DKR-KABUM-05-CA-042

From Khyentse Lineage - A Tsadra Foundation Project
Revision as of 11:05, 14 November 2022 by Mort (talk | contribs)

DKR-KABUM-05-CA-042

ཟབ་གཉན་རྡོ་རྗེའི་གསང་བའི་སོགས།
Wylie title zab gnyan rdo rje'i gsang ba'i sogs DKR-KABUM-05-CA-042.pdf
Location dil mgo mkhyen brtse bka' 'bum
Volume 5, Text 42, Pages 320-321 (Folios 1a1 to 2b1)
Author དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་
Less details More details
Tertön ངག་དབང་བློ་བཟང་རྒྱ་མཚོ་ (Dalai Lama, 5th)
Citation Khyentse, Dilgo. Zab gnyan rdo rje'i gsang ba'i sogs. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 5: 320-321. Delhi: Shechen Publications, 1994.
Genre
Parent Cycle དག་སྣང་རྒྱ་ཅན་ (dag snang rgya can)
[edit]
༄༅། ཟབ་གཉན་རྡོ་རྗེའི་གསང་བའི་ཚིག་གི་དབྱིག །མཛེས་རྒྱན་སྔ་འགྱུར་རིག་འཛིན་ཕྱག་བཞེས་བཞིན། །བསྟར་ལེགས་སྔོན་མེད་ནོར་བུའི་དོ་ཤལ་འདི། །དད་དང་གུས་པའི་སོར་མོས་འབད་པས་བསྟར། །སྐལ་ངན་སྙིགས་མའི་མུན་སྲོས་ཤུག་དྲག་པས། །མཆོག་བསྟན་སྣང་བ་འགྲིབ་ལ་ཉེ་བའི་ཚེ། །རྨད་བྱུང་ཆོས་མཆོག་ཚིགས་བཅད་རེ་རེ་ཡང༌། བཙལ་ཞིང་གཅེས་པར་བཟུང་བས་ཚུལ་འདི་བརྩམས། གསེར་ཆོས་ཌཱ་ཀིའི་གསང་མཛོད་ཆེན་པོ་ཡི། །དགོངས་དོན་མ་རྟོགས་འགལ་འཁྲུལ་ནོངས་པའི་སྐྱོན། །སོ་སྐྱེ་བླུན་པོའི་ཉེས་བསགས་གང་མཆིས་པ། །རྩ་གསུམ་ལྷ་དང་སྲུང་མའི་སྤྱན་སྔར་བཤགས། །ལེགས་བྱས་དཀར་པོའི་ཡོན་ཏན་གང་མཆིས་ཀུན། །སྔ་འགྱུར་སྐྱེས་མཆོག་དམ་པའི་བཀའ་དྲིན་ལས། །བྱུང་ཕྱིར་དེ་དགོངས་རྫོགས་དང་རྒྱལ་བསྟན་གྱི། །ཞབས་ཏོག་སྨིན་གྲོལ་སྣང་བ་རྒྱས་ཕྱིར་བསྔོ། །དུས་གསུམ་ལེགས་བྱས་གསེར་གྱི་སྙེ་མ་ལས། །ཕན་བདེའི་འབྲས་བཟང་ཟད་མི་ཤེས་འཇོ་བས། །བསྟན་འཛིན་ཞབས་བརྟན་བཟང་པོའི་མཛད་ཕྲིན་གྱིས། །རྫོགས་ལྡན་མགྲོན་ཁུག་བདེ་བར་ངལ་འཚོ་ཤོག །ཁྱད་པར་པད་དཀར་འཆང་དངོས་ཐམས་ཅད་མཁྱེན། །བསྟན་འཛིན་རྒྱ་མཚོའི་གསང་གསུམ་ཉིན་བྱེད་དབང༌། །གངས་ཅན་གཙུག་གི་རྒྱན་དུ་འཆང་བ་ཡི། །དགའ་སྟོན་འོད་བརྒྱས་མྱུར་དུ་སྤྱོད་གྱུར་ཅིག །ཅེས་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་ལ་བཀའ་གཏེར་དག་སྣང་གི་ཤིང་རྟ་ཆེན་པོ་གསུམ་ལས། ཟབ་མོ་དག་སྣང་གི་སྨིན་གྲོལ་ཚུགས་ཐུབ་ཁྱད་པར་དུ་འཕགས་པ་འདི་ཉིད་ཡིན་ཀྱང༌། དུས་ཀྱི་རྒུད་པ་མི་ཟད་པས་སྨིན་གྲོལ་གྱི་རྒྱུན་དང༌། ཕྱི་མོའི་ཡི་གེ་ཙམ་ཡང་ཉིན་སྐར་དུ་གྱུར་པའི་ཚེ། རྒྱལ་བསྟན་ཡོངས་རྫོགས་ཕྲིན་ལས་གསེར་གྱི་འཁོར་ལོའི་རང་དབང་དུ་བསྒྱུར་བ་སྲིད་ཞིའི་སྤྱི་ནོར་ཆེན་པོའི་གུས་སློབ་ཐ་ཆུང་བདག་ལ་ཡང་ཆོས་འདིའི་རྩ་བ་བཀའ་བརྒྱད་རིག་འཛིན་ཞལ་ལུང་དབང་ཆེན། རྗེ་བཙུན་སྒྲོལ་དཀར་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་རྗེས་གནང༌། བསྟན་སྲུང་དཔལ་ལྷ་དཀར་པོའི་ཚེ་དབང་བཅས་ཀྱི་སྨིན་གྲོལ་སྐལ་བཟང་གི་བཙས་སུ་བརྩེ་བ་ཆེན་པོས་དགྱེས་བཞིན་བསྩལ་ཞིང༌། ཟབ་ཆོས་གླེགས་བམ་ཆ་ཚང་སྤྱི་བོའི་རྒྱན་དུ་ཐོབ་པས། འཇམ་མགོན་བླ་མ་མཁྱེན་བརྩེའི་གཏེར་ཆེན་ཆོས་ཀྱི་བློ་གྲོས་རིན་པོ་ཆེའི་ཐུགས་སྲས་རྫོང་སར་སྒང་སྣ་མཆོག་སྤྲུལ་གྱིས་རྗེ་བླ་མ་ལས་སྨིན་གྲོལ་ཡོངས་རྫོགས་ལན་གཉིས་སུ་གསན་པ་ལས་ཞུ་བར་བརྩམས་པའི། ཚེ་དབང་དང་སྒྲུབ་ཐབས་རྩ་བའི་དགོངས་པ་བཀླག་ཆོག་བྲིས་ན་ལེགས་པའི་ཡན་ལག་ཏུ་འདུག་གསུངས་པ། ཁྱབ་བདག་ཐམས་ཅད་མཁྱེན་པས་ཀྱང་དེ་བཞིན་ལེགས་པའི་བཀའ་ལུང་གསེར་སྒྲོམ་སྤྱི་བོར་ཕེབས་པས་གངས་ཅན་མཁས་གྲུབ་ཡོངས་ཀྱི་དེད་དཔོན་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་གསུང་ཐུགས་སྒྲུབ་རྣམ་གཉིས་སོགས་ལ་བརྟེན་ནས་རང་བློའི་གང་དཔོག་དད་གུས་ལྷག་བསམ་གྱི་འཇུག་པས་སྤ་གྲོ་སྟག་ཚང་སེང་གེ་བསམ་གྲུབ་རྡོ་རྗེའི་ཀེའུ་ཚང་གི་མདུན་རོལ་དབེན་གནས་རྐང་འཐུང་དང་སྤང་ལྗོངས་ཀྱི་བཀོད་པས་མཛེས་པར་བསྙེན་མཚམས་ཀྱི་ཐུན་གསེང་དུ་རས་དཀར་གྱི་ལྡིང་གུར་དུ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པ། སྡེ་སྣོད་འཛིན་པ་དྭགས་པོ་སྤྲུལ་སྐུ་འགྱུར་མེད་ཨོ་རྒྱན་བསྟན་འཛིན་ཉི་མ། རང་སློབ་དད་བློ་མཁྱེན་ཡོན་རྨད་བྱུང་སྤྲུལ་སྐུ་ཀུན་དགའ་བཀྲ་ཤིས། རིག་པ་སྨྲ་བ་འགྱུར་མེད་ཚུལ་ཁྲིམས། འཚོ་བྱེད་དྲང་སྲོང་ཤེས་རབ་འབྱོར་ལྡན་སོགས་ཀྱིས་ཡི་གེའི་མཐུན་སྦྱོར་དང་བཅས་ཏེ་གྲུབ་པའི་རྗེས་རྒྱལ་དབང་ཐམས་ཅད་མཁྱེན་པའི་མདུན་སྤྱན་བསྟར་ཞུས་པ་འདིས་གངས་ཅན་བསྟན་འགྲོའི་དགེ་མཚན་རབ་ཏུ་རྒྱས་པས་ཆོས་སྲིད་གསེར་གྱི་འཁོར་ལོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་རྒྱུར་གྱུར་ཅིག། །།

Footnotes

Other Information