿ །སྔགས་ཀྱི་ཕྲེང་བས་བསྐོར་ལས་འོད་ཟེར་འཕྲོས། །ཕྱི་སྣོད་འབྱུང་ལྔའི་དྭངས་མ་ནང་བཅུད་ཀྱི། །སྐྱེ་འགྲོའི་ཚེ་དཔལ་སྒྲུབ་བྱའི་བླ་ཚེ་སྲོག །འཁྱམས་དང་ཡར་འཐོར་རལ་ཞིག་བརྐས་པ་དང་། །རྒྱལ་བ་སྲས་བཅས་ཡེ་ཤེས་དྭངས་མའི་དཔལ། །འཆི་མེད་བདུད་རྩི་ཁ་དོག་ལྔ་ལྡན་གྱི། །འཇའ་ཟེར་ཐིག་ལེའི་རྣམ་པར་བསྡུས་ནས་སུ། །བདག་གི་སྒོ་གསུམ་སྒྲུབ་པའི་རྫས་ལ་ཐིམ། །མི་ཤིགས་རྡོ་རྗེ་གསུམ་གྱི་ཡེ་ཤེས་དང་། །གཉིས་སུ་མེད་པར་བྱིན་བརླབས་དབང་བསྐུར་བས། །འཆི་མེད་རྡོ་རྗེའི་སྲོག་མཆོག་འགྲུབ་པར་གྱུར། །རྩ་སྔགས་མཐར། བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། །ཞེས་སྦྱར་བ་བཟླ། ཐུན་མཐར་ཚེ་འགུགས་ནི། ཧྲཱིཿ ངོ་བོ་སྟོང་ཉིད་ཡེ་ཤེས་དབྱིངས་ཀྱི་ཚེ། །རྟག་ཏུ་འཕེལ་འགྲིབ་མེད་པའི་བཅུད་ཀུན་ཞུགས། །རང་བཞིན་ལྷུན་གྲུབ་འོད་གསལ་རྡོ་རྗེའི་ཚེ། །བདེ་ཆེན་ཁ་སྦྱོར་བདུན་གྱི་དངོས་གྲུབ་ཞུགས། །ཐུགས་རྗེ་ཀུན་ཁྱབ་སྒྱུ་འཕྲུལ་དྲྭ་བའི་ཚེ། །འཁོར་དང་མྱ་ངན་འདས་པའི་དྭངས་བཅུད་ཞུགས། །ཕྱི་སྣོད་འབྱུང་ལྔའི་དྭངས་མས་ཕུང་ཁམས་གསོ། །ནང་བཅུད་སྐྱེ་དགུའི་དཔལ་གྱིས་ཚེ་སྲོག་བསྲིང་། །མཁྱེན་བརྩེའི་ཡེ་ཤེས་ཚེ་མཆོག་མི་འགྱུར་བའི༑ །རྡོ་རྗེའི་གསང་བ་གསུམ་དང་དབྱེར་མེད་པའི། །འཆི་མེད་ཚེ་ཡི་དབང་ཆོག་དེང་འདིར་སྩོལ། །ཞེས་རྩ་སྔགས་ཚེ་ཤམ་ཅན་བཟླས། ཨཱཿ བརྟན་གཡོའི་དྭངས་མ་མི་ཤིགས་དཔྱིད་དུ་སྨིན༑ །ཕུང་ཁམས་ཟག་པ་རྡོ་རྗེའི་སྲོག་ཏུ་སྡོམ། །ཟུང་འཇུག་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཚེ། །རྟག་ཏུ་འཕེལ་འགྲིབ་བྲལ་བར་རྒྱས་བཏབ་བོ། །ཛྙཱ་ན་བཛྲ་རཀྵ་རཀྵ་བྷཱུཾཿ ཞེས་རྒྱས་གདབ་བོ། །ཅེས་པའང་མཁྱེན་རྟོགས་ཐུགས་རྗེའི་མངའ་བདག་ཐིམ་རྫོང་རྡོ་རྗེ་སློབ་དཔོན་འཇམ་དཔལ་ཡེ་ཤེས་སངྒེ་མཆོག་གི་གསུང་བསྐུལ་ངོར་རྗེ་བཙུན་བླ་མ་དགྱེས་པའི་འབངས་བཀྲ་ཤིས་དཔལ་འབྱོར་གྱིས་བྲིས་པ་རྡོ་རྗེའི་ཚེ་དང་ཡེ་ཤེས་ཀྱི་སྲོག་འགྲུབ་པའི་རྒྱུར་གྱུར་ཅིག །།


Footnotes

Other Information