DKR-KABUM-22-ZA-001: Difference between revisions
No edit summary |
No edit summary |
||
Line 2: | Line 2: | ||
|classification=Tibetan Publications | |classification=Tibetan Publications | ||
|subclass=Tibetan Texts | |subclass=Tibetan Texts | ||
|fulltitletib= | |sectionheading=No | ||
|fulltitle= | |fulltitletib=དཔལ་རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་བསྐྱེད་རྫོགས་ཉམས་ལེན་དམར་ཁྲིད་ཀྱི་ཡི་གེ་གྲུབ་མཆོག་དགོངས་པའི་སྲོལ་འབྱེད། | ||
|citation=[[Khyentse, Dilgo]]. ''''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 22: . Delhi: Shechen Publications, 1994. | |fulltitle=dpal rdo rje phur pa gnyags lugs kyi bskyed rdzogs nyams len dmar khrid kyi yi ge grub mchog dgongs pa'i srol 'byed | ||
|citation=[[Khyentse, Dilgo]]. ''Dpal rdo rje phur pa gnyags lugs kyi bskyed rdzogs nyams len dmar khrid kyi yi ge grub mchog dgongs pa'i srol 'byed''. In ''Skyabs rje dil mgo mkhyen brtse rin po che'i bka' 'bum'', Vol. 22: 1-65. Delhi: Shechen Publications, 1994. | |||
|collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | |collectiontitletib=དིལ་མགོ་མཁྱེན་བརྩེ་བཀའ་འབུམ། | ||
|collectiontitle=dil mgo mkhyen brtse bka' 'bum | |collectiontitle=dil mgo mkhyen brtse bka' 'bum | ||
|author=Khyentse, Dilgo | |author=Khyentse, Dilgo | ||
|authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |authortib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|sourcerevealer=Khyentse, Dilgo | |||
|sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |sourcerevealertib=དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | ||
|associatedpeople=gnyags dz+nyA na ku mA ra | |associatedpeople=gnyags dz+nyA na ku mA ra | ||
|associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | |associatedpeopletib=གཉགས་ཛྙཱ་ན་ཀུ་མཱ་ར་ | ||
|tibgenre= | |tibgenre=Contemplative Guide Books and Instructional Manuals - khrid yig | ||
|terma=Yes | |terma=Yes | ||
|dkroutline=Six | |dkroutline=Six | ||
Line 21: | Line 20: | ||
|cycle=snyan brgyud snying gi gsang mdzod | |cycle=snyan brgyud snying gi gsang mdzod | ||
|cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | |cycletib=སྙན་བརྒྱུད་སྙིང་གི་གསང་མཛོད་ | ||
|volumenumber=022 | |volumenumber=022 | ||
|volnumtib=༢༢ | |volnumtib=༢༢ | ||
|volyigtib=ཟ་ | |volyigtib=ཟ་ | ||
|totalvolumes=25 | |totalvolumes=25 | ||
|textnuminvol=001 | |||
|pagenumbers=1-65 | |||
|totalpages=129 | |||
|beginfolioline=1a | |beginfolioline=1a | ||
|rectonotes= | |endfolioline=65a5 | ||
|totalfolios=65 | |||
|multivolumework=No | |||
|rectonotes=khrid yig | |||
|versonotes=gnyags lugs phur pa | |versonotes=gnyags lugs phur pa | ||
| | |colophontib=ཞེས་བཀའ་བབ་བརྒྱུད་འཛིན་གྱི་རྡོ་རྗེ་སློབ་དཔོན་མཆོག་ཏུ་གཟེངས་བསྟོད་པའི་ཚིག་གིས་དྲིལ་བསྒྲགས་པའི་སྐྱེས་ཆེན་ཞྭ་དེའུ་འཁྲུལ་ཞིག་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེས་དད་བརྩོན་འབད་པ་ཆེན་པོའི་ཉམས་བཞེས་གནང་སྐབས་གནང་སྐྱེས་གྱ་ནོམ་པ་དང་བཅས་ཡང་ཡང་བཀའ་བསྩལ་བ། དགོས་པ་གཞན་གྱིས་རིང་ཞིག་འགྱང་ཡང༌། སླར་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེ་དང༌། མཁས་བཙུན་དམ་པའི་བཤེས་གཉེན་མཁན་པོ་འཇམ་དབྱངས་རྡོ་རྗེ་དང༌། མཁྱེན་ཡོན་མཚུངས་མེད་མཆོག་སྤྲུལ་པདྨ་དབང་རྒྱལ་སོགས་གྲུབ་སྲས་སྐུ་མཆེད་དང༌། དད་མོས་བློ་གྲོས་དགེ་བ་ཐེག་མཆོག་བསྟན་འཛིན་སོགས་རང་སློབ་རྣམས་ནས་ཀྱང་ཡང་ཡང་བསྐུལ་བའི་རྐྱེན་གྱིས། དོན་གྲུབ་ཅེས་པ་ས་ལུག་ས་ག་ཟླ་བར་ཐམས་ཅད་མཁྱེན་གཟིགས་མི་ཕམ་འཇམ་དཔལ་རྣམ་རྒྱལ་རྒྱ་མཚོ་གདོད་མའི་གཞི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་དུས་ཀྱི་མཆོད་པའི་ཉིན་འཁོས་མེད་གྱི་ན་བའི་སྔགས་བཙུན་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཁ་བཞི་ལྷོ་ཡི་སྨན་ལྗོངས་བདེ་ཆེན་ཆོས་གླིང་དུ་བསྟི་བའི་ཚེ་མཁས་གྲུབ་གོང་མའི་གསུང་གི་སྣང་བ་ལ་བརྟེན་ནས་བྲིས་པ། རྩོད་དུས་བསྟན་འགྲོ་ནག་ཕྱོགས་ཀྱི་དཔུང་ལས་རྒྱལ་ཞིང་འབྲེལ་ཚད་དངོས་གྲུབ་མཆོག་གི་དགའ་སྟོན་ལ་ཅི་དགར་སྤྱོད་པའི་དཔུང་གཉེན་དུ་གྱུར་ཅིག། | ||
|colophonwylie=zhes bka' bab brgyud 'dzin gyi rdo rje slob dpon mchog tu gzengs bstod pa'i tshig gis dril bsgrags pa'i skyes chen zhwa de'u 'khrul zhig mchog gi sprul pa'i sku rin po ches dad brtson 'bad pa chen po'i nyams bzhes gnang skabs gnang skyes gya nom pa dang bcas yang yang bka' bstsal ba/_dgos pa gzhan gyis ring zhig 'gyang yang*/_slar theg pa mchog gi rnal 'byor pa klong chen ye shes rdo rje dang*/_mkhas btsun dam pa'i bshes gnyen mkhan po 'jam dbyangs rdo rje dang*/_mkhyen yon mtshungs med mchog sprul pad+ma dbang rgyal sogs grub sras sku mched dang*/_dad mos blo gros dge ba theg mchog bstan 'dzin sogs rang slob rnams nas kyang yang yang bskul ba'i rkyen gyis/_don grub ces pa sa lug sa ga zla bar thams cad mkhyen gzigs mi pham 'jam dpal rnam rgyal rgya mtsho gdod ma'i gzhi dbyings su mngon par byang chub pa'i dus kyi mchod pa'i nyin 'khos med gyi na ba'i sngags btsun rgan po 'gyur med theg mchog bstan pa'i rgyal mtshan gyis kha bzhi lho yi sman ljongs bde chen chos gling du bsti ba'i tshe mkhas grub gong ma'i gsung gi snang ba la brten nas bris pa/_rtsod dus bstan 'gro nag phyogs kyi dpung las rgyal zhing 'brel tshad dngos grub mchog gi dga' ston la ci dgar spyod pa'i dpung gnyen du gyur cig/ | |||
|pdflink=File:DKR-KABUM-22-ZA-001.pdf | |pdflink=File:DKR-KABUM-22-ZA-001.pdf | ||
}} | }} | ||
Line 37: | Line 41: | ||
<onlyinclude> | <onlyinclude> | ||
{{TibP|༄༅། །དཔལ་རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་བསྐྱེད་རྫོགས་ཉམས་ལེན་དམར་ཁྲིད་ཀྱི་ཡི་གེ་གྲུབ་མཆོག་དགོངས་པའི་སྲོལ་འབྱེད་ཅེས་བྱ་བ་བཞུགས་སོ།། | {{TibP|༄༅། །དཔལ་རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་བསྐྱེད་རྫོགས་ཉམས་ལེན་དམར་ཁྲིད་ཀྱི་ཡི་གེ་གྲུབ་མཆོག་དགོངས་པའི་སྲོལ་འབྱེད་ཅེས་བྱ་བ་བཞུགས་སོ།། | ||
<br> | |||
༄༅། །ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། ཆོས་དབྱིངས་དགོངས་པས་བདུད་བཞིའི་དཔུང་བཅོྃམ་ལེགས་པའི་ཡོན་ཏན་དྲུག་ལྡནྃ་དཔལ། །སྲིད་ཞི་ཀུན་ཁྱབ་མཐའ་བཞི་ལས་འདྃས་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །མི་ཕྱེད་རྡོྃ་རྗེྃ་བཞི་དབྱིངས་བྱང་ཆུབ་མཁྱེན་བརྩེའི་ཡེ་ཤེས་གཞོྃན་ནུྃའི་ཚུལ། །སྟོབས་བཅུའི་ནུས་པ་མཚུངས་མེད་དཔལ་མངའ་བླ་མ་ཧེ་རུ་ཀ་དཔལ་རྒྱལྃ། །བཀའ་གཏེར་ཟུང་འཇུག་གསང་ཆེན་སྔ་འགྱུར་སྲོལ། །ངོ་མཚར་ཆུ་བོ་བཞི་ཡི་རང་སྐད་ཀྱི། །ཟབ་གནད་བརྒྱུད་པའི་མན་ངག་བཞིན་སྤྲོས་པས། །མཁས་གྲུབ་གཟུར་གནས་སྤྱན་གྱི་འབབ་སྟེགས་མཛོད། །ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ལས་ཕུར་པ་རོལ་པའི་རྒྱུད་ཆེན་པོ་བིདྱོཏྟ་མ་འབུམ་སྡེའི་ཟབ་གནད་བཅུད་དུ་དྲིལ་བ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་བླ་མ། མན་ངག་ངེས་པའི་དོན། ཀུན་བཟང་རྡོ་རྗེ་འཆང་ནས་ད་ལྟའི་བར་གྲུབ་པའི་རིག་འཛིན་བར་མ་ཆད་པའི་ཐུགས་ཀྱིས་བརྣག་པ་མཐར་ཐུག་པ་འདི་ལ་བཀའ་གཏེར་གྱི་ཤིང་རྟ་ཆེན་པོའི་ལམ་སྲོལ་གྱི་ཆུ་ཀླུང་ནམ་མཁའ་དང་རྒྱ་མཚོ་ལྟར་ཟད་མི་ཤེས་པ་ལས། སྐབས་སུ་བབ་པ་ཕྲིན་ལས་ཕུར་པའི་གྲུབ་བརྙེས་ཡོངས་ཀྱི་རྒྱལ་པོ། པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་མི་ཏྲས་བོད་ཡུལ་གསང་སྔགས་ཆུ་བོ་བཞི་ཡི་བཀའ་བབ་གཉགས་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་ལ་ཐུན་མིན་སྙན་བརྒྱུད་གསང་བའི་ལྐོག་ཆོས་སུ་གདམས་པའི་བཀའ་བབ་རྡོ་རྗེ་ཕུར་པའི་ཟབ་དོན་ཉམས་སུ་ལེན་པའི་མན་ངག་གི་རིམ་པ་ཅུང་ཟད་འཆད་པ་ལ། གངས་ཅན་མཁས་གྲུབ་ཡོངས་ཀྱི་རྒྱལ་པོ་ཀུན་མཁྱེན་འཇམ་པའི་དབྱངས་ཀྱི་གཞོམ་མེད་ནཱ་དའི་བཛྲ་གཱིརྟི་རྡོ་རྗེ་ཁྲོས་པའི་ཞལ་ལུང་ལས། ཨ་ཧོ། ཆོས་དབྱིངས་འགྱུར་མེད་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས། །ཐབས་དང་ཤེས་རབ་ཟུང་འཇུག་གཟུགས་སྐུ་ཡི་སྒྱུ་འཕྲུལ། །གང་འདུལ་ཕྲིན་ལས་རྣམ་བཞིའི་རོལ་མོ་རུ་སྟོན་པའི། །བཅོམ་ལྡན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ་བཏུད་ནས། །ཟབ་གསང་སྙིང་པོའི་ལམ་གྱི་ཐོལ་གླུ་ཞིག་ལེན་ནོ། །ཞེས་གསུངས་པ་ལྟར་སྒྲུབ་གཞི་དབྱིངས་ཡེ་གཉིས་མེད་ཀྱི་ཕུར་པ། སྒྲུབ་ཆོས་ལམ་བཞིར་འཇུག་དགོས་པར་གདམས་པ་ལྟར་ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ཕུར་པ་རང་བྱུང་ཡེ་ཤེས་ལ། །དབྱེ་བ་རྣམ་པ་བཞི་ཡིན་ཏེ། །རང་རིག་ཡེ་ཤེས་ཕུར་པ་ཡིས། །ཡུལ་ཆོས་དབྱིངས་ལ་གདབ་པ་དང༌། །ཐུགས་རྗེ་ཆེན་པོའི་ཕུར་པ་ཡིས། །ཁམས་གསུམ་སེམས་ཅན་ཀུན་ལ་གདབ། །གསང་བ་བྱང་སེམས་ཕུར་པ་ཡིས། །ཡུམ་གྱི་མཁའ་ལ་གདབ་པ་དང༌། །མཚན་མ་རྫས་ཀྱི་ཕུར་པ་ཡིས། །ཉམས་པ་བདུན་ལ་གདབ་པའོ། །ཞེས་པའི་མཚོན་ཕུར་པའི་རྒྱུད་སྡེ་དུ་མ་ནས་བསྟན་པའི་དོན་ལུགས་འདིའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ལྟར་འཆད་པ་ལ་གསུམ། གཞི་ལམ་འབྲས་བུ་ཀུན་གྱི་སྲོག་འཛིན་མེད་དུ་མི་རུང་བ་སྔོན་འགྲོ། ཉམས་སུ་ལེན་བྱའི་ལམ་མན་ངག་ཕུར་པ་བཞིའི་དོན། མཐར་ཐུག་འབྲས་བུ་མངོན་གྱུར་གྱི་ཡོན་ཏན་བཤད་པའོ། །དང་པོ་ལའང་ཐུན་མིན་དང༌། ཐུན་མོང་གི་སྔོན་འགྲོ་གཉིས་ལས། ཐོག་མར་རྡོ་རྗེ་ཐེག་པ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་འཆད་ཉན་སྒོམ་སྒྲུབ་ཐམས་ཅད་ལ་མེད་དུ་མི་རུང་བའི་སྔོན་འགྲོ་ནི་དབང་གིས་སྒོ་འབྱེད་དགོས་པ་ཡིན་ལ། དེའི་རྣམ་བཞག་མདོ་ཙམ་བརྗོད་པ་ནི། གཏེར་གཞུང་ལས། ལམ་གྱི་ཐོག་མར་དབང་ཐོབ་པར་གཅེས་ཏེ་རྒྱུད་ལས༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་པའི་ཕྱིར༔ དབང་དང་བྱིན་རླབས་དེང་སྩོལ་ཅིག༔ ཅེས་གསུངས་པ། བཛྲ་གཱིརྟི་ལས། བུམ་གསང་ཤེས་རབ་ཡེ་ཤེས་དབང་བཞི་ཡི་ཕུར་བུ། །གནས་སྐབས་རྣམ་བཞིས་བསྐྱེད་པའི་འཁྲུལ་ཆོས་ལ་ཐེབས་པས། །ཕྱི་ནང་གསང་བ་མཐར་ཐུག་དཀྱིལ་འཁོར་བཞིའི་ཀློང་ནས། །སྐུ་གསུམ་དབྱེར་མེད་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང༌། །ཞེས་པའི་དགོངས་པ། གཏེར་གཞུང་ལས། དབང་སྦྱིན་པའི་སྣོད་སློབ་མ་དམ་ལྡན༔ དབང་བསྐུར་བའི་བདག་པོ་སློབ་དཔོན་མཚན་ལྡན༔ སྨིན་པའི་རྒྱུ་ཆོ་ག་དང་ཏིང་འཛིན་ལས་སུ་རུང་བས་དབང་བསྐུར་བ་ནི༔ ཞེས་སོགས་ཀྱི་དབང་དང་པོ་འདི། བསྐྱེད་རིམ་དང་འབྲེལ་བར་བསྟན་པ་ནི་ཕུར་པའི་ལམ་བཞིའི་ཐོག་མ་ཚད་མེད་སྙིང་རྗེའི་ཕུར་པ་སྟེ། དབང་མ་ཐོབ་ན་སྒོམ་དུ་མི་རུང་བས་དང་པོར་གསུངས་པ་ཡིན་ལ། ཐུགས་རྗེ་ཁྲོས་པའི་བཤད་རྒྱུད་ལས། རྡུལ་ཚོན་ལུས་དང་བྱང་ཆུབ་སེམས། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་མཆོག །བརྟེན་ནས་དབང་རྣམས་ཡང་དག་བསྐུར། །བུམ་པ་གསང་བ་ཤེས་རབ་དབང༌། །བཞི་པ་མཆོག་གི་དབང་ཆེན་ཡིན། །ཞེས་མདོར་བསྡུས་ཏེ་གསུངས་པ་བཞིན་དབང་བསྐུར་བའི་དཀྱིལ་འཁོར་བསྒྲུབ་བྱའི་ལྷ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་རྗེས་སུ་མཚོན་པའི་དབང་བསྐུར་བའི་རྟེན་དཀྱིལ་འཁོར་ལ། ཕྱི་རྡུལ་ཚོན་དང་རས་བྲིས་ཚོམ་བུ། ནང་རྡོ་རྗེ་སློབ་དཔོན་གྱི་ལུས་གདན་གསུམ། གསང་བ་ཡུམ་མཁའ་བྱང་ཆུབ་སེམས་ཀྱི་འབྱུང་གནས། མཐར་ཐུག་དེ་ཁོ་ན་ཉིད་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་བཞི་ལ། དབང་སྐུར་བ་པོ་སྐུ་རྡོ་རྗེ་གཞོན་ནུ་སྤྲུལ་སྐུ་བདག་ཉིད་རྩ་བ། ཕྱོགས་བཅུ་ཁྲོ་བོ། ཕུར་པ་རྫས་ཀྱི་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས། གསུང་རྡོ་རྗེ་གཞོན་ནུ་ལོངས་སྐུ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ་རང་བྱུང་ལྷུན་གྱིས་གྲུབ་པའི་རྡོ་རྗེ་གདན་གསུམ་གྱི་འཁོར་ལོ། ཐུགས་རྡོ་རྗེ་གཞོན་ནུ་ཆོས་སྐུ་ཨེ་ཝཾ་མཉམ་པར་སྦྱོར་བའི་ཧེ་རུ་ཀ་སྟངས་དཔྱལ། ཡེ་ཤེས་རྡོ་རྗེ་གཞོན་ནུ་ངོ་བོ་ཉིད་སྐུ་དབྱིངས་རིག་གཉིས་སུ་མེད་པའི་བདག་ཉིད་རྣམས་སྟོན་པ་རྡོ་རྗེ་རྒྱལ་པོ་གཅིག་ལ་རྫོགས་པར་ཤེས་པས་དབང་དེ་དང་དེ་ཡི་སྐབས་སུ་སྐུ་བཞིའི་རྣམ་པ་དེ་ལྟར་སྟོན་པའི་ཚུལ་གྱིས། བསྐུར་བྱའི་དབང་གི་དབྱེ་བ་དང༌། སྐུར་བྱེད་ཀྱི་རྫས་ནི་བུམ་པ་མཚན་ཉིད་རྫོགས་པར། དཀྱིལ་འཁོར་གསུམ་གྱི་ལྷ་ཡི་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གཏམ་པ་གཙོ་བོ། དེའི་ཡན་ལག་ཏུ་སྤྲོས་པ་ཐུན་མོང་རིག་པའི་དབང་ལྔ་མཐའ་རྟེན་དང་བཅས་པ། རྗེས་འབྲེལ་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་རློབ་པ་ནང་ནུས་པ་འཇུག་པའི་དབང༌། རྡོ་རྗེའི་དམ་ཚིག་གསུམ་སྦྱིན་པ། ཕུར་པ་རང་གི་ཁྱད་ཆོས་དགྲ་བགེགས་སྒྲོལ་བའི་རྗེས་གནང་དང་བཅས་པ་དང་པོ་བུམ་དབང༌། བླ་མ་ཡབ་ཡུམ་སྦྱོར་བའི་ལྷག་པའི་བྱང་ཆུབ་ཀྱི་སེམས་སྦྱིན་པ་གཉིས་པ་གསང་དབང༌། དྲོད་ཐོབ་པའི་སློབ་མ་ལ་མཚན་ཉིད་དང་ལྡན་པའི་རིག་མ་དངོས་དང་རྗེས་མཐུན་ལ་བརྡ་མཚོན་པ་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། དཔེ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་བརྡ་ཤེལ་དང་མེ་ལོང༌། དོན་རྡོ་རྗེའི་ཚིག་གིས་དགོངས་པ་ངོ་སྤྲད་པ་བཞི་པ་ཚིག་གི་དབང་སྟེ། རྩ་བ་དབང་བཞིའི་དོན་གྱི་གནད་མ་ཉམས་པ་ལ་རྒྱུད་ལུང་གི་དགོངས་པ་དང་གྲུབ་པའི་མན་ངག་གི་དབྱེ་བསྡུ་དུ་མ་འབྱུང་བ་ནི་ཞིབ་པར་དབང་གི་ཆོ་ག་ལས་ཤེས་པར་བྱ་དགོས་ཤིང༌། དབང་དེ་དག་བསྐུར་བའི་ཡུལ་སློབ་མ་ཡང་སྤྲོས་པ་ཅན་རྒྱལ་པོ་ལྟ་བུ་ལ་བུམ་དབང༌། ཞེ་སྡང་ཅན་ཙནྡན་ལྟ་བུ་ལ་མཚན་མ་རྫས་ཀྱི་ཕུར་པ་མངོན་སྤྱོད་ཀྱི་དབང༌། འདོད་ཆགས་ཅན་བྱ་ཀ་ལནྟ་ལྟ་བུ་ལ་གསང་ཤེར་གཉིས། བློ་ཆེ་བ་ནམ་མཁའ་ལྟ་བུ་ལ་བཞི་པ་ཚིག་དབང་རིན་པོ་ཆེ་སྟེ། དབང་བཞིའི་ཡེ་ཤེས་ཀྱི་ནུས་པ་རྣོ་ཞིང་སྒྲིབ་པའི་ཚོགས་ཐལ་འབྱིན་དུ་འབིགས་པའི་སྟོབས་དང་ལྡན་པ་ཕུར་པ་ལྟ་བུ་རྣམས་ལ་གཙོ་བོར་བསྐུར་བའི་ནུས་པས། སྒྲིབ་པ་གང་དག་ན་སད་རྨི་གཉིད་འཐུག་སྙོམས་འཇུག་གི་འཁྲུལ་རྟོག་གིས་རྡོ་རྗེ་བཞིའི་དཀྱིལ་འཁོར་གསུམ་རྫོགས་དཔལ་ཆེན་ཕུར་པའི་ལྷ་ཡི་གོ་འཕང་ལ་སྒྲིབ་བྱེད་ཀྱི་བག་ཆགས་གཏོར་ཞིང་དག་པར་བྱས་པས། སྐུ་བསྐྱེད་པ་ཕྱག་རྒྱའི་རྣལ་འབྱོར་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བྱེད་ཀྱི་རིམ་པ་བཞིའི་རྣལ་འབྱོར་དང༌། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་བསྐྱེད་རིམ་གྱི་བོགས་འབྱིན་པའི་ཡན་ལག་ཏུ་འགྲོ་ཞིང་རྫོགས་རིམ་གྱི་སྔོན་འགྲོ་གསུང་རྡོ་རྗེའི་བཟླས་པ་ཕྲ་རགས། ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མཚན་བཅས་རྡོ་རྗེ་ཕུང་པོའི་དག་པ་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་ཞུ་བདེ་རྣལ་འབྱོར་དུ་བྱེད་པ་རང་ལུས་དང་གཞན་ལུས། མཚན་མེད་རྡོ་རྗེ་རྡུལ་བྲལ་ནམ་མཁའི་ཡེ་ཤེས་རྣལ་འབྱོར་དུ་བྱ་བའི་ལམ་བཞིའི་ཕུར་པའི་ནུས་པ་སློབ་མའི་རྒྱུད་ལ་སད་བྱེད་ཀྱི་རྐྱེན་དབང་གི་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་བླུགས་པས་ལྗོན་ཤིང་གི་ལོ་འདབ་རྒྱས་པ་བཞིན་སྟོབས་སུ་གྱུར་པའི་རྣོ་སོའི་བྱེད་ལས་ཀྱིས་སྡུག་བསྔལ་དང་ཀུན་འབྱུང་གི་དགྲ་བགེགས་འཇོམས་ཤིང༌། ངེས་དོན་འགོག་ལམ་གྱི་ལྷག་པའི་ཡེ་ཤེས་བདེན་གཉིས་དབྱེར་མེད་ངེས་དོན་བྱང་ཆུབ་ཀྱི་སེམས་ཀྱི་གནས་ལུགས་ཟབ་མོའི་ལྟ་དགོངས་སྒྲ་ཇི་བཞིན་དུ་ཉམས་འོག་ཏུ་ཆུད་པས་རྡོ་རྗེའི་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་ཏེ་ཕྱོགས་ལས་རྣམ་རྒྱལ་དཔལ་ཧེ་རུ་ཀའི་གོ་འཕང་བར་ཆད་མེད་པར་བགྲོད་ནས། ཐོབ་བྱའི་འབྲས་བུ་རང་སྣང་དུ་ཆོས་སྐུ་ཐབས་བདེ་བ་ཆེན་པོ་རྡོ་རྗེ་གཞོན་ནུ་དང༌། ཤེས་རབ་སྟོང་ཉིད་རྣམ་ཀུན་མཆོག་ལྡན་འཁོར་ལོ་རྒྱས་འདེབས་དང་གཉིས་སུ་མེད་པ་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་སྤྱི་དཔལ་ཟག་མེད་འབྲས་བུའི་ཡོན་ཏན་མཐའ་དག་གིས་འབྱོར་པའི་བྱེད་ལས། གཞན་སྣང་དུ་གཟུགས་སྐུ་གཉིས་ཀྱི་རོལ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་ཁྱབ་བདག་ཀརྨ་ཧེ་རུ་ཀའི་རིགས་མཆོག་ཕྲིན་ལས་དོན་ཡོད་གྲུབ་པ་རྟ་ཡི་རྒྱལ་པོའི་ཚུལ་དུ་བསྟན་པའི་སྐུ་དང་མཚན་གྱི་རོལ་པ་ཚད་མེད་པས་གདུལ་དཀའི་མི་སྲུན་པ་མ་ལུས་སྒྲོལ་བའི་དེད་དཔོན་དུ་ཤར་བ་ཉིད་དང་གཉིས་སུ་མེད་པར་བྱང་ཆུབ་པའི་བདག་ཉིད་ཅན་ཏེ། སྤྱིར་གསང་སྔགས་ཀྱི་རྒྱུད་སྡེའི་དགོངས་པ་ཐམས་ཅད་ལ་དབང་གིས་ཁྱབ་ཅིང༌། དབང་གི་བདག་ཉིད་ཅན་ལས་མ་འདས་པས་ཤིན་ཏུ་ཟབ་པ་སྟེ། དེའི་རྣམ་བཞག་ཤེས་པས་དབང་ཐོབ་དགོས་པའི་ཕྱིར་ཚུལ་དེ་ནི་རིམ་པ་དབང་གི་ཆོ་ག་ལས་འབྱུང་ཞིང༌། དབང་གིས་མ་སྨིན་པ་སྨིན་པར་བྱས་པའི་སྲོག་ཡེ་ཤེས་ཀྱི་བཅུད་འཛིན་པ་ནི་དམ་ཚིག་ལ་རག་ལས་པས་དབང་བཞི་དང་རྗེས་སུ་མཐུན་པའི་རྩ་བ་ཡན་ལག་གི་དབྱེ་བསྡུ། ཇི་ལྟར་སྲུང་ཚུལ། མ་བསྲུང་བའི་ཉེས་དམིགས། བསྲུང་བའི་ཕན་ཡོན་དག་ནི་རྒྱུད་སྡེ་རིན་པོ་ཆེ་རྣམས་དང༌། དེའི་དགོངས་དོན་གསལ་བྱེད་གྲུབ་པའི་རིག་འཛིན་རྣམས་ཀྱི་གསུང་ལས་ཤེས་པར་བྱ་བ་ཁོ་ནའོ། །གཉིས་པ་ཐུན་མོང་གི་སྔོན་འགྲོ་ནི། སྐབས་འདིར་བསྒྲུབ་བྱའི་ལྷའམ་དམིགས་པའི་ཡུལ་ནི། ཕུར་པ་རྡོ་རྗེ་བཀོད་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཕུར་ནི་ཐབས་ཀྱི་རྒྱལ་པོ་ལ། །པ་ནི་ཤེས་རབ་ཡུམ་གྱི་དོན། །གཉིས་སུ་མེད་པ་རྡོ་རྗེའི་ངང༌། །ཞེས་འབྱུང་བ་ལྟར་གདོད་ནས་ལྷུན་གྲུབ་ཏུ་གནས་པ་ཀུན་ཁྱབ་བདེ་གཤེགས་སྙིང་པོ་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་འོད་གསལ་བའི་གནས་ལུགས་ཡབ་རྡོ་རྗེ་གཞོན་ནུ་ཧེ་རུ་ཀ་དཔལ་དང༌། ཤེས་རབ་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་འཁོར་འདས་ཐམས་ཅད་ལ་ཁྱབ་པ་ཡུམ་འཁོར་ལོ་རྒྱས་འདེབས་གཉིས། ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་རང་བཞིན་གྱིས་རྣམ་པར་དག་པ་ཟག་མེད་འབྲས་བུའི་ཡོན་ཏན་ཀུན་ལ་དབང་འབྱོར་ཞིང་གོ་འཕང་མཆོག་གི་མཐར་ཐུག་པ་ཉིད་དེ། དེ་ནི་འགྲོ་བ་ཐམས་ཅད་ལ་གདོད་ནས་ལྷུན་གྲུབ་ཏུ་གནས་ཀྱང་གནས་ལུགས་ཀྱི་ཡོན་ཏན་མངོན་དུ་མ་གྱུར་བར་གློ་བུར་འཁྲུལ་པའི་དྲི་མ་དང་འབྲེལ་བས་སྣང་ཚུལ་ལོག་རྟོག་གི་རྒྱུ་འབྲས་ལ་བདེན་པར་ཞེན་པས་བསླུས་པའི་མཚང་ཤེས་པར་བྱ་བའི་ཕྱིར་འདི་ལྟར་བསམ་དགོས་ཏེ། གོ་འཕང་མཆོག་དེ་རང་གི་རིགས་ཁམས་སུ་བྲི་གང་དང་བྲལ་བར་བཞུགས་ཀྱང་ཡིན་ལུགས་མངོན་གྱུར་དུ་མི་སྣང་བའི་གནད་འདི་འཁྲུལ་པ་རང་རྒྱུད་པ་ལས་བྱུང༌། འཁྲུལ་པ་འདི་དང་པོ་གང་ལས་བྱུང་ན་ཆོས་ཉིད་ཀྱི་རང་རྩལ་ལས་མེད་སྣང་གློ་བུར་བའི་ཚུལ་དུ་བྱུང༌། ད་སྔ་འཁྲུལ་པའི་གཞན་དབང་དུ་གྱུར་པ་འདི་གའི་གནས་ཚུལ་ལ་མ་བརྟགས་མ་དཔྱད་པས་ལན། དཔྱད་ན་འཁྲུལ་པ་ཞེས་པའི་འཁྲུལ་རྟོག་གྱ་གྱུ་འདི་མ་བརྟགས་ཉམས་དགའ་ཙམ་ཞིག་ཡིན། བརྟགས་ཤིང་དཔྱད་ན་ཐོག་མའི་གཞི་ལ་མི་གནས་ཏེ་གཞིའི་གནས་ལུགས་ནི་གདོད་ནས་རྣམ་དག་ཡིན། བར་དུ་ད་ལྟའི་ངོ་བོའི་གཤིས་ལའང་མི་གནས་ཏེ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་མེད་པ་གསལ་སྣང་ཙམ་དུ་བསྟན། ཐ་མ་གྲོལ་བའི་སྐབས་སུ་ཡང་གཞི་མེད་རྩ་བྲལ་དག་ཏུ་ངེས་པས་མི་བདེན་བསླུ་བའི་ཆོས་ཞིག་ལ་བདེན་པར་བཟུང་བས་ཅི་ཞིག་བྱ། བདེན་ངེས་པ་གནས་སྣང་གཉིས་ཀ་བསླུ་མེད་དུ་གཟིགས་པ་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་དག་པའི་འབབ་སྟེགས་ཉིད་ཡིན་ངེས་ཕྱིར་དེ་དང་མཐུན་པར་ལམ་དུ་བྱེད་པ་ལ། སྡུག་བསྔལ་བདེན་པའི་མཚན་གཞི་སྣོད་བཅུད་ཀྱི་འཇིག་རྟེན་མི་བདེན་རྫུན་པའི་སྣང་བ་ལ་བདེན་པར་བཟུང་བས་འཁྲུལ་པ་ཡིན། ད་ངེས་པར་བསམ་ན་ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། བར་སྐྱེ་དགུ་མཆོག་ཕལ་འབྲིང་གསུམ་གྱི་སྐྱིད་སྡུག་གནས་སྣང་ཐམས་ཅད་མི་རྟག་པའི་རང་བཞིན་སྒྱུ་མ་དང་རྨི་ལམ་ལྟ་བུ་ཡིན། འདིའི་སྣང་ཚུལ་ལ་བདེན་པར་རློམ་པས་དགྲ་འདུལ་གཉེན་སྐྱོང༌། ཞིང་ཁ་སོ་ནམ་མཁར་ལས་ཚོང་བསྒྱུར་ཆགས་སྡང་བསྟོད་སྨད་ངོ་སྲུང་སོ་ཚིས་ཆུའི་གཉེར་མ་བཞིན་ཟད་མེད་དུ་ལྟ་བའི་རྗེས་གཅོད་འབའ་ཞིག་གིས་མི་ཚེ་དགེ་མེད་ཀྱི་ལས་ལ་ཟད་ནས་ནོར་ཕྱུགས་གསོག་འཇོག །ཆོས་བརྒྱད་གཉེར་ཁ་དོན་མེད་འདུ་འཛིའི་ལས་ལ་བརྩོན་པས་ཅི་ཞིག་བྱ། བྱ་སྤྱོད་འདིས་ཐོག་མཐའ་བར་གསུམ་དུ་ཆགས་སྡང་རྨོངས་གསུམ་རང་རྒྱུད་པ་ཁོ་ན་སྒྲུབ་པའི་གྲུབ་འབྲས་ནི་ངན་སོང་གི་རྒྱུ་སྡིག་པ་རི་ཙམ་ལས་གཞན་གང་ཡང་མེད། ཚེ་རབས་ཐོག་མེད་ནས་ད་ལྟའི་བར་དུ་ཡང་འདི་ལྟར་བྱས་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ཆུད། ད་བླ་མ་བསྟེན། ཆོས་ཐོས། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་བཞིན་སྒོ་གསུམ་གྱི་ལས་མཐའ་འདི་ལས་གཞན་དུ་བསྒྱུར་མ་བཏུབ་ན་དེ་ལས་མཚང་ཆེ་བ་ཅི་ཡོད། རང་གིས་རང་བསླུས། རང་གིས་རང་བརླག་པའི་རྒྱུ་མཚན་ཤེས་པས་བློ་སྣ་སྐད་ཅིག་མ་འདི་ཆོས་ལ་བཀོལ་ཐུབ་པ་ཞིག་དགོས། ཆོས་བྱ་བ་དེ་ལ་འཁོར་བའི་རྒྱུ་འབྲས་ལས་ངེས་པར་འབྱུང་བའི་བློས་རྩིས་ཟིན་པ་ཞིག་དགོས། ངེས་འབྱུང་གི་བློ་དེ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ངོ་ཤེས་པ་ཞིག་དགོས། དེས་ན་སྲིད་པའི་རྩ་བ་འཁྲུལ་པ་ཡིན། སྲིད་པའི་བྱེད་ལས་སྡུག་བསྔལ་ཡིན། དེའི་གཉེན་པོ་ཆོས་ལ་འཇུག་དགོས་པས་སྤང་བླང་ཐམས་ཅད་ཤེས་ཤིང་ལག་ཏུ་ལེན་ནུས་པའི་རྟེན་ལ་དལ་འབྱོར་གྱི་མི་ལུས་ལས་ལྷག་པ་གཅིག་ཀྱང་མེད། འདི་ཡང་ཡོན་ཏན་ཆེ་ཡང་མི་རྟག་པའི་ཆོས་ལས་མ་འདས་པས་ཡུན་རིང་དུ་མི་སྡོད། ད་རེས་ཀྱི་སྐབས་ལས་ཡང་ཡང་རྙེད་དཀའ་བར་ཤེས་པ་དབུལ་པོས་ནོར་རྙེད་པ་ལྟར་གཅེས་སྤྲས་ཀྱིས་དོན་མེད་དུ་ཆུད་མ་ཟོས་པར་ཆོས་ཀྱི་སྙིང་པོ་ཅི་ལོན་བྱ། ཆོས་ནི་སྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་མདོ་སྔགས་ཀྱི་བསྟན་པ་ཐམས་ཅད་མ་ཉམས་ཡོངས་སུ་རྫོགས་པ་འདི་ལྟ་བུ་སངས་རྒྱས་གཅིག་ལའང་མི་འབྱུང༌། སངས་རྒྱས་ཀྱིས་བསྟན་པའི་ཆོས་དེ་ཐམས་ཅད་དོན་གྱི་དགོངས་པ་བླ་མེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འབའ་ཞིག་འཐོབ་བྱེད་དུ་གནད་གཅིག་ཅིང༌། རྣམ་པའི་ལྟ་སྒོམ་སྤྱོད་པ་ཐམས་ཅད་ཀྱང་སྒྲིབ་གཉིས་ལས་གྲོལ་ཞིང་རྟོགས་པའི་ཡོན་ཏན་འཆར་བྱེད་ཀྱི་ཐབས་གཅིག་པས་ནམ་ཡང་འགལ་འདུར་མི་གནས་ཏེ། དཔེར་ན་ཐག་ཁྲ་སྦྲུལ་དུ་འཁྲུལ་ན་སྦྲུལ་འཛིན་གྱི་རྟོག་པ་ལོག་པའི་འཁྲུལ་ཤེས་ཡིན་པར་ངོ་ཤེས་པ་ལས་སྒྲུབ་བྱེད་གཞན་མི་དགོས་པར་ཐག་པ་དངོས་ཀྱི་ཡིད་ཆེས་རང་བཞིན་གྱིས་སྐྱེ་བ་ཞིག་ཡིན་པའི་ཕྱིར། རྣམ་གྲོལ་ལམ་གྱིས་དོན་གཉིས་སྒྲུབ་པའི་རྒྱུ་ལྷག་བསམ་དང༌། རྐྱེན་དད་པ་དང་བརྩོན་འགྲུས་ཤེས་རབ་ཕུན་སུམ་ཚོགས་པའི་ཡོན་ཏན་ཚང་བས། ཐོག་མར་ཀུན་རྫོབ་རྟེན་འབྱུང་བསླུ་བ་མེད་པའི་བདག་ཉིད་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་ལྟ་སྤྱོད། བར་དུ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གིས་གཞན་ཕན་གྱི་བསགས་སྦྱང༌། མཐར་དེ་ཐམས་ཅད་ཤེས་རབ་ཕར་ཕྱིན་བདག་མེད་རྟོགས་པའི་ཆོས་ཉིད་དུ་རྣམ་པར་དག་པའི་ཉམས་མྱོང་རྒྱུད་ལ་ཅི་སྐྱེས་ཀྱི་བརྩོན་པས་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ནི། ལམ་ཐམས་ཅད་ཀྱི་རྨང་རྡོ་མེད་དུ་མི་རུང་བ་སྟེ། དེའི་རྗེས་འབྲེལ་དུ་སྐྱབས་སེམས། རྡོར་སེམས་སྒོམ་བཟླས། བླ་མའི་རྣལ་འབྱོར། བསགས་སྦྱང་ཡན་ལག་བདུན་པ། མཎྜལ། གསོལ་འདེབས་བཅས་ཀྱི་དམིགས་རིམ་རྣམས་སྤྱི་ལྟར་ཤེས་པས་ངག་འདོན་གྱི་ཡི་གེ་གཞན་དུ་སྤྲོས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ཉམས་སུ་བླང་བྱའི་ལམ་མན་ངག་དངོས་ཕུར་པ་བཞིའི་དོན་ལ། ཚད་མེད་སྙིང་རྗེའི་ཕུར་པའམ་བསྐྱེད་རིམ་སྲིད་པ་ཕུར་བུ་འགྲོ་དྲུག་སེམས་ཅན་ལ་བཏབ་ནས་ཕུང་ཁམས་རྡོ་རྗེའི་འཁོར་ལོར་སྒྲུབ་པ། མཚན་མ་རྫས་ཀྱི་ཕུར་པ་བརྣག་པའི་དགྲ་བགེགས་ལ་བཏབ་ནས་སྲིད་པ་རྡོ་རྗེ་ཕུར་བུར་སྒྲུབ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་བཏབ་ནས་སྲས་མཆོག་སྤྲུལ་པའི་དཀྱིལ་འཁོར་སྒྲུབ་པ། ཁྱབ་བརྡལ་རིག་པ་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་ལ་བཏབ་ནས་དོན་དམ་ཡེ་ཤེས་ཆེན་པོའི་ཁྲོ་བོ་སྒྲུབ་པའི་ཚུལ་བཤད་པའོ། །དང་པོ་ལ། གནད་དོན་སྤྱིར་བཤད་པ། ཉམས་ལེན་གྱི་ལམ་དངོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གཏེར་གཞུང་ལས། དེ་ཡང་སྲིད་པ་གསུམ་ནི་རྡོ་རྗེ་ཕུར་པ་ཡིན་ཏེ༔ རྒྱུད་ལས༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཅེས་གསུངས། དེས་ན་ཁམས་གསུམ་ནི་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཏེ་དབལ་གསུམ་ངན་སོང་གསུམ༔ རྒྱ་མདུད་འོག་མ་འདོད་ཁམས༔ བཅུམ་གཞོགས་ཚོགས་བརྒྱད་གསལ་བ་གཟུགས་ཁམས༔ རྒྱ་མདུད་གོང་མ་གཟུགས་མེད་ཁམས་སུ་གནས༔ སྐྱེ་འགྲོའི་ལུས་ཀྱང་ཕུར་པ་སྟེ་རྐང་པ་གསང་གནས་མན་ཆད་ཕུར་བུའི་དབལ༔ སྙིང་ག་མན་ཆད་རྒྱ་མདུད་འོག་མ༔ མགྲིན་པ་མན་ཆད་བཅུམ་གཞོགས༔ མགོ་བོ་རྒྱ་མདུད་གོང་མའོ༔ གསང་བ་སེམས་ཉིད་ལ་མཚོན་ཀྱང་ཕུར་བུ་སྟེ་ཆགས་སྡང་རྨོངས་གསུམ་དབལ་གསུམ༔ ཀུན་གཞི་ནི་རྒྱ་མདུད་འོག་མ༔ རྣམ་ཤེས་ཚོགས་བརྒྱད་བཅུམ་གཞོགས༔ རྒྱ་མདུད་གོང་མ་རིག་པའི་ཡེ་ཤེས་སུ་དག་གོ༔ དེ་ཐམས་ཅད་གནས་ལུགས་གཞི་ཡི་ཚུལ་ཏེ༔ ཞེས་གསུངས་པའི་དོན་རྡོ་རྗེ་བཀོད་པ་ལས། ལྟ་བ་མཉམ་པར་བཀོད་པ་དང༌། །སྤྱོད་པ་ཅིར་ཡང་མི་སྙམ་ཞིང༌། །ཐབས་ཀྱིས་འགྲོ་བའི་དོན་བྱེད་པ། །དེ་ནི་དམ་ཚིག་མཆོག་ཏུ་གསུངས། །ཞེས་པ་ལྟར་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པའི་སྣང་ཆ་ཕྱི་ནང་སྣོད་བཅུད་ཐམས་ཅད། ཆོས་ཉིད་དོན་དམ་གྱི་བདེན་པའི་གནས་ལུགས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གསུམ་གྱི་རྟེན་བརྟེན་པ་རུ་མ་བཅོས་ལྷུན་གྲུབ་ཏུ་དག་པ་སྟེ། དེ་གཉིས་ཟུང་འཇུག་ཡེ་ཤེས་ཆེན་པོའི་ངོ་བོར་གདོད་མ་ཉིད་ནས་ཇི་ལྟར་བཞུགས་ཚུལ་དང་མཐུན་པར་སྒོམ་པས་ཉམས་སུ་ལེན་པའི་ཕྱིར་ཚད་མེད་སྙིང་རྗེའི་ཕུར་པའམ་བསྐྱེད་རིམ་སྲིད་པ་ཕུར་བུ་རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་གདབ། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པས་བོགས་དབྱུང༌། གསལ་བརྟན་དག་གསུམ་གྱིས་ཏིང་ངེ་འཛིན་གྱི་གེགས་བསལ་ནས་ཉམས་སུ་བླང་བའི་ལྟ་སྒོམ་ཐམས་ཅད་ལ་གཞན་ཕན་སྙིང་རྗེ་ཆེན་པོའི་རྩི་དང་མ་བྲལ་བས་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་རྫོགས་དགོས་པའི་ཕྱིར། ཐོག་མར་སེམས་ཅན་ཐམས་ཅད་མེད་སྣང་འཁྲུལ་པས་གདུང་བའི་ཚུལ་ཤེས་ཤིང༌། དེ་ཐམས་ཅད་རང་ལ་ཕན་བཏགས་པའི་ཕ་མ་ཁོ་ནར་ཤེས་པས་ལམ་གྱི་སྲོག་འཛིན་དགོས་པའི་ཕྱིར། ཚད་མེད་སྙིང་རྗེའི་ཕུར་པའམ་སྣོད་བཅུད་རྒྱུད་གསུམ་གྱི་སྲིད་པའི་སྣང་བ་ཉིད་དཀྱིལ་འཁོར་གསུམ་གྱི་ལྷ་སྔགས་ཡེ་ཤེས་ཀྱི་རྣམ་རོལ་ཏུ་ལྟ་བའི་སྣང་བཅས་བསྐྱེད་རིམ་གཙོ་བོར་བསྟན་པས་བསྐྱེད་རིམ་སྲིད་པ་ཕུར་བུའི་ལམ་ཞེས་བྱ་ཞིང༌། དེ་ཡང་འཁྲུལ་ཤེས་ཀྱི་ངོར་སྣོད་བཅུད་མ་དག་པ་ལྟར་སྣང་ཡང་དོན་རྟགས་དག་པ་ཡེ་ཤེས་ཀྱི་ལྷ་ཕུར་པའི་ཚུལ་ལས་མ་འདས་ཏེ། རྟགས་ཀྱི་ཕུར་བུའི་དབལ་ནི་གཅོད་པར་བྱེད་པའི་མཚོན་ཆ་ལྟ་བུ་ཡིན། ངན་སོང་གསུམ་དང་དུག་གསུམ་ནི་སྡུག་བསྔལ་གྱི་དབལ་དྲག་པོས་གདུང་བར་བྱེད་པའི་རྒྱུ་འབྲས་ཡིན་པས། ཕུར་པའི་བྱེད་ལས་ཐམས་ཅད་དབལ་གྱི་རྣོ་སོས་བྱེད་དགོས་པ་བཞིན། སྐྱེ་འགྲོའི་ལུས་ཀྱི་རྐང་པས་བྱ་བ་ཐམས་ཅད་ཀྱི་གཞི་བྱེད་པ་དང༌། དོན་ལ་དེ་ཐམས་ཅད་གནས་ལུགས་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ལས་མ་འདས་པས་དེའི་དོན་རྟོགས་ན་འཁོར་འདས་ཐམས་ཅད་ཐལ་འབྱིན་དུ་འབིགས་ནུས་པའི་དོན་དང༌། འདོད་ཁམས་ནི་སྒོ་གསུམ་གྱི་འགྱུ་བ་རགས་པ་དང་འཁྲུལ་རྟོག་མངོན་གྱུར་དུ་སྐྱེ་བས་ཁམས་འོག་མ་ཞེས་བྱ་ཞིང༌། སྙིང་ཁ་མན་ཆད་ཀྱི་ལུས་ས་ཁམས་སུ་གསུངས་པ། ཀུན་གཞིའི་རྒྱུ་བག་ཆགས་ཐམས་ཅད་ཀྱི་གཞི་འཛིན་པས་ཕུར་པའི་སྨད་རྒྱ་མདུད་འོག་མ་དང༌། གཟུགས་ཁམས་པ་ནི་རྣམ་ཤེས་ཚོགས་བརྒྱད་གསལ་རིག་སྟོབས་སུ་གྱུར་པས་ལུས་ཀྱང་ཏིང་འཛིན་འོད་ཀྱི་ལུས་དང༌། མགྲིན་པ་ངག་གི་སྒོས་ཆོས་ཐམས་ཅད་སྨྲ་བརྗོད་ཀྱི་སྒྲས་གསལ་རིག་ཤེས་པའི་ཡུལ་དུ་གསལ་བར་སྟོན་ཀྱང་དོན་ལ་དངོས་མཚན་དུ་མ་གྲུབ་པའི་སྟོང་པ་དང༌། ཚོགས་བརྒྱད་ཀྱི་ཤེས་པས་ཡུལ་དབང་ཤེས་གསུམ་ཚོགས་པའི་རྟོག་པས་ལས་ཐམས་ཅད་བསགས་པ་དང༌། དག་པ་ལྷ་དང་སྦྱར་ན་ཚོགས་བརྒྱད་དག་པ་ཁྲོ་བོ་ཆེན་པོ་ཡབ་ཡུམ་བཅུ་མཚོན་པའི་ཕྱིར་ཕུར་པའི་སྐེད་པ་བཅུམ་གཞོགས་བརྒྱད་དང་མཚུངས་པ་དང༌། གཟུགས་མེད་ཁམས་སྟོང་རིག་ཏིང་འཛིན་གྱི་ལུས་ལ་སེམས་བརྟེན་པ་ཙམ་གྱིས་སྲིད་རྩེའི་ཁམས་ཞེས་ཡོངས་སུ་གྲགས། ཡན་ལག་གི་རྒྱལ་པོ་མགོ་ནི་ལུས་ཀྱི་རྩེ་མོར་གནས་ཤིང་དབང་པོའི་སྒོ་ཐམས་ཅད་ཡོད་པ་དང༌། རིག་པའི་ཡེ་ཤེས་ནི་འཁོར་འདས་ཀུན་ལ་ཁྱབ་ཀྱང་གང་གིའང་ཕྱོགས་སུ་མ་ལྷུང་བར་ཀུན་གྱི་བླ་མར་གྱུར་པ་དང་མཐུན་པར་རྒྱ་མདུད་གོང་མ་ཕུར་བུའི་རྩེ་མོ་སྟེ། ངེས་པའི་དོན་དུ་དབལ་གསུམ་རྣམ་ཐར་སྒོ་གསུམ་མཚོན་པས་ཕུར་སྲུང་དམ་ཅན་རྣམས་ཕྲིན་ལས་ཀྱི་རྣོ་སོ་ཡིན་པས་བཞུགས། རྒྱ་མདུད་ཅེས་པ་རྒྱ་མིག་མང་རིས་སུ་དོད་པ་མདུད་པས་འགག་བསྡམས་ནས་གང་ཡང་འཛིན་པ་ལྟར་ཡེ་ཤེས་ཀྱི་ལྷ་རྣམས་གཙོ་བོ་དང་འཁོར་གྱི་ཞལ་ཕྱག་སོགས་གཅིག་ཏུ་མ་ངེས་པར་དཔལ་བེའུའི་རི་མོ་ལྟར་བསྟན་ཀྱང་དོན་ཡེ་ཤེས་ཆེན་པོ་གཅིག་ཏུ་སྡོམ་པ་དང༌། ཁྲོ་བཅུ་ཕྱོགས་མཚམས་སུ་བཞུགས་པའི་མཚོན་དོན་གྱིས་རྒྱ་མདུད་གོང་འོག་དང་བཅུམ་གཞོགས་བཅས་མཚུངས་དོན་ཡིན་ཞིང༌། ཕུར་པ་ཞེས་ལྷ་དང་ཕྱག་མཚན་དཀྱིལ་འཁོར་བཅས་ལ་འཇུག་ཅིང་ཕུར་པ་གང་ལ་བཏབ་ན་ཐལ་འབྱིན་དུ་འབིགས་ཤིང༌། ཐེབས་ནས་མི་ལྡོག་པར་འཛིན་པ་མཚོན་ཕྱིར་ཆུ་སྲིན་དང་སྦྲུལ། ཡེ་ཤེས་དང་ཡོན་ཏན་ཅིར་ཡང་གསལ་བ་རྒྱ་མདུད་དང་བཅུམ་གཞོགས་ཟུར་བརྒྱད་དེ་ཐམས་ཅད་དབྱིངས་སུ་གཅིག་པར་མཚོན་ཕྱིར་དབལ་ཟུར་གསུམ་རྣམ་ཐར་སྒོ་གསུམ་མཚོན་པའི་དོན་ཤེས་ན་ལྟ་བ་མཉམ་པར་བཀོད་པ་དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་དང༌། ལྟ་བ་དེས་རྩིས་ཟིན་པའི་བོགས་འབྱིན་ལམ་གྱི་སྤྱོད་པ་སྤྲོས་བཅས་སྤྲོས་མེད། སྦྱོར་སྒྲོལ་སོགས་གཅིག་ཏུ་མི་གནས་པར་ཚར་གཅོད་རྗེས་འཛིན་དུ་མ་བསྟན་ཀྱང༌། སྒོམ་པ་བསྐྱེད་རྫོགས་ཀྱི་ཐབས་ཟབ་མོ་དང་གཞན་ཕན་སྙིང་རྗེའི་སྤྲོས་པ་རྒྱ་ཆེན་པོས་མཁའ་ཁྱབ་འགྲོ་བའི་དོན་བྱེད་པས་སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་སྐུ་གསུང་ཐུགས་ལས་མ་འདས་པའི་དོན་ལྟར་ཚད་དུ་འཁྱོལ་བ་ནི་སྔགས་ཀྱི་རྣལ་འབྱོར་པ་དམ་ཚིག་མཆོག་ལ་གནས་པའི་དོན་ནི་ཚད་མེད་སྙིང་རྗེའི་ལམ་གྱི་ཕུར་པའི་སྲོག་ཏིག་གོ །གཉིས་པ་ཉམས་ལེན་གྱི་ལམ་དངོས་བྱེ་བྲག་ཏུ་བཤད་པ་ལ། གཏེར་གཞུང་ནས། རྒྱུད་ལས༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་དོ༔ ཞེས་གསུངས། བཛྲ་གཱིརྟི་ལས། ཚད་མེད་སྙིང་རྗེ་ཆེན་པོའི་སྤྲུལ་པ་ཡི་ཕུར་བུ། །སྲིད་པ་སུམ་ཅུ་རྩ་གཅིག་གྲོང་ཁྱེར་དུ་ཐེབས་པས། །འཁོར་བ་གདོད་ནས་དག་པའི་དཀྱིལ་འཁོར་གྱི་ཀློང་ནས། །སྣང་སྲིད་གཞིར་བཞེངས་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང༌། །ཞེས་གསུངས་པའི་དགོངས་པ་ལྟར་བཤད་པ་ལ། ཇི་ལྟར་བསྒོམ་པའི་སོགས་ཀྱིས་བསྟན་པའི་དོན་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཁམས་གསུམ་གདུག་པ་ཡོངས་སྒྲོལ་འཇམ་མགོན་བླ་མའི་གསུང་ལྟར་བཤད་པ་ལ་གཉིས། སྐུ་བསྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར་གྱིས་སྣང་སྲིད་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་དུ་སྒྲུབ་པ་དང༌། གསུང་བཟླས་པའི་རྣལ་འབྱོར་བསྙེན་སྒྲུབ་ལས་གསུམ་གྱིས་ནུས་པའི་གདིང་བསྐྱེད་པའོ། །དང་པོ་ལའང་སྔོན་འགྲོ། དངོས་གཞི། རྗེས་རིམ་མོ། །དང་པོ་སྔོན་འགྲོ་ལ་ས་བཅད་བཅུ་གསུམ་དུ་ཡོད་ཀྱང་གོ་སླ་གནད་འདུས་ཀྱིས་དཀྱུས་གཅིག་ཏུ་སྨོས་པ་ནི། བརྒྱུད་པའི་གསོལ་འདེབས། བསང་ཆུ་བྱིན་རླབས། སྐྱབས་སེམས། ཡན་ལག་བདུན་པ། ཚད་མེད་བཞི། དཀར་ནག་གི་ཕྱོགས་ལ་གཏོར་མ་བསྔོ་འབུལ་རྣམས་ཀྱི་བསྒོམ་བྱ་སྤྱི་དང་མཚུངས་ཤིང༌། སྲུང་འཁོར་ལ་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་ཕུར་བུའི་གུར་ཁང་ཕྱི་ནང་དྲུག་མེ་རི་དང་བཅས་པའི་ནང་གི་ཕྱོགས་མཚམས་སུ་ཁྲོ་བཅུ་ཡབ་ཡུམ་སྐུ་སྨད་ཕུར་གཤམ་ཅན་གྱིས་ཕྱོགས་བཅུའི་གདོན་ཚོགས་གཟིར་བ་ཕྲ་ཐབས་དང་བཅས་པའི་སྐུ་མདོག་ཕྱག་མཚན་ལས་བྱང་དུ་གསལ་བ་ལྟར་ཞལ་ནང་དུ་བསྟན་པས་སྲུང་བའི་ལས་མཛད་པར་བསམ་ལ་ཧཱུྃ་བཞི་དང་སྲུང་སྔགས། རིགས་དྲུག་གི་ཕྱག་རྒྱ་སྲུང་འཁོར་གྱི་ཏིང་ངེ་འཛིན་གྱིས་ཕྱི་ནང་གསང་བའི་མཚམས་བཅད་ནས་བར་ཆད་ཀྱིས་མི་ཚུགས་པའོ། །སྣང་སྲིད་རང་བཞིན་ལྷུན་གྱིས་གྲུབ་པའི་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་བཞུགས་ཀྱང་ལྷན་སྐྱེས་ཀྱི་དྲི་མས་དེ་ཉིད་མ་རྟོགས་པར་ཤེས་པས་ཐབས་དང་བརྡ་དང་སྒྲིབ་བྱེད་དང་བྲལ་བར་མངོན་སུམ་སད་པས་སྒོ་ཕྱེས་པ་ལྟར་གྱུར་ཏེ་མཁའ་ཁྱབ་རྒྱལ་བའི་སྐུ་དང་ཞིང་དུ་འབྱམས་ཀླས་པར་བསམ་པས་སྔགས་བརྗོད་པས་བརྡ་སྒོ་དབྱེ་བ་དང༌། རང་སྣང་ཡེ་ཤེས་ཀྱི་ལྷ་དང་འདུ་འབྲལ་མེད་པར་བཞུགས་པ་ལ་ཡིད་ཆེས་ཀྱི་ངོ་མཚར་སྐྱེས་པས་ཕྱག་གིས་བཏུད་པའོ། །དེ་ལྟར་ཡེ་ནས་དོན་གྱི་དཀྱིལ་འཁོར་ལ་སྒྲིབ་བྱེད་གློ་བུར་གྱི་ཉེས་ཚོགས་རྣམས་སྣང་སྲིད་རྡོ་རྗེ་ཕུར་པའི་ཞིང་དང་སྐུ་རུ་ད་ལྟ་མངོན་སུམ་མཇལ་ཞིང་ཕྱག་གིས་བཏུད་པས་དཀྱིལ་འཁོར་གྱི་ལྷ་ལ་བཤགས་ཤིང༌། ཕྱིན་ཆད་སྣང་སྲིད་དག་པ་ཆེན་པོའི་སྐུ་གསུམ་ཡེ་བཞུགས་ཀྱི་དགོངས་པ་ལ་བསླབ་པས་ལྷག་པའི་ལྷ་སྒྲུབ་པར་དམ་བཅའ་བའོ། །ཆོས་སྐུ་སྤྲོས་བྲལ་གྱི་ཀློང་ནས་ཐུགས་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་སུམ་ཕུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐུགས་རྒྱུད་བསྐུལ་བས་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་དང་བཅས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆར་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་སྣོད་བཅུད་དག་པ་ཆེན་པོར་བྱིན་གྱིས་བརླབས་པས་དངོས་གྲུབ་མཆོག་གི་སྐལ་ལྡན་དུ་གྱུར་པར་དམིགས་ལ་བརྡ་དང་རོལ་མོ་དབྱངས་སྤོས་དར་གྱི་གཡབ་མོ་བཅས་བྱིན་དབབ་པའོ། །སྣོད་བཅུད་དག་པ་རྡོ་རྗེའི་ཞིང་དུ་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་ཉེར་སྤྱོད་བདུན་དང༌། དྲག་པོའི་མཆོད་རྫས། ཚོགས་མཆོད་སོགས་མཆོད་པའི་བྱེ་བྲག་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར་པར་མོས་ལ་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། ཐོད་སྒྱེད་མེ་རླུང་གིས་མཚན་པའི་སྟེང་དུ་ཐོད་པ་དུམ་བུ་གཅིག་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་བཞུ་བསྐོལ་གྱིས་མ་དག་པའི་མཚན་རྟོག་སྦྱངས། སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་བཅུད་དུ་རྟོགས། རླངས་སྤྲིན་འདོད་ཡོན་སོགས་ཡེ་ཤེས་ཀྱི་རོལ་པ་མཐའ་ཀླས་པར་སྦར་བའི་བདུད་རྩི། དམར་གྱི་ཐོད་པ་རློན་པར་ཁམས་གསུམ་གྱི་གདུག་པ་བསྒྲལ་བའི་སྙིང་ཁྲག །ཆགས་པ་ཆེན་པོའི་བཅུད་ལྷ་མོ་གཱིརྟིའི་གསང་བའི་རཀྟ་དང་གཉིས་སུ་མེད་པར་འཁྱིལ་བ་དང༌། དཔལ་གྱི་གཏོར་མ་ཡེ་ཤེས་བདུད་རྩིའི་རང་བཞིན་མཆོད་པའི་ལྷ་མོའི་ཚོགས་སྤྲོ་བས་ལྷ་ཚོགས་དགྱེས་བསྐྱེད་ཡིད་བཞིན་རིན་པོ་ཆེའི་ལྷུན་པོ་ལྟ་བུར་མོས་པའི་གཏོར་མ་སྟེ། སོ་སོའི་སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཤིང་མཁའ་ཁྱབ་ཏུ་སྤེལ་བ་ནི་མཆོད་པ་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ནི། ཏིང་འཛིན་གསུམ་གྱི་སོགས་སྒོམ་དོན་ལས་བྱང་ཆོག་ཁྲིགས་ཀྱི་ཡིག་ཆུང་དུའང་གསལ་མོད། གཟུང་འཛིན་འཁྲུལ་པའི་ཀུན་རྟོག་ལ་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་གྱི་གཤིས་ཉིད་གཉེན་པོར་ཆེ་བ་རྡོ་རྗེ་ཁྲོས་པའི་སྒྲར་བཏགས་པ་ཆོས་ཉིད་ཀྱི་གཤིས་མ་བཅོས་པ་སྤང་བྱ་དང་ལྷན་ཅིག་མི་གནས་པ་ངང་གིས་ཁྲོ་བ་ཆོས་སྐུ། དེ་ཉིད་ཀྱི་རྩལ་རང་བྱུང་དམིགས་མེད་ཀྱི་སྙིང་རྗེས་ལོག་རྟོག་དུག་གསུམ་རྒྱུ་འབྲས་ཐམས་ཅད་ཆེད་དུ་མ་བསྐུལ་ཡང་འཇོམས་པར་བྱེད་པས་ཟག་མེད་ཀྱི་ཡོན་ཏན་གྱི་དཔུང་གཉེན་དུ་གྱུར་པས་ཆོས་ཅན་གྱི་ནུས་པ་ལ་ཡེ་ནས་དེ་ལྟར་མངའ་བས་ཤུགས་ཀྱིས་ཁྲོ་བ་ལོངས་སྐུ། སྟོང་དང་སྙིང་རྗེ་ཟུང་འཇུག་གི་ཡེ་ཤེས་སངས་རྒྱས་ཀུན་གྱི་ཐུགས་སྲོག་ཧཱུྃ་མཐིང་ནག་གི་རྣམ་པར་ནམ་མཁའི་དབྱིངས་སུ་ཤར་བའི་དཔལ་ཆེན་རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་རྟེན་བརྟེན་པ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ནི་གདུལ་བྱ་གདུག་པ་ཅན་གྱི་ངོར་སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་ཁྲོས་པ་ལྟར་བསྟན་པས་ཁྲོ་བོར་བཅོས་པ་སྤྲུལ་སྐུ་རུ་གསུངས་ཏེ། རྒྱུད་ལས། ངང་ཁྲོ་ཤུགས་ཁྲོ་ཁྲོ་བར་བཅས་དང་བཅོས། །ཞེས་གསུངས། དེ་ནས་རྟེན་བརྟེན་པའི་ལྷ་བསྐྱེད་པ་ནི། སྔར་བསྒོམས་པའི་སྲུང་འཁོར་དེའི་ནང་དུ་རྒྱུའི་ཧཱུྃ་ཡིག་མཐིང་ནག་ལས་འབྱུང་ལྔའི་ས་བོན་རྣམས་སྤྲོས་པ་རིམ་པར་ཆད་པ་ལས་སོ་སོར་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ནམ་མཁའ་ཆོས་འབྱུང་གདེང་ཀ་གྱེན་བསྟན་སྲུང་འཁོར་གྱི་ནང་ཕྱེད་མན་ཆད་ཁྱབ་པ་རྩ་བ་ཕྲ་བའི་ཟུར་འོག་ཕྱོགས་སྲུང་འཁོར་རྡོ་རྗེའི་གདན་གཞིའི་ལྟེ་བ་ལ་ཟུག་པ། ནམ་མཁའི་ཀློང་དུ་རླུང༌། མེ། ཤ་ཆེན་གྱི་ས་གཞི། ཁྲག་མཚོ་རྣམས་བརྩེགས་པའི་སྟེང་རུས་པའི་རི་རབ་གྲུ་གསུམ་བང་རིམ་བཞི་ལྡན་འོག་མ་ལས་གོང་མ་འཕེལ་ཀ་ཇེ་རྒྱས་ཅན། དེའི་སྟེང་རྡོ་རྗེའི་བྲག་ཆེན་གྱིས་གཏམས་པའི་སྟེང་བསྐལ་པའི་མེ་དཔུང་རྣམ་པ་གྲུ་གསུམ་ཅན་དུ་འབར་བས་ཁྱབ་པ། མེའི་ནང་རྡོ་རྗེའི་རྭ་བ་ཟླུམ་པོའི་ནང་དུ་སྣ་ཚོགས་པདྨ་དང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བ་གྲུ་བཞི་པར་ཧཱུྃ་གི་འཕྲོ་འདུ་ལས་གཞལ་ཡས་ཁང་ཕྱི་ནང་རིམ་པ་གཉིས་སུ་ཡོད་པའི་ཕྱི་རིན་པོ་སྣ་ཚོགས་ལས་གྲུབ་པ་གྲུ་བཞི་སྒོ་བཞི་སྒོ་ཁྱུད་དང་བཅས་པ་ཐེམ་སྐས་རིམ་པ་གསུམ་དང་ལྡན་པའི་སྒོ་སྟེང་རྟ་བབ་བང་རིམ་བཞི་བཞི་ཡོད་པ། དེའི་ནང་གི་ཁྱམས་ཁྲག་མཚོ་འཁྱིལ་ཞིང་ཐོད་པ་རིམ་གསུམ་ལས་གྲུབ་པའི་ཁང་པ་གྲུ་བཞི་སྒོ་ཟང་ཐལ་སྒོ་ཁྱུད་མེད་པ། གཞལ་ཡས་ཁང་གཉིས་ཀའི་སྟེང་ཐོག་སྙོམས་པའི་དབུས་རྒྱ་ཕུབ་ཀྱི་རྣམ་པ་ལྟར་ཕྱུར་བུར་གྱུར་པའི་སྟེང་བུམ་པ་སུལ་བརྒྱད་བྲེ་ཆོས་འཁོར་གདུགས་ཏོག་དང་བཅས་པ། སྟེང་དང་ཉེ་ལོགས་ཀྱི་རྒྱན་ཐམས་ཅད་ཞི་ཁྲོ་སྤེལ་མ། ཐོད་མཁར་གྱི་ནང་དུ་འཁོར་ལོ་རྩིབས་བཅུ། དེའི་ནང་ཐོད་པ་ཕྱིར་བལྟས་ཀྱི་རྭ་བས་བསྡམས་པ། དེའི་ནང་ཟླ་གམ་སུམ་ལྡན་གྱི་ཨེ་དབྱིངས་སུ་རྡོ་རྗེའི་བྲག་ཆེན་པད་ཟླ་ཉི་མ་ལྷ་ཆེན་ཕོ་མོ་བསྣོལ་བའི་ཁྲི་ལ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཀྱིས་བདག་ཉིད་རྡོ་རྗེ་གཞོན་ནུ་མཐིང་ནག་དབུ་དགུ། ཞལ་དབུས་མཐིང༌། གཡས་དཀར། གཡོན་དམར། དེའི་སྟེང་དབུས་ལྗང༌། གཡས་སེར། གཡོན་ནག །དེའི་སྟེང་དབུས་སྨུག །གཡས་མཐིང༌། གཡོན་དམར། ཕྱག་བཅོ་བརྒྱད། ཞབས་བཞི་གཡས་བརྐྱང་གཡོན་བསྐུམ། སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས། སྒྲོལ་ཡུམ་ཨེ་ཀ་ཙ་ཏི་བཅས་གཞུང་ལྟར་གསལ། ཡབ་ཡུམ་སྙོམས་འཇུག་གི་མཁའ་གསང་ནས་ཕྱོགས་བཅུའི་ཁྲོ་བོ་ཡབ་ཡུམ་དང༌། གཡས་གཡོན་དུ་ཕྲ་ཐབས་དང་བཅས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། ཟླ་གམ་གསུམ་ལ་སྲས་མཆོག་ཉེར་གཅིག །གཞལ་ཡས་ཁང་གི་གྲྭ་བཞིར་སྒྲོལ་བྱེད་ལས་བཞིའི་ཕུར་པ་བཅས་རྫས་ཀྱི་དཀྱིལ་འཁོར་གསུམ་དང༌། ནང་གི་སྒོ་བཞིར་རྟ་གདོང་ལ་སོགས་སྒོ་མ་བཞི། ཁྲག་མཚོའི་ནང་དུ་ཕུར་སྲུང་བཅུ་གཉིས། དབང་ཕྱུག་ཉེར་བརྒྱད། སྒོ་བཞིར་གིང་ཆེན་བཞི་བཅས་གསལ། ལས་ཕུར་མཆོད་པ་བྱིན་རླབས་ཀྱི་མགོར་བྱིན་རླབས་བྱས་པ་ཉིད་སྐབས་འདིར་སྲས་མཆོག་དང༌། ལས་བཞིའི་ཕུར་པ་རྣམས་ངོ་བོ་དབྱེར་མེད་དུ་བསྐྱེད་དགོས་པ་ཡིན། སྤྱིར་ལས་ཕུར་འདི་བསྙེན་སྒྲུབ་ཀྱི་སྐབས་གཞལ་ཡས་ཁང་དང་ལྷ། སྐུལ་བའི་སྐབས་ཕྱག་མཚན་ཏེ་ཤེས་པ་གསུམ་ལྡན་དུ་གོ་བ་འཕྲུལ་ཤེས་དགོས། རྡོ་རྗེ་གསུམ་གྱིས་རྒྱས་འདེབས། རིགས་ལྔས་དབང་བསྐུར། སྤྱན་དྲངས་བསྟིམ། ཕྱག་མཆོད་བསྟོད་པའི་བར་སྤྱི་ལྟར་ལ། དམིགས་བསལ་ལྷ་ཞལ་གསུམ་ཕྱག་དྲུག་གི་རིགས་ལ། བདུད་རྩི་གཡས་ཞལ། རཀྟ་གཡོན། གཏོར་མ་ཤ་ཁྲག་དབུས་སུ་སྟོབ་པ་དང༌། སྦྱོར་མཆོད་ལ་ཐབས་ལ་ཤེས་རབ། ཤེས་རབ་ལ་ཐབས་ཀྱི་རྣམ་པས་འཁྱུད་སྦྱོར་དུ་དམིགས་པར་གསུངས། རཀྟ་ཚར་གསུམ་སྐབས། བརྣག་ཅིང་འཚེ་བའི་དགྲ་བགེགས་ཐམས་ཅད་ཀྱི་བླ་སྲོག་རྣམ་ཤེས་ཐིག་ལེ་དམར་པོ་ནྲྀ་དང་ཏྲིས་མཚན་པ་ཁྲག་གི་གྲོད་ཐུམ་རི་རབ་ཙམ་དུ་གྱུར་པ་ཕྱག་མཚན་ཕུར་པ་གཏད་པ་ཙམ་གྱིས་བརྡོལ་ཏེ་བྱིན་གྱིས་བརླབས་པ་རཀྟ་དང་འདྲེས་པས་སྟོང་གསུམ་ཁྲག་མཚོས་ཁྱབ་པ་ལས། དང་པོ་ལྷ་དང་མཁའ་འགྲོའི་བཀའ་ཉན་ཕྱིར། གཉིས་པ་དོན་གནད་དུ་དབབ་པ། གསུམ་པ་ཉམས་པའི་མཐུ་དང་རྫུ་འཕྲུལ་འཕྲོག་ཕྱིར་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕུལ་བར་བསམ། ཡུམ་མཁའ་ཨེ་ཡི་གཏུན་ཁུང་དུ་ཡབ་ཀྱི་རྡོ་རྗེ་ཐོ་བས་བརྡུངས་པས་དུག་གསུམ་གྱི་རྟོག་ཚོགས་ཞི་བདེའི་ཆོས་ཉིད་ཆེན་པོར་སྦྱངས་པར་བསམ་པའི་སྦྱོར་མཆོད་རྣམས་ཕུར་པ་རང་གི་སྒོས་ཆོས་ཡིན་ལ། བསྐྱེད་རིམ་ཞིབ་ཏུ་ཁྲིད་ན་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པོ་ལ་བསླབ་པ་དང༌། བསྐྱེད་པའི་ཏིང་ངེ་འཛིན་གྱི་གེགས་སེལ་བོགས་འདོན་སྲོག་སྡོམ་གཟེར་བཞི་སོགས་སྔ་འགྱུར་བཀའ་གཏེར་དུ་ཡོངས་སུ་གྲགས་པ་ལྟར་ལས་འདིར་སྨོས་སུ་མ་ལྡང་བས་ཉམས་ལེན་འདོད་པ་ཡོད་ན་ཡིག་ཆ་ཡོངས་གྲགས་རྣམས་དང་གུང་བསྟུན་པས་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ནི། བཀའ་གཏེར་གྱི་སྲུང་མའི་གཏོར་ཆོག་སྤྱི་ལྟར་སྔོན་དུ་འགྲོ་བས་སྐོང་བཤགས་ཀྱི་ཆོ་ག་རྒྱས་པར་སྦྱར་ན་ཀུན་གཟིགས་འཇམ་དབྱངས་བླ་མའི་དགོངས་གཏེར་གྲུབ་ཐོབ་ཐུགས་ཏིག་ལས་འབྱུང་བ་ལྟར་སྦྱར་ཡང་རུང་ཞིང༌། ཚོགས་མཆོད་ལ་ཚོགས་སྣོད་པདྨ་བྷཉྫ། བཅུད་ཤ་ལྔ་བདུད་རྩི་འདོད་ཡོན་ལྔ་དང་བདུད་རྩིའི་མཆོད་སྤྲིན་མཐའ་ཡས་པ། རྣལ་འབྱོར་ཕོ་མོ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བས་ཐ་མལ་གྱི་བློ་རྟོག་དང་བྲལ་བས། ཚོགས་མགྲོན་རྩ་བ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ནས་དཀྱིལ་འཁོར་དང་དབྱེར་མེད་དུ་བཞུགས་པ་ལ། མཆོད་པའི་ལྷ་མོ་རྣམས་ཀྱིས་སྤྱིར་མཆོད་པ་སྔོན་དུ་འགྲོ་བས། ཚོགས་དང་པོ་ཚོགས་རྫས་འདོད་ཡོན་གྱི་རོལ་པ་ནམ་མཁའ་གང་བས་མཆོད། བར་པ་བདུད་རྩིའི་ཐོད་ཞལ་དུ་མས་མཆོད། ཐ་མ་བསྟན་འགྲོ་སྤྱི་ལ་འཚེ་བའི་དགྲ་བགེགས་ཕོ་ཉ་བཞིས་འགུགས་འཆིང་སྡོམ་མྱོས་བྱས་ཏེ། བདག་དཔལ་ཆེན་པོ། ཕུར་པ་སྲས་མཆོག །ལིངྒ་དགྲ་བགེགས་དངོས་སུ་གསལ་བ་སྟེ་གསལ་བ་གསུམ་ལྡན་གྱིས། སྲས་མཆོག་གི་སྤྱི་བོར་ཧཱུྃ་ཀ་ར། དེའི་སྤྱི་བོར་ཨ་དཀར་པོ། ཨ་འོད་དུ་ཞུ་ནས་ཧཱུྃ་ཀ་ར་ལ་ཐིམ། དེ་འོད་དུ་ཞུ་ནས་ཕུར་པ་ལ་ཐིམ། ཕུར་པ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་ནས་རྒྱལ་བ་མཆོད་ཅིང་སེམས་ཅན་གྱི་སྒྲིབ་པ་སྦྱངས། བྱིན་རླབས་དང་ཚེ་བཅུད་ཀྱི་དྭངས་མ་ཐམས་ཅད་བསྡུས་ཏེ་ཕུར་པ་ལ་ཐིམ་པས་གཟི་བྱིན་མཆོག་ཏུ་འབར། དེ་ཉིད་དམིགས་བྱའི་སྙིང་དཀར་ནག་མཚམས་སུ་གཏད་དེ་འདྲིལ་བས་ཕུར་བུ་ལས་འབར་བའི་འོད་ཟེར་གྱིས་ཁོ་ཡི་སྡིག་སྒྲིབ་ཐམས་ཅད་བསྲེགས། ཚེ་བསོད་དང་བཀྲག་མདངས་ཀྱི་དྭངས་མ་ཐམས་ཅད་བསྡུས་ནས་ཧཱུྃ་དུ་གྱུར་པ་དེ་ཕུར་པས་བླང་སྟེ། ཕུར་པ་རང་གི་སྙིང་གར་བསྟན་པས་ཁོ་ཡི་ཚེ་བསོད་རང་ལ་འདུས། སླར་ཡང་ཕུར་པ་ཁོའི་སྙིང་གར་གཟིར་བས་སྒོ་ལྔའི་རྣམ་ཤེས་ཀུན་གཞི་ལ་འུབ་ཀྱིས་འདུས་ནས་ཧཱུྃ་དུ་གནས་གྱུར་ཏེ་ཕུར་པ་ལ་ཐིམ་པས་ཁོའི་བྱུང་ཚོར་གྱི་རྟོག་པ་འགགས་ཏེ་ནག་ཐིབ་ཀྱིས་སོང་བར་བསམ་ཞིང༌། ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན་སོགས་བརྗོད། ཁོ་ཡི་རྣམ་ཤེས་ནྲྀ་རུ་གནས་པ་དེ་ཕུར་བུའི་རྩེས་བླངས་ལ་ཧཱུྃ་དུ་བྱིན་གྱིས་བརླབས་ནས། སྥ་ར་ཎ་ཕཊ་ཀྱིས་དཔལ་ཆེན་པོ་ཡབ་ཡུམ་གྱི་མཁའ་གསང་ལ་འཕང་པ་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་པར་བསམ་མོ། །དེའི་ཤུལ་དུ་ཕྱིས་རྣམ་ཤེས་ལུས་ལ་འཇུག་པ་བཅད་ཕྱིར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཞེས་ལན་བརྒྱད་བཟླས་ཏེ་སྙིང་དཀར་ནག་མཚམས་སུ་གདབ་པར་གསུངས། ཤ་ཁྲག་བདུད་རྩིར་སྦར་བ་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལ་བསྟབས་པས་དགྱེས་པར་རོལ་ཏེ། ཐུགས་ཆོས་ཉིད་བདེ་བ་ཆེན་པོའི་ལྷན་སྐྱེས་ཀྱི་ཡེ་ཤེས་འདྲེན་པའི་ཕྱིར་རང་རང་གི་ཕྱག་རྒྱ་དང་སྙོམས་འཇུག་གིས་གཟུང་འཛིན་གྱི་དགྲ་བགེགས་མིང་མེད་དུ་བཅོམ་པར་བསམ། དེ་ནས་རྣལ་འབྱོར་པ་རྣམས་ཐ་མལ་གྱི་འདུ་ཤེས་སྤང་པས་ཆོས་ཉིད་ལ་ཆོས་ཉིད་རོལ་པའམ། དམ་རྫས་ཀྱི་བདུད་རྩིས་ལྷ་མཆོད་ཅིང་དངོས་གྲུབ་ཏུ་མོས་པས་རོལ་ཞིང༌། ལྷག་མ་རྣམས་བསྡུས་ཏེ་རྟ་མགྲིན་ཡབ་ཡུམ་གྱི་བྱང་སེམས་སུ་དམིགས་པས་ལྷག་གཏོར་ལ་ཁ་ཕྲུས་འདེབས་ཤིང་མགྲོན་རྣམས་དགྱེས་པའི་རྫས་སུ་མོས་ལ། མགྲོན་བདག་ཉིད་ཤྭ་ན་ས་བདག་སྐྱེས་བུ་གིང་དང་དགེ་བསྙེན་དབང་ཕྱུག་བརྟན་མ་རྣམས་ལ་ཕུལ་བས། ཧེ་རུ་ཀའི་སྔོན་གྱི་ཐ་ཚིག་བཞིན་ཕྲིན་ལས་རྣམས་བསྒྲུབས་པར་བསམ་ལ་ཐམས་ཅད་རྡོ་རྗེའི་རིགས་ཅན་དུ་གྲོལ་བར་སྨོན་ལམ་གདབ། བཀའ་སྲུང་རྣམས་ལ་སྔོན་གྱི་ཐ་ཚིག་བསྒྲགས་པས་དམ་བཅས་རྗེས་སུ་དྲན་པར་བསྐུལ་ཏེ་གཏོར་ཆེན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པའི་གཏོར་ཆེན་མཁའ་དབྱིངས་དང་མཉམ་པར་ཕུལ་བ་མདུན་དུ་འོད་དར་དཀར་གྱི་ཡོལ་བ་ཙམ་གྱིས་བར་ཆོད་པའི་ཕྱི་རོལ་ཏུ་འཁོད་ནས་གཏོར་མ་བཞེས་ཏེ་ཕྲིན་ལས་མཛད་པར་བསམ། བཤལ་ཆུ་ཟག་མེད་ཀྱི་བདུད་རྩིས་བྲན་པའི་གཏོར་མ་རིན་པོ་ཆེའི་མཆོད་སྡོང་རྣམས་བརྟན་མ་བཅུ་གཉིས་འཁོར་གཡོག་དང་བཅས་པ་ལ་ཕུལ་བ་དགྱེས་དགུར་བཞེས་པར་བསམ་ལ་མཐའ་དམག་སྲུང་བའི་ཕྲིན་ལས་བཅོལ། སྒྲུབ་པའི་བར་ཆད་སྒབ་འདྲེ་ཐམས་ཅད་གསེར་གྱི་ས་གཞི་ལ་ཐུག་པའི་གྲུ་གསུམ་གྱི་ནང་དུ་བཀུག་ནས་གཏོར་གཞོང་རི་རབ་མགོ་འཇུག་ལྡོག་པས་མནན་པའི་སྟེང་རྒྱ་གྲམ་འབར་བས་རྒྱས་གདབ་ཅིང༌། དཔལ་ཆེན་འཁོར་བཅས་ཀྱིས་རྡོ་རྗེའི་གླུ་བླང་བྲོ་བརྡུང་བས་མནན་པར་བསམ། བསྙེན་སྒྲུབ་ཀྱི་མཐར་སྒྲུབ་རྫས་ལས་དངོས་གྲུབ་ལེན་ཞིང་དམ་རྫས་ལ་རོལ། རྒྱུན་གྱི་དངོས་གྲུབ་མདུན་བསྐྱེད་ལས་དམིགས་པས་ལེན། གཏང་རག་གི་མཆོད་བསྟོད་དང་ནོངས་པ་བཤགས་ལ། ཚོགས་མགྲོན་དང་མདུན་བསྐྱེད་རྟེན་ལ་བསྟིམ། བདག་བསྐྱེད་སྣོད་བཅུད་གཞལ་ཡས་ཁང་དང་གཙོ་འཁོར་སེམས་དཔའ་གསུམ་རིམ་གྱིས་ཐུགས་སྲོག་ལ་བསྡུས་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག །སླར་ཡང་འགྲོ་བའི་དོན་དུ་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཕུར་བུ་འཛིན་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་ཡེ་ཤེས་སྒྱུ་མའི་སྐུར་ལྡང་ལ། གནས་གསུམ་འབྲུ་གསུམ་ལུས་ལ་རྡོ་རྗེའི་གོ་བགོ་བས་རྒྱས་བཏབ། བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་ཏེ་ཁྱེར་སོ་གསུམ་དང་མ་བྲལ་བར་བྱའོ། །གོང་གི་ལྷར་སྣང་བསྡུ་ལྡང་འདི་ཞིབ་པར་སྤྲོས་ནས་རྫོགས་རིམ་བྱས་ཀྱང་རུང་མོད། བྱང་སེམས་དང་རིག་པའི་ཕུར་བུའི་ལམ་གྱི་སྐབས་རྒྱས་པར་འབྱུང་བས་འདིར་ཞིབ་ཏུ་མ་བཤད་དེ། འདིར་སྨོས་པའི་དམིགས་སྒོམ་རྡོ་རུས་འཕྲོད་ན་གྱེར་སྒོམ་ཟུང་འཇུག་ཏུ་འགྱུར་བས་གནད་དོན་ཤེས་ཤིང་ཉམས་ལེན་ཚུལ་བཞིན་བྱེད་འདོད་པ་དག་གིས་ནན་ཏན་ཏུ་བྱ་བ་གལ་ཆེའོ། །གཉིས་པ་གསུང་བཟླས་པ་བསྙེན་སྒྲུབ་ལས་གསུམ་གྱིས་ནུས་པའི་གདིང་བསྐྱེད་པ་ལ། སྤྱིར་གཞུང་འདིའི་དགོངས་དོན་ལམ་ངེས་རྫོགས་ཀྱི་དབང་དུ་མཛད་ནས། གསང་བ་སྤྲོས་མེད་ཕྱག་རྒྱ་རྐྱང་སྒྲུབ་ཀྱིས་བསྐྱེད་རིམ་གྱི་གསལ་སྣང་སྒྲུབ། རྩ་བ་དཀྱིལ་འཁོར་གསུམ་གྱི་སྒྲུབ་པས་བསྙེན་སྒྲུབ་ཀྱི་ནུས་པའི་གདིང་ཐོབ་པར་བྱས་ནས། སྤྲོས་བཅས་ཚོམ་བུ་འབུམ་སྒྲུབ་ཡན་ལག་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པས་ཚོགས་སྒྲུབ་དང༌། མཚན་མ་རྫས་ཀྱི་ཕུར་བུའི་མངོན་སྤྱོད་ཀྱི་ནུས་པ་རྩལ་དུ་འདོན་པས་སྒྲོལ་བ་ལམ་དུ་བྱེད། རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་ཡང་ཕུར་སྦྲག་མའི་སྒྲུབ་པ་སྔོན་དུ་འགྲོ་བས་ཐབས་གྲོལ་གྱི་ལམ་གྱིས་རྫོགས་རིམ་གྱི་སྔོན་འགྲོ་བྱས་ནས། བདེ་ཆེན་བྱང་ཆུབ་སེམས་ཀྱི་ཕུར་བུས་སྦྱོར་བ་ལམ་དུ་བྱེད་ཚུལ་རྒྱས་པར་གསུངས་ཀྱང་དེང་དུས་དེ་ལྟར་ཉམས་ལེན་བྱེད་པ་དཀོན་ཕྱིར་ཞིབ་ཏུ་མ་སྤྲོས་ལ། སྐབས་སུ་བབ་པ་སྤྱིར་བཏང་འཇུག་བདེའི་བསྙེན་སྒྲུབ་ལས་གསུམ་མོས་སྒོམ་དུ་བྱ་བའི་ལག་ལེན་བཅུད་དྲིལ་དུ་འཆད་པ་ལ། སྦྱོར་བ་ཡིད་དགའ་ཞིང་ཉེར་འཚེ་མེད་པའི་དབེན་པའམ་རིག་འཛིན་གོང་མས་བྱིན་གྱིས་བརླབས་པའི་གནས་སུ། བྱང་ཆུབ་སྒྲུབ་པ་ལ་དགེ་བའི་དུས་ཚེས་ཡར་ངོའི་བརྒྱད་དང་སྐར་མ་རྒྱལ། གཟའ་ཟླ་བ་དང་ཕུར་བུ། ཕྲིན་ལས་ཀྱི་དབང་གིས་མགོ་ཕུར་འཛོམ་པའི་ཉི་མ་ཕྱེད་ཡོལ་གྱི་དུས་སུ། དམིགས་རྟེན་བྲིས་སྐུ། རས་བྲིས་ཀྱི་དཀྱིལ་འཁོར། ཚད་དང་ལྡན་པའི་བསྙེན་ཕུར་དང་ལས་ཕུར། མཆོད་པའི་ཡོ་བྱད་སོགས་སྒྲུབ་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་ཚགས་སུ་ཚུད་པས། ཇི་ལྟར་སྒྲུབ་པའི་ཚུལ་དངོས་ལ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་སྟེ་ས་ཆོག་དང་མཚམས་གཅོད་སྟ་གོན་སོགས་བསྙེན་པ། སྟོད་ལས་རང་རྐང་གི་ཉེ་བསྙེན། སྨད་ལས་ཡོངས་སུ་རྫོགས་པ་ལག་ཏུ་ལེན་པའི་སྒྲུབ་པ། བདག་དོན་དངོས་གྲུབ་ལེན་པ་དང་བདག་འཇུག །མནན་བསྲེག་འཕང་གསུམ་གྱིས་དྲག་པོའི་ལས་མཇུག་བསྡུ་བ་སྒྲུབ་པ་ཆེན་པོ་སྟེ། བསྙེན་སྒྲུབ་ཡན་ལག་བཞིས་ཆིངས་སུ་བཅིང་ནས་བཤད་དུ་ཡོད་ཀྱང་དེ་དག་ཕལ་ཆེར་སྟོད་ལས་ཀྱི་སྒྲུབ་པ་ཆེན་པོའི་ཁོག་དབུབ་དང་འབྲེལ་བར་འཆད་པས་རྟོགས་སླ་ཞིང༌། བསྐྱེད་རིམ་སྲིད་པ་ཕུར་བུའི་བསྙེན་སྒྲུབ་ལས་གསུམ་གྱི་ཉམས་ལེན་གྱི་ལག་ཁྲིད་འཇུག་བདེ་གནད་ཀྱི་ཟིན་ཏིག་དངོས་ལ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ནི། བསྙེན་པ་ལ་འཇུག་པའི་སྔ་རོལ་ཏུ་རྒྱབ་རིམ་དགེ་བའི་དཔུང་བསྐྱེད་པ་དང༌། ངེས་འབྱུང་གིས་བློ་བཅོས་ཤིང་སྔོན་འགྲོ་བསགས་སྦྱང་གི་རིམ་པ་ལྟར་རྡོར་སེམས་སྒོམ་བཟླས། བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་རྣམས་ཅི་ནུས་ཉམས་སུ་ལེན། མཚམས་དངོས་ལ་འཇུག་པའི་ཚེ་ཐོག་མར་ཞིང་སྐྱོང་གཞི་བདག་ལ་དཀར་གཏོར་བཏང་ཞིང་ཕྲིན་ལས་བཅོལ། ནག་ཕྱོགས་ལ་གཏོར་མ་བསྔོ་ཞིང་དྲག་སྔགས་བཅས་ཐུན་གྱིས་བྲབ། གུ་གུལ་བདུག་ཚམས་རྔམས་ཀྱིས་བགེགས་བསྐྲད། སྒོ་དྲུང་དུ་ཐོ་བརྩེགས་པར་རྒྱལ་ཆེན་བཞི་བསྐྱེད་བསྟིམ་མཆོད་གཏོར་ཕུལ་ལ་བར་ཆད་སྲུང་བའི་ཕྲིན་ལས་བཅོལ་བ་ཕྱི་མཚམས། ནང་མཚམས་སྲུང་འཁོར་བསྒོམ། གསང་མཚམས་རྡོ་རྗེ་སྟོང་པ་ཆེན་པོའི་མཚམས་གཅོད། རྣམ་སྨེས་སྒྲུབ་པའི་ཁྲུས་ཆུས་ཉིན་རེ་བཞིན་བདག་གནས་ཡོ་བྱད་ཀུན་ལ་འཐོར་ཞིང་འདི་ནས་བཟུང་དམིགས་འོག་ཏུ་མ་ཆུད་པའི་ངོ་གསར་དང་མི་འཕྲད། ཆས་ཀའི་གཏོང་ལེན་སྤང༌། སྲུང་འཁོར་འདི་ཐུན་མགོ་ཐམས་ཅད་ལ་གསལ་འདེབས་བསྐྱར། མཚམས་གྲོལ་རྒྱུའི་ཐུན་གྱི་བར་མི་བསྡུ་གསུངས། བཅའ་བཤམ་ལ་རང་གི་མདུན་དུ་དམ་ཚིག་གི་རྟེན་རབ་གནས་ཅན་གྱི་མདུན་དུ་རས་བྲིས་ཀྱི་དཀྱིལ་འཁོར་ཡོད་ན་ལྟེ་བ་གྲུ་གསུམ་གྱི་སྟེང་དུ། འབྱོར་ན་ཐོད་པ་གླིང་བཞི་པ་ལ་ཆུ་ཚོན་གྱིས་འཁོར་ལོ་སེར་པོ་རྩིབས་བརྒྱད་བྲིས་པའི་ནང་འབྲུ་ནག་གིས་བཀང་བ་ལ་བྱུག་བདུག་བྲབ་རྫས་ཀྱིས་གཟི་བྱིན་བསྐྱེད་པའི་ལྷ་ཕུར་ཚང་བ་ཕྱོགས་གཅིག་ཏུ་སྦམ་པའམ། གཙོ་ཕུར་ཁྲོ་ཞལ་ཅན་ཚད་ལྡན་བཀོད། ཐོད་པ་མ་འབྱོར་ཡང་བསྙེན་ཕུར་ཚད་ལྡན་དལ་དབུས་སུ་བཙུགས་ཀྱང་རུང༌། བསྙེན་པའི་སྐབས་དཀྱིལ་འཁོར་མ་གྲུབ་ནའང་རུང་ཡང༌། སྒྲུབ་པའི་སྐབས་རས་བྲིས་མ་འབྱོར་ན་འབྲུ་ནག་གི་ཚོམ་བུ་ལྷ་གྲངས་བཀོད་པ་དགོས་པས་མཎྜལ་སོགས་ཀྱི་སྟེང་དུ་བཀོད། དཔལ་གཏོར་འཁོར་རང་འདྲ་བཅུས་བསྐོར་བའི་རྩེར་སྐུ་རྟེན་དར་ནག་གི་གུར་ཕུབ་པ་མཉྫིའི་ཁར་བསྙེན་པའི་དུས་ནས་བཤམས། དེའི་མདུན་དུ་མཆོད་གཏོར། སྨན་རཀ །ཕུར་སྲུང༌། ཕྱི་ནང་གི་མཆོད་པ་བཅས་བཀོད་ལེགས་སུ་བསྟར། རང་རྟེན་དང་ཞལ་སྤྲོད་ཀྱི་འབྲས་སམ་ས་དཀར་གྱིས་གཡུང་དྲུང་ཆོས་བསྐོར་དུ་བྲིས་པའི་སྟེང་དུ་སྟན་ནང་ཚངས་ཅན་འཇམ་ཞིང་བདེ་བ་ལ་འཁོད། ནང་མཆོད་རྡོར་དྲིལ་ཌཱ་མ་རུ་འཐོར་ནས་སོགས་མདུན་དུ་བཀོད། དེ་ནུབ་དཀོན་མཆོག་ལ་མཆོད་པ། ཉམས་ཆག་ལ་བཤགས་སྡོམ། བསྙེན་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་གསོལ་འདེབས་ནན་ཏན་བྱས་ལ་རྣལ་འབྱོར་དང་ལྡན་པས་ཉལ། སང་ཞོག་སྔ་ཐུན་ནས་མགོ་འཛིན་དགོས་པས་ལྡངས་ཏེ་བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འཁོད་ལ། ཁྲུས་ཀྱིས་བསང་གཏོར་དང༌། ངག་བྱིན་རླབས། ནུས་བསྐྱེད་ཀྱི་རྫས་རྣམས་བསྟེན་ལ། དཀར་བགེགས་རྒྱུན་དུ་མི་དགོས་པས། སྐྱབས་སེམས་བསགས་སྦྱང༌། བགེགས་བསྐྲད་ནས་བརྩམས་སྔོན་འགྲོའི་ལས་རིམ་དང༌། དངོས་གཞི་ཏིང་འཛིན་གསུམ་ནས་བསྟོད་པའི་བར་ལས་བྱང་བཞིན་དུ་གཞུང་བསྲངས་རྗེས། བཟླས་པའི་མགོར་བོ་དྷི་ཙིའམ། ཐོད་ཕྲེང་ངམ་རཀྴའི་ཕྲེང་བ་ཚུལ་མཐུན་ལག་གཡོན་གྱི་སྙིམ་པར་བསྐྱིལ་ལ་མདོ་འཛིན་སྟེང་དུ་ཡོད་པར་བྱ། ནང་མཆོད་འཐོར་ལ་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་སྐྱེས་པའི་ཕྲེང་བ་དཔལ་ཆེན་རྡོ་རྗེ་གཞོན་ནུ་གཙོ་འཁོར་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། དེའི་གནས་གསུམ་གྱི་ས་བོན་ལས་འོད་ཟེར་འཕྲོས་པས་དངོས་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། ལག་པ་གཡས་སུ་མེ་ཏོག་ཐོགས་ལ་ལྷའི་རྩ་སྔགས་དབྱངས་གསལ་རྣམས་ཚར་བདུན་བདུན་བཟླ། ཁྱད་པར་བཟླས་པའི་རྐྱེན་གྱིས་བསྐུལ་བའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་སྦྱངས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདུད་རྩི་སྔགས་ཀྱི་ཡིག་འབྲུ་ཁ་དོག་ལྔའི་རང་བཞིན་ཆར་ལྟར་བབ་ནས་ཕྲེང་བའི་ལྷ་ལ་ཐིམ་པར་བསམ་ནས་ཕྲེང་བ་བདུད་རྩིར་རློབ་པའི་སྙིང་པོ། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ན་ཡེ་རཏྣ་མ་ཎི་དྷཱ་ར་ཛྙཱ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་པའི་མཐར་ལྷ་རྣམས་འོད་དུ་ཞུ་ནས་མགོ་བོ་རློན་པ་ཁྲག་འཛག་པའི་ཕྲེང་བར་གྱུར་པར་བསམ་ལ་རྟེན་འབྲེལ་སྙིང་པོ་བདུན་གྱིས་མེ་ཏོག་འཐོར་ལ་ཤིས་པ་བརྗོད། སླར་ཡང་ཨོཾ་ཨཱཿཧཱུྃ་བརྒྱ་རྩ་དང༌། དབྱངས་གསལ་རྟེན་སྙིང༌། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ཡེ་ཧཱུྃ་ཕཊ་རྣམས་ཉེར་གཅིག་བཟླས་ལ་ཕུས་འདེབས། ཕྲེང་བ་བྱིན་བརླབ་རྒྱས་པ་འདི་ཐུན་ཚུགས་པའི་ཐོག་མ་ཁོ་ན་ལས་མི་དགོས་ཤིང༌། ཐུན་ཕྱི་མ་རྣམས་ལ་དབྱངས་གསལ་རྟེན་སྙིང་ལན་གསུམ་གསུམ་གྱིས་བྱིན་རླབས་ཁ་གསོ། དེ་ལྟར་གྲུབ་པའི་ཕྲེང་བ་མི་ལག་མི་འགྲིམ། སྣོད་སྟོང་དང་སྟན་སོགས་ཀྱི་འོག་ཏུ་མི་འཇོག་པ་སོགས་ཕྲེང་བའི་དམ་ཚིག་སྤྱི་ལྟར་བསྲུང་ཞིང༌། ཉམས་པ་ཤོར་བའི་སྐབས་རབ་གནས་བསྐྱར། བསྙེན་པའི་སྐབས་ཛཔ་ཁང་དབྱེ་མི་དགོས། ཧཱུྃ༔ སྟོང་གསུམ་སྟོང་གི་སོགས་ཛཔ་བསྐུལ་གྱིས་ལྷག་པའི་ལྷ་ཡི་ཐུགས་དམ་བསྐུལ་བར་མོས་ལ་བྱ། གཉིས་པ་ཛཔ་དགོངས་དངོས་ལའང་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་བསྙེན་དམིགས་ནི། དཀྱིལ་འཁོར་གསུམ་སྤྱི་དང་ཁྱད་པར་བདག་རྩ་བའི་དཀྱིལ་འཁོར་ཡབ་ཡུམ་ཞལ་ཕྱག་རྒྱན་ཆ་ཕྲ་མོའི་བར་གསལ་བའི་ཐུགས་ཀར་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དུ་ཡེ་ཤེས་སེམས་དཔའ་ཞི་བ་རྡོ་རྗེ་སེམས་དཔའ་དཀར་གསལ་ལོངས་སྐུའི་ཆས་ཅན་ཞབས་ཕྱེད་སྐྱིལ་གྱིས་པད་དཀར་འདབ་བརྒྱད་དང་ཟླ་བ་ལ་བཞུགས་པ། དེའི་ཐུགས་ཀར་ཙིཏྟ་མཆོང་གུར་སྨུག་པོའི་ནང་དུ་ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་དབྱེར་མེད་པའི་རྣམ་པ་ཅན་གྱི་ཉི་ཟླའི་སྟེང༌། ཏིང་འཛིན་སེམས་དཔའ་རྡོ་རྗེ་མཐིང་ནག་རྩེ་དགུ་པའི་ལྟེ་བར་ཉི་གདན་ལ་ཧཱུྃ་མཐིང་ནག་གི་མཐར་ཀཱི་ལ་ཡ་འབྲུ་དགུ་པའི་སྔགས་ཕྲེང་བཻ་ཌཱུརྻའི་མདངས་ཅན་གཡས་སུ་འཁོར་བའི་ཐོག་མཐའི་མཚམས་སུ་གསུང་རིག་སྔགས་ཀྱི་ནུས་པ་སྲུང་བའི་དོན་དུ་རྟ་མགྲིན་དམར་པོ་པདྨ་བྷཉྫ་འཛིན་པ་ཡུངས་ཀར་གྱི་འབྲུ་ཙམ་ཞལ་ནང་བསྟན་དུ་བཞུགས་པར་བསྒོམ། བཟླས་པ་བྱས་པས་སྔགས་ཕྲེང་ལས་འོད་ཟེར་མཐིང་ནག་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སེམས་ཅན་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། རྒྱལ་བའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་སྔགས་ཕྱག་མཚན་གྱི་རྣམ་པར་འོད་ཟེར་དང་ལྷན་ཅིག་ཚུར་འདུས་བདག་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་རབ་ཏུ་འབར་བར་བསམ་མོ། །དེ་ནི་ཟླ་བ་སྐར་ཕྲེང་ལྟ་བུའི་དམིགས་པའོ། །གཉིས་པ་སྒྲུབ་པའི་བཟླས་དམིགས་ནི། བདག་བསྐྱེད་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མདུན་རྟེན་གྱི་གོ་སར་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བ་བདག་བསྐྱེད་དང་མེ་རི་འདབས་འབྱོར་དུ་བཞུགས་པར་མོས། ཛཔ་བསྐུལ་གྱིས་བདག་མདུན་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བར་མོས་ཤིང་བཟླས་པས་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་ལྗང་གུ་བར་མ་ཆད་དུ་འཕྲོས་ཞལ་ནས་ཞུགས། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཞལ་དུ་ཞུགས་སྦྱོར་མཚམས་ནས་ཐོན། བདག་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བརྒྱུད་ཐུགས་སྲོག་ལ་ཐིམ་པས་ལྷ་རྣམས་ཀྱི་སྐུ་ལས་ཉི་ཟེར་ལྟ་བུའི་འོད་འཕྲོས། ཁྲོ་བཅུ་སྲས་མཆོག་སོགས་དང་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་ལ་མཉེས་མཆོད་ཕུལ། ཐུགས་དམ་གྱི་རྒྱུད་བསྐུལ། རིགས་དྲུག་གི་སེམས་ཅད་ཐམས་ཅད་ལ་ཕོག །ལས་དང་ཉོན་མོངས་རྣམ་སྨིན་གྱི་སྒྲིབ་པ་སྦྱངས། སྣོད་བཅུད་ཐམས་ཅད་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་སད་དེ་བདེ་ཆེན་གྱི་ས་ལ་བཀོད། སྔགས་ཕྲེང་ལས་རིགས་ལྔའི་སྐུ་སྔགས་ཕྱག་མཚན་གྱི་སྤྲོ་བསྡུས་དམ་ཅན་སྲུང་མ་རྣམས་ལ་ཕོག །ལས་ལ་བཙུད། རིག་འཛིན་བླ་མ་མཆེད་ལྕམ་ལ་ཕོག་ཐུགས་དམ་བསྐངས། དགྲ་བགེགས་ཐམས་ཅད་ལ་ཕོག་གནོད་འཚེ་གདུག་རྩུབ་ཚར་བཅད་ནས་སླར་འདུས་དཀྱིལ་འཁོར་གསུམ་ལ་ཐིམ་པར་བསམ་པ་མགལ་མེ་ཀླད་སྐོར་ལྟ་བུའི་དམིགས་པ་དང༌། ལྷ་རྣམས་དང་སྤྲུལ་པའི་ཁྲོ་ཚོགས་རྣམས་ཀྱི་དབུ་གསུམ་དང་བ་སྤུའི་བུ་ག་ཚུན་ཆད་ནས་ཀྱང་སྔགས་སྒྲ་དི་རི་རི་སྒྲོགས་པར་བསམ་པས་བཟླ་བ་ནི་བུང་བ་ཚང་ཞིག་ལྟ་བུའི་དམིགས་པ་དང༌། སྔགས་ཀྱང་ཀཱི་ལ་ཡ་འབྲུ་དགུ་པ་སྲོག་སྔགས། སརྦ་བིགྷྣཱཾ་བྃ་ལས་སྔགས་འབྲུ་ལྔ། ཛཿཧཱུྃ་ཨཱཿའཕྱང་སྔགས་འབྲུ་གསུམ་རྣམས་སྦྲེལ་བའི་འབྲུ་བཅུ་བདུན་པ་བཟླ། སྤྲོས་པ་ལ་དགའ་ན་ཁྲོ་བཅུ་སོ་སོའི་སྔགས་དང༌། སྲས་མཆོག །སྒོ་མ། ཕུར་སྲུང་བཅས་ཀྱི་སྔགས་ལས་བྱང་གི་ལྷ་བསྐྱེད་ཀྱི་སྐབས་སུ་འབྱུང་བ་ལྟར་ཅུང་ཟད་རེ་བཟླས་ན་འགལ་བ་མེད་དོ། །གསུམ་པ་ལས་སྦྱོར་ནི། བདག་མདུན་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ལས་འོད་ཟེར་ལྗང་ནག་དང་ཁྲོ་ཆུང་དཔག་ཏུ་མེད་པ་གཅིག་ལས་ཀྱང་དུ་མར་སྤྲོ་བ་མགར་གྱི་ཚྭ་ཚྭ་ལྟ་བུ་སེར་ཐུན་དང་ཐོག་རྒོད་བབ་པ་ལྟར་འཕྲོས་ཤིང་སྔགས་སྒྲ་འབྲུག་སྟོང་ལྟར་སྒྲོག་པས་ལོག་པར་འདྲེན་པའི་བདུད་དགྲ་བགེགས་དང་འབྱུང་པོ་ཐམས་ཅད་མདུན་དུ་བཀུག་པ་ལ། ཕོ་ཉ་རྣམས་ཀྱིས་སྐྱོབ་བྱེད་ཀྱི་ལྷ་དང་ཕྲལ། བླ་ཚེ་རྣམ་ཤེས་གཟུགས་ལ་དབབ། སྒོ་གསུམ་བྱད་དུ་གཞུག་པས་བཅིངས། ཤེས་པ་རྣལ་དུ་མི་གནས་པར་སྨྱོ་རུ་གཞུག །ལུས་སེམས་རྡུལ་དུ་བརླག་པས་ནུས་པ་བཅོམ། བསྒྲལ་བའི་རྣམ་ཤེས་དབྱིངས་སུ་སྤར་ཞིང་ཤ་ཁྲག་ཞལ་དུ་བསྟབ་པ་སྟེ། གཞོབ་རོ་རྡོག་པས་བརྫིས་པ་ལྟར་མིང་མེད་དུ་དྲག་པོ་མངོན་སྤྱོད་ཀྱི་ལས་དྲུག་གིས་རྡུལ་དུ་བརླག་པར་བསམ་པས། དམ་ཅན་དང་ངན་སྔགས་ཉེ་བར་བསྙེན་པའི་གནད་ཚང་བས་གབ་པའི་སྔགས་དྲུག་གི་ལས་སྦྱོར་ཟུར་དུ་མི་དགོས་པར་བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་དུ་འགྱུར་བས་རྡོ་རྗེ་ཕུར་པའི་དྲག་སྔགས་ཀྱི་ཏིང་ངེ་འཛིན་ཆིག་དྲིལ་ཡིན་ཕྱིར་ཤིན་ཏུ་ཟབ་པ་སྟེ། དེ་ནི་རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུའི་དམིགས་པ་དང༌། སྔགས་ཀྱང་སྤུ་གྲིའི་དྲག་སྔགས་བརྒྱད་ཅུ་རྩ་བཞི་པ་འདི་བཟླ་བ་སྟེ། སྒྲུབ་པ་དང་ལས་སྦྱོར་གཉིས་ལ་བཟླ་བྱའི་སྔགས་དང་ཏིང་འཛིན་གྱི་འཕྲུལ་ལྡེའུ་དུ་མ་ཡོད་ཀྱང་དད་བརྩོན་ཉམས་ལེན་ནུས་པ་དཀོན་པས་འདིར་མ་སྤྲོས། མདོར་ན་དེ་ཐམས་ཅད་ཀྱི་སྐབས་སུ་ཐུགས་དམིགས་མེད་ནམ་མཁའི་དཀྱིལ་ལྟར་དག་པའི་རིག་རྩལ་འགག་མེད་ཀྱི་ཆོ་འཕྲུལ་དུ་མ་གསལ་ལ་རྟོག་པ་མེད་པར་ཤར། ཤར་དུས་ཉིད་ནས་རང་བཞིན་མེད་པར་དག་པ། སྐྱེ་མེད་ཀྱི་ངང་ནས་རིག་པ་འཛིན་མེད་ཚོགས་དྲུག་ལྷུག་པར་བཞག་སྟེ་བསམ་མེད་མཐའ་བྲལ་དྭངས་སང་ངེ་བའི་གྲགས་སྟོང་འཛིན་མེད་ཀྱི་དགོངས་པ་མི་འགྱུར་བས་གཟེར་ཐེབས་པ་ནི་ཤིན་ཏུ་གཅེས་པའོ། །སྣང་གྲགས་རིག་པ་རྡོ་རྗེ་གཞོན་ནུའི་སྐུ་སྔགས་ཡེ་ཤེས་ཀྱི་རོལ་པས་སྣང་སྲིད་གཞིར་བཞེངས་སུ་མོས་པ་ཀཱི་ལ་ཡ་ལྷར་ཤེས་པ། དེ་ཐམས་ཅད་ཆོས་ཉིད་རང་བཞིན་གྱིས་དག་ཅིང་དབྱེར་མེད་དུ་ཤེས་པ་ཀཱི་ལ་ཡ་ཆོས་ཉིད་དུ་ཤེས་པ། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཀཱི་ལ་ཡའི་སྔགས་གཅིག་བཟླས་པས་འགྲུབ་པའི་ངེས་ཤེས་བསྐྱེད་པ་ཀཱི་ལ་ཡ་འགུགས་གཞུག་ཏུ་ཤེས་པ་གསུམ་གལ་པོ་ཆེ་ཡིན་པར་ཕུར་གཞུང་སྤྱི་ལས་གསུངས། དེ་ལྟར་བཟླས་པའི་ཚེ་མྱུར་ཏེ་སྒྲ་འདྲེས་ན་འབྱམས་པའི་སྐྱོན། བུལ་ཞིང་འཆལ་ན་བྱེར་བའི་སྐྱོན། དྲག་ཅིང་སྒྲ་ཆེ་ན་བྱིན་རླབས་ཡལ། ཞེན་ཅིང་ཆུང་ན་ནུས་པ་མི་ཐོན། སྒྲ་དག་ཟུར་ཐོན་མ་འདྲེས་གསལ་དག་གིས་བྱིང་རྒོད་སོགས་སྔགས་དང་ཏིང་འཛིན་གྱི་སྐྱོན་སྤང་ཞིང་ཡོན་ཏན་ཚོགས་པས་བཟླ། ཐུན་མཐར་ཐབས་ཀྱི་ཡི་གེ་ཀཱ་ལི་ལན་གསུམ་གྱིས་སྐུ་བསྐྱེད་རིམ་མ་གསལ་མ་ཤེས། བརྡ་དོན་རྟགས་གསུམ་མ་འཕྲོད་པ་སོགས་དང༌། ཤེས་རབ་ཀྱི་ཡི་གེ་ཨཱ་ལི་ལན་གསུམ་གྱིས་གསུང་བཟླས་བརྗོད་སྔགས་སྒྲ་མ་དག་པ་དང་གྲངས་མ་ཚང་བ། གོ་རིམ་ནོར་ཞིང་སྔགས་དོན་མ་ཤེས་པ་སོགས་བཟླས་པའི་སྐྱོན། ཞི་ཁྲོ་ཀུན་འདུས་ཀྱི་སྙིང་པོ་ཡིག་བརྒྱ་ལན་གསུམ་གྱིས་ཐུགས་ཏིང་ངེ་འཛིན་གྱི་འཕྲོ་འདུའི་རིམ་པར་ནོར་འཁྲུལ་དང་མ་གསལ་བ་སོགས་འགལ་ཉམས་ཀྱི་ལྷག་ཆད་ཁ་བསྐང་ཞིང༌། ཡེ་དྷརྨཱས་བརྟན་པར་བྱ། ཐུན་མཐར་སྟོང་ཚིག་གི་མཆོད་བསྟོད་བསྡུས་པ་དང༌། དཀྱིལ་འཁོར་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་བྱ། དགོང་སྲོད་ཀྱི་ཐུན་ལ་སྲུང་འཁོར་གསལ་འདེབས་ཙམ་བྱས་ནས་དངོས་གཞིའི་ཏིང་འཛིན་གསུམ་ལ་འཇུག་པས་ཆོག །ཕྲེང་བ་བྱིན་བརླབ་ཀྱང་དོར། དགོང་སྲོད་ཀྱི་ཐུན་གང་རུང་མཐར་ཆོས་སྐྱོང་སྤྱི་དང་ཕུར་སྲུང་གི་གཏོར་འབུལ། ཕྱིར་ནང་ཐོར་ཐུན་མགོར་སྔོན་འགྲོ་རྒྱས་པ་དང་ཕྲེང་བ་བྱིན་བརླབ་བཅས་གོང་ལྟར་བྱ། སྔ་ཐུན་མན་ཆད་ཕྱི་ཐུན་ལྟར་བྱ། ཚོགས་མཆོད་འབྱོར་ན་སྲོད་ཐུན་ལ་མ་ཆག་པར་དགོས་ཤིང་མ་འབྱོར་ན་བསྙེན་སྒྲུབ་ཀྱི་དབུ་ཚུགས་པའི་དང་པོ་དང༌། གྲོལ་བའི་ཐུན་ཕྱི་མ། ཉ་སྟོང་བརྒྱད་གསུམ་དང་ཡར་མར་ཚེས་བཅུ་གཉིས་ལ་ངེས་པར་དགོས་ཤིང་ལྷག་མ་བཙོན་འཛིན་བྱ། ཐུན་མཚམས་སུ་སྣོད་བཅུད་ལྷ་དང་ཞིང་ཁམས་སུ་བལྟ་བཞིན་པས་ཐུགས་སྲོག་ཧཱུྃ་ལ་དམིགས་པ་རྩེ་གཅིག་པས་ཉལ་བ་བསྐྱེད་རིམ། སྣོད་བཅུད་བསྡུས་ཏེ་བདག་ལྷར་གསལ་བ་གནས་གསུམ་གྱི་འབྲུ་གསུམ་ལ་བསྡུ། དེ་ཡང་ཨོཾ་ཨཱཿཧཱུྃ་རྣམས་གཅིག་ལ་གཅིག་ཐིམ་གྱིས་མཐར་བློ་འདས་སྟོང་པ་ཉིད་ཀྱི་ངང་དུ་ཉལ་བ་རྫོགས་རིམ་སྟེ་གང་རུང་གི་ཉལ་བའི་རྣལ་འབྱོར། རྫོགས་རིམ་གྱི་ངང་དུ་ཉལ་ན་གཉིད་སད་མ་ཐག་མི་རྟོག་པའི་ངང་ལས་ཡེ་ཤེས་སྒྱུ་མའི་སྐུར་བཞེངས་པར་མོས་ལ། ཧཱུྃ་ཧཱུྃ་ཧཱུྃ་གིས་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་པ་དང༌། ཕཊ་ཕཊ་ཕཊ་ཀྱིས་ཁམས་གསུམ་ལྷ་ཡི་དཀྱིལ་འཁོར་དུ་སྤྲོ། བསྐྱེད་རིམ་གྱི་ངང་དུ་ཉལ་ན་མདུན་མཁར་ཡེ་ཤེས་ཀྱི་མཁའ་འགྲོས་སྔགས་དང་ཅང་ཏེའུའི་སྒྲས་འགྲོ་བའི་དོན་དུ་བཞེངས་པར་བསྐུལ་བས་ཐུགས་ཀའི་འོད་ཟེར་གྱིས་བདག་དང་སྣོད་བཅུད་ལྷ་ཡི་འཁོར་ལོར་སད་པ་ལྡང་བའི་རྣལ་འབྱོར། བཟའ་བཏུང་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་པ་ལག་གཉིས་དགང་གཟར་བླུགས། ཁ་ཐབ་ཁུང༌། ལྟེ་བའི་གཏུམ་མོའི་མེས་ལུས་གང་བའི་ནང་དུ་ཕུར་པའི་ལྷ་ཚོགས་རྩ་གསུམ་ཆོས་སྐྱོང་དང་བཅས་པ་གསལ་བ་ལ་དྭངས་མ་ཕུལ་བས་དགྱེས་ཤིང༌། ཆགས་ཞེན་སྲེད་པ་བྲལ་བས་རོལ་ནས་ལྷག་མ་ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱས་བསྔོ་བ་ཁ་ཟས་ཀྱི་རྣལ་འབྱོར། ཐུན་མཚམས་སུ་རྩ་དུམ་དང་རྡོ་རྗེ་ཁྲོས་པ་སོགས་རྒྱུད་ཆོ་ག་དང་ལྡན་པས་བཀླག །ཆུ་གཏོར། བསང༌། གསུར། མཎྜལ། མེ་མཆོད་སོགས་ཆོས་སྤྱོད་ཀྱི་བྱ་བ་ལས་སྙོམ་ལས་ཀྱི་ངང་དུ་མི་སྡོད་པར་ཆོས་སྤྱོད་འབའ་ཞིག་བྱ། ཕྱི་ནང་ལུས་སེམས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དམ་བཅུ་ཡི་རང་བཞིན་དུ་ཤེས་པས་སྣང་སྤྱོད་ཐ་མལ་དུ་མ་ཤོར་བར་ཁྱེར་སོ་གསུམ་དང་མ་བྲལ་བས་སྙེམས་རྟོག་སྤང་བླང་རེ་དོགས་བཅོས་བསླད་བཟང་ངན་རོ་མཉམ་དུ་བལྟ་བའི་སྤྱོད་ལམ་གྱི་རྣལ་འབྱོར་ཏེ་བཞི་དང་ལྡན་པར་གཅེས་ཤིང༌། དེ་ལྟ་བུའི་བསྙེན་སྒྲུབ་ལས་གསུམ་དུས་ཀྱི་དབང་དུ་བྱས་ན་རྒྱས་པར་བསྙེན་སྒྲུབ་སོ་སོར་ཟླ་བ་དྲུག་རེ་སྟེ་ཁྱོན་ལོ་གཅིག །ལས་སྦྱོར་ཟླ་བ་གཅིག་དང༌། ཡང་ན་བསྙེན་སྒྲུབ་གཉིས་ལ་ཟླ་བ་གསུམ་གསུམ། ལས་སྦྱོར་ཞག་བཅོ་ལྔ། འབྲེལ་འཇོག་ཙམ་ལ་བསྙེན་སྒྲུབ་ཞག་བཅུ་བཞི་རེ། ལས་སྦྱོར་ཉིན་ཞག་གསུམ་ཙམ་རུང་ལ། གྲངས་བསྙེན་གཙོ་བོར་བྱེད་ན། ཀཱི་ལ་ཡ་འབྲུ་དགུ་པ་བྱེ་བ་གསུམ་དང་འབུམ་བཞི། འབྲུ་བཅུ་བདུན་པ་ཉིད་བདུན་འབུམ་ཉི་ཁྲི། ཁྲོ་བཅུ་དང་སྲས་མཆོག་ཁྲི། སྒོ་མ་བཀའ་སྡོད་རྣམས་སྟོང་ལྔ་ཙམ་དང༌། ལས་སྦྱོར་འབུམ་ཕྲག་གམ་ཁྲི་ལྔ་གསུམ་གང་འོས་རྒྱས་པ་དང༌། བསྙེན་སྔགས་འབྲུ་འབུམ། སྒྲུབ་སྔགས་འབུམ་བཞི། ལས་སྦྱོར་ཁྲི་གཅིག་འབྲིང༌། བསྙེན་སྒྲུབ་ཀྱི་སྔགས་འབུམ་བཞི། ལས་སྦྱོར་ཅི་ནུས་བྱས་ཀྱང་ལས་རུང་ཙམ་དུ་འགྱུར་རོ། །དེ་དག་གི་ཚེ་བསྙེན་སྒྲུབ་ལས་གསུམ་གང་སྐབས་སུ་བབ་པ་དེ་བཟླས་པའི་གཙོ་བོར་བྱ། གཞན་རྣམས་ཁྱུག་ཙམ་བྱས་པས་ཆོག་གོ །མཚན་མའི་བསྙེན་པ་རྟགས་མཐོང་གི་བར་དུ་སྟེ། གཞུང་རྣམས་ལས་ལྷ་གྲུབ་པའི་རྟགས་མཚན་རྣམས་དངོས་ཉམས་རྨི་ལམ་དུ་འབྱུང་བར་གསུངས་པ་ལྟར་རོ། །ད་ལྟའི་བར་ལྷག་པའི་ལྷ་མཆོག་འདི་ཉིད་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་བར་ཆད་ལས་རྒྱལ་ཞིང༌། དངོས་གྲུབ་ཀྱི་ཚན་ཁ་བརྙེས་པ་བར་མ་ཆད་པར་བྱུང་བ་བཞིན་ཡིད་ཆེས་དད་བརྩོན་མོས་པས་བསྙེན་སྒྲུབ་ལས་སྦྱོར་ལ་འབད་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ་པར་སོམ་ཉི་མེད་པའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དུས་གྲངས་མཚན་མའི་བསྙེན་པ་རྫོགས་ནས་དངོས་གྲུབ་ཀྱི་ལས་ལ་སྦྱོར་བ་སྟེ། མཆོད་གཏོར་བཟང་དུ་བཤམས། གཏའ་གཏོར་རྙིང་པ་ཁ་གསོ། བྷཉྫ་མཚན་ལྡན་དུ་ཆང་བཟང་པོ་ཨ་མྲྀ་ཏ་དང་མངར་གསུམ་བཏབ་པ་དང༌། དངོས་གྲུབ་ཀྱི་རྫས་དབུས་སུ་རིན་པོ་ཆེ་འབར་བ། ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་བཤོས་བུ་ཟས་སྣས་བྲུམ་ཐབས་སུ་བསྐོར་བ་དང༌། ཚེ་འབྲང་དང༌། ཚེ་ཆང་ཡང་བཤམས་ལ། ནུབ་ཐ་མའི་ཐོར་ཐུན་སྐབས་ཚོགས་བསྒྲལ་བསྟབ་ཀྱི་བར་ལས་གཞུང་ལྟར་བཏང་རྗེས། བདག་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་གསང་གནས་སུ་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་དང༌། སྡུད་བྱེད་ཀྱི་སྙིང་པོ་བུ་གར་ཨོཾ་དཀར་པོས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨེ་གྲུ་གསུམ་གྱི་དབུས་སུ་འབེབས་བྱེད་ཀྱི་སྙིང་པོ་ཨེ་དམར་པོས་མཚན་པར་བསམ་ལ། མཁའ་གསང་སྦྱར་ཏེ་སྙོམས་པར་ཞུགས་པས། ཡུམ་གྱི་དུང་ཁང་ན་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ཚོན་གང་བ་བཞུགས་པ་རྣམས་བསྐུལ། སྙོམས་པར་ཞུགས་པས་ཡབ་ལྔའི་བྱང་སེམས་མུ་ཏིག་དཀར་པོ། ཡུམ་ལྔའི་དྭངས་མ་མཚལ་ལྟ་བུ་རྩ་དབུ་མ་ནས་བྱུང་ཡུམ་གྱི་མཁར་བབ་དཀར་དམར་འདྲེས་ནས་དངོས་གྲུབ་ཀྱི་རང་བཞིན་དུ་འཁྱིལ་བ་དེ་ཨོཾ་ཨཱཿཧཱུྃ་གསུམ་དུ་གྱུར་པ། བདག་ཉིད་ཀྱི་རྡོ་རྗེའི་ནང་དུ་རྔུབས་ཏེ་ཐུགས་སྲོག་ཧཱུྃ་ལ་ཐིམ། ཐུན་མོང་གི་ཚེ་བསོད་དཔལ་དང་གྲགས་པ་རྒྱས། སྣང་བ་དབང་དུ་འདུས། གཟི་བརྗིད་འོད་དུ་འབར། ལོ་བཅུ་དྲུག་གི་ན་ཚོད་དུ་གྱུར། མཆོག་གི་དངོས་གྲུབ་བདེ་སྟོང་འཛིན་མེད་རང་བྱུང་གི་ཡེ་ཤེས་འབར་བར་བསམ་ལ། སྒྲུབ་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཨཱཿཞེས་བཏགས་པ་བརྒྱ་སྟོང་སོགས་དྲག་ཏུ་བཟླ། མཐར་ཕྲེང་བ་ལག་གཡས་སུ་ཐོགས། གཡོན་པའི་མཛུབ་མོ་དང་མཐེའུ་ཆུང་བསྒྲེངས། གུང་སྲིན་མཐེ་བོང་སྦྱར་བ་རྟ་མཆོག་གི་ཕྱག་རྒྱ་བྱས་ཏེ། ཐུགས་སྲོག་འོད་ཟེར་གྱིས་བསྐུལ་བས་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་དང༌། ཁྱད་པར་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་དང༌། མཆོག་ཐུན་མོང་གི་དངོས་གྲུབ་ཡིད་ལ་འདོད་པ་ཐམས་ཅད་དངོས་གྲུབ་ཀྱི་རྫས་ལ་དྲག་ཏུ་ཐིམ་པས་རྫས་རྣམས་འདོད་དགུ་འབྱུང་བའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བྃ་ཧོཿ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ ཞེས་བཟླས་པས་རྟགས་མཐོང་བའམ། ཐོར་ཐུན་གྱི་སྐྱ་རེངས་དང་པོར་ཤར་བ་དང༌། ཐོད་པར་ཆང་དང་མངར་གསུམ་སྦྱར་བ་སྨན་མཆོད་ལྟར་བྱིན་བརླབས་ཏེ་བརྒྱུད་མཆོད་མཐར། མ་ཧཱ་རཀྟ་ཁཱ་ཧི༔ ཞེས་སྦྲེལ་བས་མཆོད། ཐལ་མོ་སྦྱར་ལ། ཨོཾ༔ དཔལ་ཆེན་འབར་བ་ཀཱི་ལ་ཡ༔སོགས་དངོས་གྲུབ་བསྐུལ་ཞིང་གསོལ་བ་བཏབ་ལ། སྔགས་དངོས་གྲུབ་ཀྱི་ཤམ་བུ་ཅན་བརྗོད་པས་ལྷ་དང་དངོས་གྲུབ་འོད་དུ་ཞུ། བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་བསམ་ལ། སྒྲུབ་རྟེན་ཕུར་བུ་དང་གཏའ་གཏོར་ལྷར་གསལ་བ་གནས་གསུམ་དུ་གཏུགས་ཤིང༌། རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པར་གསོལ་བ་གདབ། ལྷ་འོད་དུ་ཞུ་བའི་གཏོར་རྫས་མྱངས་པས་རྩ་ཁམས་ལ་ཡེ་ཤེས་ཀྱིས་ཁྱབ་པར་མོས། དངོས་གྲུབ་ཀྱི་རྫས་ཆ་བཞིར་བགོས་པའི་གཅིག་བླ་མ། གཅིག་རིག་འཛིན། གཅིག་བདག་གིས་རོལ། གཅིག་སྒྲུབ་གྲོགས་ལ་སྟེར། ནམ་ལངས་པ་དང་རང་གཞུང་གི་རྒྱུན་གཏོར་དང་སྲུང་མའི་གཏོར་ཆོག་རྣམས་རྒྱས་པར་བྱ། ལྷག་ཆོག་དང་སྦྲེལ་ཏེ་ལྷག་མ་བཙོན་འཛིན་བྱས་པ་རྣམས་དང་བཅས་བཏང༌། སྨོན་ལམ་དང་བཟོད་གསོལ་བྱ། སྒྲུབ་གཏོར་ཆ་གསུམ་དུ་བགོས་པའི་ཆ་གཅིག་སྒྲུབ་ཁང་དུ་གཏེར་དུ་སྦ། ཆ་གཅིག་སྦྱིན་སྲེག་ཏུ་འབུལ། ཆ་གཅིག་གཏོར་མ་གཞན་དང་བསྡེབས་ནས་ཆད་མདོའི་སྐབས་སུ་འབུལ། བརྟན་མ་རྟ་བྲོ་བཅས་གྲུབ་པ་དང་ཚེ་འགུགས་བྱ། དཀྱིལ་འཁོར་ལ་གཏང་རག་གི་མཆོད་བསྟོད་རྒྱས་པ་དང༌། ཡེ་ཤེས་པ་དཀྱིལ་འཁོར་དང་སྒྲུབ་རྟེན་ལ་བརྟན་བཞུགས། དམ་ཚིག་པ་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན། བསྙེན་མཚམས་ཀྱི་ཁོང་དེ་གར་ཞི་བའི་སྲེག་བླུགས་ཀྱང་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་བསགས། རྒྱལ་ཐོ་ལ་མཆོད་བསྟོད་གཤེགས་གསོལ་བཅས་ཐུན་གྲོལ། དེ་ནས་བག་གསེང་ཞིང་གནས་སྲུང་སོགས་སྤྱི་ལྟར་བྱས་པས་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་ལེགས་པར་གྲུབ་པའོ། །མེད་སྣང་སྲིདྃ་པྃ་རྒྱུ་འབྲས་ཀུན་ཉོན་ལྕགས། །དག་མཉམ་རྡོྃ་རྗེྃ་གསེར་འགྱུར་རྩིས་ཐེབས་པས། །ཡེ་ཤེས་རྣོ་དབལ་ཕུརྃ་བུྃའི་རིན་ཐང་གིས། །ལྕིད་པའི་འཕྲུལ་འཁོར་མི་བརྩོན་ཤེས་ལྡན་སུ། །གཉིས་པ་མཚན་མ་རྫས་ཀྱི་ཕུར་པ་བརྣག་པའི་དགྲ་བགེགས་ལ་བཏབ་པས་སྲིད་པ་རྡོ་རྗེ་ཕུར་བུ་སྒྲུབ་པའི་ཚུལ་ནི། བཛྲ་གཱིརྟི་ལས། རྟེན་འབྲེལ་སྣང་ཚུལ་མ་འགག་འདུས་བྱས་ཀྱི་ཕུར་བུ། །ཉོན་མོངས་རང་གར་ཤོར་བའི་དགྲ་བགེགས་ལ་ཐེབས་པས། །ལས་ཉོན་རྒྱུན་ཐག་གཅོད་པའི་དཀྱིལ་འཁོར་གྱི་ཀློང་ནས། །སྲིད་གསུམ་ཡོངས་སྒྲོལ་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང༌། །ཞེས་གསུངས་པའི་དགོངས་པ་སྟེ། གཏེར་གཞུང་ལས། རྡོ་རྗེ་ཕུར་བུའི་ཕྲིན་ལས་མཐར་ཐུག་པ་ནི་སྒྲོལ་བ་སྟེ༔ ཞེ་གནག་ཅིང་གདུག་རྩུབ་དང་ལྡན་པའི་སྔགས་པས་ལས་དེ་ཀ་ལ་བརྩོན་པར་བྱ་སྟེ༔ རྒྱུད་ལས༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེར་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ ཞེས་པ་སྟེ༔ གང་བསྒྲལ་བྱའི་གདུལ་བྱ་ནི་སངས་རྒྱས་ཀྱི་བསྟན་པ་བཤིག་པ་སོགས་ཞིང་བཅུ༔ ཕ་མ་མཁན་སློབ་གསོད་ཅིང་རྡོ་རྗེའི་སྤུན་གྱི་ནང་དམེ་སོགས་ཉམས་པ་བདུན་དང་ལྡན་པའི་གདུག་པ་ཅན་ཞི་བས་མི་ཐུལ་བའི་རིགས་ལ༔ གང་གིས་སྒྲོལ་བའི་རྣལ་འབྱོར་པ་བསྙེན་སྒྲུབ་ཀྱི་དྲོད་ཐོབ་ཅིང་རྫོང་འཕྲང་སྲོག་གི་གནད་ལ་མཁས་པས༔ ཐབས་ལྷ་སྔགས་ཏིང་འཛིན་གསུམ་གྱིས་གཟིར་བས༔ བསྒྲལ་བའི་ལས་ལ་ཞུགས་ན་རང་གི་ནུས་པ་ཚད་དུ་ཐོན་ཅིང༔ ས་ལམ་གྱི་བར་ཆད་སེལ༔ ལྟ་དགོངས་ལ་ངར་ཐོན༔ གཞན་དོན་དུ་སངས་རྒྱས་ཀྱི་བསྟན་པ་རྒྱས་ཤིང༔ གདུག་པ་ཅན་ཐར་ལམ་ལ་འགོད་པར་འགྱུར་བས༔ ཐེག་པ་ཆེན་པོའི་དཔའ་བོས་ཡལ་བར་དོར་ན་བློ་ཆུང་བའི་སྐྱོན་དང༔ ཉེས་པ་ཡུན་རིང་དུ་བསྐྱེད་པས་ན་རྡོ་རྗེ་ཕུར་བུ་སྒྲུབ་པའི་གང་ཟག་གིས་བརྩོན་པར་བྱ་བའི་གནས་ནི་དྲག་པོའི་ལས་ཡིན་ནོ༔ ཞེས་སྤྱིར་གདམས་པའི་དོན་ཉམས་སུ་ལེན་པའི་ལག་ལེན་བཤད་པ་ལ། ཕུར་པ་རྡོ་རྗེ་བཀོད་པའི་རྒྱུད་ལས། གང་ལ་དམིགས་པའི་ངོ་བོ་ལ། །གདབ་པའི་ལས་དག་བྱས་ནས་ནི། །རྣམ་ཤེས་དབྱིངས་སུ་ཡང་དག་སྦྱར། །ལྷག་མ་ལྷ་ལ་མཆོད་པར་བྱ། །ཞེས་གསུངས་པའི་དགོངས་དོན་རྒྱས་པར་འགྲོལ་བ་ལ་ཡང༌། ཐོག་མར་རྒྱུད་ཀྱི་གནད་ཐོ་བཅུ་གཉིས་ཀྱི་སྒོ་ནས་མངོན་སྤྱོད་ཀྱི་ལས་མཐར་ཕྱིན་པར་བྱེད་པ་དྲག་པོ་སྒྲོལ་བའི་རྗེས་སུ་གནང་བ་མ་ཐོབ་པར་ལས་ལ་འཇུག་ཏུ་མི་རུང་ཞིང༌། ཞུགས་ཀྱང་འབྲས་བུ་མི་འབྱུང་བས། དེའི་རྣམ་གཞག་ཞིབ་གསལ་དབང་ཆོག་ཏུ་གསལ་བ་བཞིན་བརྒྱུད་ལྡན་གྱི་བླ་མ་ལས་ནོས་ཤིང་གནད་དོན་ཤེས་པར་བྱས་ནས་ཉམས་ལེན་གྱི་ལམ་དངོས་ཀྱི་རྣམ་གཞག་ཅུང་ཟད་སྨོས་པ་ལ་དྲུག་ལས། དང་པོ་གང་བསྒྲལ་བའི་ཡུལ་ནི། ཉམས་པ་བདུན་ལྡན་དང༌། ཞིང་བཅུ་ཚང་བ་སྟེ། ཉམས་པ་བདུན་ནི། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། སྲོག་དོན་བཀའ་དམ་ལས་ཀྱིས་ཉམས། །མཚན་མས་ཉམས་པར་གྱུར་པ་དང༌། །འདོད་པས་འགྱུར་བས་ཉམས་དང་བདུན། །བསྒྲལ་བའི་ཞིང་ནི་དམ་པར་བཤད། །ཅེས་གསུངས་པའི་དོན། དང་པོ་སྲོག་ལས་ཉམས་པ་ནི། རང་གི་ཕ་མ་མཁན་པོ་སློབ་དཔོན་རྣམས་གསོད་པ་དང༌། རྡོ་རྗེ་སྤུན་གྱི་ནང་དུ་དམེ་བྱས་པ་རྣམས་ཡིན་ལ། གཉིས་པ་དོན་ལས་ཉམས་པ་ནི། གོང་དུ་བཤད་པའི་ཡུལ་དེ་དག་ལ་སྐུར་པ་འདེབས་པའི་གཞི་བྱེད་པ། ལྟ་བ་རྒྱབ་ཏུ་བོར། ལོག་པ་དང་དུ་ལེན། སངས་རྒྱས་ཀྱི་བཀའ་དོར། བཀའ་ཕྱིན་ཅི་ལོག་ཏུ་དཀྲུགས་པ་ལ་མཁས་པའོ། །གསུམ་པ་བཀའ་ལས་ཉམས་པ་ནི། གསང་སྔགས་ཚུལ་བཞིན་སྤྱོད་པ་ལ་གཤུང་དང་མཚང་འབྲུ་བ་དང་ཡ་ག་སྒྲོགས་པ། བཀའ་ལ་སྐུར་པ་འདེབས་པ། འཁོར་རྣམས་ལོག་པར་ཁྲིད་པ་སོགས་ཡིན་ལ། བཞི་པ་དམ་ལས་ཉམས་པ་ནི། རྡོ་རྗེ་སློབ་དཔོན་གྱི་བཀའ་བསླུས་ཏེ་ངན་སེམས་བྱེད་པ། གསང་སྔགས་དང་ཕྱག་རྒྱའི་རྒྱུན་གཅོད་པ། གསང་ཆོས་རྒྱུད་མ་སྨིན་པ་ལ་སྤེལ་བ་རྣམས་ཡིན་པར་བཤད། ལྔ་པ་ལས་ཀྱིས་ཉམས་པ་ནི། ལས་ཀྱིས་སྔོན་ཆད་འཁོན་པའི་གཞི་མེད་པར་ཉེས་མེད་གཞན་ལ་རྒོལ་ཞིང༌། བདག་གིས་ཉེས་པར་མ་བྱས་ཀྱང་བདག་ལ་མཐུ་རྩལ་གྱིས་འདེབས་པར་བྱེད་པ་རྣམས་ཡིན་ཞིང༌། དྲུག་པ་མཚན་མས་ཉམས་པ་ནི། གཉིས་མེད་དོན་ལ་ཕྱོགས་ཆར་འཛིན་པ། སྒྲོ་སྐུར་གཉིས་ཀྱིས་རས་ཆོད་བྱེད་པ། སྐྱེ་མེད་ཀྱི་ཆོས་ལ་མཚན་མར་བཟུང་བ། ལྷ་སྲིན་མ་ལུས་པ་བྲན་དུ་མ་ཁོལ་བཞིན་དུ་ང་ཉིད་དཔལ་ཆེན་པོ་ཡིན་ནོ་ཞེས་འཇིག་རྟེན་བླུན་པོ་རྣམས་བསླུ་བའི་རྫུན་ཆེན་པོ་སྨྲ་བ། གཞན་ལ་ཁྲོ་ཞིང་འཚེ་བར་བྱེད་པ་རྣམས་ཡིན་པར་གསུངས། བདུན་པ་འདོད་པས་ཉམས་པ་ནི། ཤེས་རབ་གསུམ་གྱི་རྩལ་མེད་པར་མཐུ་རྩལ་ཆེན་པོ་འདོད་པས་ལས་ཀྱི་གཙོ་བོ་མཚན་མར་སྤྱོད་པ། འཇིག་རྟེན་ལས་མ་འདས་པའི་ལྷ་འདྲེ་ལ་གསོལ་བ་འདེབས་ཤིང་རང་གི་གདོང་ཁྲག་གིས་བྱུགས་པ་ལ་སོགས་པའི་སྒོ་ནས་སྤྱོད་པའི་གཞུང་བཟང་པོ་བོར་ཞིང༌། མི་འཚམ་པའི་སྤྱོད་ངན་ཐོ་ཅོ་བརླང་པོར་སྤྱོད་པས་བཀའ་དང་གཞུང་ལུགས་སྨད་ནས་བཟའ་བཏུང་འདོད་པས་སྒྲུབ་པའི་ལོངས་སྤྱོད་བརྐུ་བ་རྣམས་ཡིན་པར་བཤད་དོ། །གཞན་ཡང་ཁྲག་འཐུང་རྩ་བའི་རྒྱུད་ལས། སངས་རྒྱས་བསྟན་པ་བཤིག་པ་དང༌། །དཀོན་མཆོག་དབུ་འཕང་སྨད་པ་དང༌། །དགེ་འདུན་འདུ་བའི་སྒོ་འཕྲོག་དང༌། །ཐེག་ཆེན་ཆོས་ལ་སྨོད་པ་དང༌། །བླ་མའི་སྐུ་ལ་བསྡོ་བ་དང༌། །རྡོ་རྗེ་ནང་དབྱེན་བྱེད་པ་དང༌། །སྒྲུབ་ལ་བར་ཆད་བྱེད་པ་དང༌། །གང་ཞིག་དམ་ལས་ལོག་པ་དང༌། །སྙིང་རྗེ་མེད་པའི་སྲིན་པོ་དང༌། །མུ་སྟེགས་ལོག་ལྟར་གཏོགས་པ་དང༌། །སྒྲུབ་པ་པོ་ལ་དོ་བསྡོ་བ། །འདི་རྣམས་བསྒྲལ་བའི་ཞིང་བཅུ་ཡིན། །ཞེས་གསུངས་པ་ལྟར་བྱ་བ་མ་ཡིན་པ་བརླང་པོར་སྤྱོད་པའི་ལས་ངན་གྱི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་རྣམ་པ་བཅུར་གསུངས་པ་དེ་དག་སྟེ། ཞི་བའི་ཕྲིན་ལས་ཀྱི་ཆོས་བསྟན་ཅིང་རྗེས་སུ་འཛིན་པས་གདུལ་ཞིང་དུ་མ་གྱུར་པ་གདུལ་དཀའ་རྣམས་སྤྱིར་བྱང་ཆུབ་སེམས་དཔའི་ཐུགས་རྗེས་བཟུང་བ་ལ་ངོ་མཚར་ཆེ་བ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་དང་གུ་རུ་རིན་པོ་ཆེ། རྗེ་བཙུན་སྒྲོལ་མ་ལྟ་བུའི་རྣམ་ཐར་ཡིན་ལ། ཁྱད་པར་རྡོ་རྗེ་ཐེག་པའི་ལམ་གྱིས་དེ་དག་འདུལ་བ་ནི། གནས་སྐབས་བསྟན་འགྲོ་ལ་གནོད་སྦྱོར་རྒྱུན་ཆད་པ་དང༌། མཐར་ཐུག་བསྒྲལ་བྱ་དེ་ཉིད་ལས་ངན་བསམ་སྦྱོར་རྒྱུན་ཆད་ཅིང༌། རྡོ་རྗེའི་ས་ལ་སྦྱོར་བའི་གཞན་ཕན་མི་ཟད་པ་ཡིན་པས་གདུལ་དཀའ་ཚར་གཅོད་པའི་ཕྲིན་ལས་ཞེས་བསྔགས་པའོ། །གཉིས་པ་གང་གིས་སྒྲོལ་བའི་སློབ་དཔོན་ནི། གཞི་ཡི་སེམས་ཞེས་མ་བཅོས་སྤྲོས་མེད་ཆོས་སྐུའི་དགོངས་པ་ཟང་ཐལ་ཁྱབ་བརྡལ་ཐིག་ལེ་ཉག་གཅིག་འོད་གསལ་ནམ་མཁའ་ལྟ་བུའི་དོན་ལ་གོམས་པ་བརྟན་པོར་གྱུར་པས་ལྟ་བའི་རྫོང་ཟིན་ཅིང་རྟོགས་པས་བདག་བསྒྲལ་བ༌། ཕྱི་སེམས་དོན་དམ་དམིགས་མེད་ཀྱི་དགོངས་ཀློང་དང་དབྱེར་མེད་པ་གདངས་ཀུན་རྫོབ་སྒྱུ་མ་ལྟ་བུའི་སྙིང་རྗེའི་རྩལ་མདངས་ཤུགས་དྲག་མ་འགག་པའི་ཚུལ་དུ་ལྷམ་མེར་གསལ་བས་བསྐྱེད་བཟླས་རྫོགས་གསུམ་ཆར་བྱིང་རྒོད་ཀྱི་འཕྲང་ལས་བརྒལ་ནས་གདུལ་དཀའི་སེམས་ཅན་ངན་འགྲོ་མུ་མཐའ་མེད་པ་འཁོར་བར་བཟོད་དུ་མེད་པ་དུས་མཐའི་མེ་འབར་བ་ལ་མི་བཟོད་པའི་བྱམས་སྙིང་རྗེའི་རྩིས་ཟིན་པའི་རྣམ་འགྱུར་དྲག་པོའི་ལས་སྦྱོར་བཙན་ཐབས་ཀྱི་སྦྱོར་བས་བསྒྲལ་ཀྱང༌། སྒྱུ་མ་མིག་ཡོར་གྱི་སེམས་སྣང་ཙམ་ལས་བྱས་བསགས་ལས་ངན་གྱི་ཁུར་དུ་མི་འགྱུར་བའི་ཐབས་མཁས་ཀྱིས་ཞེ་སྡང་གི་སེམས་གདུག་ཅིང་རྩུབ་པ་དུས་མཐའི་མེ་ལྟར་དྲག་ཤུལ་དཔའ་བོ་རོལ་པའི་སྤྱོད་པ་འཇིགས་མེད་སེང་གེ་ལྟ་བུའི་བརྟུལ་ཞུགས་རང་དོན་ཡིད་བྱེད་ཀྱི་སྲོག་འཕྲོག་ནུས་པའི་གདིང་ཆེན་དང་ལྡན་པས། དྲག་པོའི་ཆས་དང་ཡོ་བྱད་འཇིགས་ཤིང་ཡ་ང་བ་ཡང་ཉེར་བསྡོག་བྱ་དགོས་སོ། །གསུམ་པ་ཇི་ལྟར་སྒྲོལ་བའི་ཐབས་ནི། དང་པོ་ཡེ་ཤེས་ཀྱི་ལྷ་བསྙེན་པ། དམ་ཅན་ཉེ་བར་བསྙེན་པ། གསང་སྔགས་ཉེ་བར་བསྙེན་པ་གསུམ་གྱིས་རྟགས་མཐོང་བར་བྱས་པས་སྟོད་ལས་ཀྱི་སྒྲུབ་པ་གྲུབ་ནས། གཉིས་པ་སྨད་ལས་ཀྱི་དང་པོ་བསྙེན་པས་སྔ་མའི་ནུས་པ་ཁ་གསོས་ཏེ། གཉིས་པ་སྒྲུབ་པ་ལ། ལྷ་དང་ཕྲལ་བ། གཟུགས་ལ་དབབ་པ། བྱད་དུ་གཞུག་པ། སྨྱོ་རུ་གཞུག་པ། རྡུལ་དུ་རློག་པ། ཞལ་དུ་སྟོབ་པ། དེ་རེ་རེ་ལའང༌། ཕོ་ཉ། འཕྱང༌། སྔགས། རྫས། ཏིང་འཛིན། དམོད་པ་སྟེ་དྲུག་དྲུག་སུམ་ཅུ་རྩ་དྲུག་གིས་ཉམས་སུ་བླང་བས་ལས་མཐར་ཕྱིན་པར་བྱས་ནས། གསུམ་པ་ལས་སྦྱོར་གྱི་སྒོ་ནས་དགྲ་ལས་དངོས་གྲུབ་བླང་བ་དང༌། ལྷ་ལས་དངོས་གྲུབ་བླང་བ་སྟེ། ལས་ཀྱི་ཁ་སྐོང་ཞིང་མཇུག་བསྡུ་བའི་ཕྱིར། བསྲེག་འཕང་མནན་གསུམ་གྱིས་ཕྲིན་ལས་ཀྱི་ཁ་སྐོང་བ་དང༌། གསོ་བ་གསུམ་གྱིས་ཕྲིན་ལས་ཀྱི་མཇུག་བསྡུ་བ་སྟེ། དེ་དག་ནི་ཕུར་པ་མཁན་པོ་གདབ་ལས་ཀྱིས་འཚང་རྒྱ་བར་གྲགས་པའི་མངོན་སྤྱོད་ཀྱི་མན་ངག་གི་གནད་སྤྱི་དོན་བསྟན་པ་ཙམ་སྟེ་ལག་ལེན་གྱི་རིམ་པ་ཞིབ་པར་སྨད་ལས་ཆོག་ཁྲིགས་སུ་བཤད་པར་བྱའོ། །བཞི་པ་མ་བསྒྲལ་བའི་སྐྱོན་ནི། །རྫོང་འཕྲང་སྲོག་གི་གདིང་དང་ལྡན་ལ་བྱམས་དང་སྙིང་རྗེའི་གཞན་དབང་དུ་གྱུར་པའི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས་བསྒྲལ་བའི་མཐུ་ཡོད་བཞིན་དུ་མ་བསྒྲལ་བར་བཏང་སྙོམས་སུ་བཞག་ན། སྤྱིར་བླ་མ་རྡོ་རྗེ་སློབ་དཔོན་མཆེད་ལྕམ་འཁོར་ལོའི་འདུས་པ་རྣམས་དང༌། ཁྱད་པར་སངས་རྒྱས་ཀྱི་བསྟན་པ་ལ་རྣམ་པར་འཚེ་བའི་གནས་འཇིགས་སུ་རུང་བར་ཡོད་ཅིང༌། སྐྱེ་དགུ་སེམས་ཅན་ཡོངས་ཀྱི་གནས་སྐབས་མཐར་ཐུག་གི་ཕན་བདེའི་ཤུལ་ལམ་བཟང་པོ་དག་ཉེ་བར་འགོག་སྟེ་ཕྱིན་ཅི་ལོག་པའི་ལས་ངན་པའི་གཡང་ས་ཆེན་པོར་མྱུར་དུ་འཁྲིད་པར་འགྱུར་བ་དང༌། ཉམས་པ་དེ་ཉིད་ཀྱང་ལས་ངན་པའི་རྒྱུས་འབྲས་བུ་མནར་མེད་རྡོ་རྗེ་དམྱལ་བར་བསྐལ་པའམ་ནམ་མཁའ་མ་ཞིག་བར་དེ་སྲིད་དུ་ཐར་པའི་གོ་སྐབས་མེད་པར་དུཿཁ་དྲག་པོ་སྐྱི་གཡའ་བས་མནར་བར་འགྱུར་བ་ལ། ཐུགས་རྗེའི་དཔྱང་ཐག་ཟབ་མོས་མ་བཏབ་པའི་ཉེས་པ་དང༌། གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་མཁས་ཟབ་མོས་མྱུར་དུ་གནས་ངན་ལེན་གྱི་ས་བོན་བཅད་དེ་ཡང་དག་པའི་ས་ལ་སྐྱེལ་དུ་ཡོད་པའི་གདམས་ངག་ཟབ་མོ་ཇི་མི་སྙམ་དུ་ཆུད་གསན་པར་བྱས་པར་འགྱུར་བ་སོགས་ཀྱི་ཉེས་དམིགས་མཐའ་ཡས་པ་ཞིག་ཡོད་པ། རྩ་ལྟུང་བཅུ་པར་གསུངས་ཤིང༌། ཕུར་པ་མྱང་འདས་ཆེན་པོའི་རྒྱུད་ལས། གཉིས་མེད་དོན་ལྡན་སྐྱེས་བུ་དེས། །གནོད་གདུག་རྣམ་གཉིས་མ་བསྒྲལ་ན། །ངེས་པར་ངན་སོང་འཁོར་བར་ལྟུང༌། །ཅི་ཕྱིར་ངེས་པའི་ལས་ལ་སྒྲིབ། །ངེས་པའི་དོན་བོར་ལོག་པར་གོལ། །ལྟ་བ་ངན་པས་རས་ཆོད་བྱས། །སྤྱོད་པ་རྩིང་པས་ཐོ་ཅོར་བྱས། །དམ་ཚིག་ཉམས་པས་གཟུ་ལུམ་བྱས། །གཞུང་ལས་གོལ་བས་དཀྱིལ་འཁོར་དྲལ། །མ་ཉེས་པ་ནི་དྲག་པོས་འཇོམས། །རང་ལས་མཁས་ལ་སྐུར་པ་འདེབས། །ཞེས་གསུངས་པ་ལྟར་རོ། །ལྔ་པ་བསྒྲལ་བའི་ཕན་ཡོན་ནི། བྱང་ཆུབ་སེམས་གཉིས་ཀྱིས་རྩིས་ཟིན་པའི་གསང་སྔགས་ཟབ་མོའི་ཐབས་ཁྱད་པར་ཅན་དང་ལྡན་པས་སྒྲོལ་བ་ལམ་དུ་བྱས་པས་འཚེངས་པ་གསུམ་དང་ལྡན་པའི་དགོངས་སྤྱོད་ཟབ་མོ་གྲུབ་པའི་རྣལ་འབྱོར་པ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱི་བརྟུལ་ཞུགས་ལ་དབང་འབྱོར་བའི་ཡོན་ཏན་དང་ལྡན་པས་སྔགས་པ་ཧོམ་ཁུང་ཁ་ནས་སངས་རྒྱས་ཞེས་སོ་ཟུར་གནུབས་གསུམ་སོགས་གསང་སྔགས་རྙིང་མའི་སྔགས་རྒན་རལ་པ་ཅན་རྣམས་ལ་ཡོངས་སུ་གྲགས་པ་སྟེ། རྒྱུད་ལས། དེ་ལ་དྲག་པོའི་ལས་བྱས་ན། །མྱང་ངན་འདས་པའི་ཡོན་ཏན་འཐོབ། །མ་མོ་མཁའ་འགྲོ་བྲན་བཞིན་འཁོལ། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །དགྲ་དང་འབྱུང་པོ་རྡུལ་དུ་རློག །མཐུ་ཆེན་ལྷ་སྲིན་དེ་བཞིན་ཏེ། །ཅི་བགྱིས་བཀའ་དང་བསྒོ་བ་ཉན། །འདི་ཕྱི་ཕ་རོལ་གཉིས་སུ་ཡང༌། །བསམ་པ་འགྲུབ་ཅིང་མཐོ་རིས་འཐོབ། །བདག་དང་གཉིས་མེད་བྱང་ཆུབ་སེམས། །གཉིས་མེད་ཆོས་སྐུར་དབྱེར་མེད་པས། །ངན་སོང་གསུམ་པོ་སྒོ་བཀག་ནས། །གཉིས་མེད་མཁའ་ལ་དེ་བསྒྲལ་ན། །དོན་དང་མཐུན་པས་དམ་ཚིག་སྐོང༌། །སྡིག་ཅན་བསྒྲལ་ན་ལས་ངན་འཆད། །དམ་ཉམས་བསྒྲལ་ན་བཀའ་གཞུང་བཙན། །ལོག་རྟོག་བསྒྲལ་ན་དཀྱིལ་འཁོར་གཉན། །གནོད་གདུག་བསྒྲལ་ན་བར་ཆད་ཉུང༌། །གཞན་ཡང་ཡོན་ཏན་བརྗོད་ལས་འདས། །ཞེས་གསུངས་པ་ལྟར་རོ། །དྲུག་པ་བསྒྲལ་བའི་མཐར་ཐུག་གི་འབྲས་བུ་ནི། བསྒྲལ་བྱ་གདུག་པ་ཅན་དེ་དག་ལ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་དང་ལྡན་པས་མཚན་མ་རྫས་ཀྱི་ཕུར་པ་ཡེ་ཤེས་ཀྱི་རང་བཞིན་ཅན་དེ་དག་ཚད་དང་ལྡན་པའི་གདབ་ལུགས་ཀྱིས་བཏབ་ནས་ཐེབས་ཏེ་གནས་སྐབས་ལས་ངན་དང་སྐྱེ་རྒྱུན་ངན་པ་བཅད་ནས་ས་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་ངེས་པར་སྨིན་པའི་རྟེན་དུ་དཔལ་ཆེན་ཡབ་ཡུམ་གྱི་སྲས་སུ་བསྐྲུན་ཏེ་རིག་འཛིན་རྣམ་བཞིའི་མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་རྒྱལ་སར་གྲོལ་ནས་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་ཆེན་པོར་མངོན་པར་བྱང་ཆུབ་པའི་ཉེ་རྒྱུ་ཐུན་མིན་དུ་ངེས་པས་ན། སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་གདམས་སུ། སློབ་དཔོན་དགྲ་མནན་མི་འདྲ་བརྒྱ་རྩ་བརྒྱད༔ མཐུ་གཏད་བུ་ལོན་བཞིན་དུ་སྙོག་དུས་འབྱུང༔ བསྟན་པ་སྲུངས་ཤིག་ཕྱི་རབས་སྔགས་པ་རྣམས༔ སྔགས་པའི་ལས་ཀ་འདི་མིན་གཞན་མ་ཡིན༔ དགྲ་མགོ་ཡན་པར་བཏང་ན་དམ་ཚིག་ཉམས༔ ལྷ་འདྲེ་མ་རུང་ཡིད་ཀྱི་གཟུགས་ཅན་ལ༔ ཤ་ཡི་མི་ངན་མཐིལ་བརླག་གཏོར་བྱེད་ན༔ སངས་རྒྱས་བསྟན་པ་དཀར་འཇམ་རྒྱས་པར་འགྱུར༔ སྔགས་པ་མཐུ་མེད་གྲོང་སྟོང་ཁྱི་དང་འདྲ༔ སུས་བརྡུང་འདིས་བརྡུང་མེད་དེ་རྫས་མི་ཐུབ༔ ལས་སུ་མཐུ་སྒྲུབ་བྲན་དུ་ལྷ་འདྲེ་བསྐུལ༔ ནོར་དུ་རྫས་སོག་མཚོན་དུ་ཀླུ་གཏད་རྒྱོབ༔ སྲིད་དུ་ལིངྒ་ཆོས་ལ་མནན་པ་གྱིས༔ ལྟོ་རུ་དགྲ་ཟོ་གོས་སུ་སྒྲུབ་ཁང་གྱོན༔ གྲོགས་སུ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་གསོལ༔ མཐུ་དང་ཆོས་སུ་ལྡན་པས་འགྲོ་དོན་གྱིས༔ ཞེས་གདམས་པར་མཛད་ཀྱང་དུས་ཀྱི་ཐ་མར་རྟོགས་པའི་བསྟན་པ་ཕལ་ཆེར་དུས་ལས་ཡོལ་ཟིན་པས་མངོན་སྤྱོད་ཀྱི་ལས་ཀྱི་རྟགས་ཀྱང་རང་གཞན་རལ་པ་ཅན་རྣམས་ཀྱིས་མངོན་སུམ་དུ་བསྟན་ནུས་པ་ཉིན་སྐར་ལྟར་གྱུར་པ་འདྲ་སྙམ་སྐྱོ་བའི་ཤུགས་རིང་ཀྱང་ཐལ་ལོ། །རྒྱལ་ཀུན་ཕྲིན་ལས་སྟོབས་འདུས་དྲག་སྔགས་མཚོན། །རྒྱུད་ལུང་མན་ངག་གནམ་ལྕགས་འཕྲུལ་འཁོར་ཆེ། །ཡབ་མེས་གྲུབ་པའི་སྙིང་བཅུད་ཐོབ་འདི་ཀོ །སྐལ་པ་བཟང་སྙམ་སྤོབས་པས་མགོ་འཕང་བཏེགས། །ཧ་ཧ། །གསུམ་པ་བྱང་ཆུབ་སེམས་ཀྱི་ཕུར་པ་རྩ་རླུང་ཐིག་ལེ་ལ་བཏབ་པས་མ་དག་པའི་རླུང་སེམས་དབྱིངས་སུ་ནུབ་ནས་ཞུ་བདེའི་དྲངས་པའི་བདེ་བ་ཆེན་པོ་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བའི་རྣལ་འབྱོར་གྱི་ལམ་ནི། བཛྲ་གཱིརྟི་ལས། རྗེས་ཆགས་སྒྱུ་མར་ཤར་བའི་བྱང་སེམས་ཀྱི་ཕུར་བུ། །ཤེས་རབ་སྟོང་ཆེན་ཡུམ་གྱི་མཁའ་དབྱིངས་སུ་ཐེབས་པས། །དབབ་ལྡོག་འདྲེན་དགྲམ་དགའ་བཞིའི་དཀྱིལ་འཁོར་གྱི་ཀློང་ནས། །བདེ་སྟོང་ཟུང་འཇུག་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང༌། །ཞེས་པའི་དགོངས་པ་སྟེ། གཏེར་གཞུང་ལས། རྡོ་རྗེའི་རྣལ་འབྱོར་ལ་ནུས་པ་ཐོབ་པའི་སློབ་མ་བློ་གྲོས་ཆེ༔ རྟོག་པ་ཉུང༔ གསང་སྔགས་ལ་མོས་པ་ཐོབ་པས་བདེ་ཆེན་བྱང་སེམས་ཀྱི་ཕུར་བུ་བསྒོམ་དགོས་ཏེ་རྒྱུད་ལས༔ ཐབས་ཀྱི་རྡོ་རྗེ་གཞོན་ནུ་སྟེ༔ དེ་ཉིད་ཤེས་རབ་བདེ་བའི་ཡུམ༔ རྡོ་རྗེའི་ལམ་ནས་པདྨོར་འཁྱིལ༔ གཉིས་མེད་ཐུགས་ཀྱི་ཐིག་ལེ་སྤྲོ༔ ཞེས་པའི་ཐབས་ཀྱི་ལམ་ཟབ་མོ་ལ་རྣལ་འབྱོར་དུ་བྱ་སྟེ༔ ཞེས་གསུངས་པའི་དོན་རྒྱས་པར་འགྲོལ་བ་ལ་གཉིས། བདག་བྱིན་བརླབ་པ་དང༌། ཕོ་ཉའི་ལམ་གཉིས་ལས། དང་པོ་ནི། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། མཚན་ལྡན་ཤེས་རབ་དག་ལ་ནི། །སྣ་ཚོགས་དྲི་ཡིས་རབ་བརྒྱན་ཞིང༌། །བསྲུབས་དང་སྲུབ་པའི་ཐབས་དག་ལས། །མི་རྟོག་པ་ནི་རབ་ཏུ་སྐྱེ། །དགའ་བ་མཆོག་ཏུ་དགའ་བ་དང༌། །མངོན་དགའ་རང་བཞིན་དགའ་བ་སྟེ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ལ། །བགྲོད་བྱེད་མན་ངག་དག་གིའོ། །ཞེས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་གྱི་ཡོན་ཏན་ཐམས་ཅད་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ནས་རྩ་རླུང་ཐིག་ལེ་དབུ་མར་འདུས་པའི་བྱེད་པ་ལས་སྐྱེ་བ་ཤ་སྟག་ཡིན་ཞིང༌། དེས་དོན་གྱི་འོད་གསལ་གང་རྒྱུད་ལ་བསྐྱེད་ཀྱང་འབྱུང་བའི་སྡུད་རིམ་ནས་རྟགས་བཅུའི་སྣང་བ་འཆར་ཞིང༌། རང་བཞིན་གྱི་ཐིམ་རིམ་ལས་སྣང་གསུམ་གྱི་འོད་གསལ་ཤར་བའི་ཀློང་དུ་ཐ་མལ་གྱི་འཁྲུལ་སྣང་ཐམས་ཅད་ནུབ་ནས་སྣང་གསུམ་འོད་གསལ་དུ་ཐིམ་པའི་གནས་སྐབས་ཆོས་ཉིད་སྤྲོས་པ་བྲལ་བའི་ཡེ་ཤེས་འཆར་བ་ཤ་སྟག་ཡིན་པས། དེའི་གནད་ཀྱང་རྟོགས་བྱ་མཐར་ཐུག་དོན་དམ་ལྷན་སྐྱེས་ཀྱི་ཡེ་ཤེས། དེའི་བརྟན་པ་ཕྲ་རགས་ཀྱི་རྩ་རླུང་ཐིག་ལེ་རྣམས་ཡིན་ལ། དེ་ཉིད་བྱེད་བཅིངས་ཀྱི་ནུས་པས་ཡེ་ཤེས་ཀྱི་ཁམས་འཕེལ་རྒྱས་བརྟན་པས་ནང་གི་ལམ་གྱི་དྲོད་རྟགས་ཀྱང་མི་འབྱུང་བའི་ཐབས་མེད་པས་བསྐྱེད་རིམ་ལས་ཆེས་ཟབ་པ་རྫོགས་རིམ་སྟེ། དེ་ཉམས་སུ་ལེན་ཚུལ་ལ་སྔོན་འགྲོ་སྟོང་ར། དངོས་གཞི་རྩ་རླུང་ཐིག་ལེའི་རྣལ་འབྱོར། རྗེས་ལམ་ཉམས་སུ་བླང་བའི་ཕན་ཡོན་བཤད་པའོ། །དང་པོ་ལའང༌། སྟོང་ར་ཕྱི་ནང་གཉིས་ལས། དང་པོ་ནི། གདོད་ནས་དག་པའི་ཡེ་ཤེས་ཀྱི་རང་མདངས་ཁུ་བའི་ཆོས་ཀྱི་ལུས་དང༌། རྡུལ་གྱི་ཆོས་ཀྱི་ངག་རླུང་གི་རང་བཞིན་བསྐྱེད་པ་དེ་གཉིས་ལ་ལུས་ཞེས་བྱ། ལུས་དེ་གཉིས་ལ་བརྟེན་ཅིང་གནས་པ་བདེ་བ་ཆེན་པོའི་བདག་ཉིད་ཡེ་ཤེས་ཀྱི་རླུང་ཞེས་བྱ་ལ། དེ་གསུམ་མ་དག་པའི་ཚེ་ལུས་ངག་ཡིད་གསུམ། དག་པའི་ཚེ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ཡིན་ལ། མདོར་ན་དེ་དག་ཁུ་ཁྲག་རླུང་གསུམ་དང་ཚོགས་པ་གཅིག་ཏུ་གནས་ལ། དཀར་དམར་དེ་རླུང་གིས་གཡོས་པ་ལས་བདག་གཞན་ཡུལ་ཡུལ་ཅན་སོགས་གཉིས་ཆོས་སུ་གྱེས། བདག་རྟོགས་ཐམས་ཅད་ཆོས་ཉིད་དེའི་གཤིས་སྐྱེ་མེད་ཀྱི་སྟོང་ཆ་ཡིན་ལ། གཞན་རྟོགས་འཇུག་པ་ཐམས་ཅད་གདངས་འགག་མེད་ཀྱི་སྣང་ཆས་འཁོར་འདས་ཀྱི་འཁྲུལ་སྣང་སྣ་ཚོགས་སུ་ཤར་བའི་མཚང་ཤེས་པས་ཕུང་ཁམས་སུམ་ཅུ་རྩ་དྲུག་གི་རང་བཞིན་གནས་ལུགས་མཐར་ཐུག་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་དག་པས་འཁྲུལ་པ་མིང་མེད། མྱང་འདས་ཡེ་རྫོགས་སུ་འཆར་ནུས་པའི་ཕྱིར་དེ་དག་གི་རྟེན་ནི་ལུས་ཏེ་དེ་ལའང༌། སྦྱང་བྱ་བཏགས་པ་བ་རགས་པའི་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་དེ། རྩ་རླུང་ཐིག་ལེ་གསུམ་ལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་པའི་ལྷར། བསྒྲུབ་བྱ་ཕྲ་བའི་ལུས་གནས་སྐབས་ཀྱི་སྦྱང་གཞི། འབྲས་དུས་ལྷན་སྐྱེས་ཀྱི་རྡོ་རྗེ་གསུམ་དང༌། ལམ་སྐུ་གསུང་ཐུགས་འབྲལ་མི་ཤེས་པའི་ངོ་བོ་གཉུག་མའི་ལུས་ཞེས་ཤིན་ཏུ་ཕྲ་བའི་ལུས་མཐར་ཐུག་གི་སྦྱང་གཞི་ཡིན་པའི་གནད་ཀྱིས་དང་པོ་སྦྱོང་བྱེད་ཀྱི་ལམ་ལུས་ཀྱི་སྟོང་ར་སྒོམ་པ་གལ་ཆེ་བས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་དྷརྨ་མ་ཏིའི་གསུང་རྒྱུན་གྱི་རྣལ་འབྱོར་ཕྲིན་ལས་བཅུད་སྙིང་བཞིན། ཧཱུྃ༔ སྟོང་ཉིད་དེ་བཞིན་ཉིད་ཀློང་ནས༔སོགས། ཐིག་ལེ་ཉག་གཅིག་ཉིད་དུ་ཤར༔ ཞེས་པའི་བར་ཏེ། གནམ་ལྕགས་ལས་གྲུབ་པའི་རྡོ་རྗེའི་སྲུང་འཁོར་རྩིབས་བཅུ་པའི་ལྟེ་བར་རང་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག །ཡུམ་འཁོར་ལོ་རྒྱས་འདེབས་དང་སྦྱོར་བའི་སྐུ་ལ་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པའི་སྣང་སྟོང་སྒྱུ་མ། འཇའ་ཚོན་དང་ཆུ་ཟླ་ལྟ་བུར་གསལ་བའི་སྦྱང་གཞིའི་ལུས་ཀྱི་ཕུང་ཁམས་སྲས་མཆོག་རིགས་ལྔ་ཡབ་ཡུམ། སྐུ་ཡི་གནས་བཅུར་མི་དགེ་བཅུ་དག་ཅིང་སྟོབས་བཅུའི་ཡེ་ཤེས་མཐར་ཕྱིན་པའི་ཁྲོ་བཅུ་ཡབ་ཡུམ་ཕྲ་ཐབས་བཅས། ཡན་ལག་བཞི་ལ་ཡུལ་དབང་ཤེས་གསུམ་གྱི་བྱ་བྱེད་དང་རྟག་ཆད་བདག་ལྟ་མཚན་འཛིན་གྱི་ལྟ་བ་དག་པའི་སྒོ་མ་བཞི། བ་སྤུའི་སྟེང་དུ་རྟེན་འབྲེལ་བདེན་དོན་དག་པའི་ཕུར་སྲུང་བཅུ་གཉིས་བཅས་པ་དཀྱིལ་འཁོར་གསུམ་གྱི་འཁོར་ལོར་གདོད་ནས་དག་པའི་ངེས་ཤེས་ཀྱིས་གསལ་གདབ། ལུས་དཀྱིལ་གྱི་ལྷ་དེ་ཐམས་ཅད་ཀྱང་སྐུ་ཕྲ་ལ་ཡན་ལག་དབང་པོ་གསལ་བ་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་དག་པའི་བདག་ཉིད་བར་སྣང་གི་འཇའ་ཚོན་ལྟ་བུར་གསལ་གདབ་བོ། །གཉིས་པ་ནང་རྩ་ཡི་སྟོང་ར་ནི། ལུས་དེ་ལ་ཡེ་ཤེས་འཆར་བ་ལུས་ཀྱི་རྩ་ཡི་སྤྱོད་པ་ལ་ལྟོས་པས། མ་དག་པའི་ལུས་ཀྱི་རྩ་དབུ་མ། དག་པ་འབྲས་དུས་ཀྱི་རྩར་གསུངས་པ་རིགས་སམ་དབྱིངས་ཀྱིས་ཁྱབ་པ་གཞིའི་དབུ་མ། ལམ་སྒོམ་པས་ནང་གི་རླུང་སེམས་ཚུད་པས་དུ་བ་སོགས་རྟགས་བཅུ་མཐོང་བ་ལམ་གྱི་དབུ་མ། མཐར་ཐུག་སྐུ་རྡོ་རྗེ་སྒྲིབ་བྲལ་གྱི་རང་བཞིན་མངོན་དུ་གྱུར་པ་འབྲས་བུའི་དབུ་མ་ཞེས་གསུངས་ཤིང༌། དེ་ལ་གཟུང་འཛིན་གྱི་དབང་གིས་རོ་རྐྱང་གཉིས་སུ་གྱེས། དེའི་ལྟེ་བ་ཡན་ཉི་ཟླ་སྒྲ་གཅན་གྱི་སྲོག་གསུམ། ལྟེ་འོག་མན་བཤང་ལྕི་ཁུ་བ་ཐུར་སེལ་གྱི་ལམ་གསུམ། དེ་གསུམ་ལས་གྱེས་པའི་ནང་དུ་རྩའི་གཙོ་མོ་ཉེར་བཞི། ཕྱི་ཡུལ་ཉེར་བཞི། གཞན་དཀྱིལ་འཁོར་དུ་ཐུགས་གསུང་སྐུ་ཡི་རྣལ་འབྱོར་མ་ཉེར་བཞི། དེའི་སྟེང་དུ་སྙིང་གའི་ཡན་ལག་གི་རླུང་བརྟེན་པའི་རྩ་ལྔ་གཙོ་མོ་གསུམ་དང་བཅས་སོ་གཉིས་ཟླ་བ་ཡར་མར་གྱི་ཆ་བཅོ་ལྔ་དག་པ་བདག་མེད་ལྷ་མོ་བཅོ་ལྔ་དཀར་ཆ་བཅུ་དྲུག་གི་རྟེན་དུང་ཅན། དམར་ཆ་བཅུ་དྲུག་གི་རྟེན་བདུད་བྲལ་མ། དེ་དག་གི་སྟེང་དུ་རྩ་བའི་རླུང་ལྔའི་རྟེན་རྩ་ལྔ་བསྣན་པས་སུམ་ཅུ་རྩ་བདུན་ནི་གཞི་མ་ཁམས་སོ་དྲུག་ཁྱབ་བྱེད་ཐུགས་རྡོ་རྗེ་དང་བཅས་པ། ལམ་དུ་བྱང་ཆོས་སོ་བདུན་ཡིན་ལ། གཞན་དུ་སྦས་པའི་རྩ་ལྔ་ཞེས། སུམ་སྐོར་མིག །ལོ་མ་རྣ་བ། ཁྱིམ་མ་སྣ། གཏུམ་མོ་ལྕེ། བདུད་བྲལ་མ་ལྕེའུ་ཆུང་གི་དབུས་སུ་ཟུག་ཅིང་རྩ་བ་སྙིང་དབུས་ན་འདུས་པས་དབུ་མ་དང་འབྲེལ་བ་སྟེ། སྙིང་གའི་འོད་གསལ་མི་ཤིགས་པ་ལས་ལངས་ནས་གཟུགས་སོགས་ཡུལ་ལ་འཇུག་པ་དང༌། ལམ་དུས་སུ་དེ་རྣམས་བཅིང་ནས་དེ་ལ་གནད་དུ་བསྣུན་པས་རྟགས་བཅུ་འཆར་བའི་རྩ་བར་གྱུར་པས་སྦས་པ་སྟེ་ས་བོན་ནམ་གཏེར་སྦས་པ་ལྟ་བུའོ། །བླ་མེད་རྡོ་རྗེ་ཐེག་པའི་ལམ་གནད་དུ་བསྣུན་པའི་ཐབས་མཁས་ཀྱི་སྤྱོད་པས་འགྲོ་ཀུན་སྲིད་ཞིའི་གཡང་ལས་སྒྲོལ་ནས་རྣམ་མཁྱེན་གྱི་གོ་འཕང་ཐོབ་པའི་དོན་དུ་ཕུང་ཁམས་དུ་མ་ཚོགས་པའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡེ་ཤེས་རྣམ་པ་ཐམས་ཅད་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་གཏམས་པའམ་འཆར་བར་བྱས་ནས། སྤྱི་བོ་བདེ་ཆེན་འཁོར་ལོ་ནི་ཧཾ་ཡིག་བདེ་བ་ཆེན་པོ་དྭངས་མའི་ཐིག་ལེ་གནས་པ་ལྷན་སྐྱེས་རང་བཞིན་གྱི་དཀྱིལ་འཁོར་ཁྱབ་བྱེད་དེ་ཁོ་ནའི་བདག་ཉིད་རྩ་འདབ་སུམ་ཅུ་སོ་གཉིས་ཆུ་ཚོད་དག་པ་ཀཱ་ལི་སོ་གཉིས་ལས་བྱུང་བའི་མཚན་བཟང་སོ་གཉིས་ཡེ་ཤེས་རྡོ་རྗེའི་བདག་ཉིད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འཕོ་བ་བཅུ་དྲུག་དག་པ་དབྱངས་བཅུ་དྲུག་གི་རང་བཞིན་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ལོངས་སྐུ། སྙིང་ག་ཆོས་ཀྱི་འཁོར་ལོ་ཐུན་ཆེན་བརྒྱད་དག་པ་འོད་གསལ་ཆོས་སྐུའི་བཞུགས་གནས་བདག་ཉིད་རྩ་བའི་དཀྱིལ་འཁོར་གཙོ་མཆོག་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཆོས་སྐུ། ལྟེ་བ་སྤྲུལ་པའི་འཁོར་ལོ་དུས་སྦྱོར་གྱི་རླུང་དྲུག་ཅུ་རྩ་བཞི་དག་པ་ཕུར་པ་སྲས་ཀྱི་དཀྱིལ་འཁོར་སྤྲུལ་སྐུའི་ཡེ་ཤེས་འཆར་བར་བྱེད་པ་སྟེ། རྩ་འདབ་འདི་དག་འཁོར་ལོའི་རྩིབས་ལྟར་ཡོད་ཅིང་གནད་བཅིངས་ནས་བསྣུན་པས་གནས་སྐབས་བཞིའི་འཁྲུལ་པ་གཅོད་པ་སྒྲ་དོན་ཏེ། དེ་དག་ཤ་ཁྲག་རྡོས་བཅས་མ་ཡིན་པ་དྭངས་གསལ་འོད་ཀྱི་རང་བཞིན་ཤེལ་སྦུག་ལྟ་བུ། རྣམ་པ་ལུས་ཀྱི་གནས་བཞིར་བརྩེགས་མའི་ཚུལ་དུ་ཡོད་ཀྱང༌། གཙོ་བོ་སྙིང་ག་དྷརྨ་ཙཀྲ་ལ་གནད་དུ་བསྣུན་པས་སྙིང་དབུས་བདེ་བ་ཆེན་པོའི་རྟེན་ཨ་ཝ་དྷཱུ་ཏིའི་རྩ་མཆོག་གི་ལྟེ་བ་ལ་བཅོམ་ལྡན་འདས་བཛྲ་ཀུ་མཱ་ར་འཕོ་མེད་དྭངས་མའི་ཐིག་ལེར་བཞུགས་པ་ནི། དབུ་མ་སྐུ་གསུམ་འདུ་འབྲལ་མེད་པ་ཆོས་ཉིད་རྩ་ཞེས་བྱ་ལ། དེ་ལས་གྱེས་པའི་མདུན་དུ་ཡེ་ཤེས་འཆར་བའི་རྩ་ཟླུམ་པོ། གཡས་སུ་ཀུན་ཁྱབ་ཐུགས་ཀྱི་རྩ་མཐིང་ག་གྲུ་བཞི། གཡོན་དུ་རང་བྱུང་རྩ་དམར་པོ་ཟླ་གམ། རྒྱབ་ཏུ་ཟླུམ་འཁྱིལ་འོད་ལྔའི་རྩ། མཚམས་བཞིར་ཐབས་དང་ཤེས་རབ་ཀྱི་རྩ་བཞི་པོ་རྣམས་སུ་རྡོ་རྗེ་གཞོན་ནུའི་དབུའི་སྟོད་དང་འོག་ཏུ་ཧཱུྃ་ཀཱ་ར་དང་སྟོབས་ཆེན་གཉིས། ཕྱོགས་མཚམས་ཀྱི་ཁྲོ་བོ་བརྒྱད་དང་སྒྲ་འབྱིན་ལ་སོགས་ཁྲོ་མོ་བཅུ་རྩ་འདབ་བརྒྱད་དུ་བཞུགས་པ། གནས་ལྔའི་རྩ་འདབ་ཀྱི་ལྟེ་བར་སྲས་མཆོག་རིགས་ལྔ་ཡབ་ཡུམ་གཙོ་འཁོར་ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་ཕུར་བུ་འདྲིལ་བ་ངོ་བོ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་གཅིག་པུའི་བདག་ཉིད་ཅན་དང༌། ཁྱད་པར་སྤྱི་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་ཐུགས་ཙིཏྟ་རིན་པོ་ཆེ་མཆོང་གུར་ཕུབ་པ་ལྟ་བུ་ཟུར་བརྒྱད་པའི་ཀློང་དུ་བདེ་སྟོང་དབྱེར་མེད་བརྟན་གཡོ་སྲིད་ཞིའི་ཁྱབ་བདག་དཔལ་ཆེན་པོ་ཡང་དག་དཔེ་བྲལ་དོན་གྱི་ཡེ་ཤེས་སེམས་དཔའ་ཧེ་རུ་ཀ་དཔལ་བདེ་བ་ཆེན་པོ་སངས་རྒྱས་ཐམས་ཅད་བདེ་བ་ཆེན་པོ་གཅིག་གི་ངོ་བོར་རོལ་པ་དང་མཉམ་པར་སྦྱོར་བ་སྐུ་གསུམ་གྱི་དབུ། ཕར་ཕྱིན་དྲུག་གི་ཕྱག་ཏུ་རྡོ་རྗེ་ཁཊྭཱཾ་ཐོད་རྔ་གཡས། དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན་གྱི་ཕྱག་གིས་བསྣམས་པ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་བཞི་གྱད་ཀྱི་དོར་སྟབས་སུ་བགྲད་པས་རུ་ཏྲ་ཕོ་མོ་ཁ་སྦུབ་དང་གན་རྐྱལ་དུ་མནན་པ། ཡུམ་དབྱིངས་ཕྱུག་མ་ཁཊྭཱཾ་དང་དུང་ཁྲག་འཛིན་པ་དང་སྦྱོར་བ། སྐུ་ལ་དུར་ཁྲོད་དང་དཔལ་གྱི་ཆས་ཀ་རྫོགས་ཤིང་ཤིན་ཏུ་ཕྲ་བ་ཡུངས་ཀར་ཙམ་དུ་གསལ་བའི་ཐུགས་ཀར་གནམ་ལྕགས་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཐུགས་སྲོག་ཧཱུྃ་མཐིང་ནག །ཙིཏྟ་ཟུར་བརྒྱད་ཀྱི་ནང་དུ་གཽ་རི་མ་བརྒྱད་ཁྲོ་མོ་བརྒྱད་གཅེར་བུ་རང་རྟགས་ཀྱི་ཕྱག་མཚན་ཐོགས་ཏེ་ཆགས་པའི་ཉམས་རྒྱས་པས་ཡབ་ལ་བལྟ་བ། ཕྲ་ལ་དྭངས་མའི་གཟུགས་ཅན་ཞལ་ནང་དུ་ཕྱོགས་པར་གསལ་ལེགས་པར་གདབ། གཉིས་པ་དངོས་གཞི་ལ་རྩ་རླུང་ཐིག་ལེའི་རྣལ་འབྱོར་གསུམ་ལས། དང་པོ་རྩ་ཡི་རྣལ་འབྱོར་ནི། སྤྱིར་གནས་པ་རྩ་ནི་ཞིང་སར་ཆུ་འཁྲིད་པའི་ཡུར་བ་དང་འདྲ་སྟེ་རླུང་རྒྱུ་བའི་ལམ་ཡིན་པས་སྲོག་རྩོལ་ལ་བརྟེན་ནས་རྩ་ལམ་དུ་སྦྱང་དགོས་པས། རྩ་གནད་དུ་འགྲོ་བ་ལ་ལུས་གནད་རྣམ་སྣང་ཆོས་བདུན་བྱ་སྟེ། དེ་ནི་ཀློང་ཆེན་རབ་འབྱམས་རྒྱུད་ལས། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། །ལག་པ་གཉིས་ནི་མཉམ་བཞག་བསྣོལ། །ལུས་ནི་མདའ་སྙུག་བཞིན་དུ་བསྲང༌། །དཔུང་པ་རྒོད་གཤོག་བཞིན་དུ་བརྐྱང༌། །མཇིང་པ་གཞུ་མཆོག་བཞིན་དུ་བསྐུམ། །ལུས་གནད་ཕག་ཕང་གཟིང་ལྟར་གཏོད། མིག་དང་སྣ་རྩེ་སེམས་རྩེ་བསྟུན། ཞེས་གསུངས་པ་ལྟར་ལུས་གནད་བཅོས་པས་ལུས་དྲང་བས་རྩ་དྲང༌། དེ་ལས་རླུང་དྲང༌། དེ་ལས་རླུང་དང་རྣམ་རྟོག་གཡོ་མེད་དུ་གྱུར་ནས་ཡེ་ཤེས་ཀྱི་ཆོས་ཉིད་མཐོང་བར་གསུངས་སོ། །དེས་ན་གོང་དུ་སྨོས་པ་ལྟར་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ། ལུས་དཀྱིལ་གྱི་ལྷ་རྣམས་དང༌། ཁྱད་པར་སྙིང་གའི་རྩ་འཁོར་གྱི་ལྷ་རྣམས་གསལ་ལེགས་པར་གདབ་བོ། །སྤྱིར་རྒྱུད་སྡེ་རྣམས་སུ་ལུས་ལ་ཁུ་བའི་སྒྲས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་གྲུབ་ཅིང་སྣང་བ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྟེན་རྩ་རླུང་ཐིག་ལེའི་དྭངས་མ་རྡུལ་གྱི་ཆོས་ལས་འདས་པས་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་གཉུག་མའི་ལུས་ཏེ། དེ་ནི་མཐར་ཐུག་གི་བསྒྲུབ་བྱ་ཡིན་ལ། དོན་དུ་ལུས་སེམས་གཞིའི་གནས་ལུགས་དེ་གཉིས་ཆུ་དང་འཁྱགས་པ་བཞིན་དུ་དབྱེར་མེད་དུ་ཤེས་པས་གཞི་དུས་ཀྱི་སྐུ་གཉིས་ཟུང་འཇུག་ཅེས་བྱ་ཞིང༌། དེ་སྒོམ་སྟོབས་ཀྱིས་མངོན་སུམ་ཁོ་ནར་གསལ་ནུས་ཀྱི་ཐབས་གཞན་གྱིས་མ་ཡིན་པས། རྩ་རླུང་ཐིག་ལེའི་རྣལ་འབྱོར་གང་སྒོམ་ཡང་གནད་རྩ་རླུང་ལ་འབབ་པར་ཤེས་དགོས་སོ། །གཉིས་པ་རླུང་གི་རྣལ་འབྱོར་ནི། སེམས་ཡུལ་ལ་འཇུག་པའི་ཞོན་པ། ཁམས་གསུམ་སྣོད་བཅུད་ཀྱི་བཀོད་པ་བྱེད་པའི་བཟོ་བོ། རྩ་བ་དང་ཡན་ལག་གི་རླུང་གཡོ་མེད་དུ་འཆིང་བ་ནི་ཐབས་གྲོལ་ལམ་ཀུན་གྱི་རྟེན་ཡིན་ལ། རླུང་གི་སྒྲ་ནུས་ལྡན་མའམ་ཤུགས་ལྡན་མར་འཇུག་པས། དེའི་དོན་ནི་འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པའི་རླུང་ནི་གདོད་མའི་མི་ཤིགས་པ་ཆེན་པོ་སྟེ། དེའང་རླུང་དུ་བརྗོད་པ་ན་སྲོག་སྟེ་ཨ་ཐུང་གི་རང་བཞིན་དུ་གནས་པས་བརྗོད་པ་ངག་རྣམས་དང༌། དབུགས་དང་ཆུ་སྲང་དང་དབྱུ་གུ་དང་དུས་སྦྱོར་ལ་སོགས་པའང་འདི་ལས་འབྱུང་ཞིང༌། དབྱངས་གསལ་སོགས་ཡི་གེ་ཐམས་ཅད་འདི་ལས་སྐྱེས་པས་བརྗོད་དུ་མེད་ཀྱང་བརྗོད་པ་ཀུན་གྱི་གཞིར་གྱུར་པ་སྟེ། ཡི་གེའི་དབང་དུ་བྱས་ན་དབྱངས་གསལ་ཐམས་ཅད་ཀྱི་རྩ་བ་ཨ་ཡིན་ལ། རླུང་བཅུའི་དབང་དུ་བྱས་ན་རླུང་བཅུ་ཐམས་ཅད་ཀྱི་རྩ་བ་སྲོག་རླུང་ཨའི་རྣམ་པ་ཅན་ཡིན་པ་དང༌། ཡེ་ཤེས་ཀྱི་དབང་དུ་བྱས་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་དེ་ཉིད་ལ་ཨ་ཞེས་བྱ་བར་བརྗོད་པས་ཆོས་ཐམས་ཅད་ཀྱི་རྩ་བ་སྲོག་ཅེས་བྱ་བའི་ཨ་ལས་འཁོར་འདས་ཐམས་ཅད་སྣང་བ་ཡིན་ལ། དེས་ན་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་གསུངས་པས་བསྡུ་ན་ལས་དང་ཡེ་ཤེས་ཀྱི་རླུང་གཉིས་ཏེ། དང་པོ་ནི་རྣམ་རྟོག་དང་དབྱེར་མེད་པའི་རླུང་སྤང་བྱ་དུག་གསུམ་གྱི་རླུང་གཡོ་བ་དང༌། ཕྲ་བ་དང་གཞན་ནས་གཞན་དུ་སྤྱོད་པར་བྱེད་པ་ཁ་ཡེངས་ལྟ་བུ་ཡིན་ལ། སེམས་ཀྱི་རང་བཞིན་བདེ་གསལ་མི་རྟོག་པ་ཉིད་ནི་ཡེ་ཤེས་ཀྱི་རླུང་ཆེན་པོ་སྟེ། དེ་རང་རིག་པ་ན་ལས་རླུང་གི་གཡོ་བ་ཞི་བར་འགྱུར་བས་ན་དེ་སྦྱོར་བ་བཞི་དང་གནད་ལྔས་གཅུན་ནས་འཁོར་བའི་བྱེད་ལས་བཅིངས་ཕྱིར་སྟེང་འོག་གི་རླུང་ལྟེ་བར་ཁ་སྦྱར་བའི་བུམ་པ་ཅན་ལ་གཙོ་བོར་བྱ་སྟེ། དེའི་སྔོན་དུ་རླུང་དུག་བསལ་བའི་ཕྱིར་ལག་གཉིས་གུང་མོའི་རྒྱབ་ཏུ་མཛུབ་མོ་སྦྱར་བ་རྡོ་རྗེ་ཕྱེད་པའི་རྒྱས། དང་པོ་སྣ་བུག་གཡོན། །དེ་ནས་གཡས་གཉིས་ནས་རླུང་རོ་ལན་གསུམ་གསུམ་དང༌། རྡོ་རྗེའི་ཁུ་ཚུར་པུས་མོའི་སྟེང་དུ་བཞག་སྟེ་སྣ་བུག་གཉིས་ཀ་ནས་གསུམ་སྟེ་དགུ་ཕྲུགས་སུ་འབུད། དུག་གསུམ་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ། ཁ་ནས་ཧ་ཞེས་རླུང་བཏང་བ་དང་པུས་མོ་གཉིས་སྟེང་ལག་པ་ས་གནོན་བྱས་ཏེ་ཅུང་ཟད་ངལ་གསོ། དེ་ནས་སྦྱོར་བ་བཞི་ལྡན་གྱི་བུམ་ཅན་དངོས་ནི། རྔུབ་དང་དགང་དང་གཞིལ་བ་དང༌། །མདའ་ལྟར་འཕང་བ་རྣམ་པ་བཞི། སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བར་ཉེ། ཞེས་དང༌། གནད་ལྔ་ནི། རླུང་ལོག་ཏུ་མི་འབྱུང་བ་འབུད་པའི་གནད། རང་གནས་སུ་བཟུང་བ་རྔུབ་པའི་གནད། དབང་དུ་བསྡུ་བ་དགང་བའི་གནད། རྩ་མིག་ཏུ་གདབ་པ་གཞིལ་བའི་གནད། ཕྱི་ནང་བསྲེ་བ་འཕང་བའི་གནད་ལྔ་རྣམས་སྤྱིར་ཤེས་དགོས། བྱེ་བྲག་དམིགས་པའི་གནད་ནི། སྤྱིར་རྩ་རླུང་ཐིག་ལེ་ཞེས་མིང་དང་རྣམ་པས་སོ་སོར་དབྱེ་བ་ཙམ་ལས་དོན་དུ་བདེ་སྟོང་དབྱེར་མེད་ཐིག་ལེ་ཉག་གཅིག་གི་རང་བཞིན་དུ་ཤེས་ཏེ་རྩ་ཡི་གེའི་འཁོར་ལོ་ཞེས་གསུངས་པའང༌། ལྟེ་བའི་ཨ་མགོ་གྱེན་བསྟན་སྤྱི་བོའི་ཧཾ་ཐུར་བསྟན་དུ་ཐབས་ཤེས་ཀྱི་རྟེན་འབྲེལ་ལས་ཆགས་པས་ཕྱི་རོལ་དུ་ཨེ་ཝཾ་ཐབས་ཤེས་ཀྱི་རང་བཞིན་དང༌། སྙིང་གར་ཉོན་མོངས་དང་བདུད་རྩི་ལྔའི་རྟེན་གྱི་ཡི་གེ །དེ་ནས་ས་ར་ཧྱ་བྱ་སོགས་ཡི་གེ་བཅུ་དྲུག །དེ་ནས་ཡུལ་ཉེར་བཞིའི་ཡི་གེ་ཉི་ཤུ་རྩ་བཞི། དེ་ནས་ཡི་གེ་བརྒྱ་ཉི་ཤུ་སོགས་བསམ་གྱིས་མི་ཁྱབ་པའི་བར་གྲུབ་པ་རྣམས་ཀྱི་ནང་དུ་རླུང་རྔུབ་པས་ངག་ཡི་གེའི་སྒྲ་དང་ལྡན་པར་གྲུབ་པར་གསུངས་ལ། ལུས་གྲུབ་པའི་ཚེ་ཐོག་མར་གྲུབ་པ་སྲོག་ཆེན་པོའི་རླུང་ཀུན་གཞིའི་རྣམ་ཤེས་ལ་བརྟེན་པ་ཡི་གེ་ལྔ་ལས་དབྱིབས་ཨ་ཐུང་གི་རྣམ་པ་མཁའ་ཞེས། ཐུར་སེལ་ས་ཁམས་ལཾ་ཡིག །གྱེན་རྒྱུ་མེ་ཁམས་རཾ་ཡིག །མཉམ་གནས་ཀྱི་རླུང་རླུང་ཁམས་ཨཾ་ཡིག །རྣམ་པ་ཁྱབ་བྱེད་ཀྱི་རླུང་ཆུ་ཁམས་ཨུ་ཡིག་བཅས་རྩ་བའི་རླུང་ལྔ། ཀླུའི་རླུང་ས་ཁམས་ཨཱ་རིང་པོ། རུས་སྦལ་གྱི་རླུང་ཁམས་ཨེ་ཡིག །བའི་རླུང་མེ་ཁམས་ཨཱར་ཡིག །ལྷས་སྦྱིན་གྱི་རླུང་ཆུ་ཁམས་ཨེ་ཡིག །ནོར་ལས་རྒྱལ་གྱི་རླུང་ས་ཁམས་ཨཱ་ཡིག་སྟེ་ཡན་ལག་གི་རླུང་ལྔ་སྟེ་རྩ་བའི་རླུང་བཅུ། དེ་ལས་གྱེས་པའི་ཡན་ལག་གི་རླུང་མང་པོ་གསུངས་ཀྱང་བཅུའི་ཁོངས་སུ་འདུ་ལ། དེ་ཡང་རླུང་ལྔའི་ཁ་དོག་དང་དབྱིབས་ཀྱི་རྩ་བའི་རླུང་ལྔ་དང༌། ཉམས་སུ་ལེན་དུས་དུས་བཞི་དང་སྦྱར་བའང་གསུངས་ཀྱང༌། ཀུན་ལ་ཁྱབ་བྱེད་ནམ་མཁའི་རླུང་གི་ཁ་དོག་དང་དབྱིབས་ལ་སེམས་བཟུང་བས་ཤིས་པར་གསུངས་སོ། །དེ་བཞིན་དུ་ལྷ་དང་སྔགས་ཀྱང་ཡེ་ཤེས་གཅིག་ཉིད་དུ་མར་ཤར་བ་ལས་རྒྱུད་ཐ་དད་དུ་མི་བལྟ་ཞིང༌། སྔགས་ཀྱི་བཟླས་པའང་ངག་བཟླས། ཡིད་བཟླས། འགོག་བཟླས། རྡོ་རྗེའི་བཟླས་པ་རྣམས་ལས་རྫོགས་རིམ་གྱི་སྐབས་འདིར་བུམ་ཅན་དང་སྦྲག་པའི་རྡོར་བཟླས་ཅུང་ཟད་བྱ་དགོས་ལ། ཐོག་མར་རླུང་ནང་དུ་རྔུབ་པའི་ཚེ་ཕྱི་རོལ་བརྟན་གཡོ་འཁོར་འདས་ཀྱི་སྣང་གྲགས་རིག་པའི་ཆོས་ཐམས་ཅད་ཐིག་ལེ་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྣ་བུག་གཉིས་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། དྭངས་མ་ཐམས་ཅད་སྙིང་གའི་ཧཱུྃ་ལ་ཐིམ་པས་བཀྲག་མདངས་འོད་དུ་འཚེར་བར་བསམ་ལ་རླུང་ཁ་སྦྱོར་དུ་མནན་པས་རླུང་སེམས་བསྲེ། མི་ཐུབ་ན་གཞིལ་ཞིང༌། སླར་ཕྱིར་བཏང་བ་རྣམས་ཨོཾ་ཨཱཿཧཱུྃ་གི་རང་བཞིན་དུ་མོས་པ་ཞི་ལྷག་ཟུང་འཇུག་གི་རྣལ་འབྱོར་ཟབ་མོའི་རླུང་སེམས་དབུ་མར་སྡུད་པའི་ཐབས་རྨད་དུ་བྱུང་བའོ། །གསུམ་པ་ཐིག་ལེའི་རྣལ་འབྱོར་ནི། སྤྱིར་ཐིག་ལེ་ཞེས་པ་བདེ་བ་ཆེན་པོའི་སྙིང་པོའམ་ས་བོན་ལྟ་བུ་སྟེ། ཐོག་མ་མེད་པའི་དུས་ནས་གཞོམ་དུ་མེད་པར་གནས་པའི་རང་སེམས་སྐུ་གསུམ་གྱི་བདག་ཉིད་ཀྱི་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ། སེམས་དཀར་དམར་རླུང་གསུམ་གྱིས་དཀྲུགས་པས་གཟུང་འཛིན་གཉིས་ཀྱི་འཁྲུལ་པ་མ་རིག་པའི་ཐིག་ལེ། ཀུན་བརྟགས་མིང་གཞི་ལས་བསྒྱུར་བ་བཏགས་པ་སྔགས་ཀྱི་ཐིག་ལེ། གཞན་དབང་གི་རླུང་འཆིང་རླུང་གི་ཐིག་ལེ། ཁམས་དཀར་དམར་དེ་འཆིང་བྱེད་ཀྱི་ཐབས་དང་བཅས་རྫས་ཀྱི་ཐིག་ལེ་ཞེས་དབྱེ་ཡང༌། བསྡུ་ན་ཀུན་རྫོབ་བརྡར་བཏགས་པ་དང༌། དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་གཉིས་སུ་འདུས་ལ། དེས་ན་སྐབས་འདིར་ཀུན་རྫོབ་བརྡར་བརྟགས་སམ་རྫས་ཀྱི་ཐིག་ལེ་ཉིད་བསྒོམ་བྱ་སྟེ། དེ་ནི་རླུང་གི་གནད་ལ་བརྟེན་ནས་ཁྲིད་སར་འདུ་བ་ཆུ་དང་འདྲ་བས་འགྱུར་མེད་དོན་དམ་བྱང་ཆུབ་སེམས་ཀྱི་ཡེ་ཤེས་ཀྱི་རྟེན་ཡིན་པས་འཕོ་མེད་དུ་བཅིང་དགོས་པའི་ཕྱིར། སྤྱིར་རྩ་རྣམས་སུ་ལུས་ཀྱི་ཁམས་དྭངས་སྙིགས་ཀྱི་ཐིག་ལེ་སུམ་ཅུ་རྩ་དྲུག་གི་རླུང་གིས་དབང་བྱེད་པ་ནོར་བུ་ལྟ་བུར་གནས་ཤིང་དེ་ལ་བརྟེན་པའི་རྫས་ཀྱི་ཐིག་ལེའི་དྭངས་མ་དཀར་ཆ་ནི་དབུ་མའི་ཡར་སྣ་ཧཾ་ཡིག་གི་རང་བཞིན་དུ་གནས་པ་དེ་ལས་བདེ་བ་འཇོ་བའི་དཔྱིད་ཅེས་གསུངས་ཤིང་ནོར་བུ་ཀུནྡའི་མདོག་ལྟར་དཀར་ལ་འཚེར་བ་དང་དམར་ལ་སྣུམ་བག་དང་ལྡན་པ། དམར་ཆའི་དྭངས་མ་ནི་ལྟེ་འོག་རྩ་གསུམ་འདུས་པའི་མདོར་ཨ་ཐུང་གི་རྣམ་པར་གནས་པ་དེ་ལ་བདེ་བ་བརྟན་པའི་ཐིག་ལེ་བཅས་གསུངས། དེ་ཡང་གཏུམ་མོ་ཨ་ཐུང་གི་མཚན་ཉིད་ནི། ཉི་མའི་ཆོས་ཉིད་རྣམ་པར་དག་པའི་ཁ་དོག་དམར་བ། རླུང་མེའི་དྲོད་རྟགས་ཀྱི་ངོ་བོར་གྲུབ་པའི་རེག་བྱ་ཚ་བ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བདུད་རྩི་དམ་པའི་ཕྱིར་ཉམས་མྱོང་བདེ་བ། ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་ཕྱིར་རང་བཞིན་སྟོང་པ་ཉིད་དེ་མཚན་ཉིད་བཞི་དང་ལྡན་པ་ལྟེ་འོག་སོར་བཞི་སྤུ་ན་གུ་མཚམས་རོ་རྐྱང་གི་མར་སྣ་བུ་གར་ཟུག་པའི་ཁར་གནས་པར་བསྒོམ། དེ་ཡང་ཨ་ཤད་དེ་ཇི་ཙམ་ཕྲ་བ་གསལ་ཞིང་དེ་ལ་སེམས་འཛིན་རྩེ་གཅིག་ཏུ་བྱས་ནས་སེམས་ཟིན་ངེས་བྱུང་ན་རིམ་གྱིས་སྤར་བས་བདེ་དྲོད་ཆེར་སྐྱེ་བ་དང༌། རིམ་གྱིས་ཨ་ཤད་ཀྱིས་མེ་སྦར་བས་བདེ་དྲོད་བརྟན་པར་གསུངས། སྤྱི་བོར་བྱང་ཆུབ་སེམས་ཀྱི་ངོ་བོ་ཧཾ་ཡིག་ནི། ཟླ་བའི་ཁམས་ཀྱི་ཆ་ཡིན་པའི་ཕྱིར་དཀར་བ། ཤེས་རབ་ཀྱི་ཙཎྜ་ལི་དང་འབྲེལ་བའི་ཕྱིར་མུ་ཏིག་གི་མདོག་ལྟར་འཚེར་བ། བྱང་ཆུབ་སེམས་ཀྱི་བདུད་རྩིའི་བཅུད་དང་ལྡན་པའི་ཕྱིར་སྣུམ་པ། རྩ་ཡི་གནས་གང་ཡང་རུང་བར་སྤྱན་དྲངས་བདེ་བའི་ཕྱིར་ཀུན་ཏུ་ཟླུམ་པས་འདྲིལ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ་སྤྱི་བོ་དབུ་མའི་ཡར་སྣར་མགོ་ཐུར་བསྟན་དུ་གནས་པར་བསྒོམ། དཀར་དམར་གྱི་ཆ་ཤས་ལུས་སྤྱི་དང་ཁྱད་པར་འཁོར་ལོ་རྣམས་ལ་ཁྱབ་སྟེ་ཡོད་ཅིང་འཁོར་བའི་དུས་སུ་ཆོས་དང་གང་ཟག་གི་བདག་འཛིན་གཉིས་བསྐྱེད་ཅིང༌། རྟེན་གྱི་གནད་བཅིང་བའི་འབར་བཞུའི་རྟེན་འབྲེལ་ལས་བདག་མེད་གཉིས་ཀྱི་ཡེ་ཤེས་ཀྱང་རང་བྱུང་གིས་འཆར་ཞིང་ཆོས་གཟུགས་ཀྱི་སྐུ་གཉིས་ཀྱི་གོ་འཕང་དུ་དབུགས་དབྱུང་ལ། དོན་ལ་སྒྲིབ་མེད་དྭངས་མའི་ཁམས་བྱང་སེམས་དེ་རྡོ་རྗེའི་ལུས་སྒྲིབ་བྲལ་དུ་གནད་བཅིངས་པས། དེ་ཉིད་ཞུགས་ན། བདེན་གཉིས་ཀྱི་བྱང་ཆུབ་སེམས་རྒྱུད་ལ་སྐྱེ་བས་དཀར་དམར་གྱི་དྭངས་མ་ལ་བྱང་ཆུབ་སེམས་ཀྱི་སྒྲ་ཞུགས་པའོ། །དམིགས་གནད་དངོས་ནི་རླུང་བུམ་པ་ཅན་གྱི་སྦྱོར་བས་སྣ་བུག་གཉིས་ནས་རྔུབ་པ་རོ་རྐྱང་དུ་སོན་པ་དང་ཨཱ་ལི་དམར་པོ་དང༌། ཀཱ་ལི་དཀར་པོ་ཡི་གེའི་རྣམ་པར་བརྒྱུད་དབུ་མའི་ཡར་སྣེ་ནས་ཞུགས་ཏེ་ལྟེ་འོག་ཨ་ཤད་ཐིག་ལེ་དང་ནུས་པ་མེའི་རང་བཞིན་དུ་ལྷན་གྱིས་འབར་བས་རིམ་གྱིས། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་བར་མཆེད་དེ་རྩ་སྦུག་ཐམས་ཅད་གང་བས་ཕུང་ཁམས་སྐྱེ་མཆེད་ཀྱི་བག་ཆགས་སྒོ་གསུམ་ཆ་མཉམ་དང་བཅས་པའི་རྒྱུ་ལས་ཉོན་འབྲས་བུ་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྩ་སྦུར་མེས་ཚིག་པ་བཞིན་བསྲེགས་ཏེ། རྩ་སྦུག་ཐམས་ཅད་དམར་ཟང་ངེ་དྲོད་འབར་ཞིང་ཁྱབ་པས་རྩེ་མོ་སྤྱི་བོའི་ཧཾ་ལ་རེག་པས་མར་ལ་ཉི་འོད་ཕོག་པ་བཞིན་ཞུ་སྟེ་ཁམས་དྭངས་མའི་སྙོག་པ་ཆར་ལྟར་བྲུལ་ཏེ་སྤྱི་བོ་ནས་ལྟེ་བར་བྱུང་ནས་འཁོར་ལོ་བཞིའི་རྩ་ཁེངས་ཏེ་ནང་སྦུབས་ཐམས་ཅད་ཁུ་བས་གང་སྟེ་དཀར་སང་ངེ་གནས་པས་དགའ་བཞིའི་ཉམས་སྐྱོང༌། སད་རྨི་གཉིད་འཐུག་སྙོམས་འཇུག་གི་སྒྲིབ་པ་སྦྱངས། རྩ་རླུང་ཐིག་ལེའི་སྐྱོན་དང་གེགས་ཐམས་ཅད་བསལ། བདེ་སྟོང་ཡེ་ཤེས་གནས་སོ་སོར་རིམ་དང་གཅིག་ཆར་དུ་སྐྱེས་པར་བསམ་ལ་སེམས་བཟུང༌། མཐར་ཐིག་ལེའི་དཀར་ཆའི་དྭངས་མ་དང་གཏུམ་མོའི་མེ་གཉིས་མེད་དུ་འདྲེས་ཏེ་རྩ་འཁོར་ཐམས་ཅད་ཟང་ཐལ་གྱིས་ལུས་ཀྱི་ནང་ཐམས་ཅད་གང༌། སྙིགས་མ་ཐམས་ཅད་བསྲེགས་དྭངས་མས་ལུས་གང་བས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པར་བསམ་ལ་རླུང་རིག་སེམས་གསུམ་གཅིག་ཏུ་བསྲེས་ལ་མཉམ་བཞག་གི་རང་ངོ་བསྐྱང༌། སྙིང་གར་འོད་ལྔའི་ཐིག་ལེ་ཤིན་ཏུ་ཕྲ་བ་ལ་སེམས་རྩེ་གཅིག་ཏུ་གཏད་པ་ནི་གཏུམ་མོ་ཡེ་ཤེས་ཀྱི་འཁོར་ལོའི་དམིགས་རིམ་མོ། །ནང་གཏུམ་མོའི་འབར་འཛག་གི་དམིགས་པའི་གཞུང་སྔ་མ་ལྟར་ལས། སྙིང་ནང་ཨེ་མཐིང་ག་དང༌། སྤྱི་བོར་ཧཾ་གྱི་འོག་ཏུ་བྃ་དཀར་གསལ་བསམ། ཞུ་བདེའི་ཁམས་དཀར་དམར་གྱིས་ལུས་གང་མཐར་ཐིག་ལེའི་དྭངས་མ་ཐམས་ཅད་ཨེ་དང་བྃ་ལ་ཐིམ། མཐར་ཡི་གེ་གཉིས་ཀྱང་གཅིག་ཏུ་འདྲེས་པའི་གོང་བུ་སྲན་མ་ཙམ་ལ་སེམས་བཟུང་ནས་མཐར་མི་དམིགས་པའི་ངང་དུ་བཞག་ལ་བུམ་ཅན་བཟུང་བ་ནི་བདེ་ཆེན་ཆོས་ཉིད་ཀྱི་འཁོར་ལོའི་མན་ངག་གོ །རླུང་ཁམས་གཉིས་དུས་གཅིག་པར་ལྟེ་བར་མེ་རླུང་ཨེའི་རྣམ་པས་ཧཾ་ཡིག་ཞུ་བས་དབུ་མ་དང་འཁོར་ལོ་ཐམས་ཅད་ལ་ཁྱབ་པས་རླུང་སེམས་ཀྱི་ཐིག་ལེ་དཀར་པོ་ཐུར་དུ་བབ་པ་དང་དམར་པོ་གྱེན་འགྲོ་གཉིས་སྙིང་གར་འདྲེས་པས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་བྲལ་གྱི་ངང་དུ་འཇོག་པ་ནི་རྩལ་སྦྱང་བོགས་འབྱིན་གྱི་འཁོར་ལོའི་མན་ངག་གོ །གསུམ་པ་རྗེས་ཉམས་སུ་བླང་བའི་ཕན་ཡོན་ནི། དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་དང་པོ་རླུང་ལ་བརྟེན་ནས་ཆགས། ཆུས་ས་བརྟེན། ས་ལས་དྲོད་འབྱུང་ཞིང༌། ཤིང་དང་ལྕགས་ལ་སོགས་པ་མེའི་རྒྱུར་སོང་བ་གནས་འབྱུང་བཞིའི་རང་བཞིན་དུ་གྲུབ་པ་ལྟར། རླུང་སེམས་དྭངས་མར་འདུས་པ་ཁྲག་གི་རང་བཞིན་ཆུས་གཅིག་ཏུ་བསྡུས་པ་ལས་སེམས་ཅན་གྱི་ལུས་སུ་ཆགས་ཏེ། དེ་ཡང་ས་ཡི་རང་བཞིན་ཤ། དེ་ལས་མེའི་རང་བཞིན་ལུས་ཀྱི་དྲོད་སྐྱེས་ནས་དབང་པོ་དང་ཁ་དོག་བསྐྱེད། མེ་རླུང་བསྐྱེད་པས་དབུགས་དང་བཀྲག་མདངས་རྒྱས་པར་བྱེད་ཅིང༌། ཕྱི་ནང་གི་འབྱུང་བ་དེ་དག་བག་ལ་ཉལ་དང་ཀུན་ནས་ལྟ་བའི་ལས་ཀྱིས་བརྟན་གཡོ་ཆགས་གནས་འཇིག་སྟོང་བྱེད་པ་དང་མཐུན་པར་ནང་ལུས་སེམས་ཀྱི་ཚོགས་པའང༌། འབྱུང་བ་སོ་སོའི་བྱེད་ལས་ཀྱིས་སྐྱེ་རྒ་ན་འཆི་བྱེད་པས་སྣོད་བཅུད་ཀྱི་རང་བཞིན་ནི་ལུས་སེམས་ལ་རྫོགས་པས། ལུས་ལ་བརྟེན་ནས་འབྱུང་བ་ལ་གནད་དུ་བསྣུན་པའི་རྟེན་འབྲེལ་གྱིས་སེམས་ཆོས་སྐུར་གྲོལ་བར་བྱེད་པ་རྫོགས་རིམ་གྱི་ཐབས་མཁས་ཡིན་པས། མན་ངག་དེ་དག་བསྒོམས་པའི་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་བྱ་བ་བྱེད་ཅིང༌། ཁམས་དཀར་དམར་གཉིས་རྒྱུན་མི་ཆད་པར་དབུ་མར་འབབ་པར་བསྒོམ་པའི་བྱེད་བཅིང་ལ་ནུས་པ་ཐོན་པས་ཕྱི་རོལ་དུ་ཉི་ཟླ་གཟས་འཛིན་མི་ནུས་པ་དང༌། འཁོར་ལོ་སོ་སོའི་རླུང་སེམས་ལས་སུ་རུང་བས་དབུ་མའི་མདུད་པ་གཉིས་གཉིས་གྲོལ་བ་དང༌། རླུང་དང་ཁམས་ཀྱི་དྭངས་མ་གཉིས་རེ་སྒྲ་གཅན་གྱི་ལྟོར་ཞུགས་པ་དང་མཉམ་དུ་ས་བཅུ་ལམ་ལྔའི་རྟོགས་པ་དང་ཡོན་ཏན་གོང་ནས་གོང་དུ་འཕེལ་ཏེ་རླུང་སེམས་ཀྱི་དྭངས་མ་ཐིག་ལེ་དང་བཅས་པ་གཙུག་ཏོར་ནམ་མཁའི་འཁོར་ལོར་འགྲོ་བས་སངས་རྒྱས་པར་གསུངས་སོ། །སྤྱིར་སྔགས་བླ་མེད་ཀྱི་ལམ་ཐམས་ཅད་ཀྱི་སྙིང་པོ་རྫོགས་རིམ་རྡོ་རྗེའི་ཆོས་དྲུག་ཅེས་གསུངས་པའི་རྩ་བ་གཏུམ་མོ་སྟེ། གང་ལ་གནད་དུ་བསྣུན་པས་ཕུང་ཁམས་མ་དག་པ་ཐམས་ཅད་སྲེག་ཅིང་ཉོན་མོངས་རྣམ་རྟོག་ཐམས་ཅད་རྩད་ནས་གཅོད་པའི་དོན་གྱིས་གཏུམྃ། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་འཆར་བར་བྱེད་པས་མོྃ་ཞེས་བྱ་ཞིང༌། སྦས་དོན་ཙཎྜ་ལིའི་འབར་འཛག་མཐར་ཕྱིན་པས་ཡེ་ཤེས་ཀྱི་རླུང་མཆོག་གི་ཨ་ཝ་དྷཱུ་ཏིར་ཐིམ་སྟེ་འབར་འཛག་གི་ཞུ་བདེ་རྒྱུན་མི་ཆད་པ་ལས་མཆོག་གི་དགའ་བ་བཞི་སྐྱེ། ཁྱད་པར་ཅན་བསྐྱེད་པ་ལས་ཁྱད་པར་ལྔ་ལྡན་གྱི་སྒྱུྃ་ལུསྃ་ཙམ་པོ་བ་འགྲུབ། དེ་དོན་གྱི་འོད་གསལ་གྱིས་དྲི་བྲལ་དུ་བྱས་པའི་མཐར་སྒྱུ་ལུས་ཁྱད་པར་ཅན་འགྲུབ་པ་དེ་ཉིད་ཟུང་འཇུག་གིའམ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་ནུས་ཤིང༌། ཉིན་སྣང་སྒྱུ་མ་ལྟ་བུའི་སྣང་ཆ་མཚན་སྣང་རྨིྃ་ལམྃ་དང་བསྲེ་ནུས་ན་དངོས་སྣང་གི་སྐྱེ་འཆི་བར་དོ་ཡང་ལམ་དུ་བྱེད་ནུས་པའི་ཕྱིར། དང་པོ་ཉིན་སྣང་དྲན་པ་བར་མེད་དང༌། མཚན་མོ་མན་ངག་བཙན་ཐབས་ཀྱིས་དང་པོ་རྨི་ལམ་བཟུང་ཟིན་ནས་སྦྱོང་བསྒྱུར་ལ་གོམས་པ་མཐར་རྨི་ལམ་འོད་གསལ་དང་བསྲེས་ནས་བསྒོམས་པས་སྐྱེ་འཆི་བར་དོའི་འཕྲང་ཆོད་ནས་རང་བཞིན་མེད་པར་གཏན་ལ་དབབ་ཅིང་ལ་ཟླའོ། །རྟེན་འབྲེལ་རྡོ་རྗེའི་ལུས་ཀྱི་གནད་བཅིངས་ནས་ཡིད་ཐིག་རླུང་གསུམ་རྣམ་པར་མི་རྟོག་པའི་ངང་ལ་བཞག་ནས་ལུས་སེམས་རྟེན་འབྲེལ་ཁྱད་པར་ཅན་གྱིས་རོ་རྐྱང་གི་རྒྱུ་བ་འགག་པ་དབུ་མར་དྲོངས་པས་རྣམ་བཅས་ཀྱི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་ཉམས་སུ་མྱོང་བའི་ཕྱིར། དེས་ན་བརྟན་པ་འོད་གསལ་སེམས་སྟོང་ཉིད་དུ་རྟོགས་པའི་སྣང་བ་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་འཆར་བ་ཡང༌། རྟེན་མཆོག་གི་དབུ་མར་རོ་རྐྱང་གི་རླུང་ཐིམ་པ་ལ་རག་ལས་ཤིང༌། དེ་ཐིམ་པའི་ཐབས་ལའང་སྣོད་བཅུད་དག་པའི་འཁོར་ལོ་འོད་གསལ་དུ་བསྡུས་ནས་སེམས་མ་བཅོས་པར་གློད་ནས་བཞག་པ་འདི་ལས་ཟབ་པ་མེད་པས་ཟླ་ཉི་སྒྲ་གཅན་གྱི་རླུང་སྙིང་གར་ཟིན་པས་སྣང་གསུམ་གྱི་མཐར་འོད་གསལ་དུ་འཆར་ལ། གཉིད་དུ་མ་སོང་གོང་འདི་ཉིད་སྦྱངས་ན་གཉིད་འོད་གསལ་དུ་ཚེགས་མེད་དུ་ཟིན་ཞིང༌། དེ་ཟིན་ན་འཆི་བ་འོད་གསལ་ཡང་ཟིན་པས་འོདྃ་གསྃལ་སུམ་འབྲེལ་གྱི་མན་ངག་ཏུ་གྲགས་སོ། །འཆི་བ་འོད་གསལ་གྱི་དུས་རླུང་སེམས་སྙིང་གའི་དབུ་མར་ཐིམ་པ་ན་གཉིས་སྣང་གི་སྤྲོས་པ་ཉེ་བར་ཞི་བ་ནམ་མཁའ་སྤྲིན་མེད་པ་ལྟ་བུ་ཞིག་འཆར་བས་སྔོན་གོམས་ཀྱི་མྱོང་བ་དང་ལྡན་ན་སྔར་འདྲིས་ཀྱི་མ་དང་འཕྲད་པ་ལྟ་བུར་གྲོལ་ནུས་པས་ན། ད་ལྟ་སད་དུས་སྲོག་དབུ་མར་བསྡུས་པས་སྟོང་བཞི་ལ་གོམས་པ་དང༌། གཉིད་འཐུག་འོད་གསལ་དུ་བསྲེ་ཐུབ་ན་རླུང་སྟོབས་ཀྱིས་གཟོད་འཆི་སྲིད་དུ་འོད་གསལ་མ་བུ་བསྲེ་ནུས་ལ། དེ་ནུས་ན་དེའི་ཕྱི་ལོགས་སུ་བར་དོ་ཤར་བ་གདོན་མི་ཟ་བར་ངོ་ཤེས་པས་བརྃ་དོྃ་ཟིན་པའི་ཐབས་ཀྱི་མཆོག་དམ་པའོ། དེར་མ་གྲོལ་ན་འཆི་ཁའི་འོད་གསལ་གྱི་ངང་ནས་ལུགས་ལྡོག་གི་སྣང་གསུམ་འཆར་བར་གོ་བ་ན་སྒྱུ་ལུས་སུ་ལྡང་བའི་འཕེན་པ་དྲག་པོས་གསོལ་བ་བཏབ་སྟེ་སྐད་ཅིག་མར་ལྷའི་སྐུ་སྣང་སྟོང་སྒྱུ་མའི་ལུས་སུ་ལངས་ལ། སླར་དེ་ཉིད་དོན་དམ་འོད་གསལ་གྱི་སྦྱངས་པ་མ་དག་འཁོར་བའི་བར་སྲིད་ལས་འཕགས་ཏེ་འོད་གསལ་ལས་ལྡང་བ་ན་ལུགས་ལྡོག་གི་སྣང་བ་གསུམ་པོ་རླུང་དང་བཅས་ཆུ་ལས་ཉ་འཕར་བ་ལྟར་ཟུང་འཇུག་གི་སྐུར་བཞེངས་ནས་བར་དོ་མི་སློབ་པ་མཆོག་གི་དངོས་གྲུབ་ལོངས་སྤྱོད་རྫོགས་སྐུ་མངོན་དུ་བྱེད་པ་ལེ་ལོ་ཅན་བར་དོར་འཚང་རྒྱ་བའི་མན་ངག་དང༌། བར་དོ་གསུམ་པ་ལ་ལུས་མེད་པས་མིང་བཞི་འཁྱམས་པོ་རྣམ་ཤེས་རླུང་དང་བག་ཆགས་ཀྱིས་བདས་པས་རང་དབང་མེད་པར་སྐྱེ་གནས་ཚོལ་ཞིང་དྲི་ཟ་མངལ་སྒོ་ཉུལ་བ་ལ་གང་ལ་གོམས་པའི་དགེ་སྦྱོར་གནད་དུ་བསྣུན་ཏེ། རྟེན་བཟང་པོར་ལས་ཀྱི་འཕྲོ་མཐུད་ནས་སྐྱེ་བ་སྤྲུལ་པའི་སྐུར་འཚང་རྒྱ་བའོ། འཕོ་བའི་རྣལ་འབྱོར་མཚན་ཉིད་པ་འགྲུབ་པ་ལ། བུམ་ཅན་གྱི་སྦྱོར་བ་བྱང་བས་ཐུར་སེལ་གྱི་རླུང་གིས་གཏུམ་མོ་འབར་བས་མེ་རླུང་གི་ཤུགས་ཀྱིས་སྙིང་གའི་མི་ཤིགས་པའི་རླུང་སེམས་རང་གནས་ལས་བསྐྱོད་ནས་གཙུག་ཏོར་གྱི་བར་འབིགས་ནུས་པ་ནི་ལུས་ཀྱི་མཐར་ཐུག་རྩ་དབུ་མ་གཏུམ་མོའི་མེ་རླུང་བདུན་གསུམ་གྱིས་སྦྱངས་ནས་དག་པའི་འཕོ་བ་འགྲུབ་པར་གསུངས། དེ་ལྟར་ཆོས་དྲུག་པོ་དེ་ལམ་སྒོམ་པའི་རྩོལ་བ་དང་བཅས་པས་རང་གི་ལུས་ཀྱི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་ལ་གནད་དུ་བསྣུན་པའི་ཐབས་ཁོ་ནས་འགྲུབ་པའི་ཕྱིར་རང་ལུས་ཐབས་ལྡན་ནམ་སྟེང་སྒོ་རྣམ་གྲོལ་གྱི་ལམ་ཞེས་བྱ་ལ། དེ་ཐམས་ཅད་གཏུམ་མོའི་ལམ་གཅིག་གིས་སྦྱངས་པ་མཐར་སོན་པས་གཞན་རྣམས་དེའི་གེགས་སེལ་དང་བོགས་འབྱིན་ཡིན་པའི་ཕྱིར་དམིགས་བསལ་མ་བསྒོམས་ཀྱང་རུང༌། ཆོས་དྲུག་གི་ཡོན་ཏན་དང་ལམ་རྟགས་གཏུམ་མོ་གཅིག་གིས་འཆར་ནུས་པས་གནད་སྤྲོས་ཏེ་བཤད་པ་ཡིན་པས་ཤེས་པར་བྱའོ། །ཤིན་ཏུ་ཞི་བ་དྷཱུ་ཏིའི་དགའ་ཚལ་དུ། །གྱ་གྱུའི་རླུང་སེམས་བདེ་བར་ངལ་འཚོས་པས། །ལྷན་སྐྱེས་ཀུན་དགའི་རོལ་རྩེད་རྩེན་འདོད་ན། །རྡོ་རྗེའི་ལམ་གྱི་ཐབས་མཁས་འདི་བསྟེན་ཅིག །གཉིས་པ་ཕོ་ཉའི་ལམ་སྒོམ་ཚུལ་ནི། གཏེར་གཞུང་ལས། རྩ་རླུང་ཐིག་ལེའི་ནུས་པའི་དྲོད་ཐོབ་པ་དང༔ ཐབས་ཀྱི་ལམ་ཟབ་མོའི་ཨེ་ཝཾ་མཉམ་པར་སྦྱོར་བའི་བརྟུལ་ཞུགས་སྤྱོད་པ་ཤིན་ཏུ་གསང་བ་ཆེན་པོ་རྨད་དུ་བྱུང་བའི་ལམ་སྦྱང་དགོས་པས༔ཞེས་སོགས་ཀྱིས་གསལ་བར་གསུངས་པ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བྱས་ནས། ཉམས་ལེན་དངོས་ལ། དེ་ནས་སློབ་མ་དེས་དབང་བསྐུར་བའི་རིག་མ་དེའམ༔ མཚན་ཉིད་དང་ལྡན་པ་གཞན་བཙལ་ཀྱང་རུང་སྟེ༔ དགུག་པ་སོགས་སྔར་དང་འདྲ༔ དེ་ནས་བུ་མོ་དེ་ལ་ཐུན་མོང་དང་ཐུན་མིན་གྱི་ཆོས་བཤད༔ རྒྱུད་ལེགས་པར་འབྱོང་སྟེ་ཞི་དུལ་དང་ལྡན་པར་བསླབ༔ རྣལ་འབྱོར་པ་རང་དང་ནུས་པ་མཉམ་པའམ་ཡང་ན་ཅུང་ཟད་དམན་ཀྱང་རུང་སྟེ་དེ་ལ་དབང་བསྐུར༔ སྔགས་ཀྱི་སྤྱོད་པ་བློར་ཤོང་བར་བྱ༔ དེ་ནས་ཡིད་དུ་འོང་བའི་དབེན་པར་སོང་སྟེ་སྟངས་དཔྱལ་ཕན་ཚུན་བལྟ་བ་དང༔ འཛུམ་པ་དང༔ ཆགས་པའི་གཏམ་སྨྲ་བ་རྣམས་བྱ༔ ལུས་ཀྱི་ཆ་ཤས་ལ་རེག་པ་དང༔ ལག་པ་བཅང་བ༔ སེན་མོས་འདེབས་པ་སོགས་ཀྱང་བྱ༔ བདེ་བ་སྐྱེས་པ་དང༔ འོ་བྱ་བ༔ འཁྱུད་ལྡེམ༔ ལྕེ་གཞིབ་པ་སོགས་བྱས་མཐར༔ ཕན་ཚུན་ལྷ་ཡབ་ཡུམ༔ མཁའ་གསང་རྡོ་རྗེ་པདྨ༔ ཆོས་ཀྱི་འདུ་ཤེས་གསུམ་དང་མ་བྲལ་བས་སྙོམས་པར་ཞུགས༔ བདེ་བ་མ་སྐྱེས་བར་རྡོ་རྗེ་དལ་བུས་སྲུབ༔ བདེ་བ་ཆེ་ན་སྤྱོད་པ་དལ༔ ཆུང་ན་སྒྱུ་རྩལ་སྣ་ཚོགས་པས་སྤྱོད༔ ཁམས་གནས་སོ་སོར་གཡོས་པ་དང་དགའ་བ་བཞི་ངོས་བཟུང༔ ཐིག་ལེ་ནོར་བུའི་རྩེར་སོན་ན་ལྡོག་དཀའ་བས་རྩ་བ་ནས་བཟུང༔ རླུང་གི་ནུས་པ་ཆེ་ན་རྩེ་མོ་ནས་སླར་ལྡོག་ཏུ་གཏུབ༔ སླར་གྱེན་དུ་ལྡོག་སྟེ་སྤྱི་བོའི་བར་ལྡོག༔ མི་འགྱུར་བའི་བདེ་བ་ཆེན་པོ་དང་བསྲེས་ལ་རང་ངོ་བསྐྱང༔ བདེ་བ་འཕྲོ་ཆད་ན་སླར་ཡང་སྲུབ་སྟེ་བསྐྱར༔ ཐིག་ལེ་ལྡོག་ཟིན་པའི་ཚེ༔ རྩ་གནས་ཐམས་ཅད་ལ་བཀྲམ་པའི་ཕྱིར་ལུས་སྤྲུག་བྱ༔ ཡན་ལག་འཕེན་ཅིང་སྡུད༔ ཐིག་ལེ་འཛིན་དཀའ་ན་རྒྱ་མཚོ་རི་རབ་ལ་སྦྱར༔ ཉི་ཟླ་གྱེན་དུ་ལྡོག༔ གླིང་བཞི་སྦུབས་སུ་བཅུག༔ སྟོང་འདྲེན་མང་དུ་བྱས་པས་ཐུབ་བོ༔ དེ་ལྟར་གོམས་པ་ན༔ རྩ་ཡི་མདུད་པ་གྲོལ༔ དབུ་མར་ཡེ་ཤེས་ཀྱི་རླུང་ཞུགས༔ ཐིག་ལེ་འཕོ་མེད་དུ་དག་སྟེ༔ བདེ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེ༔ དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་འཆར་བར་འགྱུར་རོ༔ འདི་ནི་རྡོ་རྗེ་ཐེག་པའི་རྣལ་འབྱོར་པས་རྟག་ཏུ་ཉམས་སུ་ལེན་པར་བྱའོ༔ བློ་གྲོས་ཆུང་ཞིང་དམན་པའི་རིགས་ཅན་ལ་ཤིན་ཏུའང་གསང་བ་དམ་དུ་བྱའོ༔ ཞེས་གསུངས་པ་ཁྲིད་ཀྱི་ས་བཅད་འཛིན་བྱེད་གཏེར་གཞུང་ཡོངས་རྫོགས་བཞག་པ་ཙམ་ལས་ཞིབ་པར་མ་སྤྲོས་ཏེ་རིག་འཛིན་ཆེན་པོ་འཇིགས་བྲལ་གླིང་པའི་ཞལ་ནས། ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ཡི། །དགོངས་བརྒྱུད་བརྡ་ལས་འོངས་པའི་བརྒྱུད་པའི་ཆོས། །སྔ་འགྱུར་ཡོ་ག་གསུམ་གྱི་རྒྱུད་རྒྱལ་འདི། །བྱིས་པ་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་མིན། །སྙིགས་མ་ལྔ་ཡི་གདོན་གྱིས་མ་གཙེས་ཤིང༌། །ཡིད་སྲུབས་མདའ་ཡིས་སྙིང་ཁ་ཕུག་མིན་པར། །སྔོན་དགེའི་ལས་འཕྲོ་ཟླ་ཞུན་འཁྱིལ་བ་རྣམས། །མྱུར་ལམ་ཟབ་མོ་འདི་ལ་ཅིས་མི་འཇུག །ནང་རྒྱུད་རྣམ་གསུམ་ན་ཀྲའི་གྲོང་ཁྱེར་ན། །ཡང་དག་ལྟར་སྣང་འབྱེད་པའི་མ་ཎི་ཀཿ །བླང་ཚེ་སྙིང་པོས་དབེན་པའི་མཆིང་བུ་དག །སྐྱེངས་ཏེ་ས་ཡི་ཕག་ཏུ་ཡིབས་མིན་ནམ། །སྣོད་བཅུད་གཟོད་ནས་ལྷ་སྐུར་ཡོངས་དག་རྣལ་འབྱོར་ཆེ། །རྡོ་རྗེའི་ལུས་ལ་དཀྱིལ་འཁོར་ཡོངས་གྲུབ་ཨ་ནུའི་རྒྱུད། །རིག་པ་ཡོངས་གྲོལ་བློ་ལས་འདས་པའི་ཨ་ཏི་ཆེ། །བསྐྱེད་རྫོགས་གསུམ་གྱིས་འཁོར་བའི་ལས་ལམ་བཀག་དེ་མཚར། །བཀའ་ལ་གཟུ་ལུམ་རས་ཆོད་མི་བྱ་བར། །ལུགས་འདིའི་ཁྱད་ཆོས་ཡིན་པར་ངེས་པ་དག །ཡོ་ག་གསུམ་གྱི་ས་མཚམས་མ་ཕྱེད་པར། །འཐད་ལེགས་གཅིག་གིས་ན་ཡམ་ཁེངས་པ་ཐོངས། །སྔ་འགྱུར་གཞུང་གི་རྒྱུད་སྲོལ་དགོངས་པའི་རྩེ་སྒྲོ་རྒྱས། །མྱུར་པོའི་མན་ངག་ཟབ་མོའི་གཏེར་གྱི་བྱ་རུ་རྣོ། །བརྒྱུད་པའི་ཕྱག་བཞེས་ཡིད་བཞིན་དབང་རྒྱལ་གཙུག་ན་མཛེས། །ག་རུ་ཌ་དེ་ལྷགས་པ་ཙམ་གྱིས་བསྟན་ལ་བྱ་བ་རབ་ཏུ་བྱས། །ཞེས་གསུངས་པ་ལྟར་རོ། །བཞི་པ་རིག་པ་ཡེ་ཤེས་ཀྱི་ཕུར་པའི་གྲུབ་མཐའི་ལམ་ཐམས་ཅད་ཀྱི་སྐྱེལ་སོར་ལ་ཟླ་བའི་ཁྲིད་ནི། བཛྲ་གཱིརྟི་ལས། རིག་པ་རང་བྱུང་ཡེ་ཤེས་བློ་འདས་ཀྱི་ཕུར་བུ། །གཟུང་འཛིན་སྤང་བླང་བྲལ་བའི་ཆོས་དབྱིངས་སུ་ཐེབས་པས། །འཁོར་འདས་གཉིས་སུ་མི་ཕྱེད་རྡུལ་བྲལ་གྱི་ཀློང་ནས། །ངེས་དོན་འགོག་མེད་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང༌། །ཞེས་པའི་དགོངས་པ་སྟེ། དེ་ཡང་རྒྱུད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་དོ༔ ཞེས་པ་སོགས་ཀྱིས་བསྟན་པ་ལྟར། རྡོ་རྗེ་འབར་བ་ལས། ངོ་བོ་ཉིད་ཀྱི་སྟོང་པ་ལས། །གཟུང་དང་འཛིན་པ་རྣམ་སྤང་བ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྟོང་པ་ཡེ་ནས་གནས་པ་ལ། །ཤེས་པས་མཐོང་བའི་ཡུལ་མིན་ཏེ། །གང་གིས་ཡེ་ཤེས་བསྐྱེད་གྱུར་པ། །དེ་ཡིས་ཡེ་ཤེས་རྣམ་དག་མཐོང༌། །ཞེས་པ་ལྟར་བཤད་པ་ལ་གསུམ། སྔོན་འགྲོ་རྟེན་གྱི་ཆོས། དངོས་གཞི་སེམས་རིག་ཤན་འབྱེད། རྗེས་སྣང་འོད་གསལ་གྱི་མན་ངག་བཤད་པའོ། །དང་པོ་ལ། སྤྱི་དང་བྱེ་བྲག་གི་སྔོན་འགྲོ་གཉིས་ལས། དང་པོ་ལ། ཉམས་ལེན་བྱེད་པའི་གང་ཟག་ནི། གཏེར་གཞུང་ལས། གང་ཟག་བློ་ཆེ་ཞིང༔ སེམས་བརྟན་པ༔ རྟོག་པ་ཉུང་བས་ནི༔ ཞེས་གསུངས། ཆོས་སྟོན་པའི་སློབ་དཔོན་ནི། རྒྱུད་ལུང་མན་ངག་ལས་བསྟན་པའི་མཚན་ཉིད་སྤྱི་དང་ཁྱད་པར་རྟོགས་པ་དོན་བརྒྱུད་ཀྱི་གདིང་དང་ལྡན་པ། ཉམས་ལེན་བྱེད་པའི་གནས། རིའི་རྩེ་ནམ་མཁའ་མཐོང་རྒྱ་ཆེ་བ། ཤར་གྱི་མདངས་འཕྲོགས་པ། ནུབ་ཀྱི་ཟེར་སྡུད་པ། ཉི་ཟླའི་བགྲོད་ཐག་རིང་བ། རྣམ་གཡེང་དང་འདུ་འཛི་མེད་པའི་གནས་སུ། སྒྲུབ་པའི་མཐུན་རྐྱེན་ཚང་ཞིང༌། འགལ་རྐྱེན་མེད་པ་རུ། གདམས་ངག་སྟོན་པའི་དུས་དབྱར་མ་སྟོན་དང༌། དགུན་ཆུང་དཔྱིད་ཀྱི་དུས་སུ་རྟེན་འབྲེལ་ཐམས་ཅད་ཚང་བར་བྱས་ལ་དབང་བཞི་པའི་གཞུང་བཞིན་སྨིན་པར་གདབ་ཅིང༌། སློབ་མས་ཀྱང་དམ་ཚིག་ལས་མ་འདས་པར་གནས་པར་བྱའོ། །གཉིས་པ་བྱེ་བྲག་གི་སྔོན་འགྲོ་ནི། ཕྱི་ནང་གི་འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་སྦྱང་བ། རྣལ་དབབ་སོར་གཞུག་བཅས་རྫོགས་ཆེན་གྱི་ཁྲིད་རིམ་སྤྱི་ལྟར་སྦྱང་ཞིང་རྟགས་ཐོན་པ་ནི་ངེས་པར་བྱའོ། །གཉིས་པ་དངོས་གཞི་སེམས་རིག་ཤན་འབྱེད་ཀྱི་ཁྲིད་ལ་གསུམ། ལྟ་བ་ངོ་སྤྲོད་པ། སྒོམ་པས་ངང་བསྐྱང་བ། སྤྱོད་པས་བོགས་འབྱིན་པའོ། །དང་པོ་ནི། གཏེར་གཞུང་ལས། སེམས་དུས་གསུམ་གྱི་རྟོག་པས་མ་བསླད་པར་རིག་པ་གཅེར་བུར་ལྷོངས༔ ངོ་བོ་རྗེན་པར་སྐྱོང་བས་གང་དུའང་མི་གནས་པའི་ཆོས་ཉིད་སྟོང་པ༔ རང་གསལ་རྒྱུན་མི་འཆད་པར་སལ་ལེ༔ གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ལ་ངོ་ཤེས་ན་སངས་རྒྱས༔ མ་ཤེས་ན་འཁོར་བ་ཞེས་བྱ་བ་ཡིན་པས་ཕུ་ཐག་ཆོད་པར་སྦྱངས༔ འཁྲུལ་རྟོག་གང་བྱུང་ན་རང་བྱུང་རང་ཤར་དུ་བསླབ༔ ཞེས་པ་སྟེ་འཁྲུལ་གྲོལ་གྱི་བྱེད་པ་པོ་སེམས་ཏེ། སེམས་དེ་ནི་ད་ལྟའི་རྣམ་རྟོག་མང་པོ་འཕྲོ་བ་འདི་ལ་ངོས་བཟུང་སྟེ། སེམས་ལ་ཤར་བའི་རྟོག་པ་འདི། གང་ལས་སྐྱེས། སྐྱེ་ས། སྐྱེ་མཁན་ལ་ངོས་བཟུང་ཞིག་ཡོད་མེད། ད་ལྟ་གནས་པའི་སྐབས་གང་དུ་གནས། ཇི་ལྟར་གནས། གནས་མཁན་ཞིག་ཡོད་མེད་དང༌། འདས་པའི་རྣམ་རྟོག་གང་དུ་སོང༌། འགྲོ་མཁན་གང་ཡིན། དུས་གསུམ་གྱི་རྣམ་རྟོག་རྣམས་འབྲེལ་ལམ་མ་འབྲེལ། འབྲེལ་ན་གཅིག་གམ་ཐ་དད། གཅིག་ན་དུས་གསུམ་མཚན་ཉིད་གཅིག་པས་འབྲེལ་བྱ་འབྲེལ་བྱེད་ཡོད་མེད། ཐ་དད་ན་འབྲེལ་དུ་མི་རུང༌། སྐྱེ་འགག་གནས་གསུམ་བྱེད་མཁན་གྱི་སེམས་དེ་ཅི་འདྲ་འདུག །གང་ལ་ངོས་འཛིན། སྐྱེ་འགག་གནས་གསུམ་ལྟར་སྣང་བ་དང༌། དེ་འཕྲོ་གཞི་གཉིས་གཅིག་དང་ཐ་དད་ཞིབ་ཏུ་དཔྱད་པས། མ་བརྟགས་ཉམས་དགའ་ཙམ་ལས་དོན་ལ་བདེན་པར་གྲུབ་པ་གཅིག་ཀྱང་མེད། དེས་ན་སེམས་ཉིད་སྐྱེ་བ་མེད་པ་ནམ་མཁའ་ལྟ་བུ་ལས་རོལ་པ་འགག་མེད་ཀྱི་རྣམ་རྟོག་སྤྲིན་ལྟར་ཤར་བས་སེམས་ཀྱི་རང་ཞལ་བསྒྲིབས་ཏེ་རང་ལ་ཡོད་པ་རང་གིས་མ་ཤེས་ཤིང་མ་མཐོང་བ་ཡིན་པའི་མཚང་རིག་པས། རྣམ་རྟོག་འཕྲོ་རྒོད་ཀྱི་རྩ་བ་སེམས་ཉིད་ལ་ཕུ་ཐག་བཅད་ན་སྟོང་ཉིད་ལས་མ་འདས་པས་ཤར་བའི་དུས་ནས་ངོ་ཤེས་པར་བྱས་ཏེ་ཕུ་ཐག་བཅད་ནས་གཤིས་ཆོས་ཉིད་རྗེན་པའི་སྟེང་དུ་གཏན་ལ་ཕབ་པས། ཆོས་ཉིད་དེ་ཡི་རང་གཤིས་ནི་འཁོར་འདས་སྣོད་བཅུད་གང་དུའང་མི་གནས་པ། ངོ་བོ་སྟོང་པ་ཉིད། རང་བཞིན་གསལ་རིག་རྒྱུན་མི་ཆད་པས་ཀུན་ཤེས་ཀུན་རིག་གི་ས་ལེ་བ། གསལ་སྟོང་གཉིས་སུ་མེད་པའི་ཐུགས་རྗེ་རིག་པའི་རྩལ་གྱིས་འཁྲུལ་གྲོལ་ཐམས་ཅད་ལ་ཁྱབ་པ། ངོ་བོ་གཉིས་ཆོས་ཐམས་ཅད་ལས་འདས་པ། རང་བཞིན་སྐུ་དང་ཡེ་ཤེས་རྒྱ་མཚོའི་ཁྱབ་བདག །རང་བྱུང་རང་ཤར་འདི་ལ་འཁོར་ཆོས་ལས་ཉོན་ཐམས་ཅད་ད་ལྟ་གཞི་ཡི་དུས་སུ་མ་སྤངས་ལ་མི་ལྡན་པའི་ཚུལ་དུ་ཡོད་པ་ལ་འཁྲུལ་པའི་སེམས་ཞེས་བྱ་ཞིང༌། འཁྲུལ་པའི་མཚང་རིག་ཅིང་ཡེ་ཤེས་ངོ་ཤེས་ནས་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་མངོན་གྱུར་དུ་སད་དེ་འཕགས་ལམ་གྱི་སྤང་རྟོགས་ལ་དབང་འབྱོར་བས་ལམ་པ་ཞེས་བྱ་ཞིང༌། འཁྲུལ་པ་ཀ་ནས་དག །ཡེ་ཤེས་གསལ་རྒྱས་སུ་སད་པས་ཡིན་ལུགས་ཀྱི་གདིང་ཐོབ་པ་ནི་འབྲས་བུ་མངོན་དུ་སད་པ་སྟེ། དེ་དག་ཀྱང་སྣང་ཚུལ་གྱི་རྣམ་དབྱེ་བྱས་པ་ལས་གནས་ཚུལ་ལ་གཞི་ལམ་འབྲས་བུའི་ཁྱད་པར་གང་ཡང་འབྱེད་དུ་མེད་ཀྱང༌། ཡིན་ལུགས་མངོན་དུ་བྱ་བའི་ཕྱིར་སྔོན་འགྲོའི་བསགས་སྦྱང་སྤྱི་དང་ཁྱད་པར་བླ་མའི་རྣལ་འབྱོར་ལ་འབད་པ་རྩལ་དུ་འདོན་མོས་གུས་ཤུགས་བསྐྱེད། ཐུགས་ཡིད་གཅིག་ཏུ་བསྲེས་ཏེ་ད་ལྟ་རང་བབས་ཀྱི་སེམས་འདི་ལ་བཟོ་བཅོས་གང་ཡང་མི་བྱ་བར་རང་བབས་སུ་བཞག །འཕྲོ་བའི་རྗེས་མི་གཅོད། འདས་པ་ཆེད་དུ་མི་གཉེར། རང་ངོ་རང་གིས་ཤེས་ཙམ་དུ་སྐྱོང་ཞིང་འདི་ཡིན་གྱི་དམིགས་གཏད་མེད་པ། ཐ་མལ་དུ་ཡེངས་སུ་མ་ཤོར། དམིགས་གཏད་ཀྱིས་བསྒོམ་དུ་མེད་པ། རང་བབ་ངང་བཞག་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས་བསྐྱངས་པས། སྔར་སྐྱེ་འགག་གནས་པ་ལྟར་སྣང་ཡང་དོན་དམ་ཅི་ཡང་མ་གྲུབ་པ་སྟོང་པ་ཉིད་དུ་ངེས་པའི་གོ་བ་མྱོང་ཐོག་ཏུ་ཕྱིན་ནས་གུ་ཡངས་བློ་བདེ་ཞིག་འབྱུང་བས་ཉམས་མྱོང་དེའི་རྒྱུན་བསྐྱངས་ཏེ་གདིང་ཐོབ་པར་གཅེས་སོ། །དེ་ནི་དཔེ་ཡི་ཡེ་ཤེས་འདྲེན་པའི་རྩོལ་བཅས་ཀྱི་རྫོགས་རིམ་གྱི་འབྲས་བུས་དོན་གྱི་ཡེ་ཤེས་མངོན་དུ་བྱེད་པ་དང་མི་འདྲ་བར་ལུང་རིག་དང་ཐོས་བསམ་རྒྱས་བཤད་སྤྲོས་མེད་ཀུ་སཱ་ལིའི་འཇོག་སྒོམ་ཞེས་སེམས་གཉུག་མ་ཡིན་ཐོག་ཏུ་ངོ་སྤྲད་དེ་ཐག་གཅིག་ཐོག་ཏུ་གཅོད་པ་ཐེག་མཆོག་རྫོགས་པ་ཆེན་པོའི་ལྟ་བ་གཏན་ལ་དབབ་པའོ། །གཉིས་པ་སྒོམ་པས་ངང་བསྐྱང་བའི་རྣལ་འབྱོར་འཆད་པ་ལ་ཅོག་བཞག་རྣམ་པ་བཞི་ལས། དང་པོ་རྒྱ་མཚོ་ཅོག་བཞག་གི་ཏིང་ངེ་འཛིན་གྱི་གཞི་སྒྲུབ་པ་ནི། གཏེར་གཞུང་ལས། བབ་ཀྱིས་བལྟས་ཤིང་སྐྱོང་བས་གསལ་ལ་མི་རྟོག་པར་ངོས་ཟིན་པ་ལ་ངར་འདོག༔ ཚོགས་དྲུག་གི་སྣང་བ་གང་ཤར་ཡང་བཟང་པོ་ཆེད་དུ་མི་སྒྲུབ༔ ངན་པ་སྤང་བློ་མི་བྱ༔ ཤར་བ་ལྟར་ལྷོད་ཀྱིས་བཞག༔ མ་བཅོས་པར་བསྐྱངས༔ མི་གཡོ་བར་སོ་མར་བཞག་པས་རིག་པ་རང་ཚུགས་ཟིན༔ ཞེས་གསུངས་པ་ལྟར། སྔར་ངོ་སྤྲད་པའི་ཆོས་ཉིད་ཀྱི་ལྟ་བའི་ངང་དུ་མཉམ་པར་བཞག་པས་རིག་པའི་གསལ་ངར་ཐོན་པའི་ཚེ། དེ་ཀ་ལ་མཉམ་པར་བཞག་པས་རྒྱ་མཚོ་རླུང་གིས་མ་དཀྲུགས་པ་ལ་ནམ་མཁའི་གཟའ་སྐར་གཅལ་དུ་བཀྲམ་པ་ལྟར་སྣང་ཡང་སྣང་ཙམ་ལས་ཆུ་ལ་གཟའ་སྐར་གྱིས་མ་གོས། གཟའ་སྐར་ནམ་མཁའ་རང་མལ་ལས་གཞན་དུ་མ་གཡོས་པ། རྒྱ་མཚོ་ལ་གཟའ་སྐར་ཤར་མ་ཤར་གྱི་དགག་སྒྲུབ་གང་ཡང་མེད་པ་ལྟར། རིག་པ་ཟང་ཐལ་ལ་ཡུལ་རྗེས་འབྲང་བའི་འདི་ཡིན་གྱི་གཏད་སོ་མེད་པས་ཕྱི་རོལ་གྱི་སྣང་བས་ཕན་གནོད་བྲལ། ཞི་གནས་ལྟེང་པོར་མ་སོང་བས་དབང་པོ་དྲུག་གི་གདངས་མ་འགག་ཀྱང་ཡུལ་ལ་ཆགས་སྡང་དུ་ཞེན་པའི་རྟོག་པ་མ་འགྱུས་པ། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་མཁྱེན་ཆ་མ་འགག་ཀྱང་ཡིད་དཔྱོད་ཀྱི་ཤེས་པས་མ་བསླད། སྣང་ཡུལ་གྲྭ་མ་ཉམས་ཀྱང་དགག་སྒྲུབ་རིས་སུ་ཆད་པ་མེད་པ་སྟེ། དེ་ཡང་རིག་པའི་གཤིས་ཀྱི་ངོ་བོ་ཅིར་ཡང་མི་གནས་ཀྱང་སྟོང་པ་གུད་དུ་མ་བཟུང༌། ཆེད་དུ་བསྒོམ་བྱ་མེད་ཀྱང་བཏང་སྙོམས་ལུང་མ་བསྟན་དུ་མ་བྱིང༌། རིག་རྩལ་འགག་མེད་དུ་གསལ་ཡང་ཞེན་འཛིན་ཡུལ་མེད་དུ་སོང་བས་མ་བཅོས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཞེས་བྱའོ། །གཉིས་པ་རིག་པ་ཅོག་བཞག་གིས་ཉམས་མྱོང་རྗེན་ལ་འབུད་པ་ནི། གཏེར་གཞུང་ལས། སྣང་བས་སེམས་ལ་འཁྲུལ་པ་མི་བསྐྱེད༔ སེམས་ཀྱི་ཆོས་ཉིད་ཡེ་ཤེས་སུ་ཤར་བ་ལ་ཡེར་གྱིས་བསྐྱང༔ ཞེས་པ་སྟེ་རིག་པ་རང་བབ་ཀྱི་བསམ་གཏན་སྐྱོང་ཤེས་ན་བདེ་གསལ་མི་རྟོག་པ་འཇིག་རྟེན་པའི་བསམ་གཏན་སྒྲུབ་མི་དགོས་པའི་ཚུལ་ཡང༌། ཀ་དག་གི་རིག་པ་ཟང་ཐལ་ངོས་བཟུང་མེད་པ་ལ་སླད་ཀྱིས་བློ་ཡི་ཞེན་པས་བཅོས་པ་ལ་དགོས་པ་མེད་པས། ཕྱི་ཚོགས་དྲུག་གི་སྣང་བས་ནང་རིག་པ་ཆོས་ཉིད་ཀྱི་རོ་མྱོང་བ་གཉུག་མའི་སེམས་ཉིད་ཀྱི་རང་ཚུགས་ཟིན་པ་ལ་འཁྲུལ་པ་མི་བསྐྱེད་པས་ཁམས་གསུམ་དུ་ལྡོག་པའི་རྟེན་ཟད། དོན་དམ་བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཡེ་ཤེས་སུ་ཤར་ཏེ་རང་གྲོལ་ཀློང་ཡངས་ཆེན་པོར་བར་མཚམས་ཕྱི་ནང་མེད་པའི་དགོངས་པ་ལ་རང་གནས་སུ་ཡེར་གྱིས་བསྐྱངས་པ་སྣང་བ་ཆིག་ཆོད་ཀྱི་དགོངས་པ་སྟེ། མདོར་ན་མཉམ་བཞག་དང་རྗེས་ཐོབ། ཉིན་དང་མཚན་ཀུན་གཉེན་པོ་ཆིག་ཆོད་ཀུན་གྲོལ་གྱི་རིག་པ་རྗེན་པའི་ལམ་ཁྱེར་ལ་སྦྱངས་པས། འཁྲུལ་རྒྱུ་འཁོར་བའི་ས་བོན་དྲུང་ནས་འབྱིན་པས་ཐག་གཅིག་ཐོག་ཏུ་བཅད་པའི་སྒོམ་པ་ཞེས་རྫོགས་པ་ཆེན་པོའི་ལམ་གནད་གཉིས་པའོ། །གསུམ་པ་སྣང་བ་ཅོག་བཞག་གི་སྤྱོད་པས་དབྱིངས་སུ་རང་གྲོལ་བའི་རྣལ་འབྱོར་ནི། གཏེར་གཞུང་ལས། ཕྱི་རུ་མི་སྤྲོ༔ ནང་དུ་མི་བསྡུ༔ བར་དུ་ཟང་ཐལ་ལེར་བལྟའོ༔ དེའི་ཚེ་འདི་སྒོམ་གྱི་གཏད་སོ་མེད༔ མི་སྒོམ་པར་ཕྱལ་བར་མ་ཤོར༔ མ་བཅོས་གཉུག་མའི་རྣལ་འབྱོར་ལ་རྟག་ཏུ་སྦྱངས༔ འགྲོ་ན་རང་ངོ་བལྟ༔ ཉལ་ན་འོད་གསལ་དུ་སྦྱངས༔ འཕྲོ་ན་དྲན་པས་རྒྱང་སོ་བཙུགས༔ བྱིང་ན་རིག་པ་ངར་བསྐྱེད༔ ཀུན་ཏུ་འཁྲུལ་པའི་འདུ་འགོད་མི་བྱ་བར་བལྟས་པས་བབ་ཀྱིས་སྐྱོང་ངོ༔ ཞེས་གསུངས་པ་ལྟར། རིག་པ་ཡེ་ཤེས་ཀྱི་ཆོས་ཉིད་ཀྱི་ཡུལ་རིག་ཅིང་མཇལ་མཇལ་འདྲ་བ་དེ་འགག་པ་མེད་པའི་རྩལ་མེ་ལོང་ལྟ་བུ་སྣང་བ་ཀུན་གྱི་འཆར་གཞི་བཀག་ཀྱང་མི་ཁེགས་པས། ནང་དུ་མི་བསྡུ། ཆེད་དུ་ཡང་མི་བཀག །རང་ས་རུ་མི་བསྐྱིལ་བར་རྒྱ་ཡན་དུ་བཞག་པས་ཆོས་ཉིད་ལས་འདའ་མི་ཤེས་པ་སྣང་ཤེས་གཉིས་མེད་རོ་གཅིག་ལམ་དུ་ཁྱེར་བ་སྟེ། རིག་པ་ངོས་ཟིན་ནས་ལྷག་མཐོང་དེ་ཉིད་ཤེས་པའི་གནས་སྐབས་ན། སྣང་ངམ། ཤར་རམ། གནས་སམ། རྟོག་དཔྱོད་དུ་ལངས་པ་གང་གི་ཚེ་ཡང་རིག་པ་རྗེན་པ་ཟང་ཀ་མ་དེ་ཉིད་རང་ངོ་བཟུང༌། དུས་གསུམ་གྱི་རྟོག་པའི་འབྲེལ་ཐག་ཆོད་པས་ཆོས་སྐུ་རང་གནས་ཀྱི་གནས་ལུགས་སོ་སོ་རང་རིག་པའི་ཡེ་ཤེས་ཞེས་བྱ་སྟེ། དེའི་ངང་དུ་བཞག་པའི་ཚེ་རྣམ་རྟོག་གང་སྐྱེས་པ་དང་སྔར་བཞིན་ངོ་བོ་རྗེན་པར་ངོས་བཟུང་ནས་དེའི་སྟེང་དུ་བཞག་པས་རང་ངོ་ཅེར་གྱིས་མཐོང་སྟེ་རྣམ་རྟོག་རྗེས་མེད་དུ་དག་པ་ཆུ་ལ་རལ་གྲིས་གདབ་པ་ལྟར་རྣམ་རྟོག་སྐྱེས་པ་དང་གྲོལ་བ་དུས་མཉམ་དུ་སོང་ནས་རང་ཤར་རང་གྲོལ་རྒྱུན་ཆད་མེད་པ་བྱུང་ན། ཤར་བ་མི་དགག་པར་ཇི་ཤར་ཤར་དུ་བཅུག་ནས་གང་ཤར་གཉུག་མའི་ངང་དུ་དག་པའི་ལམ་ཁྱེར་ཉིད་ཉམས་ལེན་གྱི་གནད་དུ་བཟུང་ན་རྣམ་རྟོག་ཆོས་སྐུའི་རྩལ་སྦྱོང་དུ་འཆར་བས། དུག་ལྔའི་རྣམ་རྟོག་ཇི་ཙམ་རགས་པ་སྐྱེས་ཀྱང་དེ་ཙམ་གྲོལ་བ་འདི་རིག་པ་གསལ་ངར་དང་ལྡན་པ་བྱུང་ན་ཤར་དུས་གྲོལ་བར་སྐྱེས་པས་ཆོས་སྐུའི་ཡོ་ལངས་ལས་མ་འདས་པས། སེམས་རྟོག་མ་རིག་འཁྲུལ་གཟུགས་རིག་པ་ཆོས་སྐུའི་ཀློང་དུ་དག་པས་འོད་གསལ་རྒྱུན་ཆད་མེད་པའི་ཀློང་དུ་ཤར་བས་གནས་པ་ལ་མི་གནོད། བྱ་བྱེད་ཀྱི་ལས་རྒྱུན་མི་གསོག་པ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གྲོལ་ཚུལ་དང་པོ་དང༌། བར་དུ་རྣམ་རྟོག་སྐྱེས་ཀྱང་ལོགས་སུ་གཉེན་པོ་འཚོལ་མི་དགོས་པར་རང་གནས་ཀྱི་ཡེ་ཤེས་ལྷན་སྐྱེས་སུ་འཆར་བས། རྟོག་པ་འཆར་ཚུལ་སྐྱེ་བོ་གཞན་དང་འདྲ་ཡང༌། གྲོལ་ཚུལ་མི་འདྲ་བས་རྣམ་རྟོག་གཉེན་པོ་མེད་པར་རང་གིས་རང་གྲོལ་བ་སྦྲུལ་མདུད་རང་སར་གྲོལ་བ་ལྟ་བུ་དང༌། ཐ་མ་སྣང་སྤྱོད་ཡེ་ཤེས་སུ་འབྱམས་ཀླས་པས་རྣམ་རྟོག་མ་ཤར་ཡང་ཆོས་ཉིད་ཀྱི་དགོངས་པ་ཇེ་གསལ་དུ་འགྲོ། ཤར་ཡང་དགོངས་པ་འགྲིབ་མེད་དུ་གསལ་བས་སྐྱོན་དུ་མི་འགྱུར་བས་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུར་འགྲོ་བའི་གྲོལ་ཚུལ་གསུམ་གྱི་གནད་ཀྱང་ཤེས་པར་བྱའོ། །བཞི་པ་འབྲས་བུ་རིག་པ་ཅོག་བཞག་གི་གདིང་ཐོབ་པ་ནི། གཏེར་གཞུང་ལས། དེའི་ཚེ་སེམས་ཡུལ་ལ་མ་ཤོར༔ ཡུལ་གྱིས་སེམས་མ་བསྒྱུར༔ ཅི་ཤར་ཆོས་ཉིད་ཀྱི་རང་བཞིན་གཅིག་ཏུ་འཆར་བའི་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་མོར་དག་པ་ཞེས་བྱའོ༔ ཞེས་གསུངས་པ་བཞིན། ལྟ་སྒོམ་སྤྱོད་པའི་རྣལ་འབྱོར་མཐར་ཕྱིན་པས་དགོངས་པ་ཆོས་ཉིད་ཀྱི་ངང་ལ་ཉིན་མཚན་བར་མེད་དུ་གནས་པ་རི་བོ་ལྟ་བུ་ལས་མི་གཡོ་བའི་གདིང་རྙེད་པའི་ཚེ། རྐྱེན་སྣང་སྣ་ཚོགས་རླུང་ལྟ་བུས་མི་གཡོ་སྟེ། དགོངས་པ་ཆོས་ཉིད་ལས་མི་གཡོ་བས་སེམས་ཡུལ་ཐོག་ཏུ་ཕྱིར་མ་འཕྲོས། གཟུང་འཛིན་གྱི་མདུད་པ་ཞིག་པས་ཡུལ་གྱིས་སེམས་མ་བསྒྱུར། ཡེངས་ལ་འཁྲུལ་མི་ཤེས་པ་ཅི་ཤར་ཆོས་ཉིད་ཀྱི་རང་བཞིན་གཅིག་ཏུ་འཆར་ཏེ། ལྟ་བ་ཡོངས་གྲུབ། རྒྱུ་འབྲས་དག་མཉམ་བདེན་པ་དབྱེར་མེད། གཟུང་འཛིན་རང་ཞིའི་དགོངས་པ་རང་སྣང་རིས་མེད་ཆེན་པོར་བྱང་ཆུབ་པར་འགྱུར་བ་ནི་འབྲས་བུའི་ཐ་སྙད་མཛད་པའོ། །འཁོར་འདས་སྲོག་ཏུ་ཞུགས་པའི་ཀཱི་ལ་ཡ། །ཡེ་ཤེས་རྣོ་ལ་ངར་གྱི་གདགས་ནུས་ན། བདག་ལྟའི་དགྲ་བགེགས་གསོད་པའི་གྲུབ་མཆོག་རྣམས། །མཉམ་ཉིད་ངང་གིས་ཁྲོས་པའི་ཆེ་རྟགས་མཚར། །གསུམ་པ་རྗེས་སྣང་འོད་གསལ་གྱི་ལམ་གྱི་སྤྱོད་པས་བོགས་འབྱིན་ཚུལ་ལ་ལྔ། ཉམས་ལེན་གྱི་གནད་སྤྱིར་བསྟན་པ། རྟགས་སྣང་བཞིའི་འཆར་སྒོ། ཡར་མར་གྱི་གདིང་གཉིས། འབྲས་བུའི་གྲོལ་ཚད། ཞར་བྱུང་དབང་བཞིའི་ལམ་གྱི་ཆིངས་འཕྲོས་དོན་དུ་སྨོས་པའོ། །དང་པོ་ལ། ཉམས་ལེན་གྱི་སྔོན་འགྲོའི་གནད་དང༌། དངོས་གཞིའི་ཉམས་ལེན་བསྟན་པའོ། །དང་པོ་ནི། གཏེར་གཞུང་ལས། དེ་ནས་ཉམས་སུ་ལེན་པ་ལ་དབེན་པའི་གནས་སུ་སྤྲོས་པ་རྒྱང་གིས་བོར༔ ལུས་ངག་ཡིད་གསུམ་ཤིན་ཏུ་དལ་བར་བསླབ༔ ཁྱད་པར་དུ་བླ་མར་མོས་གུས་རྩེ་གཅིག་ཏུ་བྱས་ལ༔ ཞེས་པ་ལྟར་འདི་ནི་རྫོགས་རིམ་ཐམས་ཅད་ཀྱི་རྩེ་མོ་ཡེ་ཤེས་ལམ་བྱེད་ཨ་ཏི་ཡོ་གའི་ལམ་ཡིན་པས། ངེས་པར་དུ་འདུ་འཛི་དང་རྣམ་གཡེང་གི་བྱ་རྩོལ་མེད་པའི་དབེན་པར་ཕྱི་ནང་གསང་བའི་བྱ་བ་དགུ་ཕྲུགས་སུ་བཏང་ནས་སྤྲོས་པའི་འཆིང་ཐག་ཐམས་ཅད་རྒྱང་གིས་བཅད། རླུང་རིག་དལ་བས་ཡེ་ཤེས་ཀྱི་གསང་སྒོ་འབྱེད་པས་གུ་ཡངས་སུ་གནས། ཁྱད་པར་བླ་མ་ལ་བློ་འདས་ཆོས་སྐུར་བལྟ་བའི་མོས་གུས་དང་མ་བྲལ་བས་གསོལ་བ་ཕུར་ཚུགས་སུ་གདབ། ལུས་གནད་དྲང་པོར་བསྲང་བའི་སེམས་དཔའི་སྐྱིལ་ཀྲུང་དུ་བསྡད་ལ། རང་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཞལ་སྦྱོར་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་བ་སྣང་སྟོང་འཇའ་ཚོན་ལྟ་བུར་གསལ། རླུང་རོ་གཡས་གཡོན་དབུས་གསུམ་ནས་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཕྱིར་སང་གིས་དོན་པར་བསམ། རླུང་ཚུར་རྔུབ་དུས་བླ་མ་ཡི་དམ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་རྣམས་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ་པར་བསྒོམ། དེ་ནས་འོག་རླུང་ཅུང་ཟད་འཐེན་ཏེ་སྟེང་རླུང་མནན། བར་རླུང་ཅུང་ཟད་འཛིན་པ་དང་བཅས། མིག་གྱེན་དུ་ལོག་པར་བྱས་ནས་ཕྱིའི་ཡུལ་ལ་བལྟ་བར་བྱའོ། །གཉིས་པ་དངོས་གཞིའི་གནད་ནི། གཏེར་གཞུང་ལས། ལུས་བཞུགས་སྟངས་གསུམ་གྱིས་བཅིངས༔ མིག་གཟིགས་སྟངས་གསུམ་བྱ༔ ངག་རླུང་གི་རྒྱུ་བ་གསལ་བར་བྱ༔ ཞེས་དང༌། དེའི་ཚེ་བོགས་འབྱིན་པའི་རིམ་པ་ནི༔ སྒོ་ཡུལ་རླུང་རིག་གི་གནད་རྩེ་གཅིག་ཏུ་གཅུན་ཏེ༔ ཞེས་གསུངས་པ་ལྟར་ས་བཅད་ལྔ་ལས། དང་པོ་བཅའ་བ་ལུས་བཞུགས་སྟངས་གསུམ་གྱི་གནད་ནི། ལུས་ལ་རྩ་རླུང་ཐིག་ལེ། དེ་ལ་སེམས་རྟེན་པས་དེ་ཉིད་བཞུགས་སྟངས་གསུམ་གྱིས་བཅིངས་པས་ནང་ཡེ་ཤེས་ཀྱི་སྣང་བ་མངོན་སུམ་དུ་འཆར་ཏེ་དོན་དམ་པའི་སངས་རྒྱས་བདེ་གཤེགས་སྙིང་པོའི་རང་མདངས་མངོན་སུམ་དུ་མཇལ་བ་ལམ་སྲང་བདེ་བར་མགྲོན་པོར་དཀའ་ངལ་མེད་པར་གང་འདོད་པའི་སར་མྱུར་དུ་ཕྱིན་པ་ལྟ་བུ་སྟེ། ཐོག་མར་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། རྐང་མཐིལ་གཉིས་སྦྱར། པུས་མོ་ཕྱིར་བགྲད། ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེའི་ཁུ་ཚུར་བཅངས་པ་རྟིང་པའི་རྩར་ས་ལ་བཙུགས། ལག་པ་དྲང་པོར་བསྲང༌། རོ་སྟོད་གསེང་ཏེ་དཔུང་པ་གྱེན་དུ་འཐེན། མཇིང་པ་ཡིད་ཙམ་གྱེན་ལ་གཏོད། ལྕེ་ཅུང་ཟད་གྱེན་དུ་བསྒྲིལ་བའོ། །གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། ཁ་སྦུབ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོལ་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། རྒལ་ཚིག་དྲང་པོར་བསྲང༌། མགོ་གྱེན་དུ་དགྱེ་ཙམ་བྱེད་པའོ། །གསུམ་པ་སྤྲུལ་སྐུ་དྲང་སྲོང་གི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཉིས་གཤིབས་ཏེ་ཙོག་པོར་འདུག །ལག་གཉིས་པུས་མོ་ལ་བསྐོན། རྒལ་ཚིག་དྲང་པོར་བསྲང་སྟེ་མགོ་ཐད་ཀར་གཏོད་པའོ། །གཉིས་པ་ཁྲིད་པ་དབྱིངས་ཀྱི་གནད་མིག་སྐུ་གསུམ་གྱི་གཟིགས་སྟངས་གསུམ་གྱིས་གནད་ནི། འོད་གསལ་གསང་བ་ཆེན་པོའི་ཡེ་ཤེས་ཀྱི་ཟེར་གདངས་འཆར་བའི་སྒོ་ནི་མིག་སྟེ། དེའི་གནད་ཀྱང་སྙིང་ནས་མིག་ཏུ་འབྲེལ་བའི་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བའི་ཡར་སྣེ་མིག་གཉིས་ལ་ཟུག་ནས་ཡོད་པ་གཟིགས་སྟངས་ཀྱིས་བཅུན་ན་ཀ་ཏི་ཤེལ་སྦུག་གི་ནང་འོད་གསལ་གྱི་སྣང་བ་ཕྱི་རོལ་དུ་སྣང་བར་བྱེད་པ་སྟེ། ཐོག་མར་ཆོས་སྐུའི་གཟིགས་སྟངས་མིག་གི་ཨ་འབྲས་གྱེན་དུ་ལྡོག་པ་གཙུག་ཏོར་རྣམ་པར་བལྟ་བའི་ཚུལ་གྱིས་སྨིན་ཕྲག་གི་ནམ་མཁར་བལྟས་པས་དབྱིངས་རིག་འཕེལ་ཆེ། གཉིས་པ་ལོངས་སྐུའི་གཟིགས་སྟངས་ཟུར་མིག་མདའ་མཁན་གྱིས་སྙུག་མ་སྲོང་བ་ལྟ་བུ་ལས་ཐད་ཀའི་ནམ་མཁར་བལྟས་པས་ཡེ་ཤེས་ཀྱི་སྣང་བ་མཐོང༌། གསུམ་པ་སྤྲུལ་སྐུའི་གཟིགས་སྟངས་ཅུང་ཟད་ཐུར་དུ་ཕབ་པ་དྲང་སྲོང་བསམ་གཏན་སྒོམ་པ་ལྟ་བུའི་བར་སྣང་ལ་ཟིམ་བུར་བལྟས་པས་འོད་ཁྱིམ་གྱི་སྒྲོན་མ་མཐོང༌། གཟིགས་སྟངས་གསུམ་ཀ་ཀུན་ལ་མིག་འབྲས་མི་འགུལ། རྫི་མ་མི་ལྡེག །ཧ་ཅང་རྩོལ་བས་མི་བསྡམས་པར་ལྟ་སྟངས་ལྷོད་ཅིང་བལྟ་བ་གནད་ཡིན་ལ། གཟིགས་སྟངས་གསུམ་པོ་དང་བཞུགས་སྟངས་སོ་སོ་དང་འབྲེལ་བར་བྱས་ནས་བསྒོམས་པས་གོམས་པའི་ཚེ་དབང་པོ་ཡུལ་ལ་ཇི་ཙམ་བལྟས་ཀྱང་ཚུགས་ནུས་ཤིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །གསུམ་པ་ཡེ་ཤེས་འཆར་བའི་ལམ་སྒོ་ཡི་གནད་ནི། རྒྱུད་ལས། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། ཞེས་གསུངས་པ་ལྟར་མིག་གཟིགས་སྟངས་གསུམ་གང་ཡང་རུང་བས་ཕྱེད་བཙུམ་ཟིམ་བུའི་བལྟ་བྱའི་རྟེན་ཉི་མ་སོགས་དང་ཁྲུ་གང་ཙམ་གྱིས་མ་རེག་པའི་སར་བལྟ་བ་གནད་ཡིན་ལ། དེ་ཡང་འོད་སྣང་དཀར་ཤས་ཆེ་ན་གཡས། སེར་ཤས་ཆེ་ན་གྱེན། ལྗང་ཤས་ཆེ་ན་གཡོན། དམར་ཤས་ཆེ་ན་ཐུར། མཐིང་ཤས་ཆེ་ན་དབུས། ལྔ་ལྡན་མཉམ་པར་ཤར་ན་རང་སོར་བཞག་ཅིང༌། ཐིག་ལེའི་སྣང་བ་མ་མཐོང་ན་མིག་གཉིས་མཉམ་པར་བལྟ་བ་གནད་ཡིན་པར་གསུངས་སོ། །བཞི་པ་འཆར་གཞི་ཡུལ་གྱི་གནད་ནི། གནས་གངས་ཁྲོད་རི་རྩེ་ལ་སོགས་པ་མཐོ་ཞིང་ཤར་སྒོ་ཡངས་པ། ཉི་ཟླ་འཆར་སྔ་ནུབ་ཕྱི་བར་ནམ་མཁའ་སྤྲིན་དང་ན་བུན་རྡུལ་སོགས་སླད་བྱེད་ཀྱི་རྐྱེན་དང་བྲལ་བར་ཤིན་ཏུ་དྭངས་པ་ལ་ཟེར་གཉིས་དང་སྦྱར་ནས་བལྟ་ཞིང༌། ཉིན་མོ་ཆོས་སྐུའི་རྟེན་ཉི་མ་དང་མན་ཤེལ། མཚན་མོ་ལོངས་སྐུའི་རྟེན་ཟླ་བ་དང་ཆུ་ཤེལ། ནང་ནུབ་སྤྲུལ་སྐུའི་རྟེན་ཨཱ་ལོ་ཀེ་ལ་བལྟ་དགོས་པར་གསུངས་སོ། །ལྔ་པ་འཆར་བྱེད་རླུང་གི་གནད་ནི། རླུང་གི་བཞོན་པ་བྱས་ཏེ་སེམས་གཡེང་བས་ཐོག་མའི་འཁྲུལ་གཞི་ཡང་བྱེད་པས་དེ་གཟུང་འཛིན་དུ་གཡོ་བའི་རྒྱུ་བ་འགག་པར་བྱེད་པའི་ཐབས་ལ་རླུང་ཁ་ནས་རྒྱུ་བ་དང་སོ་གཉིས་བག་ཙམ་མ་རེག་པའི་བར་ནས་ཤེད་མ་བསྐྱེད་པར་ཡིད་ཙམ་ཕྱིར་གནས་པ་རིང་བར་ཤིན་ཏུ་དལ་བུས་འབྱུང་འཇུག་བྱེད་པ་རྫོགས་ཆེན་གྱི་ཁྱད་ཆོས་ཡིན་ཏེ། རླུང་སྣ་ནས་འདྲེན་ཅིང་འཁོར་ལོ་བཞིར་སྦྱང་བྱའི་རླུང་སྟོབས་སུ་གྱུར་པའི་གེགས་རྐྱེན་འབྱུང་ཉེ་ལ། འདིར་ཁ་ནས་རྒྱུ་བའི་རླུང་གིས་ལས་རླུང་དབུ་མའི་དབྱིངས་སུ་རང་བཞིན་གྱིས་དག་ཅིང་སེམས་ཀྱི་རྟ་བྱས་ནས་འཁྲུལ་མི་ནུས་པ་གདངས་སྙིང་གར་ཐིམ། འཁོར་ལོ་ལྔ་སོ་སོའི་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པ་དང༌། ཡེ་ཤེས་ཀྱི་རླུང་འོད་གསལ་དུ་གྲོལ་བའི་གནད་ཡོད་པས་སོ། །དེ་ལྟར་གནད་རྣམ་པ་ལྔས་གཅུན་ཞིང༌། བྱ་བ་དགུ་ཕྲུགས་སུ་བཏང་སྟེ། དབྱིངས་རིག་རྩེ་གཅིག་ཏུ་གཟིར་བས་ཕྱིའི་དབྱིངས་སྤྲིན་བྲལ་གྱི་ནམ་མཁའི་ཀློང་གསལ་བ་ལ་རིག་པ་ཐིམ་འགྲོ་བ་ལྟར་གཏད་པས། ཕྱིའི་ནམ་མཁའ་དང་མ་འདྲེས་པའི་འོད་གདངས་སྔོ་རིབ་ཤིན་ཏུ་དག་པ་ཞིག་ཐོག་མར་སྣང་བ་ཕྱི་དབྱིངས། དེ་ལས་སྣང་བ་མཆེད་པའི་ཚུལ་དུ་འོད་ལྔའི་གདངས་ཟ་འོག་ཁ་ཕྱེས་པ་ལྟར་གསལ་བ་ནང་དབྱིངས་ཕྱི་རུ་གསལ་བ་ཞེས་འཇའ་འོད་ཀྱི་གུར་ཁྱིམ་མི་གསལ་བ་གསལ་བར་གོ་འཕོས་པ་ཙམ་ཡིན་གསུངས། དེ་དག་ནི་དག་པ་དབྱིངས་ཀྱི་སྒྲོན་མ་ཡིན་ལ། དེའི་ནང་དུ་ཐིག་ལེ་སྟོང་སྒྲོན་ཀོ་མོག་གི་ཆུ་ལ་རྡོ་བོར་བའི་རྣམ་པས་མཚོན་པའི་ཐིག་ཟླུམ་འོད་ལྔའི་མུ་ཁྱུད་ཅན་དང༌། རིག་པ་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུར་སྣང་བ་ཤེས་རབ་རང་བྱུང་གི་སྒྲོན་མའི་གདངས་དང༌། དེའི་ཚེ་ནང་གི་རིག་པ་ཤིན་ཏུ་དྭངས་པ་ཡུལ་མེད་པ་ཉམས་སུ་མྱོང་བ་ཤེས་རབ་རང་བྱུང་གི་ངོ་བོ། ཡུལ་ཤེས་ཀྱི་ཤེས་རབ་རྣོ་ལ་མྱུར་བ་དང༌། ཚིག་དོན་ཀློང་རྡོལ་དུ་འཆར་བ་ཤེས་རབ་རང་བྱུང་གི་རྩལ་ཏེ། ངོ་བོ་གཅིག་ལ་ལྡོག་པས་དབྱེ་བར་གསུངས། རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་དང་ཐིག་ལེའི་ར་བར་བཙུད་ནས་བསྒོམ་པ་རིག་པའི་གནད་ཡིན་པས། འོད་སྣང་གི་འཆར་སྒོ་གང་བྱུང་ཀྱང་རེ་དོགས་མེད་པའི་ཆོས་ཉིད་ཀྱི་ལྟ་བས་ཞེན་འཛིན་མེད་པའི་གདིང་བསྐྱེད་ཅིང་གོམས་སུ་བཅུག་པས་དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ་སྣང་བཞི་རིམ་ཅན་དུ་འཆར་བར་འགྱུར་རོ། །གཉིས་པ་རྟགས་སྣང་བ་བཞིའི་འཆར་སྒོ་སྣང་བཞི་དངོས་དང༌། མཐའ་རྟེན་གྱི་མན་ངག་གཉིས་ལས། དང་པོ་ནི། གཏེར་གཞུང་ལས། ཉམས་སུ་བླང་བས་དབྱིངས་ལྔ་ལྡན་གྱི་སྣང་བ་ལ༔ ཐིག་ལེ་ཉིས་སྦྲེལ་སུམ་སྦྲེལ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་རྣམས་འགུལ་འཕྲིགས་སུ་ཤར་བ་ལ་རིག་པ་གཏད་དེ་གཟིར་བས་སྣང་བ་གོང་འཕེལ་དུ་ཤར༔ ནང་དུའང་རིག་པ་རང་གསལ་ཆོས་ཉིད་རྗེན་པར་ཤར་བ་ནི་ཆོས་ཉིད་མངོན་སུམ་དུ་ཤར་བ་ཞེས་བྱའོ༔ ནན་དུ་གོམས་ཤིང་འདྲེས་ན་ཕྱི་ནང་གི་དབྱིངས་ཀྱི་སྣང་བ་ཤར༔ ཐིག་ལེ་པདྨ་འདབ་བཞི་རུ་ཤར༔ རིག་པའི་སྣང་བ་ཇེ་འཕེལ་ཇེ་བརྟན་དུ་གསལ༔ དབྱིངས་རིག་སྨིན་མཚམས་ནས་ཕྲལ་བ་ལ་རིག་པ་གཅུན་ཏེ་བསྲེས་ལ་སྒོམ་པ་ནི་ཉམས་གོང་འཕེལ་ཞེས་བྱའོ༔ དེ་ནས་སྣང་བའི་དབུས་སུ་ཞི་ཁྲོའི་སྐུ་ཉི་ཚེ་བ་དང༔ ཞལ་ཕྱག་རྒྱན་ཆས་རྫོགས་པ་དང༔ ཡབ་ཡུམ་དང༔ ཚོམ་བུ༔ ཞི་ཁྲོ་ཡོངས་རྫོགས་ཀྱི་བར་འཆར་ཞིང༔ སྣང་བ་ཀུན་ཡེ་ཤེས་འོད་གསལ་གྱི་འཁོར་ལོར་འཆར་བས་མ་དག་པའི་ཆ་ནུབ་སྟེ་ཉིན་མཚན་འོད་གསལ་ལས་མི་གཡོ་བ་ནི་རིག་པ་ཚད་ལ་ཕེབས་པའི་སྣང་བའོ༔ སྣང་རིག་གི་འཕེལ་རྫོགས་པ་དང་ཕྱི་འཁྲུལ་པའི་སྣང་བ༔ ནང་རླུང་རིག་གི་ཆ༔ བར་དབྱིངས་རིག་ཀྱི་འཕེལ་དང་བཅས་པ་ཤེལ་འོད་ནང་དུ་ཐིམ་པ་ལྟར་ཟད་ནས་ནང་གསལ་རིག་སྟོང་ཆེན་པོའི་སྦུབས་སུ་འུབ་ཆུབ་སྟེ་མི་གཡོ་བར་གནས་ཤིང་འཁྱིལ་བ་ནི་ཆོས་ཉིད་ཟད་པའི་སར་ཕྱིན་པའོ༔ ཞེས་གསུངས་པ་ལྟར་དེའང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ་ལྔ་ལྡན། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ་སུམ་སྦྲེལ་ཚུན་ཆད། སྐུ་ཡི་རྟགས་སུ་ལུ་གུ་རྒྱུད། ཐུགས་ཀྱི་རྟགས་སུ་རང་གསལ། ངོ་བོའི་རྟགས་སུ་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་མཉམ་ཉིད་གཞི་རྫོགས་སུ་མངོན་སུམ་སོ་སོར་རིག་པས་ཉམས་སུ་མྱོང་བ་སྣང་བཞིའི་དང་པོ་དང༌། དེ་ནས་དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ་དབང་པོའི་སྤྱོད་ཡུལ་དུ་མངོན་སུམ་དུ་གསལ་ཞིང༌། དབྱིངས་སྣང་འོད་ཀྱི་རང་བཞིན་རྩིབས་ཤར། གྱེན་འགྲེང་མཁར་ཐབས་སོགས་མ་ངེས་པའི་གཟུགས་དབྱིབས་དུ་མ་དང༌། བཀྲག་ལ་འཚེར་བའི་ཟེར་ཐག །ཐིག་ལེ་བསེ་ཕུབ་ནས་ཡུལ་གྲུ་ཙམ་དང༌། ལྔ་ཚོམ། ནང་དུ་པདྨ་རིས་སོགས་ཇེ་གསལ་ཇེ་འཕེལ་དུ་བྱུང་བའི་ནང་དུ་རྡོར་སེམས་ལ་སོགས་པའི་ཕྱེད་སྐུའམ་སྐུ་རྐྱང་རེ་ཤར་ནས་འགུལ་འཕྲིག་མེད་པ་ནི་ཉམས་སྣང་གོང་འཕེལ་གྱི་སྣང་བ་གཉིས་པ་དང༌། དབྱིངས་ཀྱི་སྣང་བས་སྣོད་བཅུད་ཐམས་ཅད་ལ་རྒྱས་ཐེབས་པས་རྡོས་བཅས་ས་ཆུ་མེ་རླུང་གི་སྣང་བ་རང་སར་དག་སྟེ། འོད་གསལ་ཆེན་པོ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུ་ལྔ་ཚན་ལྔའི་དཀྱིལ་འཁོར་ཚད་མེད་པ་འཆར་ཞིང་སྣང་སྲིད་ཐམས་ཅད་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་དུ་ཡོངས་སུ་བརྡལ་བའི་རིག་པ་སྐུར་སྨིན་པའི་དབྱིངས་རིག་གི་སྣང་བ་ཚད་ལ་ཕེབས་པས་མ་བསྒོམས་ཀྱང་འཕེལ་འགྲིབ་འཕོ་འགྱུར་མེད་པ་སྣང་བ་གསུམ་དང༌། ཕྱི་སྣང་བའི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཁྲུལ་སྣང་ཐམས་ཅད་རང་སར་ཟད་དེ་སྣང་དང་མི་སྣང་དུ་འཛིན་པའི་བློ་ལས་འདས་ཤིང༌། ཀ་དག་གདོད་མའི་བཙན་ས་ཟིན་པ་སྣང་བ་བཞི་པ་མཐར་ཕྱིན་པས་མཆོག་གི་ཡེ་ཤེས་ཆེན་པོ་མངོན་དུ་གྱུར་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེའང་གནས་ལུགས་ཐོག་མའི་སྤྱི་གཞི་ལས་འཕགས་པའི་ལྷུན་གྲུབ་ཀྱི་གཞི་སྣང་འགྱུར་བ་མེད་པའི་ཐིག་ལེ་ཆེན་པོར་སྐད་ཅིག་གིས་རྣམ་པར་གྲོལ་ནས། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པ་མངོན་དུ་གྱུར་ཏེ་ལམ་མཐར་སོན་པའོ། །གཉིས་པ་མཐའ་རྟེན་གྱི་མན་ངག་ནི། གཏེར་གཞུང་ལས། དེ་དག་གི་ཚེ་ཕྱི་ནང་གི་རྟགས་སྣང་མཐུན་པར་འཆར་ཞིང་ངེས་པའི་རྟགས་ཚད་འཕེལ་འགྲིབ་ཉམས༔ བར་ཆད་བདུད༔ མི་འགྱུར་གསང་བ་རྣམས་ཀྱི་ཤན་འབྱེད་པ་ཤིན་ཏུ་གཅེས་སོ༔ ཞེས་པ་སྟེ། དེ་ལྟར་ལུས་བཞུགས་སྟངས། མིག་གཟིགས་སྟངས། རིག་པ་འོད་གསལ་གྱི་སྣང་བ་ལས་མི་འགུལ་བས་གཞི་བཅའ། ཕྱི་སྣང་བ་སྐྱེད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱེད་བྱེད་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་སྐྱེད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པ་གསུམ་གྱིས་རྣལ་འབྱོར་པའི་ལམ་གྱི་དྲོད་ཚད་ཆེ་ཆུང་ངོས་བཟུང་བའོ། །འདིར་ཚད་རྨི་ལམ་གྱིས་བཟུང་བ་དང༌། རྟགས་ལུས་ངག་ལ་འཆར་བ་གཉིས་སུ་གསུངས་པའི་དང་པོ་ལ། དབང་པོ་དང་བརྩོན་འགྲུས་རབ་བག་ཆགས་ཀྱི་འབྲེལ་བ་ཆད་ནས་སྐྱེ་བ་འདིར་འཚང་རྒྱ་བའི་རྟགས་རྨི་ལམ་རྒྱུན་ཆད་པ་དང༌། འབྲིང་རྨི་ལམ་ངོ་ཤེས་ནས་སྤྲུལ་བསྒྱུར་ནུས་པས་བར་དོར་འཚང་རྒྱ་བ་དང༌། ཐ་མ་རྨི་ལམ་བཟང་པོ་ཤ་སྟག་རྨི་བས་རང་བཞིན་སྤྲུལ་པར་དབུགས་འབྱིན་པ་དང༌། རྟགས་སྒོ་གསུམ་ལ་འཆར་བ་ལ། བར་ཆད་བདུད། འཕེལ་འགྲིབ་ཉམས། མི་འགྱུར་གསང་བའི་རྟགས་འཆར་བའི་དང་པོ་ལམ་རྟགས་ལ་མངོན་རློམས་ཞུགས་པས་བར་ཆད་དུ་འགྱུར་བས་ཆོས་ཉིད་རེ་དོགས་མེད་པའི་གདིང་དང༌། བླ་མ་ལ་མོས་གུས། སྙིང་རྗེ་དང་ཡི་དམ་ཁྲོ་བོའི་བཟླས་པས་སེལ་བར་གསུངས་པས་དེ་ལྟར་ཉམས་ལེན་གྱི་གཞི་འདིང༌། རླུང་སེམས་འདུས་ཚུལ་གྱི་འཕེལ་འགྲིབ་ཀྱི་ཉམས་བྱུང་ན་ཁ་ཟས་བསིལ་བ་བསྟེན སྐྱེ་མེད་ཀྱི་སྙིང་པོ་ཨ་ཡིག་བགྲང་བས་སེལ། དྲོད་ཚད་ཀྱི་མཚམས་བྱེད་པ་དང༌། མི་འགྱུར་གསང་བའི་རྟགས་སུ་ལུས་ལ་སྐྲ་དཀར་དང་གཉེར་མ་མེད་པ་ཟོ་མདོག་བཟང་ཞིང་སྐྲ་སེན་སྐྱེ་བའི་རྒྱུད་ཆད་པ་དང༌། རིགས་ལྔའི་ཕྱག་རྒྱ་དང་སྐུ་གསལ་བ་དང༌། ངག་བདེན་པ་གྲུབ་པའི་སྒྲས་གཞན་དོན་འབྱུང་ཞིང་ཆོས་ཀྱི་ཚིག་རང་བརྡོལ་དུ་ཤེས། སེམས་ཏིང་ངེ་འཛིན་འབྱོང་བས་ཟས་གོས་མི་དགོས། ཏིང་འཛིན་ལོ་ཟླར་བརྟན། སྙིང་རྗེ་ཚད་མེད་པ་སྐྱེ་བ་སོགས་འབྱུང་བས་ཟག་བཅས་མི་སྣང་བ་འཕོ་བ་ཆེན་པོའི་གདིང་ཐོབ་པར་གསུངས་པས་ཤན་ཕྱེད་པར་བྱ་དགོས་སོ། །སྐྱེ་འཇུག་རླུང་སེམས་ལ་རང་དབང་ཐོབ་པས་ཁྲེགས་ཆོད་དུ་གྲོལ་བ་ལུས་རྡུལ་ཕྲན་དུ་དེངས་པ་དང་སེམས་དབྱིངས་རིག་དབྱེར་མེད་དུ་སངས་རྒྱས་པས། མཁའ་འགྲོ་དང་རྫུས་སྐྱེས་ཤི་བའི་རོ་མི་མཐོང་བ་ལྟར་ལུས་སེམས་དབྱིངས་སུ་ཐིམ་པ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས། ལྷུན་གྲུབ་ཐོད་རྒལ་དུ་གྲོལ་བ་བུད་ཤིང་ཟད་པས་སྲེག་བྱེད་ཀྱི་མེ་ཡང་མི་གནས་པ་ལྟར་ནང་གི་འབྱུང་བ་ཟད་པས་གདོད་བཅས་འོད་དུ་དེངས་པ་དང༌། རིག་འཛིན་རྣམས་ས་ནས་སར་འཕར་བས་སྒྲ་འོད་ཟེར་དང་བཅས་ཞིང་ཁམས་སྤྲུལ་པས་ཁྱབ་པ་ལྟར་ལུས་འོད་དུ་དེངས་པས་བསྟན་འགྲོའི་དོན་མཛད་པ་མེ་ཕུང་དང་རིག་འཛིན་གྱི་འཆི་ལུགས་རྣམས་ཀྱིས་འཁྲུལ་སྣང་དག་པར་བྱེད་པའོ། །གསུམ་པ་ཡར་མར་གྱི་གདིང་གཉིས་ནི། རང་ངོ་གདོད་ནས་འཁྲུལ་མི་ཤེས་པའི་ཐོག་ཏུ་རྟེན་འབྲེལ་གྱི་རྒྱུ་འབྲས་གོ་ལྡོག་ཏུ་ཤར་བས་འཁོར་བ་ཤེས་བྱ་ལ་མི་སྲིད་པའི་གདིང་ཐོབ་པས་ལྷུང་གི་དོགས་པ་དང་མི་ལྷུང་གི་རེ་བ་མེད་པའི་གདིང་གཉིས། རིག་པ་གཞི་དབྱིངས་སུ་གྲོལ་ནས་ཀུན་གཞིའི་རྩ་བ་ཆད་པས་མྱང་འདས་ཐོབ་པའི་རེ་བ་དང༌། མ་ཐོབ་ཀྱི་དོགས་པ་མེད་པའི་གདིང་ཐོབ་པའོ། །ཡང་བརྩོན་འགྲུས་དང་སྐལ་པ་དམན་པས་སྐྱེ་གནས་བར་དོར་གྲོལ་བའི་གདིང་མ་ཐོབ་ན། དབང་རབ་འཆི་ཀའི་བར་དོར་གཞི་ལམ་གྱི་འོད་གསལ་སྐྱེལ་བསུ་འཛོམས་པས་གྲོལ་བ་དང༌། དབང་པོ་འབྲིང་ཆོས་ཉིད་བར་དོའི་སྣང་ཆ་རང་སྣང་དུ་ངོ་ཤེས་པས། ཤེས་ཐོག་ཏུ་གྲོལ། གྲོལ་ཐོག་ཏུ་ཀ་དག་གི་དབྱིངས་སུ་གྲོལ་བ་དང༌། དབང་པོ་ཐ་མ་སྲིད་པ་བར་དོ་རྨི་ལམ་ཙམ་དུ་ཤར་བ་དང་རང་བཞིན་སྤྲུལ་པའི་ཞིང་ཡིད་ལ་བྱས་ཏེ་དེར་རྫུས་ཏེ་སྐྱེས་ནས་གྲོལ་ཚུལ་ཁྲིད་རིམ་གཞན་ལས་འབྱུང་བ་ལྟར་གུང་སྤྲོས་ཏེ་ཉམས་སུ་ལེན་པར་བྱའོ། །བཞི་པ་འབྲས་བུའི་གྲོལ་ཚད་ནི། གཏེར་གཞུང་ལས། ཚུལ་དེ་དག་ལ་གོམས་པས་སྒོ་གསུམ་གྱི་ཟག་པ་རང་ཟད༔ རླུང་སེམས་ཀྱི་འཁྲུལ་པ་དབུ་མའི་དབྱིངས་སུ་ངལ་འཚོ༔ གཟུང་འཛིན་བག་ཉལ་དང་བཅས་པ་དག་ནས་སྐུ་གསུམ་ལྷུན་གྲུབ་བདེ་བ་ཆེན་པོའི་ས་ལ་ཚེ་འདིར་དབུགས་འབྱིན་པར་ངེས་སོ༔ ཞེས་དེ་ལྟར་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་ཉམས་ལེན་མཐར་ཕྱིན་པས་ཕྱི་སྣོད་བཅུད་ཀྱི་འཁྲུལ་སྣང༌། ནང་སྒྱུ་ལུས་སྒོ་གསུམ་གྱི་ཟག་པ། གསང་བ་ཤིན་ཏུ་ཕྲ་བ་རླུང་སེམས་ཀྱི་འཕོ་བ་དང་བཅས་པ་ཐམས་ཅད་ཟད་པ་དང༌། སྣང་བཞི་ཉམས་ལེན་གྱི་འཕེལ་ཆ་དང་བཅས་པ་ཐམས་ཅད་རྫོགས་ཏེ། རབ་ལུས་འཕོ་ཆེན། འབྲིང་འཇའ་སྐུར་དེངས། ཐ་མའང་འཆི་ཀའི་བར་དོར་གྲོལ་བའི་གདིང་ཐོབ། ངག་ལས་རླུང་གི་རྒྱུ་བ་གཏན་ཟད་དུ་སོང་བས་འཁྲུལ་པའི་གཏམ་སྨྲ་མི་ཤེས་པ་གཞོམ་མེད་ནཱ་དའི་བརྗོད་བྲལ་གྱི་སྲོག་ཏུ་ཞུགས། སེམས་སྐྱེ་འགག་གནས་བྲལ་ཆོས་སྐུའི་ཀློང་དུ་གྲོལ་བའི་བཙན་ས་ཟིན་པ་དད་བརྩོན་སྐལ་པས་རབ་ཟླ་བ་གསུམ། འབྲིང་ཟླ་བ་དྲུག །ཐ་མས་ལོ་གསུམ་ནས་སྐུ་གསུམ་དབྱེར་མེད་གདོད་མའི་མགོན་པོའི་གསང་བ་གསུམ་གྱི་ཐིག་ལེར་མངོན་པར་བྱང་ཆུབ་པ་རྡོ་རྗེའི་ཚིག་དང༌། གྲུབ་པའི་གྲོལ་སར་བསྙེགས་པའི་རྣམ་ཐར་ལ་དཔག་པས་ཤེས་པར་གྱིས་ཞེས་གདམས་པའོ། །ཡེ་ཤེས་ཆེན་པོ་ནང་གསལ་དབྱིངས་རིག་གི་ལྟད་མོ། །ཐེག་མཆོག་རྡོ་རྗེའི་གསེང་ལམ་འཕྲུལ་འཁོར་གྱིས་བལྟས་ཚེ། །ཉམས་དགའ་གཞོན་ནུ་བུམ་པའི་ངོ་མཚར་གྱི་ཞིང་ཁམས། །ཁྱད་ཆོས་དྲུག་གིས་གྲོལ་བར་ལྷོད་ལྷོད་དུ་གཟིགས་དང༌། །བློ་འདས་འཕགས་པའི་ཡེ་ཤེས་མངོན་སུམ་དུ་ལམ་བྱེད། །སྐལ་བཟང་གསེར་སྣོད་བསྐྱིལ་བའི་ཐེག་མཆོག་གི་སེང་ཞོ། །འཐུང་བས་འཁྲུལ་ཆོས་ཟག་པ་རང་ཟད་ཀྱི་ངང་ནས། །རང་སྣང་འོད་གསལ་སྒྲོན་དྲུག་ཉམས་འོག་ཏུ་ཚུད་པས། །མེད་སྣང་སྲིད་ཞིའི་སྤྲིན་རིས་ཀློང་ཆེན་གྱི་མཁར་དེངས། །སྐུ་གསུམ་ལམ་སྣང་ཉི་ཟླའི་འཛུམ་ཟེར་གྱིས་ཕྱེས་པས། །ཀུན་ཁྱབ་རང་བྱུང་སྒྲོན་མའི་པད་ཚལ་དུ་རྩེན་མཛོད། །འཁོར་འདས་སྲོག་གི་གནད་བསྣུན་མཚོན་ཆ་ཡི་དབལ་རྣོན། །འཁྲུལ་རྟོག་གཞི་ཀློང་གྲོལ་བའི་ཀཱི་ལ་ཡའི་རྣལ་འབྱོར། །གུ་ཡངས་བློ་བདེ་སྐྱིད་ལ་ཟོས་བདེ་བའི་ངང་ནས། །དང་པོའི་སངས་རྒྱས་ཞལ་སྐྱིན་སྒྲུབ་པ་ལ་གཞོལ་མཛོད། །ཐེག་མཆོག་ལྟ་སྒོམ་ཀློང་གྱུར་རྣལ་འབྱོར་ཞིག་མིན་ཀྱང༌། །བཀའ་གཏེར་བདུད་རྩི་ཐོས་འཛིན་ཨུཏྤ་ལས་འཐུང་བས། །དད་དང་མོས་པའི་དྲི་བསུང་རྒྱུན་མི་ཆད་ལྡང་མཐུས། །ཡིད་ཆེས་བུང་བའི་མགྲིན་རྔ་འཁྲོལ་བ་འདི་ཨ་ཧོ། །ལྔ་པ་ཞར་བྱུང་དབང་བཞིའི་ལམ་གྱི་ཆིངས་སྨོས་པ་ནི། རྡོ་རྗེ་གསང་བའི་རྒྱུད་ལས། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་བླ་མ་ཡིན། །ཕུར་པ་མན་ངག་ངེས་པའི་དོན། །ཞེས་གསུངས་པ་ལྟར་ནང་རྒྱུད་ཡོ་ག་གསུམ་གྱི་ལམ་ཐམས་ཅད་ཚང་བར་སྟོན་པ་རྡོ་རྗེ་ཕུར་པའི་གྲུབ་མཐའ་ཆེན་པོ་བཞིར་གསུངས་པ་ཡང་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་འགག་གཅིག་ཏུ་དྲིལ་ཏེ་ཉམས་སུ་ལེན་པའི་ཚུལ་ལ། ཐོག་མར་དབང་གིས་རྒྱུད་སྨིན་པར་བྱས་ཏེ་དམ་ཚིག་གི་སྤང་བླང་མ་ནོར་བས་ཐུན་མོང་གི་སྔོན་འགྲོས་རྒྱུད་ངེས་འབྱུང་དང་དད་པས་བློ་འཁྱོལ་ངེས་སུ་བྱས་ནས་ལས་འབྲས་བླང་དོར་མ་འཛོལ་བར་བསླབ་ལ། སྐྱབས་སེམས། རྡོར་སེམས་སྒོམ་བཟླས། མཎྜལ་གྱི་ཚོགས་བསགས། བླ་མའི་རྣལ་འབྱོར་གྱིས་མོས་གུས་རྩལ་དུ་འདོན་པ་རྣམས་སྔོན་འགྲོའི་ངག་འདོན་ཟུར་དུ་གསལ་བ་བཞིན་ཉམས་སུ་བླང་བས་རྒྱུད་ལས་སུ་རུང་བར་བྱ། དེ་ནས་དངོས་གཞིའི་བསྐྱེད་རིམ་སྲིད་པ་ཕུར་བུའི་ཉམས་ལེན་ལ་གཙོ་བོར་འདོན་ན་ལམ་གྱི་རིམ་པ་དང་པོར་གསལ་བ་བཞིན་བསྙེན་སྒྲུབ་ལས་གསུམ་མཐར་དབྱུང་བའི་ཕྱིར་ལམ་ངེས་རྫོགས་དང་མཐུན་པར་དང་པོ་ཏིང་འཛིན་རྣམ་གསུམ་རེ་རེ་བཞིན་མྱོང་བ་ཐོན་ཐོན་གྱི་བར་དང༌། དག་རྫོགས་སྨིན་གསུམ་གྱི་དོན་ལ་བློ་གོམས་པ། རྒྱུན་གྱི་རྣལ་འབྱོར་ལྟར་བསྐྱེད་རིམ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བཞིན་གསལ་སྣང་སྒྲུབ་པ། ང་རྒྱལ་བརྟན་པ་དང༌། དག་དྲན་རྣམས་ཞིབ་ཏུ་བྱ། ཏིང་ངེ་འཛིན་གྱི་སྐྱོ་བའི་གེགས་སེལ་བ་དང་དངོས་གྲུབ་ཀྱི་དཔལ་ལ་སྦྱོར་བའི་ཕྱིར་བསྙེན་སྒྲུབ་ཀྱི་བཟླས་པ་གཞུང་ལྟར་བྱ། འབྱོར་ན་ཚོགས་སྒྲུབ་བྱས་ཀྱང་ཤིན་ཏུ་ལེགས། །རྗེས་འབྲེལ་སྲུང་ཟློག་བསད་པའི་ལས་སྦྱོར་ཀྱང་དགོས་པ་དང་འབྲེལ་ན་བྱ་ཞིང༌། ཁ་སྐོང་ཞི་བའི་སྦྱིན་སྲེག་ཀྱང་བསྙེན་པའི་བཅུ་ཆ་འགྲོ་བར་བྱ། འདི་དག་ལ་དགོངས་པ་མི་འགྱུར་བའི་གཟེར་གྱིས་ཐེབས་པ་གལ་ཆེ་ཞིང༌། གལ་ཏེ་རྫོགས་རིམ་བྱང་སེམས་ཀྱི་ཕུར་པའི་ཉམས་ལེན་གཙོ་བོར་བྱ་བར་འདོད་ན་བསྐྱེད་རིམ་ཧ་ཅང་རྒྱས་པ་མི་དགོས་པས། ལས་བྱང་རྒྱས་བསྡུས་གང་རུང་ལ་བརྟེན་པའི་བསྙེན་སྒྲུབ་བསྡུས་ཙམ་བྱས་ལ། རྫོགས་རིམ་རྩོལ་བཅས་རྩོལ་མེད་ལ་མྱོང་བ་ཐོན་ངེས་ཀྱི་བར་དུ་འབད་པ་མཐར་དབྱུང་དགོས་ལ། གང་ལྟར་ཡང་ཕུར་པའི་གྲུབ་མཐའ་བཞིས་གཅིག་གྲོགས་གཅིག་གིས་བྱེད་པ་ལས་འགལ་འདུར་མི་གནས་ཀྱང་རང་ཉིད་ལམ་གང་ལ་མོས་ཤུགས་ཆེ་ཆུང་དང་བསྟུན་པའི་ཉམས་ལེན་དེ་ལྟར་བྱས་ན་བར་ཆད་མེད་ཅིང༌། ལམ་གྱི་དྲོད་ཚད་མཐར་ཕྱིན་པའི་དགོས་པ་ཡོད་ལ། དེ་དག་གི་སྐབས་སུ་མེད་དུ་མི་རུང་བའི་ལམ་གྱི་ཡན་ལག་ཀྱང༌། བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོ་ལས། སྤྱིར་ནི་འཁོར་བར་ངེས་འབྱུང་དང༔ བྱང་ཆུབ་སེམས་གཉིས་དྲག་ཏུ་བསྐྱེད༔ ཅིས་ཀྱང་དགོས་མེད་བློ་སྣ་བསྟུང༔ བླ་མར་མོས་གུས་སྲོག་ཏུ་བལྟ༔ ལམ་ལ་ཅུང་ཟད་དྲོད་ཐོབ་ནས༔ ཡུལ་གྱི་བདུད་རྩི་བསྟེན་པའི་ཕྱིར༔ ཀུན་སྤངས་སྤྱོད་པས་ཕྱོགས་བྲལ་རྒྱུ༔ དུར་ཁྲོད་ལ་སོགས་གཉན་ས་རུ༔ བརྟུལ་ཞུགས་སྤྱོད་པ་ཡང་དག་སྤྱོད༔ གེགས་སེལ་བོགས་འདོན་ཐབས་མཁས་པས༔ གནས་སྐབས་སྔགས་ཀྱི་དྲོད་ཐོབ་ནས༔ ཚོགས་སྦྱོར་མཐོང་བའི་ལམ་དུ་འགྲོ༔ སྒོམ་པའི་ཉམས་མྱོང་མཐར་ཕྱིན་པས༔ མི་སློབ་འོད་གསལ་ཟུང་འཇུག་སྐུས༔ ཤིན་ཏུ་རྣམ་དག་རྡོ་རྗེ་སེམས༔ ཀུན་བཟང་ཡེ་ཤེས་བླ་མ་ཡི༔ གོ་འཕང་བརྩོན་འགྲུས་སྐལ་པ་བཞིན༔ ཟླ་དྲུག་ལོ་གསུམ་བཅུ་གཉིས་ནས༔ མངོན་དུ་ཐོབ་བྱེད་ཐེག་པའི་རྩེ༔ འབྲས་བུའི་ཐུས་ཀ་བླ་མེད་པའི༔ མཆོག་གི་ཕྲིན་ལས་རྨད་བྱུང་ངོ༔ ཞེས་གསུངས་པ་ལྟར་ཉམས་སུ་བླང་བར་བྱའོ། །བཛྲ་གཱིརྟི་ལས། །དེ་ལྟར་རྡོ་རྗེ་ཁྲོས་པའི་ཞལ་ལུང་ལས་སྐྱེས་པའི། །རྒྱུད་ལུང་མན་ངག་སྙིང་པོར་དྲིལ་བ་ཡི་ཐོལ་གླུས། །དབྱིངས་དང་ཡེ་ཤེས་དབྱེར་མེད་རྡོ་རྗེ་ཡི་ཕུར་པར། །འཁོར་འདས་རང་སར་གྲོལ་བའི་སྨོན་ལམ་ཞིག་ཞུའོ། །ཞེས་གསུངས་པ་ལྟར་རྡོ་རྗེ་ཕུར་པའི་རྒྱུད་ལུང་མན་ངག་རྒྱ་མཚོའི་སྙིང་པོ་ཉམས་སུ་ལེན་ཚུལ་རང་གི་རྟོགས་ཚོད་ཙམ་བཤད་ཟིན་ཏོ། །བཀའ་གཏེར་ཟབ་ཡངས་རྒྱ་མཚོ་བསྲུབས་པ་ལས། །ལེགས་སྐྱེས་རྒྱུད་དང་སྒྲུབ་སྡེའི་སྣང་བྱེད་ཟུང༌། །སྔ་འགྱུར་རིང་ལུགས་མཁའ་ལ་དེང་དུས་ཀྱང༌། །མཛེས་པར་འཆར་འདིས་སྐལ་བཟང་ཨུཏྤ་བཞད། །སྔོན་སྨོན་རྣམ་དཀར་སྤུ་སྡུག་མ་རྙིང་པས། །ཆོས་ཚུལ་པདྨའི་རྫིང་བུར་རྩེ་འཇོའི་རོལ། །སྨིན་གྲོལ་པད་རྩ་མྱོང་བའི་བཀའ་དྲིན་ལས། །ཐེག་མཆོག་དབྱར་རྔ་སྒྲོགས་པའི་མགྲིན་པ་རིང༌། །མཁས་གྲུབ་ལག་ལྡན་བྱེ་བས་ཉེར་བཟུང་མཐུས། །རྡོ་རྗེ་ཕུར་པའི་རིང་ལུགས་ཁ་བབ་བཞིས། །འཛིན་མར་བརྡལ་ཡང་བདག་སྐལ་སྐབས་གསུམ་ཀླུང༌། །དད་བརྩོན་བུམ་པར་བསྐྱིལ་བཞིན་སྣང་བར་བྱས། །ཡབ་གཅིག་དགྱེས་པས་བསྟོད་བསྔགས་དབུགས་དབྱུང་ཕྱིར། །ལྷ་གཅིག་དགྱེས་པའི་ཕ་ཕོག་ཡིན་སྙམ་སྟེ། །མ་གཅིག་ཌཱ་ཀིས་བདག་སྐལ་གཏད་པའི་ལམ། །ཆོས་གཅིག་མཛུབ་རྩེར་ཕྱར་བ་གཟིགས་མཛོད་དང༌། །དཔྱོད་ལྡན་དགྱེས་ན་ཁོ་བོའི་ཆོས་སྟོན་ཡིན། །གྲུབ་ཚོགས་མཉེས་ན་རྟོགས་པའི་མཆོད་སྤྲིན་འབུལ། །ནུས་ལྡན་མགུ་ན་སྔགས་པའི་ཆེ་རྟགས་ལགས། །དོན་ལྡན་གྱུར་ན་བསྟན་འགྲོའི་ཞབས་ཏོག་སྨོན། །དེ་སྐད་གཏད་མེད་ཀུན་ཏུ་རྒྱུ་བ་ཞིག །དུས་ཀྱི་ཐ་མར་ཛམ་གླིང་ཉུལ་བའི་ཚེ། །མཁས་བཙུན་བཟང་གྲུབ་ནོར་གྱིས་ཕོངས་བཞིན་དུ། །འཆད་རྩོམ་ཁོལ་གྱིས་བྲེལ་བའི་ལག་རྗེས་ཡིན། །དམ་ཆོས་གཅེས་པར་བཟུང་བའི་རྣམ་དཀར་བདུད་རྩིའི་སྤྲིན། །མི་ཟད་ལེགས་བྱས་བདེན་གསུང་དབྱར་རྔས་ཆེར་བསྔགས་བཞིན། །ཆེད་དུ་འབད་པའི་རྫོགས་ལྡན་ནོར་བུའི་གྲུ་ཆར་གྱིས། །མཁའ་མཉམ་འགྲོ་ཀུན་ཐུབ་བསྟན་དགའ་སྟོན་སྤྱོད་གྱུར་ཅིག །ཅེས་རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་ཁྲིད་རིམ་འདི་ཡང་རང་ལོ་ང་དགུའི་སྟེང་བལ་ཡུལ་ཡང་ལེ་ཤོད་དུ་གནས་འབྲེལ་ཞག་བདུན་བགྱིས་པའི་སྐབས་འབྲི་བར་བརྩམས་པའི་ཚེ་དམ་པའི་རྣམ་ཐར་ཐམས་ཅད་རྫོགས་པ་སྔ་འགྱུར་བསྟན་པའི་དཔལ་མགོན་དུ་བྱོན་ཞིང༌། རང་བྱུང་མཚོ་སྐྱེས་རྒྱལ་བའི་ཞལ་སྐྱིན་སྐྱབས་རྗེ་བདུད་དཔུང་མཐར་བྱེད་འགྲོ་འདུལ་གླིང་པས། ངྃག་གི་དབྃང་ཕྱུག་ཡེ་ཤེས་གཞོན་ནུའི་གར། །གསང་ཆེན་ཆོསྃ་ཀྱིྃ་མཛོད་ལ་དབང་བསྒྱུར་བའི། །འཇིགས་མེད་སྤོབས་པའི་བློྃ་གྲོསྃ་གཏེར་འཆང་བ། །སུམ་ལྡན་རྡོ་རྗེ་འཛིན་ཁྱོད་ཞབས་བརྟན་གསོལ། །ཞེས་བཀའ་བབ་བརྒྱུད་འཛིན་གྱི་རྡོ་རྗེ་སློབ་དཔོན་མཆོག་ཏུ་གཟེངས་བསྟོད་པའི་ཚིག་གིས་དྲིལ་བསྒྲགས་པའི་སྐྱེས་ཆེན་ཞྭ་དེའུ་འཁྲུལ་ཞིག་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེས་དད་བརྩོན་འབད་པ་ཆེན་པོའི་ཉམས་བཞེས་གནང་སྐབས་གནང་སྐྱེས་གྱ་ནོམ་པ་དང་བཅས་ཡང་ཡང་བཀའ་བསྩལ་བ། དགོས་པ་གཞན་གྱིས་རིང་ཞིག་འགྱང་ཡང༌། སླར་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེ་དང༌། མཁས་བཙུན་དམ་པའི་བཤེས་གཉེན་མཁན་པོ་འཇམ་དབྱངས་རྡོ་རྗེ་དང༌། མཁྱེན་ཡོན་མཚུངས་མེད་མཆོག་སྤྲུལ་པདྨ་དབང་རྒྱལ་སོགས་གྲུབ་སྲས་སྐུ་མཆེད་དང༌། དད་མོས་བློ་གྲོས་དགེ་བ་ཐེག་མཆོག་བསྟན་འཛིན་སོགས་རང་སློབ་རྣམས་ནས་ཀྱང་ཡང་ཡང་བསྐུལ་བའི་རྐྱེན་གྱིས། དོན་གྲུབ་ཅེས་པ་ས་ལུག་ས་ག་ཟླ་བར་ཐམས་ཅད་མཁྱེན་གཟིགས་མི་ཕམ་འཇམ་དཔལ་རྣམ་རྒྱལ་རྒྱ་མཚོ་གདོད་མའི་གཞི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་དུས་ཀྱི་མཆོད་པའི་ཉིན་འཁོས་མེད་གྱི་ན་བའི་སྔགས་བཙུན་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཁ་བཞི་ལྷོ་ཡི་སྨན་ལྗོངས་བདེ་ཆེན་ཆོས་གླིང་དུ་བསྟི་བའི་ཚེ་མཁས་གྲུབ་གོང་མའི་གསུང་གི་སྣང་བ་ལ་བརྟེན་ནས་བྲིས་པ། རྩོད་དུས་བསྟན་འགྲོ་ནག་ཕྱོགས་ཀྱི་དཔུང་ལས་རྒྱལ་ཞིང་འབྲེལ་ཚད་དངོས་གྲུབ་མཆོག་གི་དགའ་སྟོན་ལ་ཅི་དགར་སྤྱོད་པའི་དཔུང་གཉེན་དུ་གྱུར་ཅིག། །།}} | ༄༅། །ཨོཾ་སྭ་སྟི་ཤྲཱི་བི་ཛ་ཡནྟུ། ཆོས་དབྱིངས་དགོངས་པས་བདུད་བཞིའི་དཔུང་བཅོྃམ་ལེགས་པའི་ཡོན་ཏན་དྲུག་ལྡནྃ་དཔལ། །སྲིད་ཞི་ཀུན་ཁྱབ་མཐའ་བཞི་ལས་འདྃས་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །མི་ཕྱེད་རྡོྃ་རྗེྃ་བཞི་དབྱིངས་བྱང་ཆུབ་མཁྱེན་བརྩེའི་ཡེ་ཤེས་གཞོྃན་ནུྃའི་ཚུལ། །སྟོབས་བཅུའི་ནུས་པ་མཚུངས་མེད་དཔལ་མངའ་བླ་མ་ཧེ་རུ་ཀ་དཔལ་རྒྱལྃ། །བཀའ་གཏེར་ཟུང་འཇུག་གསང་ཆེན་སྔ་འགྱུར་སྲོལ། །ངོ་མཚར་ཆུ་བོ་བཞི་ཡི་རང་སྐད་ཀྱི། །ཟབ་གནད་བརྒྱུད་པའི་མན་ངག་བཞིན་སྤྲོས་པས། །མཁས་གྲུབ་གཟུར་གནས་སྤྱན་གྱི་འབབ་སྟེགས་མཛོད། །ཏནྟྲ་ཆེན་པོ་སྡེ་བཅོ་བརྒྱད་ལས་ཕུར་པ་རོལ་པའི་རྒྱུད་ཆེན་པོ་བིདྱོཏྟ་མ་འབུམ་སྡེའི་ཟབ་གནད་བཅུད་དུ་དྲིལ་བ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་བླ་མ། མན་ངག་ངེས་པའི་དོན། ཀུན་བཟང་རྡོ་རྗེ་འཆང་ནས་ད་ལྟའི་བར་གྲུབ་པའི་རིག་འཛིན་བར་མ་ཆད་པའི་ཐུགས་ཀྱིས་བརྣག་པ་མཐར་ཐུག་པ་འདི་ལ་བཀའ་གཏེར་གྱི་ཤིང་རྟ་ཆེན་པོའི་ལམ་སྲོལ་གྱི་ཆུ་ཀླུང་ནམ་མཁའ་དང་རྒྱ་མཚོ་ལྟར་ཟད་མི་ཤེས་པ་ལས། སྐབས་སུ་བབ་པ་ཕྲིན་ལས་ཕུར་པའི་གྲུབ་བརྙེས་ཡོངས་ཀྱི་རྒྱལ་པོ། པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ་མི་ཏྲས་བོད་ཡུལ་གསང་སྔགས་ཆུ་བོ་བཞི་ཡི་བཀའ་བབ་གཉགས་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་ལ་ཐུན་མིན་སྙན་བརྒྱུད་གསང་བའི་ལྐོག་ཆོས་སུ་གདམས་པའི་བཀའ་བབ་རྡོ་རྗེ་ཕུར་པའི་ཟབ་དོན་ཉམས་སུ་ལེན་པའི་མན་ངག་གི་རིམ་པ་ཅུང་ཟད་འཆད་པ་ལ། གངས་ཅན་མཁས་གྲུབ་ཡོངས་ཀྱི་རྒྱལ་པོ་ཀུན་མཁྱེན་འཇམ་པའི་དབྱངས་ཀྱི་གཞོམ་མེད་ནཱ་དའི་བཛྲ་གཱིརྟི་རྡོ་རྗེ་ཁྲོས་པའི་ཞལ་ལུང་ལས། ཨ་ཧོ། ཆོས་དབྱིངས་འགྱུར་མེད་རྣམ་ཀུན་མཆོག་ལྡན་གྱི་ཡེ་ཤེས། །ཐབས་དང་ཤེས་རབ་ཟུང་འཇུག་གཟུགས་སྐུ་ཡི་སྒྱུ་འཕྲུལ། །གང་འདུལ་ཕྲིན་ལས་རྣམ་བཞིའི་རོལ་མོ་རུ་སྟོན་པའི། །བཅོམ་ལྡན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ་བཏུད་ནས། །ཟབ་གསང་སྙིང་པོའི་ལམ་གྱི་ཐོལ་གླུ་ཞིག་ལེན་ནོ། །ཞེས་གསུངས་པ་ལྟར་སྒྲུབ་གཞི་དབྱིངས་ཡེ་གཉིས་མེད་ཀྱི་ཕུར་པ། སྒྲུབ་ཆོས་ལམ་བཞིར་འཇུག་དགོས་པར་གདམས་པ་ལྟར་ཕུར་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས། ཕུར་པ་རང་བྱུང་ཡེ་ཤེས་ལ། །དབྱེ་བ་རྣམ་པ་བཞི་ཡིན་ཏེ། །རང་རིག་ཡེ་ཤེས་ཕུར་པ་ཡིས། །ཡུལ་ཆོས་དབྱིངས་ལ་གདབ་པ་དང༌། །ཐུགས་རྗེ་ཆེན་པོའི་ཕུར་པ་ཡིས། །ཁམས་གསུམ་སེམས་ཅན་ཀུན་ལ་གདབ། །གསང་བ་བྱང་སེམས་ཕུར་པ་ཡིས། །ཡུམ་གྱི་མཁའ་ལ་གདབ་པ་དང༌། །མཚན་མ་རྫས་ཀྱི་ཕུར་པ་ཡིས། །ཉམས་པ་བདུན་ལ་གདབ་པའོ། །ཞེས་པའི་མཚོན་ཕུར་པའི་རྒྱུད་སྡེ་དུ་མ་ནས་བསྟན་པའི་དོན་ལུགས་འདིའི་ཐུན་མོང་མ་ཡིན་པའི་གྲུབ་མཐའ་ལྟར་འཆད་པ་ལ་གསུམ། གཞི་ལམ་འབྲས་བུ་ཀུན་གྱི་སྲོག་འཛིན་མེད་དུ་མི་རུང་བ་སྔོན་འགྲོ། ཉམས་སུ་ལེན་བྱའི་ལམ་མན་ངག་ཕུར་པ་བཞིའི་དོན། མཐར་ཐུག་འབྲས་བུ་མངོན་གྱུར་གྱི་ཡོན་ཏན་བཤད་པའོ། །དང་པོ་ལའང་ཐུན་མིན་དང༌། ཐུན་མོང་གི་སྔོན་འགྲོ་གཉིས་ལས། ཐོག་མར་རྡོ་རྗེ་ཐེག་པ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་འཆད་ཉན་སྒོམ་སྒྲུབ་ཐམས་ཅད་ལ་མེད་དུ་མི་རུང་བའི་སྔོན་འགྲོ་ནི་དབང་གིས་སྒོ་འབྱེད་དགོས་པ་ཡིན་ལ། དེའི་རྣམ་བཞག་མདོ་ཙམ་བརྗོད་པ་ནི། གཏེར་གཞུང་ལས། ལམ་གྱི་ཐོག་མར་དབང་ཐོབ་པར་གཅེས་ཏེ་རྒྱུད་ལས༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་པའི་ཕྱིར༔ དབང་དང་བྱིན་རླབས་དེང་སྩོལ་ཅིག༔ ཅེས་གསུངས་པ། བཛྲ་གཱིརྟི་ལས། བུམ་གསང་ཤེས་རབ་ཡེ་ཤེས་དབང་བཞི་ཡི་ཕུར་བུ། །གནས་སྐབས་རྣམ་བཞིས་བསྐྱེད་པའི་འཁྲུལ་ཆོས་ལ་ཐེབས་པས། །ཕྱི་ནང་གསང་བ་མཐར་ཐུག་དཀྱིལ་འཁོར་བཞིའི་ཀློང་ནས། །སྐུ་གསུམ་དབྱེར་མེད་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང༌། །ཞེས་པའི་དགོངས་པ། གཏེར་གཞུང་ལས། དབང་སྦྱིན་པའི་སྣོད་སློབ་མ་དམ་ལྡན༔ དབང་བསྐུར་བའི་བདག་པོ་སློབ་དཔོན་མཚན་ལྡན༔ སྨིན་པའི་རྒྱུ་ཆོ་ག་དང་ཏིང་འཛིན་ལས་སུ་རུང་བས་དབང་བསྐུར་བ་ནི༔ ཞེས་སོགས་ཀྱི་དབང་དང་པོ་འདི། བསྐྱེད་རིམ་དང་འབྲེལ་བར་བསྟན་པ་ནི་ཕུར་པའི་ལམ་བཞིའི་ཐོག་མ་ཚད་མེད་སྙིང་རྗེའི་ཕུར་པ་སྟེ། དབང་མ་ཐོབ་ན་སྒོམ་དུ་མི་རུང་བས་དང་པོར་གསུངས་པ་ཡིན་ལ། ཐུགས་རྗེ་ཁྲོས་པའི་བཤད་རྒྱུད་ལས། རྡུལ་ཚོན་ལུས་དང་བྱང་ཆུབ་སེམས། །དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་མཆོག །བརྟེན་ནས་དབང་རྣམས་ཡང་དག་བསྐུར། །བུམ་པ་གསང་བ་ཤེས་རབ་དབང༌། །བཞི་པ་མཆོག་གི་དབང་ཆེན་ཡིན། །ཞེས་མདོར་བསྡུས་ཏེ་གསུངས་པ་བཞིན་དབང་བསྐུར་བའི་དཀྱིལ་འཁོར་བསྒྲུབ་བྱའི་ལྷ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་བཞི་རྗེས་སུ་མཚོན་པའི་དབང་བསྐུར་བའི་རྟེན་དཀྱིལ་འཁོར་ལ། ཕྱི་རྡུལ་ཚོན་དང་རས་བྲིས་ཚོམ་བུ། ནང་རྡོ་རྗེ་སློབ་དཔོན་གྱི་ལུས་གདན་གསུམ། གསང་བ་ཡུམ་མཁའ་བྱང་ཆུབ་སེམས་ཀྱི་འབྱུང་གནས། མཐར་ཐུག་དེ་ཁོ་ན་ཉིད་ཆོས་དབྱིངས་དེ་བཞིན་ཉིད་ཀྱི་དཀྱིལ་འཁོར་བཞི་ལ། དབང་སྐུར་བ་པོ་སྐུ་རྡོ་རྗེ་གཞོན་ནུ་སྤྲུལ་སྐུ་བདག་ཉིད་རྩ་བ། ཕྱོགས་བཅུ་ཁྲོ་བོ། ཕུར་པ་རྫས་ཀྱི་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས། གསུང་རྡོ་རྗེ་གཞོན་ནུ་ལོངས་སྐུ་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ་རང་བྱུང་ལྷུན་གྱིས་གྲུབ་པའི་རྡོ་རྗེ་གདན་གསུམ་གྱི་འཁོར་ལོ། ཐུགས་རྡོ་རྗེ་གཞོན་ནུ་ཆོས་སྐུ་ཨེ་ཝཾ་མཉམ་པར་སྦྱོར་བའི་ཧེ་རུ་ཀ་སྟངས་དཔྱལ། ཡེ་ཤེས་རྡོ་རྗེ་གཞོན་ནུ་ངོ་བོ་ཉིད་སྐུ་དབྱིངས་རིག་གཉིས་སུ་མེད་པའི་བདག་ཉིད་རྣམས་སྟོན་པ་རྡོ་རྗེ་རྒྱལ་པོ་གཅིག་ལ་རྫོགས་པར་ཤེས་པས་དབང་དེ་དང་དེ་ཡི་སྐབས་སུ་སྐུ་བཞིའི་རྣམ་པ་དེ་ལྟར་སྟོན་པའི་ཚུལ་གྱིས། བསྐུར་བྱའི་དབང་གི་དབྱེ་བ་དང༌། སྐུར་བྱེད་ཀྱི་རྫས་ནི་བུམ་པ་མཚན་ཉིད་རྫོགས་པར། དཀྱིལ་འཁོར་གསུམ་གྱི་ལྷ་ཡི་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས་གཏམ་པ་གཙོ་བོ། དེའི་ཡན་ལག་ཏུ་སྤྲོས་པ་ཐུན་མོང་རིག་པའི་དབང་ལྔ་མཐའ་རྟེན་དང་བཅས་པ། རྗེས་འབྲེལ་སྐུ་གསུང་ཐུགས་རྡོ་རྗེར་བྱིན་གྱིས་རློབ་པ་ནང་ནུས་པ་འཇུག་པའི་དབང༌། རྡོ་རྗེའི་དམ་ཚིག་གསུམ་སྦྱིན་པ། ཕུར་པ་རང་གི་ཁྱད་ཆོས་དགྲ་བགེགས་སྒྲོལ་བའི་རྗེས་གནང་དང་བཅས་པ་དང་པོ་བུམ་དབང༌། བླ་མ་ཡབ་ཡུམ་སྦྱོར་བའི་ལྷག་པའི་བྱང་ཆུབ་ཀྱི་སེམས་སྦྱིན་པ་གཉིས་པ་གསང་དབང༌། དྲོད་ཐོབ་པའི་སློབ་མ་ལ་མཚན་ཉིད་དང་ལྡན་པའི་རིག་མ་དངོས་དང་རྗེས་མཐུན་ལ་བརྡ་མཚོན་པ་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང༌། དཔེ་ལ་བརྟེན་ནས་དོན་གྱི་ཡེ་ཤེས་ངོ་སྤྲོད་པ་བརྡ་ཤེལ་དང་མེ་ལོང༌། དོན་རྡོ་རྗེའི་ཚིག་གིས་དགོངས་པ་ངོ་སྤྲད་པ་བཞི་པ་ཚིག་གི་དབང་སྟེ། རྩ་བ་དབང་བཞིའི་དོན་གྱི་གནད་མ་ཉམས་པ་ལ་རྒྱུད་ལུང་གི་དགོངས་པ་དང་གྲུབ་པའི་མན་ངག་གི་དབྱེ་བསྡུ་དུ་མ་འབྱུང་བ་ནི་ཞིབ་པར་དབང་གི་ཆོ་ག་ལས་ཤེས་པར་བྱ་དགོས་ཤིང༌། དབང་དེ་དག་བསྐུར་བའི་ཡུལ་སློབ་མ་ཡང་སྤྲོས་པ་ཅན་རྒྱལ་པོ་ལྟ་བུ་ལ་བུམ་དབང༌། ཞེ་སྡང་ཅན་ཙནྡན་ལྟ་བུ་ལ་མཚན་མ་རྫས་ཀྱི་ཕུར་པ་མངོན་སྤྱོད་ཀྱི་དབང༌། འདོད་ཆགས་ཅན་བྱ་ཀ་ལནྟ་ལྟ་བུ་ལ་གསང་ཤེར་གཉིས། བློ་ཆེ་བ་ནམ་མཁའ་ལྟ་བུ་ལ་བཞི་པ་ཚིག་དབང་རིན་པོ་ཆེ་སྟེ། དབང་བཞིའི་ཡེ་ཤེས་ཀྱི་ནུས་པ་རྣོ་ཞིང་སྒྲིབ་པའི་ཚོགས་ཐལ་འབྱིན་དུ་འབིགས་པའི་སྟོབས་དང་ལྡན་པ་ཕུར་པ་ལྟ་བུ་རྣམས་ལ་གཙོ་བོར་བསྐུར་བའི་ནུས་པས། སྒྲིབ་པ་གང་དག་ན་སད་རྨི་གཉིད་འཐུག་སྙོམས་འཇུག་གི་འཁྲུལ་རྟོག་གིས་རྡོ་རྗེ་བཞིའི་དཀྱིལ་འཁོར་གསུམ་རྫོགས་དཔལ་ཆེན་ཕུར་པའི་ལྷ་ཡི་གོ་འཕང་ལ་སྒྲིབ་བྱེད་ཀྱི་བག་ཆགས་གཏོར་ཞིང་དག་པར་བྱས་པས། སྐུ་བསྐྱེད་པ་ཕྱག་རྒྱའི་རྣལ་འབྱོར་སྐྱེ་གནས་བཞིའི་བག་ཆགས་སྦྱོང་བྱེད་ཀྱི་རིམ་པ་བཞིའི་རྣལ་འབྱོར་དང༌། གསུང་བཟླས་པ་སྔགས་ཀྱི་རྣལ་འབྱོར་བསྐྱེད་རིམ་གྱི་བོགས་འབྱིན་པའི་ཡན་ལག་ཏུ་འགྲོ་ཞིང་རྫོགས་རིམ་གྱི་སྔོན་འགྲོ་གསུང་རྡོ་རྗེའི་བཟླས་པ་ཕྲ་རགས། ཐུགས་རྫོགས་རིམ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མཚན་བཅས་རྡོ་རྗེ་ཕུང་པོའི་དག་པ་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་ཞུ་བདེ་རྣལ་འབྱོར་དུ་བྱེད་པ་རང་ལུས་དང་གཞན་ལུས། མཚན་མེད་རྡོ་རྗེ་རྡུལ་བྲལ་ནམ་མཁའི་ཡེ་ཤེས་རྣལ་འབྱོར་དུ་བྱ་བའི་ལམ་བཞིའི་ཕུར་པའི་ནུས་པ་སློབ་མའི་རྒྱུད་ལ་སད་བྱེད་ཀྱི་རྐྱེན་དབང་གི་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་བླུགས་པས་ལྗོན་ཤིང་གི་ལོ་འདབ་རྒྱས་པ་བཞིན་སྟོབས་སུ་གྱུར་པའི་རྣོ་སོའི་བྱེད་ལས་ཀྱིས་སྡུག་བསྔལ་དང་ཀུན་འབྱུང་གི་དགྲ་བགེགས་འཇོམས་ཤིང༌། ངེས་དོན་འགོག་ལམ་གྱི་ལྷག་པའི་ཡེ་ཤེས་བདེན་གཉིས་དབྱེར་མེད་ངེས་དོན་བྱང་ཆུབ་ཀྱི་སེམས་ཀྱི་གནས་ལུགས་ཟབ་མོའི་ལྟ་དགོངས་སྒྲ་ཇི་བཞིན་དུ་ཉམས་འོག་ཏུ་ཆུད་པས་རྡོ་རྗེའི་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་ཏེ་ཕྱོགས་ལས་རྣམ་རྒྱལ་དཔལ་ཧེ་རུ་ཀའི་གོ་འཕང་བར་ཆད་མེད་པར་བགྲོད་ནས། ཐོབ་བྱའི་འབྲས་བུ་རང་སྣང་དུ་ཆོས་སྐུ་ཐབས་བདེ་བ་ཆེན་པོ་རྡོ་རྗེ་གཞོན་ནུ་དང༌། ཤེས་རབ་སྟོང་ཉིད་རྣམ་ཀུན་མཆོག་ལྡན་འཁོར་ལོ་རྒྱས་འདེབས་དང་གཉིས་སུ་མེད་པ་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་སྤྱི་དཔལ་ཟག་མེད་འབྲས་བུའི་ཡོན་ཏན་མཐའ་དག་གིས་འབྱོར་པའི་བྱེད་ལས། གཞན་སྣང་དུ་གཟུགས་སྐུ་གཉིས་ཀྱི་རོལ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོའི་ཁྱབ་བདག་ཀརྨ་ཧེ་རུ་ཀའི་རིགས་མཆོག་ཕྲིན་ལས་དོན་ཡོད་གྲུབ་པ་རྟ་ཡི་རྒྱལ་པོའི་ཚུལ་དུ་བསྟན་པའི་སྐུ་དང་མཚན་གྱི་རོལ་པ་ཚད་མེད་པས་གདུལ་དཀའི་མི་སྲུན་པ་མ་ལུས་སྒྲོལ་བའི་དེད་དཔོན་དུ་ཤར་བ་ཉིད་དང་གཉིས་སུ་མེད་པར་བྱང་ཆུབ་པའི་བདག་ཉིད་ཅན་ཏེ། སྤྱིར་གསང་སྔགས་ཀྱི་རྒྱུད་སྡེའི་དགོངས་པ་ཐམས་ཅད་ལ་དབང་གིས་ཁྱབ་ཅིང༌། དབང་གི་བདག་ཉིད་ཅན་ལས་མ་འདས་པས་ཤིན་ཏུ་ཟབ་པ་སྟེ། དེའི་རྣམ་བཞག་ཤེས་པས་དབང་ཐོབ་དགོས་པའི་ཕྱིར་ཚུལ་དེ་ནི་རིམ་པ་དབང་གི་ཆོ་ག་ལས་འབྱུང་ཞིང༌། དབང་གིས་མ་སྨིན་པ་སྨིན་པར་བྱས་པའི་སྲོག་ཡེ་ཤེས་ཀྱི་བཅུད་འཛིན་པ་ནི་དམ་ཚིག་ལ་རག་ལས་པས་དབང་བཞི་དང་རྗེས་སུ་མཐུན་པའི་རྩ་བ་ཡན་ལག་གི་དབྱེ་བསྡུ། ཇི་ལྟར་སྲུང་ཚུལ། མ་བསྲུང་བའི་ཉེས་དམིགས། བསྲུང་བའི་ཕན་ཡོན་དག་ནི་རྒྱུད་སྡེ་རིན་པོ་ཆེ་རྣམས་དང༌། དེའི་དགོངས་དོན་གསལ་བྱེད་གྲུབ་པའི་རིག་འཛིན་རྣམས་ཀྱི་གསུང་ལས་ཤེས་པར་བྱ་བ་ཁོ་ནའོ། །གཉིས་པ་ཐུན་མོང་གི་སྔོན་འགྲོ་ནི། སྐབས་འདིར་བསྒྲུབ་བྱའི་ལྷའམ་དམིགས་པའི་ཡུལ་ནི། ཕུར་པ་རྡོ་རྗེ་བཀོད་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཕུར་ནི་ཐབས་ཀྱི་རྒྱལ་པོ་ལ། །པ་ནི་ཤེས་རབ་ཡུམ་གྱི་དོན། །གཉིས་སུ་མེད་པ་རྡོ་རྗེའི་ངང༌། །ཞེས་འབྱུང་བ་ལྟར་གདོད་ནས་ལྷུན་གྲུབ་ཏུ་གནས་པ་ཀུན་ཁྱབ་བདེ་གཤེགས་སྙིང་པོ་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་འོད་གསལ་བའི་གནས་ལུགས་ཡབ་རྡོ་རྗེ་གཞོན་ནུ་ཧེ་རུ་ཀ་དཔལ་དང༌། ཤེས་རབ་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་འཁོར་འདས་ཐམས་ཅད་ལ་ཁྱབ་པ་ཡུམ་འཁོར་ལོ་རྒྱས་འདེབས་གཉིས། ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་རང་བཞིན་གྱིས་རྣམ་པར་དག་པ་ཟག་མེད་འབྲས་བུའི་ཡོན་ཏན་ཀུན་ལ་དབང་འབྱོར་ཞིང་གོ་འཕང་མཆོག་གི་མཐར་ཐུག་པ་ཉིད་དེ། དེ་ནི་འགྲོ་བ་ཐམས་ཅད་ལ་གདོད་ནས་ལྷུན་གྲུབ་ཏུ་གནས་ཀྱང་གནས་ལུགས་ཀྱི་ཡོན་ཏན་མངོན་དུ་མ་གྱུར་བར་གློ་བུར་འཁྲུལ་པའི་དྲི་མ་དང་འབྲེལ་བས་སྣང་ཚུལ་ལོག་རྟོག་གི་རྒྱུ་འབྲས་ལ་བདེན་པར་ཞེན་པས་བསླུས་པའི་མཚང་ཤེས་པར་བྱ་བའི་ཕྱིར་འདི་ལྟར་བསམ་དགོས་ཏེ། གོ་འཕང་མཆོག་དེ་རང་གི་རིགས་ཁམས་སུ་བྲི་གང་དང་བྲལ་བར་བཞུགས་ཀྱང་ཡིན་ལུགས་མངོན་གྱུར་དུ་མི་སྣང་བའི་གནད་འདི་འཁྲུལ་པ་རང་རྒྱུད་པ་ལས་བྱུང༌། འཁྲུལ་པ་འདི་དང་པོ་གང་ལས་བྱུང་ན་ཆོས་ཉིད་ཀྱི་རང་རྩལ་ལས་མེད་སྣང་གློ་བུར་བའི་ཚུལ་དུ་བྱུང༌། ད་སྔ་འཁྲུལ་པའི་གཞན་དབང་དུ་གྱུར་པ་འདི་གའི་གནས་ཚུལ་ལ་མ་བརྟགས་མ་དཔྱད་པས་ལན། དཔྱད་ན་འཁྲུལ་པ་ཞེས་པའི་འཁྲུལ་རྟོག་གྱ་གྱུ་འདི་མ་བརྟགས་ཉམས་དགའ་ཙམ་ཞིག་ཡིན། བརྟགས་ཤིང་དཔྱད་ན་ཐོག་མའི་གཞི་ལ་མི་གནས་ཏེ་གཞིའི་གནས་ལུགས་ནི་གདོད་ནས་རྣམ་དག་ཡིན། བར་དུ་ད་ལྟའི་ངོ་བོའི་གཤིས་ལའང་མི་གནས་ཏེ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་མེད་པ་གསལ་སྣང་ཙམ་དུ་བསྟན། ཐ་མ་གྲོལ་བའི་སྐབས་སུ་ཡང་གཞི་མེད་རྩ་བྲལ་དག་ཏུ་ངེས་པས་མི་བདེན་བསླུ་བའི་ཆོས་ཞིག་ལ་བདེན་པར་བཟུང་བས་ཅི་ཞིག་བྱ། བདེན་ངེས་པ་གནས་སྣང་གཉིས་ཀ་བསླུ་མེད་དུ་གཟིགས་པ་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་དག་པའི་འབབ་སྟེགས་ཉིད་ཡིན་ངེས་ཕྱིར་དེ་དང་མཐུན་པར་ལམ་དུ་བྱེད་པ་ལ། སྡུག་བསྔལ་བདེན་པའི་མཚན་གཞི་སྣོད་བཅུད་ཀྱི་འཇིག་རྟེན་མི་བདེན་རྫུན་པའི་སྣང་བ་ལ་བདེན་པར་བཟུང་བས་འཁྲུལ་པ་ཡིན། ད་ངེས་པར་བསམ་ན་ཕྱི་སྣོད་ཀྱི་འཇིག་རྟེན། ནང་བཅུད་ཀྱི་སེམས་ཅན། བར་སྐྱེ་དགུ་མཆོག་ཕལ་འབྲིང་གསུམ་གྱི་སྐྱིད་སྡུག་གནས་སྣང་ཐམས་ཅད་མི་རྟག་པའི་རང་བཞིན་སྒྱུ་མ་དང་རྨི་ལམ་ལྟ་བུ་ཡིན། འདིའི་སྣང་ཚུལ་ལ་བདེན་པར་རློམ་པས་དགྲ་འདུལ་གཉེན་སྐྱོང༌། ཞིང་ཁ་སོ་ནམ་མཁར་ལས་ཚོང་བསྒྱུར་ཆགས་སྡང་བསྟོད་སྨད་ངོ་སྲུང་སོ་ཚིས་ཆུའི་གཉེར་མ་བཞིན་ཟད་མེད་དུ་ལྟ་བའི་རྗེས་གཅོད་འབའ་ཞིག་གིས་མི་ཚེ་དགེ་མེད་ཀྱི་ལས་ལ་ཟད་ནས་ནོར་ཕྱུགས་གསོག་འཇོག །ཆོས་བརྒྱད་གཉེར་ཁ་དོན་མེད་འདུ་འཛིའི་ལས་ལ་བརྩོན་པས་ཅི་ཞིག་བྱ། བྱ་སྤྱོད་འདིས་ཐོག་མཐའ་བར་གསུམ་དུ་ཆགས་སྡང་རྨོངས་གསུམ་རང་རྒྱུད་པ་ཁོ་ན་སྒྲུབ་པའི་གྲུབ་འབྲས་ནི་ངན་སོང་གི་རྒྱུ་སྡིག་པ་རི་ཙམ་ལས་གཞན་གང་ཡང་མེད། ཚེ་རབས་ཐོག་མེད་ནས་ད་ལྟའི་བར་དུ་ཡང་འདི་ལྟར་བྱས་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ཆུད། ད་བླ་མ་བསྟེན། ཆོས་ཐོས། སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་བཞིན་སྒོ་གསུམ་གྱི་ལས་མཐའ་འདི་ལས་གཞན་དུ་བསྒྱུར་མ་བཏུབ་ན་དེ་ལས་མཚང་ཆེ་བ་ཅི་ཡོད། རང་གིས་རང་བསླུས། རང་གིས་རང་བརླག་པའི་རྒྱུ་མཚན་ཤེས་པས་བློ་སྣ་སྐད་ཅིག་མ་འདི་ཆོས་ལ་བཀོལ་ཐུབ་པ་ཞིག་དགོས། ཆོས་བྱ་བ་དེ་ལ་འཁོར་བའི་རྒྱུ་འབྲས་ལས་ངེས་པར་འབྱུང་བའི་བློས་རྩིས་ཟིན་པ་ཞིག་དགོས། ངེས་འབྱུང་གི་བློ་དེ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ངོ་ཤེས་པ་ཞིག་དགོས། དེས་ན་སྲིད་པའི་རྩ་བ་འཁྲུལ་པ་ཡིན། སྲིད་པའི་བྱེད་ལས་སྡུག་བསྔལ་ཡིན། དེའི་གཉེན་པོ་ཆོས་ལ་འཇུག་དགོས་པས་སྤང་བླང་ཐམས་ཅད་ཤེས་ཤིང་ལག་ཏུ་ལེན་ནུས་པའི་རྟེན་ལ་དལ་འབྱོར་གྱི་མི་ལུས་ལས་ལྷག་པ་གཅིག་ཀྱང་མེད། འདི་ཡང་ཡོན་ཏན་ཆེ་ཡང་མི་རྟག་པའི་ཆོས་ལས་མ་འདས་པས་ཡུན་རིང་དུ་མི་སྡོད། ད་རེས་ཀྱི་སྐབས་ལས་ཡང་ཡང་རྙེད་དཀའ་བར་ཤེས་པ་དབུལ་པོས་ནོར་རྙེད་པ་ལྟར་གཅེས་སྤྲས་ཀྱིས་དོན་མེད་དུ་ཆུད་མ་ཟོས་པར་ཆོས་ཀྱི་སྙིང་པོ་ཅི་ལོན་བྱ། ཆོས་ནི་སྐལ་བཟང་རྣམ་འདྲེན་བཞི་པའི་བསྟན་པ་མདོ་སྔགས་ཀྱི་བསྟན་པ་ཐམས་ཅད་མ་ཉམས་ཡོངས་སུ་རྫོགས་པ་འདི་ལྟ་བུ་སངས་རྒྱས་གཅིག་ལའང་མི་འབྱུང༌། སངས་རྒྱས་ཀྱིས་བསྟན་པའི་ཆོས་དེ་ཐམས་ཅད་དོན་གྱི་དགོངས་པ་བླ་མེད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འབའ་ཞིག་འཐོབ་བྱེད་དུ་གནད་གཅིག་ཅིང༌། རྣམ་པའི་ལྟ་སྒོམ་སྤྱོད་པ་ཐམས་ཅད་ཀྱང་སྒྲིབ་གཉིས་ལས་གྲོལ་ཞིང་རྟོགས་པའི་ཡོན་ཏན་འཆར་བྱེད་ཀྱི་ཐབས་གཅིག་པས་ནམ་ཡང་འགལ་འདུར་མི་གནས་ཏེ། དཔེར་ན་ཐག་ཁྲ་སྦྲུལ་དུ་འཁྲུལ་ན་སྦྲུལ་འཛིན་གྱི་རྟོག་པ་ལོག་པའི་འཁྲུལ་ཤེས་ཡིན་པར་ངོ་ཤེས་པ་ལས་སྒྲུབ་བྱེད་གཞན་མི་དགོས་པར་ཐག་པ་དངོས་ཀྱི་ཡིད་ཆེས་རང་བཞིན་གྱིས་སྐྱེ་བ་ཞིག་ཡིན་པའི་ཕྱིར། རྣམ་གྲོལ་ལམ་གྱིས་དོན་གཉིས་སྒྲུབ་པའི་རྒྱུ་ལྷག་བསམ་དང༌། རྐྱེན་དད་པ་དང་བརྩོན་འགྲུས་ཤེས་རབ་ཕུན་སུམ་ཚོགས་པའི་ཡོན་ཏན་ཚང་བས། ཐོག་མར་ཀུན་རྫོབ་རྟེན་འབྱུང་བསླུ་བ་མེད་པའི་བདག་ཉིད་རྒྱུ་འབྲས་ལ་ཡིད་ཆེས་ཀྱི་ལྟ་སྤྱོད། བར་དུ་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གིས་གཞན་ཕན་གྱི་བསགས་སྦྱང༌། མཐར་དེ་ཐམས་ཅད་ཤེས་རབ་ཕར་ཕྱིན་བདག་མེད་རྟོགས་པའི་ཆོས་ཉིད་དུ་རྣམ་པར་དག་པའི་ཉམས་མྱོང་རྒྱུད་ལ་ཅི་སྐྱེས་ཀྱི་བརྩོན་པས་རྩེ་གཅིག་ཏུ་ཉམས་སུ་ལེན་པ་ནི། ལམ་ཐམས་ཅད་ཀྱི་རྨང་རྡོ་མེད་དུ་མི་རུང་བ་སྟེ། དེའི་རྗེས་འབྲེལ་དུ་སྐྱབས་སེམས། རྡོར་སེམས་སྒོམ་བཟླས། བླ་མའི་རྣལ་འབྱོར། བསགས་སྦྱང་ཡན་ལག་བདུན་པ། མཎྜལ། གསོལ་འདེབས་བཅས་ཀྱི་དམིགས་རིམ་རྣམས་སྤྱི་ལྟར་ཤེས་པས་ངག་འདོན་གྱི་ཡི་གེ་གཞན་དུ་སྤྲོས་པ་ལྟར་ཤེས་པར་བྱའོ། །གཉིས་པ་ཉམས་སུ་བླང་བྱའི་ལམ་མན་ངག་དངོས་ཕུར་པ་བཞིའི་དོན་ལ། ཚད་མེད་སྙིང་རྗེའི་ཕུར་པའམ་བསྐྱེད་རིམ་སྲིད་པ་ཕུར་བུ་འགྲོ་དྲུག་སེམས་ཅན་ལ་བཏབ་ནས་ཕུང་ཁམས་རྡོ་རྗེའི་འཁོར་ལོར་སྒྲུབ་པ། མཚན་མ་རྫས་ཀྱི་ཕུར་པ་བརྣག་པའི་དགྲ་བགེགས་ལ་བཏབ་ནས་སྲིད་པ་རྡོ་རྗེ་ཕུར་བུར་སྒྲུབ་པ། བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་བཏབ་ནས་སྲས་མཆོག་སྤྲུལ་པའི་དཀྱིལ་འཁོར་སྒྲུབ་པ། ཁྱབ་བརྡལ་རིག་པ་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་ལ་བཏབ་ནས་དོན་དམ་ཡེ་ཤེས་ཆེན་པོའི་ཁྲོ་བོ་སྒྲུབ་པའི་ཚུལ་བཤད་པའོ། །དང་པོ་ལ། གནད་དོན་སྤྱིར་བཤད་པ། ཉམས་ལེན་གྱི་ལམ་དངོས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། གཏེར་གཞུང་ལས། དེ་ཡང་སྲིད་པ་གསུམ་ནི་རྡོ་རྗེ་ཕུར་པ་ཡིན་ཏེ༔ རྒྱུད་ལས༔ སྲིད་པ་རྡོ་རྗེ་ཕུར་པའི་ལྷ༔ ཡེ་ཤེས་ཁྲོ་བོ་གྲུབ་པར་མཛོད༔ ཅེས་གསུངས། དེས་ན་ཁམས་གསུམ་ནི་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཏེ་དབལ་གསུམ་ངན་སོང་གསུམ༔ རྒྱ་མདུད་འོག་མ་འདོད་ཁམས༔ བཅུམ་གཞོགས་ཚོགས་བརྒྱད་གསལ་བ་གཟུགས་ཁམས༔ རྒྱ་མདུད་གོང་མ་གཟུགས་མེད་ཁམས་སུ་གནས༔ སྐྱེ་འགྲོའི་ལུས་ཀྱང་ཕུར་པ་སྟེ་རྐང་པ་གསང་གནས་མན་ཆད་ཕུར་བུའི་དབལ༔ སྙིང་ག་མན་ཆད་རྒྱ་མདུད་འོག་མ༔ མགྲིན་པ་མན་ཆད་བཅུམ་གཞོགས༔ མགོ་བོ་རྒྱ་མདུད་གོང་མའོ༔ གསང་བ་སེམས་ཉིད་ལ་མཚོན་ཀྱང་ཕུར་བུ་སྟེ་ཆགས་སྡང་རྨོངས་གསུམ་དབལ་གསུམ༔ ཀུན་གཞི་ནི་རྒྱ་མདུད་འོག་མ༔ རྣམ་ཤེས་ཚོགས་བརྒྱད་བཅུམ་གཞོགས༔ རྒྱ་མདུད་གོང་མ་རིག་པའི་ཡེ་ཤེས་སུ་དག་གོ༔ དེ་ཐམས་ཅད་གནས་ལུགས་གཞི་ཡི་ཚུལ་ཏེ༔ ཞེས་གསུངས་པའི་དོན་རྡོ་རྗེ་བཀོད་པ་ལས། ལྟ་བ་མཉམ་པར་བཀོད་པ་དང༌། །སྤྱོད་པ་ཅིར་ཡང་མི་སྙམ་ཞིང༌། །ཐབས་ཀྱིས་འགྲོ་བའི་དོན་བྱེད་པ། །དེ་ནི་དམ་ཚིག་མཆོག་ཏུ་གསུངས། །ཞེས་པ་ལྟར་ཆོས་ཅན་ཀུན་རྫོབ་ཀྱི་བདེན་པའི་སྣང་ཆ་ཕྱི་ནང་སྣོད་བཅུད་ཐམས་ཅད། ཆོས་ཉིད་དོན་དམ་གྱི་བདེན་པའི་གནས་ལུགས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གསུམ་གྱི་རྟེན་བརྟེན་པ་རུ་མ་བཅོས་ལྷུན་གྲུབ་ཏུ་དག་པ་སྟེ། དེ་གཉིས་ཟུང་འཇུག་ཡེ་ཤེས་ཆེན་པོའི་ངོ་བོར་གདོད་མ་ཉིད་ནས་ཇི་ལྟར་བཞུགས་ཚུལ་དང་མཐུན་པར་སྒོམ་པས་ཉམས་སུ་ལེན་པའི་ཕྱིར་ཚད་མེད་སྙིང་རྗེའི་ཕུར་པའམ་བསྐྱེད་རིམ་སྲིད་པ་ཕུར་བུ་རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་ཕུབ། འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་གདབ། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པས་བོགས་དབྱུང༌། གསལ་བརྟན་དག་གསུམ་གྱིས་ཏིང་ངེ་འཛིན་གྱི་གེགས་བསལ་ནས་ཉམས་སུ་བླང་བའི་ལྟ་སྒོམ་ཐམས་ཅད་ལ་གཞན་ཕན་སྙིང་རྗེ་ཆེན་པོའི་རྩི་དང་མ་བྲལ་བས་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་རྫོགས་དགོས་པའི་ཕྱིར། ཐོག་མར་སེམས་ཅན་ཐམས་ཅད་མེད་སྣང་འཁྲུལ་པས་གདུང་བའི་ཚུལ་ཤེས་ཤིང༌། དེ་ཐམས་ཅད་རང་ལ་ཕན་བཏགས་པའི་ཕ་མ་ཁོ་ནར་ཤེས་པས་ལམ་གྱི་སྲོག་འཛིན་དགོས་པའི་ཕྱིར། ཚད་མེད་སྙིང་རྗེའི་ཕུར་པའམ་སྣོད་བཅུད་རྒྱུད་གསུམ་གྱི་སྲིད་པའི་སྣང་བ་ཉིད་དཀྱིལ་འཁོར་གསུམ་གྱི་ལྷ་སྔགས་ཡེ་ཤེས་ཀྱི་རྣམ་རོལ་ཏུ་ལྟ་བའི་སྣང་བཅས་བསྐྱེད་རིམ་གཙོ་བོར་བསྟན་པས་བསྐྱེད་རིམ་སྲིད་པ་ཕུར་བུའི་ལམ་ཞེས་བྱ་ཞིང༌། དེ་ཡང་འཁྲུལ་ཤེས་ཀྱི་ངོར་སྣོད་བཅུད་མ་དག་པ་ལྟར་སྣང་ཡང་དོན་རྟགས་དག་པ་ཡེ་ཤེས་ཀྱི་ལྷ་ཕུར་པའི་ཚུལ་ལས་མ་འདས་ཏེ། རྟགས་ཀྱི་ཕུར་བུའི་དབལ་ནི་གཅོད་པར་བྱེད་པའི་མཚོན་ཆ་ལྟ་བུ་ཡིན། ངན་སོང་གསུམ་དང་དུག་གསུམ་ནི་སྡུག་བསྔལ་གྱི་དབལ་དྲག་པོས་གདུང་བར་བྱེད་པའི་རྒྱུ་འབྲས་ཡིན་པས། ཕུར་པའི་བྱེད་ལས་ཐམས་ཅད་དབལ་གྱི་རྣོ་སོས་བྱེད་དགོས་པ་བཞིན། སྐྱེ་འགྲོའི་ལུས་ཀྱི་རྐང་པས་བྱ་བ་ཐམས་ཅད་ཀྱི་གཞི་བྱེད་པ་དང༌། དོན་ལ་དེ་ཐམས་ཅད་གནས་ལུགས་རྣམ་ཐར་སྒོ་གསུམ་གྱི་རང་བཞིན་ལས་མ་འདས་པས་དེའི་དོན་རྟོགས་ན་འཁོར་འདས་ཐམས་ཅད་ཐལ་འབྱིན་དུ་འབིགས་ནུས་པའི་དོན་དང༌། འདོད་ཁམས་ནི་སྒོ་གསུམ་གྱི་འགྱུ་བ་རགས་པ་དང་འཁྲུལ་རྟོག་མངོན་གྱུར་དུ་སྐྱེ་བས་ཁམས་འོག་མ་ཞེས་བྱ་ཞིང༌། སྙིང་ཁ་མན་ཆད་ཀྱི་ལུས་ས་ཁམས་སུ་གསུངས་པ། ཀུན་གཞིའི་རྒྱུ་བག་ཆགས་ཐམས་ཅད་ཀྱི་གཞི་འཛིན་པས་ཕུར་པའི་སྨད་རྒྱ་མདུད་འོག་མ་དང༌། གཟུགས་ཁམས་པ་ནི་རྣམ་ཤེས་ཚོགས་བརྒྱད་གསལ་རིག་སྟོབས་སུ་གྱུར་པས་ལུས་ཀྱང་ཏིང་འཛིན་འོད་ཀྱི་ལུས་དང༌། མགྲིན་པ་ངག་གི་སྒོས་ཆོས་ཐམས་ཅད་སྨྲ་བརྗོད་ཀྱི་སྒྲས་གསལ་རིག་ཤེས་པའི་ཡུལ་དུ་གསལ་བར་སྟོན་ཀྱང་དོན་ལ་དངོས་མཚན་དུ་མ་གྲུབ་པའི་སྟོང་པ་དང༌། ཚོགས་བརྒྱད་ཀྱི་ཤེས་པས་ཡུལ་དབང་ཤེས་གསུམ་ཚོགས་པའི་རྟོག་པས་ལས་ཐམས་ཅད་བསགས་པ་དང༌། དག་པ་ལྷ་དང་སྦྱར་ན་ཚོགས་བརྒྱད་དག་པ་ཁྲོ་བོ་ཆེན་པོ་ཡབ་ཡུམ་བཅུ་མཚོན་པའི་ཕྱིར་ཕུར་པའི་སྐེད་པ་བཅུམ་གཞོགས་བརྒྱད་དང་མཚུངས་པ་དང༌། གཟུགས་མེད་ཁམས་སྟོང་རིག་ཏིང་འཛིན་གྱི་ལུས་ལ་སེམས་བརྟེན་པ་ཙམ་གྱིས་སྲིད་རྩེའི་ཁམས་ཞེས་ཡོངས་སུ་གྲགས། ཡན་ལག་གི་རྒྱལ་པོ་མགོ་ནི་ལུས་ཀྱི་རྩེ་མོར་གནས་ཤིང་དབང་པོའི་སྒོ་ཐམས་ཅད་ཡོད་པ་དང༌། རིག་པའི་ཡེ་ཤེས་ནི་འཁོར་འདས་ཀུན་ལ་ཁྱབ་ཀྱང་གང་གིའང་ཕྱོགས་སུ་མ་ལྷུང་བར་ཀུན་གྱི་བླ་མར་གྱུར་པ་དང་མཐུན་པར་རྒྱ་མདུད་གོང་མ་ཕུར་བུའི་རྩེ་མོ་སྟེ། ངེས་པའི་དོན་དུ་དབལ་གསུམ་རྣམ་ཐར་སྒོ་གསུམ་མཚོན་པས་ཕུར་སྲུང་དམ་ཅན་རྣམས་ཕྲིན་ལས་ཀྱི་རྣོ་སོ་ཡིན་པས་བཞུགས། རྒྱ་མདུད་ཅེས་པ་རྒྱ་མིག་མང་རིས་སུ་དོད་པ་མདུད་པས་འགག་བསྡམས་ནས་གང་ཡང་འཛིན་པ་ལྟར་ཡེ་ཤེས་ཀྱི་ལྷ་རྣམས་གཙོ་བོ་དང་འཁོར་གྱི་ཞལ་ཕྱག་སོགས་གཅིག་ཏུ་མ་ངེས་པར་དཔལ་བེའུའི་རི་མོ་ལྟར་བསྟན་ཀྱང་དོན་ཡེ་ཤེས་ཆེན་པོ་གཅིག་ཏུ་སྡོམ་པ་དང༌། ཁྲོ་བཅུ་ཕྱོགས་མཚམས་སུ་བཞུགས་པའི་མཚོན་དོན་གྱིས་རྒྱ་མདུད་གོང་འོག་དང་བཅུམ་གཞོགས་བཅས་མཚུངས་དོན་ཡིན་ཞིང༌། ཕུར་པ་ཞེས་ལྷ་དང་ཕྱག་མཚན་དཀྱིལ་འཁོར་བཅས་ལ་འཇུག་ཅིང་ཕུར་པ་གང་ལ་བཏབ་ན་ཐལ་འབྱིན་དུ་འབིགས་ཤིང༌། ཐེབས་ནས་མི་ལྡོག་པར་འཛིན་པ་མཚོན་ཕྱིར་ཆུ་སྲིན་དང་སྦྲུལ། ཡེ་ཤེས་དང་ཡོན་ཏན་ཅིར་ཡང་གསལ་བ་རྒྱ་མདུད་དང་བཅུམ་གཞོགས་ཟུར་བརྒྱད་དེ་ཐམས་ཅད་དབྱིངས་སུ་གཅིག་པར་མཚོན་ཕྱིར་དབལ་ཟུར་གསུམ་རྣམ་ཐར་སྒོ་གསུམ་མཚོན་པའི་དོན་ཤེས་ན་ལྟ་བ་མཉམ་པར་བཀོད་པ་དག་མཉམ་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོ་དང༌། ལྟ་བ་དེས་རྩིས་ཟིན་པའི་བོགས་འབྱིན་ལམ་གྱི་སྤྱོད་པ་སྤྲོས་བཅས་སྤྲོས་མེད། སྦྱོར་སྒྲོལ་སོགས་གཅིག་ཏུ་མི་གནས་པར་ཚར་གཅོད་རྗེས་འཛིན་དུ་མ་བསྟན་ཀྱང༌། སྒོམ་པ་བསྐྱེད་རྫོགས་ཀྱི་ཐབས་ཟབ་མོ་དང་གཞན་ཕན་སྙིང་རྗེའི་སྤྲོས་པ་རྒྱ་ཆེན་པོས་མཁའ་ཁྱབ་འགྲོ་བའི་དོན་བྱེད་པས་སྣང་གྲགས་རིག་པ་དཀྱིལ་འཁོར་གསུམ་གྱི་སྐུ་གསུང་ཐུགས་ལས་མ་འདས་པའི་དོན་ལྟར་ཚད་དུ་འཁྱོལ་བ་ནི་སྔགས་ཀྱི་རྣལ་འབྱོར་པ་དམ་ཚིག་མཆོག་ལ་གནས་པའི་དོན་ནི་ཚད་མེད་སྙིང་རྗེའི་ལམ་གྱི་ཕུར་པའི་སྲོག་ཏིག་གོ །གཉིས་པ་ཉམས་ལེན་གྱི་ལམ་དངོས་བྱེ་བྲག་ཏུ་བཤད་པ་ལ། གཏེར་གཞུང་ནས། རྒྱུད་ལས༔ སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་དོ༔ ཞེས་གསུངས། བཛྲ་གཱིརྟི་ལས། ཚད་མེད་སྙིང་རྗེ་ཆེན་པོའི་སྤྲུལ་པ་ཡི་ཕུར་བུ། །སྲིད་པ་སུམ་ཅུ་རྩ་གཅིག་གྲོང་ཁྱེར་དུ་ཐེབས་པས། །འཁོར་བ་གདོད་ནས་དག་པའི་དཀྱིལ་འཁོར་གྱི་ཀློང་ནས། །སྣང་སྲིད་གཞིར་བཞེངས་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང༌། །ཞེས་གསུངས་པའི་དགོངས་པ་ལྟར་བཤད་པ་ལ། ཇི་ལྟར་བསྒོམ་པའི་སོགས་ཀྱིས་བསྟན་པའི་དོན་ལས་བྱང་བཀླག་ཆོག་ཏུ་བཀོད་པ་ཁམས་གསུམ་གདུག་པ་ཡོངས་སྒྲོལ་འཇམ་མགོན་བླ་མའི་གསུང་ལྟར་བཤད་པ་ལ་གཉིས། སྐུ་བསྐྱེད་རིམ་ཕྱག་རྒྱའི་རྣལ་འབྱོར་གྱིས་སྣང་སྲིད་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་དུ་སྒྲུབ་པ་དང༌། གསུང་བཟླས་པའི་རྣལ་འབྱོར་བསྙེན་སྒྲུབ་ལས་གསུམ་གྱིས་ནུས་པའི་གདིང་བསྐྱེད་པའོ། །དང་པོ་ལའང་སྔོན་འགྲོ། དངོས་གཞི། རྗེས་རིམ་མོ། །དང་པོ་སྔོན་འགྲོ་ལ་ས་བཅད་བཅུ་གསུམ་དུ་ཡོད་ཀྱང་གོ་སླ་གནད་འདུས་ཀྱིས་དཀྱུས་གཅིག་ཏུ་སྨོས་པ་ནི། བརྒྱུད་པའི་གསོལ་འདེབས། བསང་ཆུ་བྱིན་རླབས། སྐྱབས་སེམས། ཡན་ལག་བདུན་པ། ཚད་མེད་བཞི། དཀར་ནག་གི་ཕྱོགས་ལ་གཏོར་མ་བསྔོ་འབུལ་རྣམས་ཀྱི་བསྒོམ་བྱ་སྤྱི་དང་མཚུངས་ཤིང༌། སྲུང་འཁོར་ལ་རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རྒྱ་གྲམ་ཕུར་བུའི་གུར་ཁང་ཕྱི་ནང་དྲུག་མེ་རི་དང་བཅས་པའི་ནང་གི་ཕྱོགས་མཚམས་སུ་ཁྲོ་བཅུ་ཡབ་ཡུམ་སྐུ་སྨད་ཕུར་གཤམ་ཅན་གྱིས་ཕྱོགས་བཅུའི་གདོན་ཚོགས་གཟིར་བ་ཕྲ་ཐབས་དང་བཅས་པའི་སྐུ་མདོག་ཕྱག་མཚན་ལས་བྱང་དུ་གསལ་བ་ལྟར་ཞལ་ནང་དུ་བསྟན་པས་སྲུང་བའི་ལས་མཛད་པར་བསམ་ལ་ཧཱུྃ་བཞི་དང་སྲུང་སྔགས། རིགས་དྲུག་གི་ཕྱག་རྒྱ་སྲུང་འཁོར་གྱི་ཏིང་ངེ་འཛིན་གྱིས་ཕྱི་ནང་གསང་བའི་མཚམས་བཅད་ནས་བར་ཆད་ཀྱིས་མི་ཚུགས་པའོ། །སྣང་སྲིད་རང་བཞིན་ལྷུན་གྱིས་གྲུབ་པའི་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་བཞུགས་ཀྱང་ལྷན་སྐྱེས་ཀྱི་དྲི་མས་དེ་ཉིད་མ་རྟོགས་པར་ཤེས་པས་ཐབས་དང་བརྡ་དང་སྒྲིབ་བྱེད་དང་བྲལ་བར་མངོན་སུམ་སད་པས་སྒོ་ཕྱེས་པ་ལྟར་གྱུར་ཏེ་མཁའ་ཁྱབ་རྒྱལ་བའི་སྐུ་དང་ཞིང་དུ་འབྱམས་ཀླས་པར་བསམ་པས་སྔགས་བརྗོད་པས་བརྡ་སྒོ་དབྱེ་བ་དང༌། རང་སྣང་ཡེ་ཤེས་ཀྱི་ལྷ་དང་འདུ་འབྲལ་མེད་པར་བཞུགས་པ་ལ་ཡིད་ཆེས་ཀྱི་ངོ་མཚར་སྐྱེས་པས་ཕྱག་གིས་བཏུད་པའོ། །དེ་ལྟར་ཡེ་ནས་དོན་གྱི་དཀྱིལ་འཁོར་ལ་སྒྲིབ་བྱེད་གློ་བུར་གྱི་ཉེས་ཚོགས་རྣམས་སྣང་སྲིད་རྡོ་རྗེ་ཕུར་པའི་ཞིང་དང་སྐུ་རུ་ད་ལྟ་མངོན་སུམ་མཇལ་ཞིང་ཕྱག་གིས་བཏུད་པས་དཀྱིལ་འཁོར་གྱི་ལྷ་ལ་བཤགས་ཤིང༌། ཕྱིན་ཆད་སྣང་སྲིད་དག་པ་ཆེན་པོའི་སྐུ་གསུམ་ཡེ་བཞུགས་ཀྱི་དགོངས་པ་ལ་བསླབ་པས་ལྷག་པའི་ལྷ་སྒྲུབ་པར་དམ་བཅའ་བའོ། །ཆོས་སྐུ་སྤྲོས་བྲལ་གྱི་ཀློང་ནས་ཐུགས་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་སུམ་ཕུར་པའི་དཀྱིལ་འཁོར་གྱི་འཁོར་ལོའི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐུགས་རྒྱུད་བསྐུལ་བས་སྐུ་སྔགས་ཕྱག་མཚན་གྱི་རྣམ་པ་དང་བཅས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩིའི་ཆར་བདག་གནས་ཡོ་བྱད་རྣམས་ལ་ཐིམ་པས་སྣོད་བཅུད་དག་པ་ཆེན་པོར་བྱིན་གྱིས་བརླབས་པས་དངོས་གྲུབ་མཆོག་གི་སྐལ་ལྡན་དུ་གྱུར་པར་དམིགས་ལ་བརྡ་དང་རོལ་མོ་དབྱངས་སྤོས་དར་གྱི་གཡབ་མོ་བཅས་བྱིན་དབབ་པའོ། །སྣོད་བཅུད་དག་པ་རྡོ་རྗེའི་ཞིང་དུ་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་ཉེར་སྤྱོད་བདུན་དང༌། དྲག་པོའི་མཆོད་རྫས། ཚོགས་མཆོད་སོགས་མཆོད་པའི་བྱེ་བྲག་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུར་གྱུར་པར་མོས་ལ་སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། ཐོད་སྒྱེད་མེ་རླུང་གིས་མཚན་པའི་སྟེང་དུ་ཐོད་པ་དུམ་བུ་གཅིག་པའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་བཞུ་བསྐོལ་གྱིས་མ་དག་པའི་མཚན་རྟོག་སྦྱངས། སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་བཅུད་དུ་རྟོགས། རླངས་སྤྲིན་འདོད་ཡོན་སོགས་ཡེ་ཤེས་ཀྱི་རོལ་པ་མཐའ་ཀླས་པར་སྦར་བའི་བདུད་རྩི། དམར་གྱི་ཐོད་པ་རློན་པར་ཁམས་གསུམ་གྱི་གདུག་པ་བསྒྲལ་བའི་སྙིང་ཁྲག །ཆགས་པ་ཆེན་པོའི་བཅུད་ལྷ་མོ་གཱིརྟིའི་གསང་བའི་རཀྟ་དང་གཉིས་སུ་མེད་པར་འཁྱིལ་བ་དང༌། དཔལ་གྱི་གཏོར་མ་ཡེ་ཤེས་བདུད་རྩིའི་རང་བཞིན་མཆོད་པའི་ལྷ་མོའི་ཚོགས་སྤྲོ་བས་ལྷ་ཚོགས་དགྱེས་བསྐྱེད་ཡིད་བཞིན་རིན་པོ་ཆེའི་ལྷུན་པོ་ལྟ་བུར་མོས་པའི་གཏོར་མ་སྟེ། སོ་སོའི་སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ཤིང་མཁའ་ཁྱབ་ཏུ་སྤེལ་བ་ནི་མཆོད་པ་བྱིན་བརླབ་བོ། །གཉིས་པ་དངོས་གཞི་ནི། ཏིང་འཛིན་གསུམ་གྱི་སོགས་སྒོམ་དོན་ལས་བྱང་ཆོག་ཁྲིགས་ཀྱི་ཡིག་ཆུང་དུའང་གསལ་མོད། གཟུང་འཛིན་འཁྲུལ་པའི་ཀུན་རྟོག་ལ་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་གྱི་གཤིས་ཉིད་གཉེན་པོར་ཆེ་བ་རྡོ་རྗེ་ཁྲོས་པའི་སྒྲར་བཏགས་པ་ཆོས་ཉིད་ཀྱི་གཤིས་མ་བཅོས་པ་སྤང་བྱ་དང་ལྷན་ཅིག་མི་གནས་པ་ངང་གིས་ཁྲོ་བ་ཆོས་སྐུ། དེ་ཉིད་ཀྱི་རྩལ་རང་བྱུང་དམིགས་མེད་ཀྱི་སྙིང་རྗེས་ལོག་རྟོག་དུག་གསུམ་རྒྱུ་འབྲས་ཐམས་ཅད་ཆེད་དུ་མ་བསྐུལ་ཡང་འཇོམས་པར་བྱེད་པས་ཟག་མེད་ཀྱི་ཡོན་ཏན་གྱི་དཔུང་གཉེན་དུ་གྱུར་པས་ཆོས་ཅན་གྱི་ནུས་པ་ལ་ཡེ་ནས་དེ་ལྟར་མངའ་བས་ཤུགས་ཀྱིས་ཁྲོ་བ་ལོངས་སྐུ། སྟོང་དང་སྙིང་རྗེ་ཟུང་འཇུག་གི་ཡེ་ཤེས་སངས་རྒྱས་ཀུན་གྱི་ཐུགས་སྲོག་ཧཱུྃ་མཐིང་ནག་གི་རྣམ་པར་ནམ་མཁའི་དབྱིངས་སུ་ཤར་བའི་དཔལ་ཆེན་རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་རྟེན་བརྟེན་པ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་ནི་གདུལ་བྱ་གདུག་པ་ཅན་གྱི་ངོར་སྐུ་གསུང་ཐུགས་ཀྱི་རྣམ་འགྱུར་ཁྲོས་པ་ལྟར་བསྟན་པས་ཁྲོ་བོར་བཅོས་པ་སྤྲུལ་སྐུ་རུ་གསུངས་ཏེ། རྒྱུད་ལས། ངང་ཁྲོ་ཤུགས་ཁྲོ་ཁྲོ་བར་བཅས་དང་བཅོས། །ཞེས་གསུངས། དེ་ནས་རྟེན་བརྟེན་པའི་ལྷ་བསྐྱེད་པ་ནི། སྔར་བསྒོམས་པའི་སྲུང་འཁོར་དེའི་ནང་དུ་རྒྱུའི་ཧཱུྃ་ཡིག་མཐིང་ནག་ལས་འབྱུང་ལྔའི་ས་བོན་རྣམས་སྤྲོས་པ་རིམ་པར་ཆད་པ་ལས་སོ་སོར་འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ནམ་མཁའ་ཆོས་འབྱུང་གདེང་ཀ་གྱེན་བསྟན་སྲུང་འཁོར་གྱི་ནང་ཕྱེད་མན་ཆད་ཁྱབ་པ་རྩ་བ་ཕྲ་བའི་ཟུར་འོག་ཕྱོགས་སྲུང་འཁོར་རྡོ་རྗེའི་གདན་གཞིའི་ལྟེ་བ་ལ་ཟུག་པ། ནམ་མཁའི་ཀློང་དུ་རླུང༌། མེ། ཤ་ཆེན་གྱི་ས་གཞི། ཁྲག་མཚོ་རྣམས་བརྩེགས་པའི་སྟེང་རུས་པའི་རི་རབ་གྲུ་གསུམ་བང་རིམ་བཞི་ལྡན་འོག་མ་ལས་གོང་མ་འཕེལ་ཀ་ཇེ་རྒྱས་ཅན། དེའི་སྟེང་རྡོ་རྗེའི་བྲག་ཆེན་གྱིས་གཏམས་པའི་སྟེང་བསྐལ་པའི་མེ་དཔུང་རྣམ་པ་གྲུ་གསུམ་ཅན་དུ་འབར་བས་ཁྱབ་པ། མེའི་ནང་རྡོ་རྗེའི་རྭ་བ་ཟླུམ་པོའི་ནང་དུ་སྣ་ཚོགས་པདྨ་དང་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བ་གྲུ་བཞི་པར་ཧཱུྃ་གི་འཕྲོ་འདུ་ལས་གཞལ་ཡས་ཁང་ཕྱི་ནང་རིམ་པ་གཉིས་སུ་ཡོད་པའི་ཕྱི་རིན་པོ་སྣ་ཚོགས་ལས་གྲུབ་པ་གྲུ་བཞི་སྒོ་བཞི་སྒོ་ཁྱུད་དང་བཅས་པ་ཐེམ་སྐས་རིམ་པ་གསུམ་དང་ལྡན་པའི་སྒོ་སྟེང་རྟ་བབ་བང་རིམ་བཞི་བཞི་ཡོད་པ། དེའི་ནང་གི་ཁྱམས་ཁྲག་མཚོ་འཁྱིལ་ཞིང་ཐོད་པ་རིམ་གསུམ་ལས་གྲུབ་པའི་ཁང་པ་གྲུ་བཞི་སྒོ་ཟང་ཐལ་སྒོ་ཁྱུད་མེད་པ། གཞལ་ཡས་ཁང་གཉིས་ཀའི་སྟེང་ཐོག་སྙོམས་པའི་དབུས་རྒྱ་ཕུབ་ཀྱི་རྣམ་པ་ལྟར་ཕྱུར་བུར་གྱུར་པའི་སྟེང་བུམ་པ་སུལ་བརྒྱད་བྲེ་ཆོས་འཁོར་གདུགས་ཏོག་དང་བཅས་པ། སྟེང་དང་ཉེ་ལོགས་ཀྱི་རྒྱན་ཐམས་ཅད་ཞི་ཁྲོ་སྤེལ་མ། ཐོད་མཁར་གྱི་ནང་དུ་འཁོར་ལོ་རྩིབས་བཅུ། དེའི་ནང་ཐོད་པ་ཕྱིར་བལྟས་ཀྱི་རྭ་བས་བསྡམས་པ། དེའི་ནང་ཟླ་གམ་སུམ་ལྡན་གྱི་ཨེ་དབྱིངས་སུ་རྡོ་རྗེའི་བྲག་ཆེན་པད་ཟླ་ཉི་མ་ལྷ་ཆེན་ཕོ་མོ་བསྣོལ་བའི་ཁྲི་ལ་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཀྱིས་བདག་ཉིད་རྡོ་རྗེ་གཞོན་ནུ་མཐིང་ནག་དབུ་དགུ། ཞལ་དབུས་མཐིང༌། གཡས་དཀར། གཡོན་དམར། དེའི་སྟེང་དབུས་ལྗང༌། གཡས་སེར། གཡོན་ནག །དེའི་སྟེང་དབུས་སྨུག །གཡས་མཐིང༌། གཡོན་དམར། ཕྱག་བཅོ་བརྒྱད། ཞབས་བཞི་གཡས་བརྐྱང་གཡོན་བསྐུམ། སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས། སྒྲོལ་ཡུམ་ཨེ་ཀ་ཙ་ཏི་བཅས་གཞུང་ལྟར་གསལ། ཡབ་ཡུམ་སྙོམས་འཇུག་གི་མཁའ་གསང་ནས་ཕྱོགས་བཅུའི་ཁྲོ་བོ་ཡབ་ཡུམ་དང༌། གཡས་གཡོན་དུ་ཕྲ་ཐབས་དང་བཅས་པ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། ཟླ་གམ་གསུམ་ལ་སྲས་མཆོག་ཉེར་གཅིག །གཞལ་ཡས་ཁང་གི་གྲྭ་བཞིར་སྒྲོལ་བྱེད་ལས་བཞིའི་ཕུར་པ་བཅས་རྫས་ཀྱི་དཀྱིལ་འཁོར་གསུམ་དང༌། ནང་གི་སྒོ་བཞིར་རྟ་གདོང་ལ་སོགས་སྒོ་མ་བཞི། ཁྲག་མཚོའི་ནང་དུ་ཕུར་སྲུང་བཅུ་གཉིས། དབང་ཕྱུག་ཉེར་བརྒྱད། སྒོ་བཞིར་གིང་ཆེན་བཞི་བཅས་གསལ། ལས་ཕུར་མཆོད་པ་བྱིན་རླབས་ཀྱི་མགོར་བྱིན་རླབས་བྱས་པ་ཉིད་སྐབས་འདིར་སྲས་མཆོག་དང༌། ལས་བཞིའི་ཕུར་པ་རྣམས་ངོ་བོ་དབྱེར་མེད་དུ་བསྐྱེད་དགོས་པ་ཡིན། སྤྱིར་ལས་ཕུར་འདི་བསྙེན་སྒྲུབ་ཀྱི་སྐབས་གཞལ་ཡས་ཁང་དང་ལྷ། སྐུལ་བའི་སྐབས་ཕྱག་མཚན་ཏེ་ཤེས་པ་གསུམ་ལྡན་དུ་གོ་བ་འཕྲུལ་ཤེས་དགོས། རྡོ་རྗེ་གསུམ་གྱིས་རྒྱས་འདེབས། རིགས་ལྔས་དབང་བསྐུར། སྤྱན་དྲངས་བསྟིམ། ཕྱག་མཆོད་བསྟོད་པའི་བར་སྤྱི་ལྟར་ལ། དམིགས་བསལ་ལྷ་ཞལ་གསུམ་ཕྱག་དྲུག་གི་རིགས་ལ། བདུད་རྩི་གཡས་ཞལ། རཀྟ་གཡོན། གཏོར་མ་ཤ་ཁྲག་དབུས་སུ་སྟོབ་པ་དང༌། སྦྱོར་མཆོད་ལ་ཐབས་ལ་ཤེས་རབ། ཤེས་རབ་ལ་ཐབས་ཀྱི་རྣམ་པས་འཁྱུད་སྦྱོར་དུ་དམིགས་པར་གསུངས། རཀྟ་ཚར་གསུམ་སྐབས། བརྣག་ཅིང་འཚེ་བའི་དགྲ་བགེགས་ཐམས་ཅད་ཀྱི་བླ་སྲོག་རྣམ་ཤེས་ཐིག་ལེ་དམར་པོ་ནྲྀ་དང་ཏྲིས་མཚན་པ་ཁྲག་གི་གྲོད་ཐུམ་རི་རབ་ཙམ་དུ་གྱུར་པ་ཕྱག་མཚན་ཕུར་པ་གཏད་པ་ཙམ་གྱིས་བརྡོལ་ཏེ་བྱིན་གྱིས་བརླབས་པ་རཀྟ་དང་འདྲེས་པས་སྟོང་གསུམ་ཁྲག་མཚོས་ཁྱབ་པ་ལས། དང་པོ་ལྷ་དང་མཁའ་འགྲོའི་བཀའ་ཉན་ཕྱིར། གཉིས་པ་དོན་གནད་དུ་དབབ་པ། གསུམ་པ་ཉམས་པའི་མཐུ་དང་རྫུ་འཕྲུལ་འཕྲོག་ཕྱིར་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་ཕུལ་བར་བསམ། ཡུམ་མཁའ་ཨེ་ཡི་གཏུན་ཁུང་དུ་ཡབ་ཀྱི་རྡོ་རྗེ་ཐོ་བས་བརྡུངས་པས་དུག་གསུམ་གྱི་རྟོག་ཚོགས་ཞི་བདེའི་ཆོས་ཉིད་ཆེན་པོར་སྦྱངས་པར་བསམ་པའི་སྦྱོར་མཆོད་རྣམས་ཕུར་པ་རང་གི་སྒོས་ཆོས་ཡིན་ལ། བསྐྱེད་རིམ་ཞིབ་ཏུ་ཁྲིད་ན་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པོ་ལ་བསླབ་པ་དང༌། བསྐྱེད་པའི་ཏིང་ངེ་འཛིན་གྱི་གེགས་སེལ་བོགས་འདོན་སྲོག་སྡོམ་གཟེར་བཞི་སོགས་སྔ་འགྱུར་བཀའ་གཏེར་དུ་ཡོངས་སུ་གྲགས་པ་ལྟར་ལས་འདིར་སྨོས་སུ་མ་ལྡང་བས་ཉམས་ལེན་འདོད་པ་ཡོད་ན་ཡིག་ཆ་ཡོངས་གྲགས་རྣམས་དང་གུང་བསྟུན་པས་ཤེས་པར་བྱའོ། །གསུམ་པ་རྗེས་ཀྱི་ལས་རིམ་ནི། བཀའ་གཏེར་གྱི་སྲུང་མའི་གཏོར་ཆོག་སྤྱི་ལྟར་སྔོན་དུ་འགྲོ་བས་སྐོང་བཤགས་ཀྱི་ཆོ་ག་རྒྱས་པར་སྦྱར་ན་ཀུན་གཟིགས་འཇམ་དབྱངས་བླ་མའི་དགོངས་གཏེར་གྲུབ་ཐོབ་ཐུགས་ཏིག་ལས་འབྱུང་བ་ལྟར་སྦྱར་ཡང་རུང་ཞིང༌། ཚོགས་མཆོད་ལ་ཚོགས་སྣོད་པདྨ་བྷཉྫ། བཅུད་ཤ་ལྔ་བདུད་རྩི་འདོད་ཡོན་ལྔ་དང་བདུད་རྩིའི་མཆོད་སྤྲིན་མཐའ་ཡས་པ། རྣལ་འབྱོར་ཕོ་མོ་ཧེ་རུ་ཀ་ཡབ་ཡུམ་དུ་གསལ་བས་ཐ་མལ་གྱི་བློ་རྟོག་དང་བྲལ་བས། ཚོགས་མགྲོན་རྩ་བ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ནས་དཀྱིལ་འཁོར་དང་དབྱེར་མེད་དུ་བཞུགས་པ་ལ། མཆོད་པའི་ལྷ་མོ་རྣམས་ཀྱིས་སྤྱིར་མཆོད་པ་སྔོན་དུ་འགྲོ་བས། ཚོགས་དང་པོ་ཚོགས་རྫས་འདོད་ཡོན་གྱི་རོལ་པ་ནམ་མཁའ་གང་བས་མཆོད། བར་པ་བདུད་རྩིའི་ཐོད་ཞལ་དུ་མས་མཆོད། ཐ་མ་བསྟན་འགྲོ་སྤྱི་ལ་འཚེ་བའི་དགྲ་བགེགས་ཕོ་ཉ་བཞིས་འགུགས་འཆིང་སྡོམ་མྱོས་བྱས་ཏེ། བདག་དཔལ་ཆེན་པོ། ཕུར་པ་སྲས་མཆོག །ལིངྒ་དགྲ་བགེགས་དངོས་སུ་གསལ་བ་སྟེ་གསལ་བ་གསུམ་ལྡན་གྱིས། སྲས་མཆོག་གི་སྤྱི་བོར་ཧཱུྃ་ཀ་ར། དེའི་སྤྱི་བོར་ཨ་དཀར་པོ། ཨ་འོད་དུ་ཞུ་ནས་ཧཱུྃ་ཀ་ར་ལ་ཐིམ། དེ་འོད་དུ་ཞུ་ནས་ཕུར་པ་ལ་ཐིམ། ཕུར་པ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་ནས་རྒྱལ་བ་མཆོད་ཅིང་སེམས་ཅན་གྱི་སྒྲིབ་པ་སྦྱངས། བྱིན་རླབས་དང་ཚེ་བཅུད་ཀྱི་དྭངས་མ་ཐམས་ཅད་བསྡུས་ཏེ་ཕུར་པ་ལ་ཐིམ་པས་གཟི་བྱིན་མཆོག་ཏུ་འབར། དེ་ཉིད་དམིགས་བྱའི་སྙིང་དཀར་ནག་མཚམས་སུ་གཏད་དེ་འདྲིལ་བས་ཕུར་བུ་ལས་འབར་བའི་འོད་ཟེར་གྱིས་ཁོ་ཡི་སྡིག་སྒྲིབ་ཐམས་ཅད་བསྲེགས། ཚེ་བསོད་དང་བཀྲག་མདངས་ཀྱི་དྭངས་མ་ཐམས་ཅད་བསྡུས་ནས་ཧཱུྃ་དུ་གྱུར་པ་དེ་ཕུར་པས་བླང་སྟེ། ཕུར་པ་རང་གི་སྙིང་གར་བསྟན་པས་ཁོ་ཡི་ཚེ་བསོད་རང་ལ་འདུས། སླར་ཡང་ཕུར་པ་ཁོའི་སྙིང་གར་གཟིར་བས་སྒོ་ལྔའི་རྣམ་ཤེས་ཀུན་གཞི་ལ་འུབ་ཀྱིས་འདུས་ནས་ཧཱུྃ་དུ་གནས་གྱུར་ཏེ་ཕུར་པ་ལ་ཐིམ་པས་ཁོའི་བྱུང་ཚོར་གྱི་རྟོག་པ་འགགས་ཏེ་ནག་ཐིབ་ཀྱིས་སོང་བར་བསམ་ཞིང༌། ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན་སོགས་བརྗོད། ཁོ་ཡི་རྣམ་ཤེས་ནྲྀ་རུ་གནས་པ་དེ་ཕུར་བུའི་རྩེས་བླངས་ལ་ཧཱུྃ་དུ་བྱིན་གྱིས་བརླབས་ནས། སྥ་ར་ཎ་ཕཊ་ཀྱིས་དཔལ་ཆེན་པོ་ཡབ་ཡུམ་གྱི་མཁའ་གསང་ལ་འཕང་པ་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་པར་བསམ་མོ། །དེའི་ཤུལ་དུ་ཕྱིས་རྣམ་ཤེས་ལུས་ལ་འཇུག་པ་བཅད་ཕྱིར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཞེས་ལན་བརྒྱད་བཟླས་ཏེ་སྙིང་དཀར་ནག་མཚམས་སུ་གདབ་པར་གསུངས། ཤ་ཁྲག་བདུད་རྩིར་སྦར་བ་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ལ་བསྟབས་པས་དགྱེས་པར་རོལ་ཏེ། ཐུགས་ཆོས་ཉིད་བདེ་བ་ཆེན་པོའི་ལྷན་སྐྱེས་ཀྱི་ཡེ་ཤེས་འདྲེན་པའི་ཕྱིར་རང་རང་གི་ཕྱག་རྒྱ་དང་སྙོམས་འཇུག་གིས་གཟུང་འཛིན་གྱི་དགྲ་བགེགས་མིང་མེད་དུ་བཅོམ་པར་བསམ། དེ་ནས་རྣལ་འབྱོར་པ་རྣམས་ཐ་མལ་གྱི་འདུ་ཤེས་སྤང་པས་ཆོས་ཉིད་ལ་ཆོས་ཉིད་རོལ་པའམ། དམ་རྫས་ཀྱི་བདུད་རྩིས་ལྷ་མཆོད་ཅིང་དངོས་གྲུབ་ཏུ་མོས་པས་རོལ་ཞིང༌། ལྷག་མ་རྣམས་བསྡུས་ཏེ་རྟ་མགྲིན་ཡབ་ཡུམ་གྱི་བྱང་སེམས་སུ་དམིགས་པས་ལྷག་གཏོར་ལ་ཁ་ཕྲུས་འདེབས་ཤིང་མགྲོན་རྣམས་དགྱེས་པའི་རྫས་སུ་མོས་ལ། མགྲོན་བདག་ཉིད་ཤྭ་ན་ས་བདག་སྐྱེས་བུ་གིང་དང་དགེ་བསྙེན་དབང་ཕྱུག་བརྟན་མ་རྣམས་ལ་ཕུལ་བས། ཧེ་རུ་ཀའི་སྔོན་གྱི་ཐ་ཚིག་བཞིན་ཕྲིན་ལས་རྣམས་བསྒྲུབས་པར་བསམ་ལ་ཐམས་ཅད་རྡོ་རྗེའི་རིགས་ཅན་དུ་གྲོལ་བར་སྨོན་ལམ་གདབ། བཀའ་སྲུང་རྣམས་ལ་སྔོན་གྱི་ཐ་ཚིག་བསྒྲགས་པས་དམ་བཅས་རྗེས་སུ་དྲན་པར་བསྐུལ་ཏེ་གཏོར་ཆེན་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་རུས་པའི་གཏོར་ཆེན་མཁའ་དབྱིངས་དང་མཉམ་པར་ཕུལ་བ་མདུན་དུ་འོད་དར་དཀར་གྱི་ཡོལ་བ་ཙམ་གྱིས་བར་ཆོད་པའི་ཕྱི་རོལ་ཏུ་འཁོད་ནས་གཏོར་མ་བཞེས་ཏེ་ཕྲིན་ལས་མཛད་པར་བསམ། བཤལ་ཆུ་ཟག་མེད་ཀྱི་བདུད་རྩིས་བྲན་པའི་གཏོར་མ་རིན་པོ་ཆེའི་མཆོད་སྡོང་རྣམས་བརྟན་མ་བཅུ་གཉིས་འཁོར་གཡོག་དང་བཅས་པ་ལ་ཕུལ་བ་དགྱེས་དགུར་བཞེས་པར་བསམ་ལ་མཐའ་དམག་སྲུང་བའི་ཕྲིན་ལས་བཅོལ། སྒྲུབ་པའི་བར་ཆད་སྒབ་འདྲེ་ཐམས་ཅད་གསེར་གྱི་ས་གཞི་ལ་ཐུག་པའི་གྲུ་གསུམ་གྱི་ནང་དུ་བཀུག་ནས་གཏོར་གཞོང་རི་རབ་མགོ་འཇུག་ལྡོག་པས་མནན་པའི་སྟེང་རྒྱ་གྲམ་འབར་བས་རྒྱས་གདབ་ཅིང༌། དཔལ་ཆེན་འཁོར་བཅས་ཀྱིས་རྡོ་རྗེའི་གླུ་བླང་བྲོ་བརྡུང་བས་མནན་པར་བསམ། བསྙེན་སྒྲུབ་ཀྱི་མཐར་སྒྲུབ་རྫས་ལས་དངོས་གྲུབ་ལེན་ཞིང་དམ་རྫས་ལ་རོལ། རྒྱུན་གྱི་དངོས་གྲུབ་མདུན་བསྐྱེད་ལས་དམིགས་པས་ལེན། གཏང་རག་གི་མཆོད་བསྟོད་དང་ནོངས་པ་བཤགས་ལ། ཚོགས་མགྲོན་དང་མདུན་བསྐྱེད་རྟེན་ལ་བསྟིམ། བདག་བསྐྱེད་སྣོད་བཅུད་གཞལ་ཡས་ཁང་དང་གཙོ་འཁོར་སེམས་དཔའ་གསུམ་རིམ་གྱིས་ཐུགས་སྲོག་ལ་བསྡུས་ནས་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞག །སླར་ཡང་འགྲོ་བའི་དོན་དུ་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཕུར་བུ་འཛིན་པ་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པའི་ཡེ་ཤེས་སྒྱུ་མའི་སྐུར་ལྡང་ལ། གནས་གསུམ་འབྲུ་གསུམ་ལུས་ལ་རྡོ་རྗེའི་གོ་བགོ་བས་རྒྱས་བཏབ། བསྔོ་སྨོན་དང་ཤིས་བརྗོད་ཀྱིས་མཐའ་བརྒྱན་ཏེ་ཁྱེར་སོ་གསུམ་དང་མ་བྲལ་བར་བྱའོ། །གོང་གི་ལྷར་སྣང་བསྡུ་ལྡང་འདི་ཞིབ་པར་སྤྲོས་ནས་རྫོགས་རིམ་བྱས་ཀྱང་རུང་མོད། བྱང་སེམས་དང་རིག་པའི་ཕུར་བུའི་ལམ་གྱི་སྐབས་རྒྱས་པར་འབྱུང་བས་འདིར་ཞིབ་ཏུ་མ་བཤད་དེ། འདིར་སྨོས་པའི་དམིགས་སྒོམ་རྡོ་རུས་འཕྲོད་ན་གྱེར་སྒོམ་ཟུང་འཇུག་ཏུ་འགྱུར་བས་གནད་དོན་ཤེས་ཤིང་ཉམས་ལེན་ཚུལ་བཞིན་བྱེད་འདོད་པ་དག་གིས་ནན་ཏན་ཏུ་བྱ་བ་གལ་ཆེའོ། །གཉིས་པ་གསུང་བཟླས་པ་བསྙེན་སྒྲུབ་ལས་གསུམ་གྱིས་ནུས་པའི་གདིང་བསྐྱེད་པ་ལ། སྤྱིར་གཞུང་འདིའི་དགོངས་དོན་ལམ་ངེས་རྫོགས་ཀྱི་དབང་དུ་མཛད་ནས། གསང་བ་སྤྲོས་མེད་ཕྱག་རྒྱ་རྐྱང་སྒྲུབ་ཀྱིས་བསྐྱེད་རིམ་གྱི་གསལ་སྣང་སྒྲུབ། རྩ་བ་དཀྱིལ་འཁོར་གསུམ་གྱི་སྒྲུབ་པས་བསྙེན་སྒྲུབ་ཀྱི་ནུས་པའི་གདིང་ཐོབ་པར་བྱས་ནས། སྤྲོས་བཅས་ཚོམ་བུ་འབུམ་སྒྲུབ་ཡན་ལག་དཀྱིལ་འཁོར་བརྒྱ་དང་བཅུ་གཉིས་པས་ཚོགས་སྒྲུབ་དང༌། མཚན་མ་རྫས་ཀྱི་ཕུར་བུའི་མངོན་སྤྱོད་ཀྱི་ནུས་པ་རྩལ་དུ་འདོན་པས་སྒྲོལ་བ་ལམ་དུ་བྱེད། རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ་ཡང་ཕུར་སྦྲག་མའི་སྒྲུབ་པ་སྔོན་དུ་འགྲོ་བས་ཐབས་གྲོལ་གྱི་ལམ་གྱིས་རྫོགས་རིམ་གྱི་སྔོན་འགྲོ་བྱས་ནས། བདེ་ཆེན་བྱང་ཆུབ་སེམས་ཀྱི་ཕུར་བུས་སྦྱོར་བ་ལམ་དུ་བྱེད་ཚུལ་རྒྱས་པར་གསུངས་ཀྱང་དེང་དུས་དེ་ལྟར་ཉམས་ལེན་བྱེད་པ་དཀོན་ཕྱིར་ཞིབ་ཏུ་མ་སྤྲོས་ལ། སྐབས་སུ་བབ་པ་སྤྱིར་བཏང་འཇུག་བདེའི་བསྙེན་སྒྲུབ་ལས་གསུམ་མོས་སྒོམ་དུ་བྱ་བའི་ལག་ལེན་བཅུད་དྲིལ་དུ་འཆད་པ་ལ། སྦྱོར་བ་ཡིད་དགའ་ཞིང་ཉེར་འཚེ་མེད་པའི་དབེན་པའམ་རིག་འཛིན་གོང་མས་བྱིན་གྱིས་བརླབས་པའི་གནས་སུ། བྱང་ཆུབ་སྒྲུབ་པ་ལ་དགེ་བའི་དུས་ཚེས་ཡར་ངོའི་བརྒྱད་དང་སྐར་མ་རྒྱལ། གཟའ་ཟླ་བ་དང་ཕུར་བུ། ཕྲིན་ལས་ཀྱི་དབང་གིས་མགོ་ཕུར་འཛོམ་པའི་ཉི་མ་ཕྱེད་ཡོལ་གྱི་དུས་སུ། དམིགས་རྟེན་བྲིས་སྐུ། རས་བྲིས་ཀྱི་དཀྱིལ་འཁོར། ཚད་དང་ལྡན་པའི་བསྙེན་ཕུར་དང་ལས་ཕུར། མཆོད་པའི་ཡོ་བྱད་སོགས་སྒྲུབ་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་ཚགས་སུ་ཚུད་པས། ཇི་ལྟར་སྒྲུབ་པའི་ཚུལ་དངོས་ལ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་སྟེ་ས་ཆོག་དང་མཚམས་གཅོད་སྟ་གོན་སོགས་བསྙེན་པ། སྟོད་ལས་རང་རྐང་གི་ཉེ་བསྙེན། སྨད་ལས་ཡོངས་སུ་རྫོགས་པ་ལག་ཏུ་ལེན་པའི་སྒྲུབ་པ། བདག་དོན་དངོས་གྲུབ་ལེན་པ་དང་བདག་འཇུག །མནན་བསྲེག་འཕང་གསུམ་གྱིས་དྲག་པོའི་ལས་མཇུག་བསྡུ་བ་སྒྲུབ་པ་ཆེན་པོ་སྟེ། བསྙེན་སྒྲུབ་ཡན་ལག་བཞིས་ཆིངས་སུ་བཅིང་ནས་བཤད་དུ་ཡོད་ཀྱང་དེ་དག་ཕལ་ཆེར་སྟོད་ལས་ཀྱི་སྒྲུབ་པ་ཆེན་པོའི་ཁོག་དབུབ་དང་འབྲེལ་བར་འཆད་པས་རྟོགས་སླ་ཞིང༌། བསྐྱེད་རིམ་སྲིད་པ་ཕུར་བུའི་བསྙེན་སྒྲུབ་ལས་གསུམ་གྱི་ཉམས་ལེན་གྱི་ལག་ཁྲིད་འཇུག་བདེ་གནད་ཀྱི་ཟིན་ཏིག་དངོས་ལ། སྔོན་འགྲོ་དངོས་གཞི་རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ནི། བསྙེན་པ་ལ་འཇུག་པའི་སྔ་རོལ་ཏུ་རྒྱབ་རིམ་དགེ་བའི་དཔུང་བསྐྱེད་པ་དང༌། ངེས་འབྱུང་གིས་བློ་བཅོས་ཤིང་སྔོན་འགྲོ་བསགས་སྦྱང་གི་རིམ་པ་ལྟར་རྡོར་སེམས་སྒོམ་བཟླས། བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་རྣམས་ཅི་ནུས་ཉམས་སུ་ལེན། མཚམས་དངོས་ལ་འཇུག་པའི་ཚེ་ཐོག་མར་ཞིང་སྐྱོང་གཞི་བདག་ལ་དཀར་གཏོར་བཏང་ཞིང་ཕྲིན་ལས་བཅོལ། ནག་ཕྱོགས་ལ་གཏོར་མ་བསྔོ་ཞིང་དྲག་སྔགས་བཅས་ཐུན་གྱིས་བྲབ། གུ་གུལ་བདུག་ཚམས་རྔམས་ཀྱིས་བགེགས་བསྐྲད། སྒོ་དྲུང་དུ་ཐོ་བརྩེགས་པར་རྒྱལ་ཆེན་བཞི་བསྐྱེད་བསྟིམ་མཆོད་གཏོར་ཕུལ་ལ་བར་ཆད་སྲུང་བའི་ཕྲིན་ལས་བཅོལ་བ་ཕྱི་མཚམས། ནང་མཚམས་སྲུང་འཁོར་བསྒོམ། གསང་མཚམས་རྡོ་རྗེ་སྟོང་པ་ཆེན་པོའི་མཚམས་གཅོད། རྣམ་སྨེས་སྒྲུབ་པའི་ཁྲུས་ཆུས་ཉིན་རེ་བཞིན་བདག་གནས་ཡོ་བྱད་ཀུན་ལ་འཐོར་ཞིང་འདི་ནས་བཟུང་དམིགས་འོག་ཏུ་མ་ཆུད་པའི་ངོ་གསར་དང་མི་འཕྲད། ཆས་ཀའི་གཏོང་ལེན་སྤང༌། སྲུང་འཁོར་འདི་ཐུན་མགོ་ཐམས་ཅད་ལ་གསལ་འདེབས་བསྐྱར། མཚམས་གྲོལ་རྒྱུའི་ཐུན་གྱི་བར་མི་བསྡུ་གསུངས། བཅའ་བཤམ་ལ་རང་གི་མདུན་དུ་དམ་ཚིག་གི་རྟེན་རབ་གནས་ཅན་གྱི་མདུན་དུ་རས་བྲིས་ཀྱི་དཀྱིལ་འཁོར་ཡོད་ན་ལྟེ་བ་གྲུ་གསུམ་གྱི་སྟེང་དུ། འབྱོར་ན་ཐོད་པ་གླིང་བཞི་པ་ལ་ཆུ་ཚོན་གྱིས་འཁོར་ལོ་སེར་པོ་རྩིབས་བརྒྱད་བྲིས་པའི་ནང་འབྲུ་ནག་གིས་བཀང་བ་ལ་བྱུག་བདུག་བྲབ་རྫས་ཀྱིས་གཟི་བྱིན་བསྐྱེད་པའི་ལྷ་ཕུར་ཚང་བ་ཕྱོགས་གཅིག་ཏུ་སྦམ་པའམ། གཙོ་ཕུར་ཁྲོ་ཞལ་ཅན་ཚད་ལྡན་བཀོད། ཐོད་པ་མ་འབྱོར་ཡང་བསྙེན་ཕུར་ཚད་ལྡན་དལ་དབུས་སུ་བཙུགས་ཀྱང་རུང༌། བསྙེན་པའི་སྐབས་དཀྱིལ་འཁོར་མ་གྲུབ་ནའང་རུང་ཡང༌། སྒྲུབ་པའི་སྐབས་རས་བྲིས་མ་འབྱོར་ན་འབྲུ་ནག་གི་ཚོམ་བུ་ལྷ་གྲངས་བཀོད་པ་དགོས་པས་མཎྜལ་སོགས་ཀྱི་སྟེང་དུ་བཀོད། དཔལ་གཏོར་འཁོར་རང་འདྲ་བཅུས་བསྐོར་བའི་རྩེར་སྐུ་རྟེན་དར་ནག་གི་གུར་ཕུབ་པ་མཉྫིའི་ཁར་བསྙེན་པའི་དུས་ནས་བཤམས། དེའི་མདུན་དུ་མཆོད་གཏོར། སྨན་རཀ །ཕུར་སྲུང༌། ཕྱི་ནང་གི་མཆོད་པ་བཅས་བཀོད་ལེགས་སུ་བསྟར། རང་རྟེན་དང་ཞལ་སྤྲོད་ཀྱི་འབྲས་སམ་ས་དཀར་གྱིས་གཡུང་དྲུང་ཆོས་བསྐོར་དུ་བྲིས་པའི་སྟེང་དུ་སྟན་ནང་ཚངས་ཅན་འཇམ་ཞིང་བདེ་བ་ལ་འཁོད། ནང་མཆོད་རྡོར་དྲིལ་ཌཱ་མ་རུ་འཐོར་ནས་སོགས་མདུན་དུ་བཀོད། དེ་ནུབ་དཀོན་མཆོག་ལ་མཆོད་པ། ཉམས་ཆག་ལ་བཤགས་སྡོམ། བསྙེན་སྒྲུབ་ལ་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་གསོལ་འདེབས་ནན་ཏན་བྱས་ལ་རྣལ་འབྱོར་དང་ལྡན་པས་ཉལ། སང་ཞོག་སྔ་ཐུན་ནས་མགོ་འཛིན་དགོས་པས་ལྡངས་ཏེ་བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འཁོད་ལ། ཁྲུས་ཀྱིས་བསང་གཏོར་དང༌། ངག་བྱིན་རླབས། ནུས་བསྐྱེད་ཀྱི་རྫས་རྣམས་བསྟེན་ལ། དཀར་བགེགས་རྒྱུན་དུ་མི་དགོས་པས། སྐྱབས་སེམས་བསགས་སྦྱང༌། བགེགས་བསྐྲད་ནས་བརྩམས་སྔོན་འགྲོའི་ལས་རིམ་དང༌། དངོས་གཞི་ཏིང་འཛིན་གསུམ་ནས་བསྟོད་པའི་བར་ལས་བྱང་བཞིན་དུ་གཞུང་བསྲངས་རྗེས། བཟླས་པའི་མགོར་བོ་དྷི་ཙིའམ། ཐོད་ཕྲེང་ངམ་རཀྴའི་ཕྲེང་བ་ཚུལ་མཐུན་ལག་གཡོན་གྱི་སྙིམ་པར་བསྐྱིལ་ལ་མདོ་འཛིན་སྟེང་དུ་ཡོད་པར་བྱ། ནང་མཆོད་འཐོར་ལ་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ལས་སྐྱེས་པའི་ཕྲེང་བ་དཔལ་ཆེན་རྡོ་རྗེ་གཞོན་ནུ་གཙོ་འཁོར་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། དེའི་གནས་གསུམ་གྱི་ས་བོན་ལས་འོད་ཟེར་འཕྲོས་པས་དངོས་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། ལག་པ་གཡས་སུ་མེ་ཏོག་ཐོགས་ལ་ལྷའི་རྩ་སྔགས་དབྱངས་གསལ་རྣམས་ཚར་བདུན་བདུན་བཟླ། ཁྱད་པར་བཟླས་པའི་རྐྱེན་གྱིས་བསྐུལ་བའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་སྦྱངས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བདུད་རྩི་སྔགས་ཀྱི་ཡིག་འབྲུ་ཁ་དོག་ལྔའི་རང་བཞིན་ཆར་ལྟར་བབ་ནས་ཕྲེང་བའི་ལྷ་ལ་ཐིམ་པར་བསམ་ནས་ཕྲེང་བ་བདུད་རྩིར་རློབ་པའི་སྙིང་པོ། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ན་ཡེ་རཏྣ་མ་ཎི་དྷཱ་ར་ཛྙཱ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུྃ་སྭཱ་ཧཱ། བརྒྱ་རྩ་བརྒྱད་བཟླས་པའི་མཐར་ལྷ་རྣམས་འོད་དུ་ཞུ་ནས་མགོ་བོ་རློན་པ་ཁྲག་འཛག་པའི་ཕྲེང་བར་གྱུར་པར་བསམ་ལ་རྟེན་འབྲེལ་སྙིང་པོ་བདུན་གྱིས་མེ་ཏོག་འཐོར་ལ་ཤིས་པ་བརྗོད། སླར་ཡང་ཨོཾ་ཨཱཿཧཱུྃ་བརྒྱ་རྩ་དང༌། དབྱངས་གསལ་རྟེན་སྙིང༌། ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྡྷ་ཡེ་ཧཱུྃ་ཕཊ་རྣམས་ཉེར་གཅིག་བཟླས་ལ་ཕུས་འདེབས། ཕྲེང་བ་བྱིན་བརླབ་རྒྱས་པ་འདི་ཐུན་ཚུགས་པའི་ཐོག་མ་ཁོ་ན་ལས་མི་དགོས་ཤིང༌། ཐུན་ཕྱི་མ་རྣམས་ལ་དབྱངས་གསལ་རྟེན་སྙིང་ལན་གསུམ་གསུམ་གྱིས་བྱིན་རླབས་ཁ་གསོ། དེ་ལྟར་གྲུབ་པའི་ཕྲེང་བ་མི་ལག་མི་འགྲིམ། སྣོད་སྟོང་དང་སྟན་སོགས་ཀྱི་འོག་ཏུ་མི་འཇོག་པ་སོགས་ཕྲེང་བའི་དམ་ཚིག་སྤྱི་ལྟར་བསྲུང་ཞིང༌། ཉམས་པ་ཤོར་བའི་སྐབས་རབ་གནས་བསྐྱར། བསྙེན་པའི་སྐབས་ཛཔ་ཁང་དབྱེ་མི་དགོས། ཧཱུྃ༔ སྟོང་གསུམ་སྟོང་གི་སོགས་ཛཔ་བསྐུལ་གྱིས་ལྷག་པའི་ལྷ་ཡི་ཐུགས་དམ་བསྐུལ་བར་མོས་ལ་བྱ། གཉིས་པ་ཛཔ་དགོངས་དངོས་ལའང་བསྙེན་སྒྲུབ་ལས་གསུམ་ལས། དང་པོ་བསྙེན་དམིགས་ནི། དཀྱིལ་འཁོར་གསུམ་སྤྱི་དང་ཁྱད་པར་བདག་རྩ་བའི་དཀྱིལ་འཁོར་ཡབ་ཡུམ་ཞལ་ཕྱག་རྒྱན་ཆ་ཕྲ་མོའི་བར་གསལ་བའི་ཐུགས་ཀར་རིན་པོ་ཆེ་ཟུར་བརྒྱད་པའི་ནང་དུ་ཡེ་ཤེས་སེམས་དཔའ་ཞི་བ་རྡོ་རྗེ་སེམས་དཔའ་དཀར་གསལ་ལོངས་སྐུའི་ཆས་ཅན་ཞབས་ཕྱེད་སྐྱིལ་གྱིས་པད་དཀར་འདབ་བརྒྱད་དང་ཟླ་བ་ལ་བཞུགས་པ། དེའི་ཐུགས་ཀར་ཙིཏྟ་མཆོང་གུར་སྨུག་པོའི་ནང་དུ་ཀུན་རྫོབ་དང་དོན་དམ་སེམས་བསྐྱེད་དབྱེར་མེད་པའི་རྣམ་པ་ཅན་གྱི་ཉི་ཟླའི་སྟེང༌། ཏིང་འཛིན་སེམས་དཔའ་རྡོ་རྗེ་མཐིང་ནག་རྩེ་དགུ་པའི་ལྟེ་བར་ཉི་གདན་ལ་ཧཱུྃ་མཐིང་ནག་གི་མཐར་ཀཱི་ལ་ཡ་འབྲུ་དགུ་པའི་སྔགས་ཕྲེང་བཻ་ཌཱུརྻའི་མདངས་ཅན་གཡས་སུ་འཁོར་བའི་ཐོག་མཐའི་མཚམས་སུ་གསུང་རིག་སྔགས་ཀྱི་ནུས་པ་སྲུང་བའི་དོན་དུ་རྟ་མགྲིན་དམར་པོ་པདྨ་བྷཉྫ་འཛིན་པ་ཡུངས་ཀར་གྱི་འབྲུ་ཙམ་ཞལ་ནང་བསྟན་དུ་བཞུགས་པར་བསྒོམ། བཟླས་པ་བྱས་པས་སྔགས་ཕྲེང་ལས་འོད་ཟེར་མཐིང་ནག་འཕྲོས། ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། སེམས་ཅན་གྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། རྒྱལ་བའི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་སྐུ་སྔགས་ཕྱག་མཚན་གྱི་རྣམ་པར་འོད་ཟེར་དང་ལྷན་ཅིག་ཚུར་འདུས་བདག་ལ་ཐིམ་པས་བཀྲག་མདངས་གཟི་བརྗིད་རབ་ཏུ་འབར་བར་བསམ་མོ། །དེ་ནི་ཟླ་བ་སྐར་ཕྲེང་ལྟ་བུའི་དམིགས་པའོ། །གཉིས་པ་སྒྲུབ་པའི་བཟླས་དམིགས་ནི། བདག་བསྐྱེད་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་མདུན་རྟེན་གྱི་གོ་སར་དཀྱིལ་འཁོར་ཡོངས་རྫོགས་སུ་གསལ་བ་བདག་བསྐྱེད་དང་མེ་རི་འདབས་འབྱོར་དུ་བཞུགས་པར་མོས། ཛཔ་བསྐུལ་གྱིས་བདག་མདུན་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བར་མོས་ཤིང་བཟླས་པས་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་ལྗང་གུ་བར་མ་ཆད་དུ་འཕྲོས་ཞལ་ནས་ཞུགས། མདུན་བསྐྱེད་ཀྱི་ལྷ་རྣམས་ཀྱི་ཞལ་དུ་ཞུགས་སྦྱོར་མཚམས་ནས་ཐོན། བདག་གཙོ་བོ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བརྒྱུད་ཐུགས་སྲོག་ལ་ཐིམ་པས་ལྷ་རྣམས་ཀྱི་སྐུ་ལས་ཉི་ཟེར་ལྟ་བུའི་འོད་འཕྲོས། ཁྲོ་བཅུ་སྲས་མཆོག་སོགས་དང་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་ལ་མཉེས་མཆོད་ཕུལ། ཐུགས་དམ་གྱི་རྒྱུད་བསྐུལ། རིགས་དྲུག་གི་སེམས་ཅད་ཐམས་ཅད་ལ་ཕོག །ལས་དང་ཉོན་མོངས་རྣམ་སྨིན་གྱི་སྒྲིབ་པ་སྦྱངས། སྣོད་བཅུད་ཐམས་ཅད་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ་སད་དེ་བདེ་ཆེན་གྱི་ས་ལ་བཀོད། སྔགས་ཕྲེང་ལས་རིགས་ལྔའི་སྐུ་སྔགས་ཕྱག་མཚན་གྱི་སྤྲོ་བསྡུས་དམ་ཅན་སྲུང་མ་རྣམས་ལ་ཕོག །ལས་ལ་བཙུད། རིག་འཛིན་བླ་མ་མཆེད་ལྕམ་ལ་ཕོག་ཐུགས་དམ་བསྐངས། དགྲ་བགེགས་ཐམས་ཅད་ལ་ཕོག་གནོད་འཚེ་གདུག་རྩུབ་ཚར་བཅད་ནས་སླར་འདུས་དཀྱིལ་འཁོར་གསུམ་ལ་ཐིམ་པར་བསམ་པ་མགལ་མེ་ཀླད་སྐོར་ལྟ་བུའི་དམིགས་པ་དང༌། ལྷ་རྣམས་དང་སྤྲུལ་པའི་ཁྲོ་ཚོགས་རྣམས་ཀྱི་དབུ་གསུམ་དང་བ་སྤུའི་བུ་ག་ཚུན་ཆད་ནས་ཀྱང་སྔགས་སྒྲ་དི་རི་རི་སྒྲོགས་པར་བསམ་པས་བཟླ་བ་ནི་བུང་བ་ཚང་ཞིག་ལྟ་བུའི་དམིགས་པ་དང༌། སྔགས་ཀྱང་ཀཱི་ལ་ཡ་འབྲུ་དགུ་པ་སྲོག་སྔགས། སརྦ་བིགྷྣཱཾ་བྃ་ལས་སྔགས་འབྲུ་ལྔ། ཛཿཧཱུྃ་ཨཱཿའཕྱང་སྔགས་འབྲུ་གསུམ་རྣམས་སྦྲེལ་བའི་འབྲུ་བཅུ་བདུན་པ་བཟླ། སྤྲོས་པ་ལ་དགའ་ན་ཁྲོ་བཅུ་སོ་སོའི་སྔགས་དང༌། སྲས་མཆོག །སྒོ་མ། ཕུར་སྲུང་བཅས་ཀྱི་སྔགས་ལས་བྱང་གི་ལྷ་བསྐྱེད་ཀྱི་སྐབས་སུ་འབྱུང་བ་ལྟར་ཅུང་ཟད་རེ་བཟླས་ན་འགལ་བ་མེད་དོ། །གསུམ་པ་ལས་སྦྱོར་ནི། བདག་མདུན་དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ལས་འོད་ཟེར་ལྗང་ནག་དང་ཁྲོ་ཆུང་དཔག་ཏུ་མེད་པ་གཅིག་ལས་ཀྱང་དུ་མར་སྤྲོ་བ་མགར་གྱི་ཚྭ་ཚྭ་ལྟ་བུ་སེར་ཐུན་དང་ཐོག་རྒོད་བབ་པ་ལྟར་འཕྲོས་ཤིང་སྔགས་སྒྲ་འབྲུག་སྟོང་ལྟར་སྒྲོག་པས་ལོག་པར་འདྲེན་པའི་བདུད་དགྲ་བགེགས་དང་འབྱུང་པོ་ཐམས་ཅད་མདུན་དུ་བཀུག་པ་ལ། ཕོ་ཉ་རྣམས་ཀྱིས་སྐྱོབ་བྱེད་ཀྱི་ལྷ་དང་ཕྲལ། བླ་ཚེ་རྣམ་ཤེས་གཟུགས་ལ་དབབ། སྒོ་གསུམ་བྱད་དུ་གཞུག་པས་བཅིངས། ཤེས་པ་རྣལ་དུ་མི་གནས་པར་སྨྱོ་རུ་གཞུག །ལུས་སེམས་རྡུལ་དུ་བརླག་པས་ནུས་པ་བཅོམ། བསྒྲལ་བའི་རྣམ་ཤེས་དབྱིངས་སུ་སྤར་ཞིང་ཤ་ཁྲག་ཞལ་དུ་བསྟབ་པ་སྟེ། གཞོབ་རོ་རྡོག་པས་བརྫིས་པ་ལྟར་མིང་མེད་དུ་དྲག་པོ་མངོན་སྤྱོད་ཀྱི་ལས་དྲུག་གིས་རྡུལ་དུ་བརླག་པར་བསམ་པས། དམ་ཅན་དང་ངན་སྔགས་ཉེ་བར་བསྙེན་པའི་གནད་ཚང་བས་གབ་པའི་སྔགས་དྲུག་གི་ལས་སྦྱོར་ཟུར་དུ་མི་དགོས་པར་བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་དུ་འགྱུར་བས་རྡོ་རྗེ་ཕུར་པའི་དྲག་སྔགས་ཀྱི་ཏིང་ངེ་འཛིན་ཆིག་དྲིལ་ཡིན་ཕྱིར་ཤིན་ཏུ་ཟབ་པ་སྟེ། དེ་ནི་རྒྱལ་པོའི་ཕོ་ཉ་འགྱེད་པ་ལྟ་བུའི་དམིགས་པ་དང༌། སྔགས་ཀྱང་སྤུ་གྲིའི་དྲག་སྔགས་བརྒྱད་ཅུ་རྩ་བཞི་པ་འདི་བཟླ་བ་སྟེ། སྒྲུབ་པ་དང་ལས་སྦྱོར་གཉིས་ལ་བཟླ་བྱའི་སྔགས་དང་ཏིང་འཛིན་གྱི་འཕྲུལ་ལྡེའུ་དུ་མ་ཡོད་ཀྱང་དད་བརྩོན་ཉམས་ལེན་ནུས་པ་དཀོན་པས་འདིར་མ་སྤྲོས། མདོར་ན་དེ་ཐམས་ཅད་ཀྱི་སྐབས་སུ་ཐུགས་དམིགས་མེད་ནམ་མཁའི་དཀྱིལ་ལྟར་དག་པའི་རིག་རྩལ་འགག་མེད་ཀྱི་ཆོ་འཕྲུལ་དུ་མ་གསལ་ལ་རྟོག་པ་མེད་པར་ཤར། ཤར་དུས་ཉིད་ནས་རང་བཞིན་མེད་པར་དག་པ། སྐྱེ་མེད་ཀྱི་ངང་ནས་རིག་པ་འཛིན་མེད་ཚོགས་དྲུག་ལྷུག་པར་བཞག་སྟེ་བསམ་མེད་མཐའ་བྲལ་དྭངས་སང་ངེ་བའི་གྲགས་སྟོང་འཛིན་མེད་ཀྱི་དགོངས་པ་མི་འགྱུར་བས་གཟེར་ཐེབས་པ་ནི་ཤིན་ཏུ་གཅེས་པའོ། །སྣང་གྲགས་རིག་པ་རྡོ་རྗེ་གཞོན་ནུའི་སྐུ་སྔགས་ཡེ་ཤེས་ཀྱི་རོལ་པས་སྣང་སྲིད་གཞིར་བཞེངས་སུ་མོས་པ་ཀཱི་ལ་ཡ་ལྷར་ཤེས་པ། དེ་ཐམས་ཅད་ཆོས་ཉིད་རང་བཞིན་གྱིས་དག་ཅིང་དབྱེར་མེད་དུ་ཤེས་པ་ཀཱི་ལ་ཡ་ཆོས་ཉིད་དུ་ཤེས་པ། མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་ཀཱི་ལ་ཡའི་སྔགས་གཅིག་བཟླས་པས་འགྲུབ་པའི་ངེས་ཤེས་བསྐྱེད་པ་ཀཱི་ལ་ཡ་འགུགས་གཞུག་ཏུ་ཤེས་པ་གསུམ་གལ་པོ་ཆེ་ཡིན་པར་ཕུར་གཞུང་སྤྱི་ལས་གསུངས། དེ་ལྟར་བཟླས་པའི་ཚེ་མྱུར་ཏེ་སྒྲ་འདྲེས་ན་འབྱམས་པའི་སྐྱོན། བུལ་ཞིང་འཆལ་ན་བྱེར་བའི་སྐྱོན། དྲག་ཅིང་སྒྲ་ཆེ་ན་བྱིན་རླབས་ཡལ། ཞེན་ཅིང་ཆུང་ན་ནུས་པ་མི་ཐོན། སྒྲ་དག་ཟུར་ཐོན་མ་འདྲེས་གསལ་དག་གིས་བྱིང་རྒོད་སོགས་སྔགས་དང་ཏིང་འཛིན་གྱི་སྐྱོན་སྤང་ཞིང་ཡོན་ཏན་ཚོགས་པས་བཟླ། ཐུན་མཐར་ཐབས་ཀྱི་ཡི་གེ་ཀཱ་ལི་ལན་གསུམ་གྱིས་སྐུ་བསྐྱེད་རིམ་མ་གསལ་མ་ཤེས། བརྡ་དོན་རྟགས་གསུམ་མ་འཕྲོད་པ་སོགས་དང༌། ཤེས་རབ་ཀྱི་ཡི་གེ་ཨཱ་ལི་ལན་གསུམ་གྱིས་གསུང་བཟླས་བརྗོད་སྔགས་སྒྲ་མ་དག་པ་དང་གྲངས་མ་ཚང་བ། གོ་རིམ་ནོར་ཞིང་སྔགས་དོན་མ་ཤེས་པ་སོགས་བཟླས་པའི་སྐྱོན། ཞི་ཁྲོ་ཀུན་འདུས་ཀྱི་སྙིང་པོ་ཡིག་བརྒྱ་ལན་གསུམ་གྱིས་ཐུགས་ཏིང་ངེ་འཛིན་གྱི་འཕྲོ་འདུའི་རིམ་པར་ནོར་འཁྲུལ་དང་མ་གསལ་བ་སོགས་འགལ་ཉམས་ཀྱི་ལྷག་ཆད་ཁ་བསྐང་ཞིང༌། ཡེ་དྷརྨཱས་བརྟན་པར་བྱ། ཐུན་མཐར་སྟོང་ཚིག་གི་མཆོད་བསྟོད་བསྡུས་པ་དང༌། དཀྱིལ་འཁོར་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་བྱ། དགོང་སྲོད་ཀྱི་ཐུན་ལ་སྲུང་འཁོར་གསལ་འདེབས་ཙམ་བྱས་ནས་དངོས་གཞིའི་ཏིང་འཛིན་གསུམ་ལ་འཇུག་པས་ཆོག །ཕྲེང་བ་བྱིན་བརླབ་ཀྱང་དོར། དགོང་སྲོད་ཀྱི་ཐུན་གང་རུང་མཐར་ཆོས་སྐྱོང་སྤྱི་དང་ཕུར་སྲུང་གི་གཏོར་འབུལ། ཕྱིར་ནང་ཐོར་ཐུན་མགོར་སྔོན་འགྲོ་རྒྱས་པ་དང་ཕྲེང་བ་བྱིན་བརླབ་བཅས་གོང་ལྟར་བྱ། སྔ་ཐུན་མན་ཆད་ཕྱི་ཐུན་ལྟར་བྱ། ཚོགས་མཆོད་འབྱོར་ན་སྲོད་ཐུན་ལ་མ་ཆག་པར་དགོས་ཤིང་མ་འབྱོར་ན་བསྙེན་སྒྲུབ་ཀྱི་དབུ་ཚུགས་པའི་དང་པོ་དང༌། གྲོལ་བའི་ཐུན་ཕྱི་མ། ཉ་སྟོང་བརྒྱད་གསུམ་དང་ཡར་མར་ཚེས་བཅུ་གཉིས་ལ་ངེས་པར་དགོས་ཤིང་ལྷག་མ་བཙོན་འཛིན་བྱ། ཐུན་མཚམས་སུ་སྣོད་བཅུད་ལྷ་དང་ཞིང་ཁམས་སུ་བལྟ་བཞིན་པས་ཐུགས་སྲོག་ཧཱུྃ་ལ་དམིགས་པ་རྩེ་གཅིག་པས་ཉལ་བ་བསྐྱེད་རིམ། སྣོད་བཅུད་བསྡུས་ཏེ་བདག་ལྷར་གསལ་བ་གནས་གསུམ་གྱི་འབྲུ་གསུམ་ལ་བསྡུ། དེ་ཡང་ཨོཾ་ཨཱཿཧཱུྃ་རྣམས་གཅིག་ལ་གཅིག་ཐིམ་གྱིས་མཐར་བློ་འདས་སྟོང་པ་ཉིད་ཀྱི་ངང་དུ་ཉལ་བ་རྫོགས་རིམ་སྟེ་གང་རུང་གི་ཉལ་བའི་རྣལ་འབྱོར། རྫོགས་རིམ་གྱི་ངང་དུ་ཉལ་ན་གཉིད་སད་མ་ཐག་མི་རྟོག་པའི་ངང་ལས་ཡེ་ཤེས་སྒྱུ་མའི་སྐུར་བཞེངས་པར་མོས་ལ། ཧཱུྃ་ཧཱུྃ་ཧཱུྃ་གིས་རྡོ་རྗེ་གཞོན་ནུ་ཞལ་གཅིག་ཕྱག་གཉིས་པ་དང༌། ཕཊ་ཕཊ་ཕཊ་ཀྱིས་ཁམས་གསུམ་ལྷ་ཡི་དཀྱིལ་འཁོར་དུ་སྤྲོ། བསྐྱེད་རིམ་གྱི་ངང་དུ་ཉལ་ན་མདུན་མཁར་ཡེ་ཤེས་ཀྱི་མཁའ་འགྲོས་སྔགས་དང་ཅང་ཏེའུའི་སྒྲས་འགྲོ་བའི་དོན་དུ་བཞེངས་པར་བསྐུལ་བས་ཐུགས་ཀའི་འོད་ཟེར་གྱིས་བདག་དང་སྣོད་བཅུད་ལྷ་ཡི་འཁོར་ལོར་སད་པ་ལྡང་བའི་རྣལ་འབྱོར། བཟའ་བཏུང་ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབས་པ་ལག་གཉིས་དགང་གཟར་བླུགས། ཁ་ཐབ་ཁུང༌། ལྟེ་བའི་གཏུམ་མོའི་མེས་ལུས་གང་བའི་ནང་དུ་ཕུར་པའི་ལྷ་ཚོགས་རྩ་གསུམ་ཆོས་སྐྱོང་དང་བཅས་པ་གསལ་བ་ལ་དྭངས་མ་ཕུལ་བས་དགྱེས་ཤིང༌། ཆགས་ཞེན་སྲེད་པ་བྲལ་བས་རོལ་ནས་ལྷག་མ་ཨོཾ་ཨཱཿཧཱུྃ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱས་བསྔོ་བ་ཁ་ཟས་ཀྱི་རྣལ་འབྱོར། ཐུན་མཚམས་སུ་རྩ་དུམ་དང་རྡོ་རྗེ་ཁྲོས་པ་སོགས་རྒྱུད་ཆོ་ག་དང་ལྡན་པས་བཀླག །ཆུ་གཏོར། བསང༌། གསུར། མཎྜལ། མེ་མཆོད་སོགས་ཆོས་སྤྱོད་ཀྱི་བྱ་བ་ལས་སྙོམ་ལས་ཀྱི་ངང་དུ་མི་སྡོད་པར་ཆོས་སྤྱོད་འབའ་ཞིག་བྱ། ཕྱི་ནང་ལུས་སེམས་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དམ་བཅུ་ཡི་རང་བཞིན་དུ་ཤེས་པས་སྣང་སྤྱོད་ཐ་མལ་དུ་མ་ཤོར་བར་ཁྱེར་སོ་གསུམ་དང་མ་བྲལ་བས་སྙེམས་རྟོག་སྤང་བླང་རེ་དོགས་བཅོས་བསླད་བཟང་ངན་རོ་མཉམ་དུ་བལྟ་བའི་སྤྱོད་ལམ་གྱི་རྣལ་འབྱོར་ཏེ་བཞི་དང་ལྡན་པར་གཅེས་ཤིང༌། དེ་ལྟ་བུའི་བསྙེན་སྒྲུབ་ལས་གསུམ་དུས་ཀྱི་དབང་དུ་བྱས་ན་རྒྱས་པར་བསྙེན་སྒྲུབ་སོ་སོར་ཟླ་བ་དྲུག་རེ་སྟེ་ཁྱོན་ལོ་གཅིག །ལས་སྦྱོར་ཟླ་བ་གཅིག་དང༌། ཡང་ན་བསྙེན་སྒྲུབ་གཉིས་ལ་ཟླ་བ་གསུམ་གསུམ། ལས་སྦྱོར་ཞག་བཅོ་ལྔ། འབྲེལ་འཇོག་ཙམ་ལ་བསྙེན་སྒྲུབ་ཞག་བཅུ་བཞི་རེ། ལས་སྦྱོར་ཉིན་ཞག་གསུམ་ཙམ་རུང་ལ། གྲངས་བསྙེན་གཙོ་བོར་བྱེད་ན། ཀཱི་ལ་ཡ་འབྲུ་དགུ་པ་བྱེ་བ་གསུམ་དང་འབུམ་བཞི། འབྲུ་བཅུ་བདུན་པ་ཉིད་བདུན་འབུམ་ཉི་ཁྲི། ཁྲོ་བཅུ་དང་སྲས་མཆོག་ཁྲི། སྒོ་མ་བཀའ་སྡོད་རྣམས་སྟོང་ལྔ་ཙམ་དང༌། ལས་སྦྱོར་འབུམ་ཕྲག་གམ་ཁྲི་ལྔ་གསུམ་གང་འོས་རྒྱས་པ་དང༌། བསྙེན་སྔགས་འབྲུ་འབུམ། སྒྲུབ་སྔགས་འབུམ་བཞི། ལས་སྦྱོར་ཁྲི་གཅིག་འབྲིང༌། བསྙེན་སྒྲུབ་ཀྱི་སྔགས་འབུམ་བཞི། ལས་སྦྱོར་ཅི་ནུས་བྱས་ཀྱང་ལས་རུང་ཙམ་དུ་འགྱུར་རོ། །དེ་དག་གི་ཚེ་བསྙེན་སྒྲུབ་ལས་གསུམ་གང་སྐབས་སུ་བབ་པ་དེ་བཟླས་པའི་གཙོ་བོར་བྱ། གཞན་རྣམས་ཁྱུག་ཙམ་བྱས་པས་ཆོག་གོ །མཚན་མའི་བསྙེན་པ་རྟགས་མཐོང་གི་བར་དུ་སྟེ། གཞུང་རྣམས་ལས་ལྷ་གྲུབ་པའི་རྟགས་མཚན་རྣམས་དངོས་ཉམས་རྨི་ལམ་དུ་འབྱུང་བར་གསུངས་པ་ལྟར་རོ། །ད་ལྟའི་བར་ལྷག་པའི་ལྷ་མཆོག་འདི་ཉིད་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་བར་ཆད་ལས་རྒྱལ་ཞིང༌། དངོས་གྲུབ་ཀྱི་ཚན་ཁ་བརྙེས་པ་བར་མ་ཆད་པར་བྱུང་བ་བཞིན་ཡིད་ཆེས་དད་བརྩོན་མོས་པས་བསྙེན་སྒྲུབ་ལས་སྦྱོར་ལ་འབད་པས་ཐུན་མོང་དང་མཆོག་གི་དངོས་གྲུབ་ཐོབ་པར་སོམ་ཉི་མེད་པའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། དུས་གྲངས་མཚན་མའི་བསྙེན་པ་རྫོགས་ནས་དངོས་གྲུབ་ཀྱི་ལས་ལ་སྦྱོར་བ་སྟེ། མཆོད་གཏོར་བཟང་དུ་བཤམས། གཏའ་གཏོར་རྙིང་པ་ཁ་གསོ། བྷཉྫ་མཚན་ལྡན་དུ་ཆང་བཟང་པོ་ཨ་མྲྀ་ཏ་དང་མངར་གསུམ་བཏབ་པ་དང༌། དངོས་གྲུབ་ཀྱི་རྫས་དབུས་སུ་རིན་པོ་ཆེ་འབར་བ། ཕྱོགས་བཞིར་ཞི་རྒྱས་དབང་དྲག་གི་བཤོས་བུ་ཟས་སྣས་བྲུམ་ཐབས་སུ་བསྐོར་བ་དང༌། ཚེ་འབྲང་དང༌། ཚེ་ཆང་ཡང་བཤམས་ལ། ནུབ་ཐ་མའི་ཐོར་ཐུན་སྐབས་ཚོགས་བསྒྲལ་བསྟབ་ཀྱི་བར་ལས་གཞུང་ལྟར་བཏང་རྗེས། བདག་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་གསང་གནས་སུ་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་དང༌། སྡུད་བྱེད་ཀྱི་སྙིང་པོ་བུ་གར་ཨོཾ་དཀར་པོས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨེ་གྲུ་གསུམ་གྱི་དབུས་སུ་འབེབས་བྱེད་ཀྱི་སྙིང་པོ་ཨེ་དམར་པོས་མཚན་པར་བསམ་ལ། མཁའ་གསང་སྦྱར་ཏེ་སྙོམས་པར་ཞུགས་པས། ཡུམ་གྱི་དུང་ཁང་ན་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ཚོན་གང་བ་བཞུགས་པ་རྣམས་བསྐུལ། སྙོམས་པར་ཞུགས་པས་ཡབ་ལྔའི་བྱང་སེམས་མུ་ཏིག་དཀར་པོ། ཡུམ་ལྔའི་དྭངས་མ་མཚལ་ལྟ་བུ་རྩ་དབུ་མ་ནས་བྱུང་ཡུམ་གྱི་མཁར་བབ་དཀར་དམར་འདྲེས་ནས་དངོས་གྲུབ་ཀྱི་རང་བཞིན་དུ་འཁྱིལ་བ་དེ་ཨོཾ་ཨཱཿཧཱུྃ་གསུམ་དུ་གྱུར་པ། བདག་ཉིད་ཀྱི་རྡོ་རྗེའི་ནང་དུ་རྔུབས་ཏེ་ཐུགས་སྲོག་ཧཱུྃ་ལ་ཐིམ། ཐུན་མོང་གི་ཚེ་བསོད་དཔལ་དང་གྲགས་པ་རྒྱས། སྣང་བ་དབང་དུ་འདུས། གཟི་བརྗིད་འོད་དུ་འབར། ལོ་བཅུ་དྲུག་གི་ན་ཚོད་དུ་གྱུར། མཆོག་གི་དངོས་གྲུབ་བདེ་སྟོང་འཛིན་མེད་རང་བྱུང་གི་ཡེ་ཤེས་འབར་བར་བསམ་ལ། སྒྲུབ་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཨཱཿཞེས་བཏགས་པ་བརྒྱ་སྟོང་སོགས་དྲག་ཏུ་བཟླ། མཐར་ཕྲེང་བ་ལག་གཡས་སུ་ཐོགས། གཡོན་པའི་མཛུབ་མོ་དང་མཐེའུ་ཆུང་བསྒྲེངས། གུང་སྲིན་མཐེ་བོང་སྦྱར་བ་རྟ་མཆོག་གི་ཕྱག་རྒྱ་བྱས་ཏེ། ཐུགས་སྲོག་འོད་ཟེར་གྱིས་བསྐུལ་བས་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་དང༌། ཁྱད་པར་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་དང༌། མཆོག་ཐུན་མོང་གི་དངོས་གྲུབ་ཡིད་ལ་འདོད་པ་ཐམས་ཅད་དངོས་གྲུབ་ཀྱི་རྫས་ལ་དྲག་ཏུ་ཐིམ་པས་རྫས་རྣམས་འདོད་དགུ་འབྱུང་བའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུྃ་བྃ་ཧོཿ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱིཿ ཞེས་བཟླས་པས་རྟགས་མཐོང་བའམ། ཐོར་ཐུན་གྱི་སྐྱ་རེངས་དང་པོར་ཤར་བ་དང༌། ཐོད་པར་ཆང་དང་མངར་གསུམ་སྦྱར་བ་སྨན་མཆོད་ལྟར་བྱིན་བརླབས་ཏེ་བརྒྱུད་མཆོད་མཐར། མ་ཧཱ་རཀྟ་ཁཱ་ཧི༔ ཞེས་སྦྲེལ་བས་མཆོད། ཐལ་མོ་སྦྱར་ལ། ཨོཾ༔ དཔལ་ཆེན་འབར་བ་ཀཱི་ལ་ཡ༔སོགས་དངོས་གྲུབ་བསྐུལ་ཞིང་གསོལ་བ་བཏབ་ལ། སྔགས་དངོས་གྲུབ་ཀྱི་ཤམ་བུ་ཅན་བརྗོད་པས་ལྷ་དང་དངོས་གྲུབ་འོད་དུ་ཞུ། བདག་གི་ཐུགས་སྲོག་ལ་བསྡུ་ཞིང་དབྱེར་མེད་དུ་བསམ་ལ། སྒྲུབ་རྟེན་ཕུར་བུ་དང་གཏའ་གཏོར་ལྷར་གསལ་བ་གནས་གསུམ་དུ་གཏུགས་ཤིང༌། རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པར་གསོལ་བ་གདབ། ལྷ་འོད་དུ་ཞུ་བའི་གཏོར་རྫས་མྱངས་པས་རྩ་ཁམས་ལ་ཡེ་ཤེས་ཀྱིས་ཁྱབ་པར་མོས། དངོས་གྲུབ་ཀྱི་རྫས་ཆ་བཞིར་བགོས་པའི་གཅིག་བླ་མ། གཅིག་རིག་འཛིན། གཅིག་བདག་གིས་རོལ། གཅིག་སྒྲུབ་གྲོགས་ལ་སྟེར། ནམ་ལངས་པ་དང་རང་གཞུང་གི་རྒྱུན་གཏོར་དང་སྲུང་མའི་གཏོར་ཆོག་རྣམས་རྒྱས་པར་བྱ། ལྷག་ཆོག་དང་སྦྲེལ་ཏེ་ལྷག་མ་བཙོན་འཛིན་བྱས་པ་རྣམས་དང་བཅས་བཏང༌། སྨོན་ལམ་དང་བཟོད་གསོལ་བྱ། སྒྲུབ་གཏོར་ཆ་གསུམ་དུ་བགོས་པའི་ཆ་གཅིག་སྒྲུབ་ཁང་དུ་གཏེར་དུ་སྦ། ཆ་གཅིག་སྦྱིན་སྲེག་ཏུ་འབུལ། ཆ་གཅིག་གཏོར་མ་གཞན་དང་བསྡེབས་ནས་ཆད་མདོའི་སྐབས་སུ་འབུལ། བརྟན་མ་རྟ་བྲོ་བཅས་གྲུབ་པ་དང་ཚེ་འགུགས་བྱ། དཀྱིལ་འཁོར་ལ་གཏང་རག་གི་མཆོད་བསྟོད་རྒྱས་པ་དང༌། ཡེ་ཤེས་པ་དཀྱིལ་འཁོར་དང་སྒྲུབ་རྟེན་ལ་བརྟན་བཞུགས། དམ་ཚིག་པ་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན། བསྙེན་མཚམས་ཀྱི་ཁོང་དེ་གར་ཞི་བའི་སྲེག་བླུགས་ཀྱང་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་བསགས། རྒྱལ་ཐོ་ལ་མཆོད་བསྟོད་གཤེགས་གསོལ་བཅས་ཐུན་གྲོལ། དེ་ནས་བག་གསེང་ཞིང་གནས་སྲུང་སོགས་སྤྱི་ལྟར་བྱས་པས་བསྙེན་སྒྲུབ་ལས་གསུམ་ཆིག་དྲིལ་ལེགས་པར་གྲུབ་པའོ། །མེད་སྣང་སྲིདྃ་པྃ་རྒྱུ་འབྲས་ཀུན་ཉོན་ལྕགས། །དག་མཉམ་རྡོྃ་རྗེྃ་གསེར་འགྱུར་རྩིས་ཐེབས་པས། །ཡེ་ཤེས་རྣོ་དབལ་ཕུརྃ་བུྃའི་རིན་ཐང་གིས། །ལྕིད་པའི་འཕྲུལ་འཁོར་མི་བརྩོན་ཤེས་ལྡན་སུ། །གཉིས་པ་མཚན་མ་རྫས་ཀྱི་ཕུར་པ་བརྣག་པའི་དགྲ་བགེགས་ལ་བཏབ་པས་སྲིད་པ་རྡོ་རྗེ་ཕུར་བུ་སྒྲུབ་པའི་ཚུལ་ནི། བཛྲ་གཱིརྟི་ལས། རྟེན་འབྲེལ་སྣང་ཚུལ་མ་འགག་འདུས་བྱས་ཀྱི་ཕུར་བུ། །ཉོན་མོངས་རང་གར་ཤོར་བའི་དགྲ་བགེགས་ལ་ཐེབས་པས། །ལས་ཉོན་རྒྱུན་ཐག་གཅོད་པའི་དཀྱིལ་འཁོར་གྱི་ཀློང་ནས། །སྲིད་གསུམ་ཡོངས་སྒྲོལ་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང༌། །ཞེས་གསུངས་པའི་དགོངས་པ་སྟེ། གཏེར་གཞུང་ལས། རྡོ་རྗེ་ཕུར་བུའི་ཕྲིན་ལས་མཐར་ཐུག་པ་ནི་སྒྲོལ་བ་སྟེ༔ ཞེ་གནག་ཅིང་གདུག་རྩུབ་དང་ལྡན་པའི་སྔགས་པས་ལས་དེ་ཀ་ལ་བརྩོན་པར་བྱ་སྟེ༔ རྒྱུད་ལས༔ སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི༔ བསད་ཅིང་མནན་པ་མ་ཡིན་ཏེ༔ ཕུང་པོ་རྡོ་རྗེར་གཏམས་བྱས་ནས༔ རྣམ་པར་ཤེས་པ་རྡོ་རྗེར་བསྒོམ༔ ཞེས་པ་སྟེ༔ གང་བསྒྲལ་བྱའི་གདུལ་བྱ་ནི་སངས་རྒྱས་ཀྱི་བསྟན་པ་བཤིག་པ་སོགས་ཞིང་བཅུ༔ ཕ་མ་མཁན་སློབ་གསོད་ཅིང་རྡོ་རྗེའི་སྤུན་གྱི་ནང་དམེ་སོགས་ཉམས་པ་བདུན་དང་ལྡན་པའི་གདུག་པ་ཅན་ཞི་བས་མི་ཐུལ་བའི་རིགས་ལ༔ གང་གིས་སྒྲོལ་བའི་རྣལ་འབྱོར་པ་བསྙེན་སྒྲུབ་ཀྱི་དྲོད་ཐོབ་ཅིང་རྫོང་འཕྲང་སྲོག་གི་གནད་ལ་མཁས་པས༔ ཐབས་ལྷ་སྔགས་ཏིང་འཛིན་གསུམ་གྱིས་གཟིར་བས༔ བསྒྲལ་བའི་ལས་ལ་ཞུགས་ན་རང་གི་ནུས་པ་ཚད་དུ་ཐོན་ཅིང༔ ས་ལམ་གྱི་བར་ཆད་སེལ༔ ལྟ་དགོངས་ལ་ངར་ཐོན༔ གཞན་དོན་དུ་སངས་རྒྱས་ཀྱི་བསྟན་པ་རྒྱས་ཤིང༔ གདུག་པ་ཅན་ཐར་ལམ་ལ་འགོད་པར་འགྱུར་བས༔ ཐེག་པ་ཆེན་པོའི་དཔའ་བོས་ཡལ་བར་དོར་ན་བློ་ཆུང་བའི་སྐྱོན་དང༔ ཉེས་པ་ཡུན་རིང་དུ་བསྐྱེད་པས་ན་རྡོ་རྗེ་ཕུར་བུ་སྒྲུབ་པའི་གང་ཟག་གིས་བརྩོན་པར་བྱ་བའི་གནས་ནི་དྲག་པོའི་ལས་ཡིན་ནོ༔ ཞེས་སྤྱིར་གདམས་པའི་དོན་ཉམས་སུ་ལེན་པའི་ལག་ལེན་བཤད་པ་ལ། ཕུར་པ་རྡོ་རྗེ་བཀོད་པའི་རྒྱུད་ལས། གང་ལ་དམིགས་པའི་ངོ་བོ་ལ། །གདབ་པའི་ལས་དག་བྱས་ནས་ནི། །རྣམ་ཤེས་དབྱིངས་སུ་ཡང་དག་སྦྱར། །ལྷག་མ་ལྷ་ལ་མཆོད་པར་བྱ། །ཞེས་གསུངས་པའི་དགོངས་དོན་རྒྱས་པར་འགྲོལ་བ་ལ་ཡང༌། ཐོག་མར་རྒྱུད་ཀྱི་གནད་ཐོ་བཅུ་གཉིས་ཀྱི་སྒོ་ནས་མངོན་སྤྱོད་ཀྱི་ལས་མཐར་ཕྱིན་པར་བྱེད་པ་དྲག་པོ་སྒྲོལ་བའི་རྗེས་སུ་གནང་བ་མ་ཐོབ་པར་ལས་ལ་འཇུག་ཏུ་མི་རུང་ཞིང༌། ཞུགས་ཀྱང་འབྲས་བུ་མི་འབྱུང་བས། དེའི་རྣམ་གཞག་ཞིབ་གསལ་དབང་ཆོག་ཏུ་གསལ་བ་བཞིན་བརྒྱུད་ལྡན་གྱི་བླ་མ་ལས་ནོས་ཤིང་གནད་དོན་ཤེས་པར་བྱས་ནས་ཉམས་ལེན་གྱི་ལམ་དངོས་ཀྱི་རྣམ་གཞག་ཅུང་ཟད་སྨོས་པ་ལ་དྲུག་ལས། དང་པོ་གང་བསྒྲལ་བའི་ཡུལ་ནི། ཉམས་པ་བདུན་ལྡན་དང༌། ཞིང་བཅུ་ཚང་བ་སྟེ། ཉམས་པ་བདུན་ནི། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། སྲོག་དོན་བཀའ་དམ་ལས་ཀྱིས་ཉམས། །མཚན་མས་ཉམས་པར་གྱུར་པ་དང༌། །འདོད་པས་འགྱུར་བས་ཉམས་དང་བདུན། །བསྒྲལ་བའི་ཞིང་ནི་དམ་པར་བཤད། །ཅེས་གསུངས་པའི་དོན། དང་པོ་སྲོག་ལས་ཉམས་པ་ནི། རང་གི་ཕ་མ་མཁན་པོ་སློབ་དཔོན་རྣམས་གསོད་པ་དང༌། རྡོ་རྗེ་སྤུན་གྱི་ནང་དུ་དམེ་བྱས་པ་རྣམས་ཡིན་ལ། གཉིས་པ་དོན་ལས་ཉམས་པ་ནི། གོང་དུ་བཤད་པའི་ཡུལ་དེ་དག་ལ་སྐུར་པ་འདེབས་པའི་གཞི་བྱེད་པ། ལྟ་བ་རྒྱབ་ཏུ་བོར། ལོག་པ་དང་དུ་ལེན། སངས་རྒྱས་ཀྱི་བཀའ་དོར། བཀའ་ཕྱིན་ཅི་ལོག་ཏུ་དཀྲུགས་པ་ལ་མཁས་པའོ། །གསུམ་པ་བཀའ་ལས་ཉམས་པ་ནི། གསང་སྔགས་ཚུལ་བཞིན་སྤྱོད་པ་ལ་གཤུང་དང་མཚང་འབྲུ་བ་དང་ཡ་ག་སྒྲོགས་པ། བཀའ་ལ་སྐུར་པ་འདེབས་པ། འཁོར་རྣམས་ལོག་པར་ཁྲིད་པ་སོགས་ཡིན་ལ། བཞི་པ་དམ་ལས་ཉམས་པ་ནི། རྡོ་རྗེ་སློབ་དཔོན་གྱི་བཀའ་བསླུས་ཏེ་ངན་སེམས་བྱེད་པ། གསང་སྔགས་དང་ཕྱག་རྒྱའི་རྒྱུན་གཅོད་པ། གསང་ཆོས་རྒྱུད་མ་སྨིན་པ་ལ་སྤེལ་བ་རྣམས་ཡིན་པར་བཤད། ལྔ་པ་ལས་ཀྱིས་ཉམས་པ་ནི། ལས་ཀྱིས་སྔོན་ཆད་འཁོན་པའི་གཞི་མེད་པར་ཉེས་མེད་གཞན་ལ་རྒོལ་ཞིང༌། བདག་གིས་ཉེས་པར་མ་བྱས་ཀྱང་བདག་ལ་མཐུ་རྩལ་གྱིས་འདེབས་པར་བྱེད་པ་རྣམས་ཡིན་ཞིང༌། དྲུག་པ་མཚན་མས་ཉམས་པ་ནི། གཉིས་མེད་དོན་ལ་ཕྱོགས་ཆར་འཛིན་པ། སྒྲོ་སྐུར་གཉིས་ཀྱིས་རས་ཆོད་བྱེད་པ། སྐྱེ་མེད་ཀྱི་ཆོས་ལ་མཚན་མར་བཟུང་བ། ལྷ་སྲིན་མ་ལུས་པ་བྲན་དུ་མ་ཁོལ་བཞིན་དུ་ང་ཉིད་དཔལ་ཆེན་པོ་ཡིན་ནོ་ཞེས་འཇིག་རྟེན་བླུན་པོ་རྣམས་བསླུ་བའི་རྫུན་ཆེན་པོ་སྨྲ་བ། གཞན་ལ་ཁྲོ་ཞིང་འཚེ་བར་བྱེད་པ་རྣམས་ཡིན་པར་གསུངས། བདུན་པ་འདོད་པས་ཉམས་པ་ནི། ཤེས་རབ་གསུམ་གྱི་རྩལ་མེད་པར་མཐུ་རྩལ་ཆེན་པོ་འདོད་པས་ལས་ཀྱི་གཙོ་བོ་མཚན་མར་སྤྱོད་པ། འཇིག་རྟེན་ལས་མ་འདས་པའི་ལྷ་འདྲེ་ལ་གསོལ་བ་འདེབས་ཤིང་རང་གི་གདོང་ཁྲག་གིས་བྱུགས་པ་ལ་སོགས་པའི་སྒོ་ནས་སྤྱོད་པའི་གཞུང་བཟང་པོ་བོར་ཞིང༌། མི་འཚམ་པའི་སྤྱོད་ངན་ཐོ་ཅོ་བརླང་པོར་སྤྱོད་པས་བཀའ་དང་གཞུང་ལུགས་སྨད་ནས་བཟའ་བཏུང་འདོད་པས་སྒྲུབ་པའི་ལོངས་སྤྱོད་བརྐུ་བ་རྣམས་ཡིན་པར་བཤད་དོ། །གཞན་ཡང་ཁྲག་འཐུང་རྩ་བའི་རྒྱུད་ལས། སངས་རྒྱས་བསྟན་པ་བཤིག་པ་དང༌། །དཀོན་མཆོག་དབུ་འཕང་སྨད་པ་དང༌། །དགེ་འདུན་འདུ་བའི་སྒོ་འཕྲོག་དང༌། །ཐེག་ཆེན་ཆོས་ལ་སྨོད་པ་དང༌། །བླ་མའི་སྐུ་ལ་བསྡོ་བ་དང༌། །རྡོ་རྗེ་ནང་དབྱེན་བྱེད་པ་དང༌། །སྒྲུབ་ལ་བར་ཆད་བྱེད་པ་དང༌། །གང་ཞིག་དམ་ལས་ལོག་པ་དང༌། །སྙིང་རྗེ་མེད་པའི་སྲིན་པོ་དང༌། །མུ་སྟེགས་ལོག་ལྟར་གཏོགས་པ་དང༌། །སྒྲུབ་པ་པོ་ལ་དོ་བསྡོ་བ། །འདི་རྣམས་བསྒྲལ་བའི་ཞིང་བཅུ་ཡིན། །ཞེས་གསུངས་པ་ལྟར་བྱ་བ་མ་ཡིན་པ་བརླང་པོར་སྤྱོད་པའི་ལས་ངན་གྱི་སེམས་ཅན་བསྒྲལ་བའི་ཞིང་དུ་གྱུར་པ་རྣམ་པ་བཅུར་གསུངས་པ་དེ་དག་སྟེ། ཞི་བའི་ཕྲིན་ལས་ཀྱི་ཆོས་བསྟན་ཅིང་རྗེས་སུ་འཛིན་པས་གདུལ་ཞིང་དུ་མ་གྱུར་པ་གདུལ་དཀའ་རྣམས་སྤྱིར་བྱང་ཆུབ་སེམས་དཔའི་ཐུགས་རྗེས་བཟུང་བ་ལ་ངོ་མཚར་ཆེ་བ་བདག་ཅག་གི་སྟོན་པ་ཤཱཀྱའི་རྒྱལ་པོ་དང་གུ་རུ་རིན་པོ་ཆེ། རྗེ་བཙུན་སྒྲོལ་མ་ལྟ་བུའི་རྣམ་ཐར་ཡིན་ལ། ཁྱད་པར་རྡོ་རྗེ་ཐེག་པའི་ལམ་གྱིས་དེ་དག་འདུལ་བ་ནི། གནས་སྐབས་བསྟན་འགྲོ་ལ་གནོད་སྦྱོར་རྒྱུན་ཆད་པ་དང༌། མཐར་ཐུག་བསྒྲལ་བྱ་དེ་ཉིད་ལས་ངན་བསམ་སྦྱོར་རྒྱུན་ཆད་ཅིང༌། རྡོ་རྗེའི་ས་ལ་སྦྱོར་བའི་གཞན་ཕན་མི་ཟད་པ་ཡིན་པས་གདུལ་དཀའ་ཚར་གཅོད་པའི་ཕྲིན་ལས་ཞེས་བསྔགས་པའོ། །གཉིས་པ་གང་གིས་སྒྲོལ་བའི་སློབ་དཔོན་ནི། གཞི་ཡི་སེམས་ཞེས་མ་བཅོས་སྤྲོས་མེད་ཆོས་སྐུའི་དགོངས་པ་ཟང་ཐལ་ཁྱབ་བརྡལ་ཐིག་ལེ་ཉག་གཅིག་འོད་གསལ་ནམ་མཁའ་ལྟ་བུའི་དོན་ལ་གོམས་པ་བརྟན་པོར་གྱུར་པས་ལྟ་བའི་རྫོང་ཟིན་ཅིང་རྟོགས་པས་བདག་བསྒྲལ་བ༌། ཕྱི་སེམས་དོན་དམ་དམིགས་མེད་ཀྱི་དགོངས་ཀློང་དང་དབྱེར་མེད་པ་གདངས་ཀུན་རྫོབ་སྒྱུ་མ་ལྟ་བུའི་སྙིང་རྗེའི་རྩལ་མདངས་ཤུགས་དྲག་མ་འགག་པའི་ཚུལ་དུ་ལྷམ་མེར་གསལ་བས་བསྐྱེད་བཟླས་རྫོགས་གསུམ་ཆར་བྱིང་རྒོད་ཀྱི་འཕྲང་ལས་བརྒལ་ནས་གདུལ་དཀའི་སེམས་ཅན་ངན་འགྲོ་མུ་མཐའ་མེད་པ་འཁོར་བར་བཟོད་དུ་མེད་པ་དུས་མཐའི་མེ་འབར་བ་ལ་མི་བཟོད་པའི་བྱམས་སྙིང་རྗེའི་རྩིས་ཟིན་པའི་རྣམ་འགྱུར་དྲག་པོའི་ལས་སྦྱོར་བཙན་ཐབས་ཀྱི་སྦྱོར་བས་བསྒྲལ་ཀྱང༌། སྒྱུ་མ་མིག་ཡོར་གྱི་སེམས་སྣང་ཙམ་ལས་བྱས་བསགས་ལས་ངན་གྱི་ཁུར་དུ་མི་འགྱུར་བའི་ཐབས་མཁས་ཀྱིས་ཞེ་སྡང་གི་སེམས་གདུག་ཅིང་རྩུབ་པ་དུས་མཐའི་མེ་ལྟར་དྲག་ཤུལ་དཔའ་བོ་རོལ་པའི་སྤྱོད་པ་འཇིགས་མེད་སེང་གེ་ལྟ་བུའི་བརྟུལ་ཞུགས་རང་དོན་ཡིད་བྱེད་ཀྱི་སྲོག་འཕྲོག་ནུས་པའི་གདིང་ཆེན་དང་ལྡན་པས། དྲག་པོའི་ཆས་དང་ཡོ་བྱད་འཇིགས་ཤིང་ཡ་ང་བ་ཡང་ཉེར་བསྡོག་བྱ་དགོས་སོ། །གསུམ་པ་ཇི་ལྟར་སྒྲོལ་བའི་ཐབས་ནི། དང་པོ་ཡེ་ཤེས་ཀྱི་ལྷ་བསྙེན་པ། དམ་ཅན་ཉེ་བར་བསྙེན་པ། གསང་སྔགས་ཉེ་བར་བསྙེན་པ་གསུམ་གྱིས་རྟགས་མཐོང་བར་བྱས་པས་སྟོད་ལས་ཀྱི་སྒྲུབ་པ་གྲུབ་ནས། གཉིས་པ་སྨད་ལས་ཀྱི་དང་པོ་བསྙེན་པས་སྔ་མའི་ནུས་པ་ཁ་གསོས་ཏེ། གཉིས་པ་སྒྲུབ་པ་ལ། ལྷ་དང་ཕྲལ་བ། གཟུགས་ལ་དབབ་པ། བྱད་དུ་གཞུག་པ། སྨྱོ་རུ་གཞུག་པ། རྡུལ་དུ་རློག་པ། ཞལ་དུ་སྟོབ་པ། དེ་རེ་རེ་ལའང༌། ཕོ་ཉ། འཕྱང༌། སྔགས། རྫས། ཏིང་འཛིན། དམོད་པ་སྟེ་དྲུག་དྲུག་སུམ་ཅུ་རྩ་དྲུག་གིས་ཉམས་སུ་བླང་བས་ལས་མཐར་ཕྱིན་པར་བྱས་ནས། གསུམ་པ་ལས་སྦྱོར་གྱི་སྒོ་ནས་དགྲ་ལས་དངོས་གྲུབ་བླང་བ་དང༌། ལྷ་ལས་དངོས་གྲུབ་བླང་བ་སྟེ། ལས་ཀྱི་ཁ་སྐོང་ཞིང་མཇུག་བསྡུ་བའི་ཕྱིར། བསྲེག་འཕང་མནན་གསུམ་གྱིས་ཕྲིན་ལས་ཀྱི་ཁ་སྐོང་བ་དང༌། གསོ་བ་གསུམ་གྱིས་ཕྲིན་ལས་ཀྱི་མཇུག་བསྡུ་བ་སྟེ། དེ་དག་ནི་ཕུར་པ་མཁན་པོ་གདབ་ལས་ཀྱིས་འཚང་རྒྱ་བར་གྲགས་པའི་མངོན་སྤྱོད་ཀྱི་མན་ངག་གི་གནད་སྤྱི་དོན་བསྟན་པ་ཙམ་སྟེ་ལག་ལེན་གྱི་རིམ་པ་ཞིབ་པར་སྨད་ལས་ཆོག་ཁྲིགས་སུ་བཤད་པར་བྱའོ། །བཞི་པ་མ་བསྒྲལ་བའི་སྐྱོན་ནི། །རྫོང་འཕྲང་སྲོག་གི་གདིང་དང་ལྡན་ལ་བྱམས་དང་སྙིང་རྗེའི་གཞན་དབང་དུ་གྱུར་པའི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོས་བསྒྲལ་བའི་མཐུ་ཡོད་བཞིན་དུ་མ་བསྒྲལ་བར་བཏང་སྙོམས་སུ་བཞག་ན། སྤྱིར་བླ་མ་རྡོ་རྗེ་སློབ་དཔོན་མཆེད་ལྕམ་འཁོར་ལོའི་འདུས་པ་རྣམས་དང༌། ཁྱད་པར་སངས་རྒྱས་ཀྱི་བསྟན་པ་ལ་རྣམ་པར་འཚེ་བའི་གནས་འཇིགས་སུ་རུང་བར་ཡོད་ཅིང༌། སྐྱེ་དགུ་སེམས་ཅན་ཡོངས་ཀྱི་གནས་སྐབས་མཐར་ཐུག་གི་ཕན་བདེའི་ཤུལ་ལམ་བཟང་པོ་དག་ཉེ་བར་འགོག་སྟེ་ཕྱིན་ཅི་ལོག་པའི་ལས་ངན་པའི་གཡང་ས་ཆེན་པོར་མྱུར་དུ་འཁྲིད་པར་འགྱུར་བ་དང༌། ཉམས་པ་དེ་ཉིད་ཀྱང་ལས་ངན་པའི་རྒྱུས་འབྲས་བུ་མནར་མེད་རྡོ་རྗེ་དམྱལ་བར་བསྐལ་པའམ་ནམ་མཁའ་མ་ཞིག་བར་དེ་སྲིད་དུ་ཐར་པའི་གོ་སྐབས་མེད་པར་དུཿཁ་དྲག་པོ་སྐྱི་གཡའ་བས་མནར་བར་འགྱུར་བ་ལ། ཐུགས་རྗེའི་དཔྱང་ཐག་ཟབ་མོས་མ་བཏབ་པའི་ཉེས་པ་དང༌། གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་མཁས་ཟབ་མོས་མྱུར་དུ་གནས་ངན་ལེན་གྱི་ས་བོན་བཅད་དེ་ཡང་དག་པའི་ས་ལ་སྐྱེལ་དུ་ཡོད་པའི་གདམས་ངག་ཟབ་མོ་ཇི་མི་སྙམ་དུ་ཆུད་གསན་པར་བྱས་པར་འགྱུར་བ་སོགས་ཀྱི་ཉེས་དམིགས་མཐའ་ཡས་པ་ཞིག་ཡོད་པ། རྩ་ལྟུང་བཅུ་པར་གསུངས་ཤིང༌། ཕུར་པ་མྱང་འདས་ཆེན་པོའི་རྒྱུད་ལས། གཉིས་མེད་དོན་ལྡན་སྐྱེས་བུ་དེས། །གནོད་གདུག་རྣམ་གཉིས་མ་བསྒྲལ་ན། །ངེས་པར་ངན་སོང་འཁོར་བར་ལྟུང༌། །ཅི་ཕྱིར་ངེས་པའི་ལས་ལ་སྒྲིབ། །ངེས་པའི་དོན་བོར་ལོག་པར་གོལ། །ལྟ་བ་ངན་པས་རས་ཆོད་བྱས། །སྤྱོད་པ་རྩིང་པས་ཐོ་ཅོར་བྱས། །དམ་ཚིག་ཉམས་པས་གཟུ་ལུམ་བྱས། །གཞུང་ལས་གོལ་བས་དཀྱིལ་འཁོར་དྲལ། །མ་ཉེས་པ་ནི་དྲག་པོས་འཇོམས། །རང་ལས་མཁས་ལ་སྐུར་པ་འདེབས། །ཞེས་གསུངས་པ་ལྟར་རོ། །ལྔ་པ་བསྒྲལ་བའི་ཕན་ཡོན་ནི། བྱང་ཆུབ་སེམས་གཉིས་ཀྱིས་རྩིས་ཟིན་པའི་གསང་སྔགས་ཟབ་མོའི་ཐབས་ཁྱད་པར་ཅན་དང་ལྡན་པས་སྒྲོལ་བ་ལམ་དུ་བྱས་པས་འཚེངས་པ་གསུམ་དང་ལྡན་པའི་དགོངས་སྤྱོད་ཟབ་མོ་གྲུབ་པའི་རྣལ་འབྱོར་པ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱི་བརྟུལ་ཞུགས་ལ་དབང་འབྱོར་བའི་ཡོན་ཏན་དང་ལྡན་པས་སྔགས་པ་ཧོམ་ཁུང་ཁ་ནས་སངས་རྒྱས་ཞེས་སོ་ཟུར་གནུབས་གསུམ་སོགས་གསང་སྔགས་རྙིང་མའི་སྔགས་རྒན་རལ་པ་ཅན་རྣམས་ལ་ཡོངས་སུ་གྲགས་པ་སྟེ། རྒྱུད་ལས། དེ་ལ་དྲག་པོའི་ལས་བྱས་ན། །མྱང་ངན་འདས་པའི་ཡོན་ཏན་འཐོབ། །མ་མོ་མཁའ་འགྲོ་བྲན་བཞིན་འཁོལ། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །དགྲ་དང་འབྱུང་པོ་རྡུལ་དུ་རློག །མཐུ་ཆེན་ལྷ་སྲིན་དེ་བཞིན་ཏེ། །ཅི་བགྱིས་བཀའ་དང་བསྒོ་བ་ཉན། །འདི་ཕྱི་ཕ་རོལ་གཉིས་སུ་ཡང༌། །བསམ་པ་འགྲུབ་ཅིང་མཐོ་རིས་འཐོབ། །བདག་དང་གཉིས་མེད་བྱང་ཆུབ་སེམས། །གཉིས་མེད་ཆོས་སྐུར་དབྱེར་མེད་པས། །ངན་སོང་གསུམ་པོ་སྒོ་བཀག་ནས། །གཉིས་མེད་མཁའ་ལ་དེ་བསྒྲལ་ན། །དོན་དང་མཐུན་པས་དམ་ཚིག་སྐོང༌། །སྡིག་ཅན་བསྒྲལ་ན་ལས་ངན་འཆད། །དམ་ཉམས་བསྒྲལ་ན་བཀའ་གཞུང་བཙན། །ལོག་རྟོག་བསྒྲལ་ན་དཀྱིལ་འཁོར་གཉན། །གནོད་གདུག་བསྒྲལ་ན་བར་ཆད་ཉུང༌། །གཞན་ཡང་ཡོན་ཏན་བརྗོད་ལས་འདས། །ཞེས་གསུངས་པ་ལྟར་རོ། །དྲུག་པ་བསྒྲལ་བའི་མཐར་ཐུག་གི་འབྲས་བུ་ནི། བསྒྲལ་བྱ་གདུག་པ་ཅན་དེ་དག་ལ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་དང་ལྡན་པས་མཚན་མ་རྫས་ཀྱི་ཕུར་པ་ཡེ་ཤེས་ཀྱི་རང་བཞིན་ཅན་དེ་དག་ཚད་དང་ལྡན་པའི་གདབ་ལུགས་ཀྱིས་བཏབ་ནས་ཐེབས་ཏེ་གནས་སྐབས་ལས་ངན་དང་སྐྱེ་རྒྱུན་ངན་པ་བཅད་ནས་ས་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་ངེས་པར་སྨིན་པའི་རྟེན་དུ་དཔལ་ཆེན་ཡབ་ཡུམ་གྱི་སྲས་སུ་བསྐྲུན་ཏེ་རིག་འཛིན་རྣམ་བཞིའི་མཐར་ལམ་ལྷུན་གྲུབ་རིག་འཛིན་གྱི་རྒྱལ་སར་གྲོལ་ནས་ཁྱབ་བདག་ཧེ་རུ་ཀའི་གོ་འཕང་ཆེན་པོར་མངོན་པར་བྱང་ཆུབ་པའི་ཉེ་རྒྱུ་ཐུན་མིན་དུ་ངེས་པས་ན། སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་གདམས་སུ། སློབ་དཔོན་དགྲ་མནན་མི་འདྲ་བརྒྱ་རྩ་བརྒྱད༔ མཐུ་གཏད་བུ་ལོན་བཞིན་དུ་སྙོག་དུས་འབྱུང༔ བསྟན་པ་སྲུངས་ཤིག་ཕྱི་རབས་སྔགས་པ་རྣམས༔ སྔགས་པའི་ལས་ཀ་འདི་མིན་གཞན་མ་ཡིན༔ དགྲ་མགོ་ཡན་པར་བཏང་ན་དམ་ཚིག་ཉམས༔ ལྷ་འདྲེ་མ་རུང་ཡིད་ཀྱི་གཟུགས་ཅན་ལ༔ ཤ་ཡི་མི་ངན་མཐིལ་བརླག་གཏོར་བྱེད་ན༔ སངས་རྒྱས་བསྟན་པ་དཀར་འཇམ་རྒྱས་པར་འགྱུར༔ སྔགས་པ་མཐུ་མེད་གྲོང་སྟོང་ཁྱི་དང་འདྲ༔ སུས་བརྡུང་འདིས་བརྡུང་མེད་དེ་རྫས་མི་ཐུབ༔ ལས་སུ་མཐུ་སྒྲུབ་བྲན་དུ་ལྷ་འདྲེ་བསྐུལ༔ ནོར་དུ་རྫས་སོག་མཚོན་དུ་ཀླུ་གཏད་རྒྱོབ༔ སྲིད་དུ་ལིངྒ་ཆོས་ལ་མནན་པ་གྱིས༔ ལྟོ་རུ་དགྲ་ཟོ་གོས་སུ་སྒྲུབ་ཁང་གྱོན༔ གྲོགས་སུ་མཁའ་འགྲོ་ཆོས་སྐྱོང་དམ་ཅན་གསོལ༔ མཐུ་དང་ཆོས་སུ་ལྡན་པས་འགྲོ་དོན་གྱིས༔ ཞེས་གདམས་པར་མཛད་ཀྱང་དུས་ཀྱི་ཐ་མར་རྟོགས་པའི་བསྟན་པ་ཕལ་ཆེར་དུས་ལས་ཡོལ་ཟིན་པས་མངོན་སྤྱོད་ཀྱི་ལས་ཀྱི་རྟགས་ཀྱང་རང་གཞན་རལ་པ་ཅན་རྣམས་ཀྱིས་མངོན་སུམ་དུ་བསྟན་ནུས་པ་ཉིན་སྐར་ལྟར་གྱུར་པ་འདྲ་སྙམ་སྐྱོ་བའི་ཤུགས་རིང་ཀྱང་ཐལ་ལོ། །རྒྱལ་ཀུན་ཕྲིན་ལས་སྟོབས་འདུས་དྲག་སྔགས་མཚོན། །རྒྱུད་ལུང་མན་ངག་གནམ་ལྕགས་འཕྲུལ་འཁོར་ཆེ། །ཡབ་མེས་གྲུབ་པའི་སྙིང་བཅུད་ཐོབ་འདི་ཀོ །སྐལ་པ་བཟང་སྙམ་སྤོབས་པས་མགོ་འཕང་བཏེགས། །ཧ་ཧ། །གསུམ་པ་བྱང་ཆུབ་སེམས་ཀྱི་ཕུར་པ་རྩ་རླུང་ཐིག་ལེ་ལ་བཏབ་པས་མ་དག་པའི་རླུང་སེམས་དབྱིངས་སུ་ནུབ་ནས་ཞུ་བདེའི་དྲངས་པའི་བདེ་བ་ཆེན་པོ་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་བའི་རྣལ་འབྱོར་གྱི་ལམ་ནི། བཛྲ་གཱིརྟི་ལས། རྗེས་ཆགས་སྒྱུ་མར་ཤར་བའི་བྱང་སེམས་ཀྱི་ཕུར་བུ། །ཤེས་རབ་སྟོང་ཆེན་ཡུམ་གྱི་མཁའ་དབྱིངས་སུ་ཐེབས་པས། །དབབ་ལྡོག་འདྲེན་དགྲམ་དགའ་བཞིའི་དཀྱིལ་འཁོར་གྱི་ཀློང་ནས། །བདེ་སྟོང་ཟུང་འཇུག་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང༌། །ཞེས་པའི་དགོངས་པ་སྟེ། གཏེར་གཞུང་ལས། རྡོ་རྗེའི་རྣལ་འབྱོར་ལ་ནུས་པ་ཐོབ་པའི་སློབ་མ་བློ་གྲོས་ཆེ༔ རྟོག་པ་ཉུང༔ གསང་སྔགས་ལ་མོས་པ་ཐོབ་པས་བདེ་ཆེན་བྱང་སེམས་ཀྱི་ཕུར་བུ་བསྒོམ་དགོས་ཏེ་རྒྱུད་ལས༔ ཐབས་ཀྱི་རྡོ་རྗེ་གཞོན་ནུ་སྟེ༔ དེ་ཉིད་ཤེས་རབ་བདེ་བའི་ཡུམ༔ རྡོ་རྗེའི་ལམ་ནས་པདྨོར་འཁྱིལ༔ གཉིས་མེད་ཐུགས་ཀྱི་ཐིག་ལེ་སྤྲོ༔ ཞེས་པའི་ཐབས་ཀྱི་ལམ་ཟབ་མོ་ལ་རྣལ་འབྱོར་དུ་བྱ་སྟེ༔ ཞེས་གསུངས་པའི་དོན་རྒྱས་པར་འགྲོལ་བ་ལ་གཉིས། བདག་བྱིན་བརླབ་པ་དང༌། ཕོ་ཉའི་ལམ་གཉིས་ལས། དང་པོ་ནི། ཕུར་པ་ཕྲིན་ལས་ཀྱི་རྒྱུད་ལས། མཚན་ལྡན་ཤེས་རབ་དག་ལ་ནི། །སྣ་ཚོགས་དྲི་ཡིས་རབ་བརྒྱན་ཞིང༌། །བསྲུབས་དང་སྲུབ་པའི་ཐབས་དག་ལས། །མི་རྟོག་པ་ནི་རབ་ཏུ་སྐྱེ། །དགའ་བ་མཆོག་ཏུ་དགའ་བ་དང༌། །མངོན་དགའ་རང་བཞིན་དགའ་བ་སྟེ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་ལ། །བགྲོད་བྱེད་མན་ངག་དག་གིའོ། །ཞེས་པ་ལྟར་རྡོ་རྗེ་ཐེག་པའི་ལམ་གྱི་ཡོན་ཏན་ཐམས་ཅད་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ནས་རྩ་རླུང་ཐིག་ལེ་དབུ་མར་འདུས་པའི་བྱེད་པ་ལས་སྐྱེ་བ་ཤ་སྟག་ཡིན་ཞིང༌། དེས་དོན་གྱི་འོད་གསལ་གང་རྒྱུད་ལ་བསྐྱེད་ཀྱང་འབྱུང་བའི་སྡུད་རིམ་ནས་རྟགས་བཅུའི་སྣང་བ་འཆར་ཞིང༌། རང་བཞིན་གྱི་ཐིམ་རིམ་ལས་སྣང་གསུམ་གྱི་འོད་གསལ་ཤར་བའི་ཀློང་དུ་ཐ་མལ་གྱི་འཁྲུལ་སྣང་ཐམས་ཅད་ནུབ་ནས་སྣང་གསུམ་འོད་གསལ་དུ་ཐིམ་པའི་གནས་སྐབས་ཆོས་ཉིད་སྤྲོས་པ་བྲལ་བའི་ཡེ་ཤེས་འཆར་བ་ཤ་སྟག་ཡིན་པས། དེའི་གནད་ཀྱང་རྟོགས་བྱ་མཐར་ཐུག་དོན་དམ་ལྷན་སྐྱེས་ཀྱི་ཡེ་ཤེས། དེའི་བརྟན་པ་ཕྲ་རགས་ཀྱི་རྩ་རླུང་ཐིག་ལེ་རྣམས་ཡིན་ལ། དེ་ཉིད་བྱེད་བཅིངས་ཀྱི་ནུས་པས་ཡེ་ཤེས་ཀྱི་ཁམས་འཕེལ་རྒྱས་བརྟན་པས་ནང་གི་ལམ་གྱི་དྲོད་རྟགས་ཀྱང་མི་འབྱུང་བའི་ཐབས་མེད་པས་བསྐྱེད་རིམ་ལས་ཆེས་ཟབ་པ་རྫོགས་རིམ་སྟེ། དེ་ཉམས་སུ་ལེན་ཚུལ་ལ་སྔོན་འགྲོ་སྟོང་ར། དངོས་གཞི་རྩ་རླུང་ཐིག་ལེའི་རྣལ་འབྱོར། རྗེས་ལམ་ཉམས་སུ་བླང་བའི་ཕན་ཡོན་བཤད་པའོ། །དང་པོ་ལའང༌། སྟོང་ར་ཕྱི་ནང་གཉིས་ལས། དང་པོ་ནི། གདོད་ནས་དག་པའི་ཡེ་ཤེས་ཀྱི་རང་མདངས་ཁུ་བའི་ཆོས་ཀྱི་ལུས་དང༌། རྡུལ་གྱི་ཆོས་ཀྱི་ངག་རླུང་གི་རང་བཞིན་བསྐྱེད་པ་དེ་གཉིས་ལ་ལུས་ཞེས་བྱ། ལུས་དེ་གཉིས་ལ་བརྟེན་ཅིང་གནས་པ་བདེ་བ་ཆེན་པོའི་བདག་ཉིད་ཡེ་ཤེས་ཀྱི་རླུང་ཞེས་བྱ་ལ། དེ་གསུམ་མ་དག་པའི་ཚེ་ལུས་ངག་ཡིད་གསུམ། དག་པའི་ཚེ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་ཡིན་ལ། མདོར་ན་དེ་དག་ཁུ་ཁྲག་རླུང་གསུམ་དང་ཚོགས་པ་གཅིག་ཏུ་གནས་ལ། དཀར་དམར་དེ་རླུང་གིས་གཡོས་པ་ལས་བདག་གཞན་ཡུལ་ཡུལ་ཅན་སོགས་གཉིས་ཆོས་སུ་གྱེས། བདག་རྟོགས་ཐམས་ཅད་ཆོས་ཉིད་དེའི་གཤིས་སྐྱེ་མེད་ཀྱི་སྟོང་ཆ་ཡིན་ལ། གཞན་རྟོགས་འཇུག་པ་ཐམས་ཅད་གདངས་འགག་མེད་ཀྱི་སྣང་ཆས་འཁོར་འདས་ཀྱི་འཁྲུལ་སྣང་སྣ་ཚོགས་སུ་ཤར་བའི་མཚང་ཤེས་པས་ཕུང་ཁམས་སུམ་ཅུ་རྩ་དྲུག་གི་རང་བཞིན་གནས་ལུགས་མཐར་ཐུག་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་དག་པས་འཁྲུལ་པ་མིང་མེད། མྱང་འདས་ཡེ་རྫོགས་སུ་འཆར་ནུས་པའི་ཕྱིར་དེ་དག་གི་རྟེན་ནི་ལུས་ཏེ་དེ་ལའང༌། སྦྱང་བྱ་བཏགས་པ་བ་རགས་པའི་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་དེ། རྩ་རླུང་ཐིག་ལེ་གསུམ་ལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་པའི་ལྷར། བསྒྲུབ་བྱ་ཕྲ་བའི་ལུས་གནས་སྐབས་ཀྱི་སྦྱང་གཞི། འབྲས་དུས་ལྷན་སྐྱེས་ཀྱི་རྡོ་རྗེ་གསུམ་དང༌། ལམ་སྐུ་གསུང་ཐུགས་འབྲལ་མི་ཤེས་པའི་ངོ་བོ་གཉུག་མའི་ལུས་ཞེས་ཤིན་ཏུ་ཕྲ་བའི་ལུས་མཐར་ཐུག་གི་སྦྱང་གཞི་ཡིན་པའི་གནད་ཀྱིས་དང་པོ་སྦྱོང་བྱེད་ཀྱི་ལམ་ལུས་ཀྱི་སྟོང་ར་སྒོམ་པ་གལ་ཆེ་བས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་དྷརྨ་མ་ཏིའི་གསུང་རྒྱུན་གྱི་རྣལ་འབྱོར་ཕྲིན་ལས་བཅུད་སྙིང་བཞིན། ཧཱུྃ༔ སྟོང་ཉིད་དེ་བཞིན་ཉིད་ཀློང་ནས༔སོགས། ཐིག་ལེ་ཉག་གཅིག་ཉིད་དུ་ཤར༔ ཞེས་པའི་བར་ཏེ། གནམ་ལྕགས་ལས་གྲུབ་པའི་རྡོ་རྗེའི་སྲུང་འཁོར་རྩིབས་བཅུ་པའི་ལྟེ་བར་རང་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག །ཡུམ་འཁོར་ལོ་རྒྱས་འདེབས་དང་སྦྱོར་བའི་སྐུ་ལ་དཔལ་དང་དུར་ཁྲོད་ཆས་ཀྱིས་བརྒྱན་པའི་སྣང་སྟོང་སྒྱུ་མ། འཇའ་ཚོན་དང་ཆུ་ཟླ་ལྟ་བུར་གསལ་བའི་སྦྱང་གཞིའི་ལུས་ཀྱི་ཕུང་ཁམས་སྲས་མཆོག་རིགས་ལྔ་ཡབ་ཡུམ། སྐུ་ཡི་གནས་བཅུར་མི་དགེ་བཅུ་དག་ཅིང་སྟོབས་བཅུའི་ཡེ་ཤེས་མཐར་ཕྱིན་པའི་ཁྲོ་བཅུ་ཡབ་ཡུམ་ཕྲ་ཐབས་བཅས། ཡན་ལག་བཞི་ལ་ཡུལ་དབང་ཤེས་གསུམ་གྱི་བྱ་བྱེད་དང་རྟག་ཆད་བདག་ལྟ་མཚན་འཛིན་གྱི་ལྟ་བ་དག་པའི་སྒོ་མ་བཞི། བ་སྤུའི་སྟེང་དུ་རྟེན་འབྲེལ་བདེན་དོན་དག་པའི་ཕུར་སྲུང་བཅུ་གཉིས་བཅས་པ་དཀྱིལ་འཁོར་གསུམ་གྱི་འཁོར་ལོར་གདོད་ནས་དག་པའི་ངེས་ཤེས་ཀྱིས་གསལ་གདབ། ལུས་དཀྱིལ་གྱི་ལྷ་དེ་ཐམས་ཅད་ཀྱང་སྐུ་ཕྲ་ལ་ཡན་ལག་དབང་པོ་གསལ་བ་སངས་རྒྱས་ཀྱི་ཡེ་ཤེས་རྣམ་པར་དག་པའི་བདག་ཉིད་བར་སྣང་གི་འཇའ་ཚོན་ལྟ་བུར་གསལ་གདབ་བོ། །གཉིས་པ་ནང་རྩ་ཡི་སྟོང་ར་ནི། ལུས་དེ་ལ་ཡེ་ཤེས་འཆར་བ་ལུས་ཀྱི་རྩ་ཡི་སྤྱོད་པ་ལ་ལྟོས་པས། མ་དག་པའི་ལུས་ཀྱི་རྩ་དབུ་མ། དག་པ་འབྲས་དུས་ཀྱི་རྩར་གསུངས་པ་རིགས་སམ་དབྱིངས་ཀྱིས་ཁྱབ་པ་གཞིའི་དབུ་མ། ལམ་སྒོམ་པས་ནང་གི་རླུང་སེམས་ཚུད་པས་དུ་བ་སོགས་རྟགས་བཅུ་མཐོང་བ་ལམ་གྱི་དབུ་མ། མཐར་ཐུག་སྐུ་རྡོ་རྗེ་སྒྲིབ་བྲལ་གྱི་རང་བཞིན་མངོན་དུ་གྱུར་པ་འབྲས་བུའི་དབུ་མ་ཞེས་གསུངས་ཤིང༌། དེ་ལ་གཟུང་འཛིན་གྱི་དབང་གིས་རོ་རྐྱང་གཉིས་སུ་གྱེས། དེའི་ལྟེ་བ་ཡན་ཉི་ཟླ་སྒྲ་གཅན་གྱི་སྲོག་གསུམ། ལྟེ་འོག་མན་བཤང་ལྕི་ཁུ་བ་ཐུར་སེལ་གྱི་ལམ་གསུམ། དེ་གསུམ་ལས་གྱེས་པའི་ནང་དུ་རྩའི་གཙོ་མོ་ཉེར་བཞི། ཕྱི་ཡུལ་ཉེར་བཞི། གཞན་དཀྱིལ་འཁོར་དུ་ཐུགས་གསུང་སྐུ་ཡི་རྣལ་འབྱོར་མ་ཉེར་བཞི། དེའི་སྟེང་དུ་སྙིང་གའི་ཡན་ལག་གི་རླུང་བརྟེན་པའི་རྩ་ལྔ་གཙོ་མོ་གསུམ་དང་བཅས་སོ་གཉིས་ཟླ་བ་ཡར་མར་གྱི་ཆ་བཅོ་ལྔ་དག་པ་བདག་མེད་ལྷ་མོ་བཅོ་ལྔ་དཀར་ཆ་བཅུ་དྲུག་གི་རྟེན་དུང་ཅན། དམར་ཆ་བཅུ་དྲུག་གི་རྟེན་བདུད་བྲལ་མ། དེ་དག་གི་སྟེང་དུ་རྩ་བའི་རླུང་ལྔའི་རྟེན་རྩ་ལྔ་བསྣན་པས་སུམ་ཅུ་རྩ་བདུན་ནི་གཞི་མ་ཁམས་སོ་དྲུག་ཁྱབ་བྱེད་ཐུགས་རྡོ་རྗེ་དང་བཅས་པ། ལམ་དུ་བྱང་ཆོས་སོ་བདུན་ཡིན་ལ། གཞན་དུ་སྦས་པའི་རྩ་ལྔ་ཞེས། སུམ་སྐོར་མིག །ལོ་མ་རྣ་བ། ཁྱིམ་མ་སྣ། གཏུམ་མོ་ལྕེ། བདུད་བྲལ་མ་ལྕེའུ་ཆུང་གི་དབུས་སུ་ཟུག་ཅིང་རྩ་བ་སྙིང་དབུས་ན་འདུས་པས་དབུ་མ་དང་འབྲེལ་བ་སྟེ། སྙིང་གའི་འོད་གསལ་མི་ཤིགས་པ་ལས་ལངས་ནས་གཟུགས་སོགས་ཡུལ་ལ་འཇུག་པ་དང༌། ལམ་དུས་སུ་དེ་རྣམས་བཅིང་ནས་དེ་ལ་གནད་དུ་བསྣུན་པས་རྟགས་བཅུ་འཆར་བའི་རྩ་བར་གྱུར་པས་སྦས་པ་སྟེ་ས་བོན་ནམ་གཏེར་སྦས་པ་ལྟ་བུའོ། །བླ་མེད་རྡོ་རྗེ་ཐེག་པའི་ལམ་གནད་དུ་བསྣུན་པའི་ཐབས་མཁས་ཀྱི་སྤྱོད་པས་འགྲོ་ཀུན་སྲིད་ཞིའི་གཡང་ལས་སྒྲོལ་ནས་རྣམ་མཁྱེན་གྱི་གོ་འཕང་ཐོབ་པའི་དོན་དུ་ཕུང་ཁམས་དུ་མ་ཚོགས་པའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡེ་ཤེས་རྣམ་པ་ཐམས་ཅད་བདེ་ཆེན་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་གཏམས་པའམ་འཆར་བར་བྱས་ནས། སྤྱི་བོ་བདེ་ཆེན་འཁོར་ལོ་ནི་ཧཾ་ཡིག་བདེ་བ་ཆེན་པོ་དྭངས་མའི་ཐིག་ལེ་གནས་པ་ལྷན་སྐྱེས་རང་བཞིན་གྱི་དཀྱིལ་འཁོར་ཁྱབ་བྱེད་དེ་ཁོ་ནའི་བདག་ཉིད་རྩ་འདབ་སུམ་ཅུ་སོ་གཉིས་ཆུ་ཚོད་དག་པ་ཀཱ་ལི་སོ་གཉིས་ལས་བྱུང་བའི་མཚན་བཟང་སོ་གཉིས་ཡེ་ཤེས་རྡོ་རྗེའི་བདག་ཉིད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འཕོ་བ་བཅུ་དྲུག་དག་པ་དབྱངས་བཅུ་དྲུག་གི་རང་བཞིན་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ལོངས་སྐུ། སྙིང་ག་ཆོས་ཀྱི་འཁོར་ལོ་ཐུན་ཆེན་བརྒྱད་དག་པ་འོད་གསལ་ཆོས་སྐུའི་བཞུགས་གནས་བདག་ཉིད་རྩ་བའི་དཀྱིལ་འཁོར་གཙོ་མཆོག་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཆོས་སྐུ། ལྟེ་བ་སྤྲུལ་པའི་འཁོར་ལོ་དུས་སྦྱོར་གྱི་རླུང་དྲུག་ཅུ་རྩ་བཞི་དག་པ་ཕུར་པ་སྲས་ཀྱི་དཀྱིལ་འཁོར་སྤྲུལ་སྐུའི་ཡེ་ཤེས་འཆར་བར་བྱེད་པ་སྟེ། རྩ་འདབ་འདི་དག་འཁོར་ལོའི་རྩིབས་ལྟར་ཡོད་ཅིང་གནད་བཅིངས་ནས་བསྣུན་པས་གནས་སྐབས་བཞིའི་འཁྲུལ་པ་གཅོད་པ་སྒྲ་དོན་ཏེ། དེ་དག་ཤ་ཁྲག་རྡོས་བཅས་མ་ཡིན་པ་དྭངས་གསལ་འོད་ཀྱི་རང་བཞིན་ཤེལ་སྦུག་ལྟ་བུ། རྣམ་པ་ལུས་ཀྱི་གནས་བཞིར་བརྩེགས་མའི་ཚུལ་དུ་ཡོད་ཀྱང༌། གཙོ་བོ་སྙིང་ག་དྷརྨ་ཙཀྲ་ལ་གནད་དུ་བསྣུན་པས་སྙིང་དབུས་བདེ་བ་ཆེན་པོའི་རྟེན་ཨ་ཝ་དྷཱུ་ཏིའི་རྩ་མཆོག་གི་ལྟེ་བ་ལ་བཅོམ་ལྡན་འདས་བཛྲ་ཀུ་མཱ་ར་འཕོ་མེད་དྭངས་མའི་ཐིག་ལེར་བཞུགས་པ་ནི། དབུ་མ་སྐུ་གསུམ་འདུ་འབྲལ་མེད་པ་ཆོས་ཉིད་རྩ་ཞེས་བྱ་ལ། དེ་ལས་གྱེས་པའི་མདུན་དུ་ཡེ་ཤེས་འཆར་བའི་རྩ་ཟླུམ་པོ། གཡས་སུ་ཀུན་ཁྱབ་ཐུགས་ཀྱི་རྩ་མཐིང་ག་གྲུ་བཞི། གཡོན་དུ་རང་བྱུང་རྩ་དམར་པོ་ཟླ་གམ། རྒྱབ་ཏུ་ཟླུམ་འཁྱིལ་འོད་ལྔའི་རྩ། མཚམས་བཞིར་ཐབས་དང་ཤེས་རབ་ཀྱི་རྩ་བཞི་པོ་རྣམས་སུ་རྡོ་རྗེ་གཞོན་ནུའི་དབུའི་སྟོད་དང་འོག་ཏུ་ཧཱུྃ་ཀཱ་ར་དང་སྟོབས་ཆེན་གཉིས། ཕྱོགས་མཚམས་ཀྱི་ཁྲོ་བོ་བརྒྱད་དང་སྒྲ་འབྱིན་ལ་སོགས་ཁྲོ་མོ་བཅུ་རྩ་འདབ་བརྒྱད་དུ་བཞུགས་པ། གནས་ལྔའི་རྩ་འདབ་ཀྱི་ལྟེ་བར་སྲས་མཆོག་རིགས་ལྔ་ཡབ་ཡུམ་གཙོ་འཁོར་ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཐུགས་ཀར་ཕུར་བུ་འདྲིལ་བ་ངོ་བོ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་གཅིག་པུའི་བདག་ཉིད་ཅན་དང༌། ཁྱད་པར་སྤྱི་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་ཐུགས་ཙིཏྟ་རིན་པོ་ཆེ་མཆོང་གུར་ཕུབ་པ་ལྟ་བུ་ཟུར་བརྒྱད་པའི་ཀློང་དུ་བདེ་སྟོང་དབྱེར་མེད་བརྟན་གཡོ་སྲིད་ཞིའི་ཁྱབ་བདག་དཔལ་ཆེན་པོ་ཡང་དག་དཔེ་བྲལ་དོན་གྱི་ཡེ་ཤེས་སེམས་དཔའ་ཧེ་རུ་ཀ་དཔལ་བདེ་བ་ཆེན་པོ་སངས་རྒྱས་ཐམས་ཅད་བདེ་བ་ཆེན་པོ་གཅིག་གི་ངོ་བོར་རོལ་པ་དང་མཉམ་པར་སྦྱོར་བ་སྐུ་གསུམ་གྱི་དབུ། ཕར་ཕྱིན་དྲུག་གི་ཕྱག་ཏུ་རྡོ་རྗེ་ཁཊྭཱཾ་ཐོད་རྔ་གཡས། དྲིལ་བུ་དུང་དམར་རྒྱུ་ཞགས་གཡོན་གྱི་ཕྱག་གིས་བསྣམས་པ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་བཞི་གྱད་ཀྱི་དོར་སྟབས་སུ་བགྲད་པས་རུ་ཏྲ་ཕོ་མོ་ཁ་སྦུབ་དང་གན་རྐྱལ་དུ་མནན་པ། ཡུམ་དབྱིངས་ཕྱུག་མ་ཁཊྭཱཾ་དང་དུང་ཁྲག་འཛིན་པ་དང་སྦྱོར་བ། སྐུ་ལ་དུར་ཁྲོད་དང་དཔལ་གྱི་ཆས་ཀ་རྫོགས་ཤིང་ཤིན་ཏུ་ཕྲ་བ་ཡུངས་ཀར་ཙམ་དུ་གསལ་བའི་ཐུགས་ཀར་གནམ་ལྕགས་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཐུགས་སྲོག་ཧཱུྃ་མཐིང་ནག །ཙིཏྟ་ཟུར་བརྒྱད་ཀྱི་ནང་དུ་གཽ་རི་མ་བརྒྱད་ཁྲོ་མོ་བརྒྱད་གཅེར་བུ་རང་རྟགས་ཀྱི་ཕྱག་མཚན་ཐོགས་ཏེ་ཆགས་པའི་ཉམས་རྒྱས་པས་ཡབ་ལ་བལྟ་བ། ཕྲ་ལ་དྭངས་མའི་གཟུགས་ཅན་ཞལ་ནང་དུ་ཕྱོགས་པར་གསལ་ལེགས་པར་གདབ། གཉིས་པ་དངོས་གཞི་ལ་རྩ་རླུང་ཐིག་ལེའི་རྣལ་འབྱོར་གསུམ་ལས། དང་པོ་རྩ་ཡི་རྣལ་འབྱོར་ནི། སྤྱིར་གནས་པ་རྩ་ནི་ཞིང་སར་ཆུ་འཁྲིད་པའི་ཡུར་བ་དང་འདྲ་སྟེ་རླུང་རྒྱུ་བའི་ལམ་ཡིན་པས་སྲོག་རྩོལ་ལ་བརྟེན་ནས་རྩ་ལམ་དུ་སྦྱང་དགོས་པས། རྩ་གནད་དུ་འགྲོ་བ་ལ་ལུས་གནད་རྣམ་སྣང་ཆོས་བདུན་བྱ་སྟེ། དེ་ནི་ཀློང་ཆེན་རབ་འབྱམས་རྒྱུད་ལས། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། །ལག་པ་གཉིས་ནི་མཉམ་བཞག་བསྣོལ། །ལུས་ནི་མདའ་སྙུག་བཞིན་དུ་བསྲང༌། །དཔུང་པ་རྒོད་གཤོག་བཞིན་དུ་བརྐྱང༌། །མཇིང་པ་གཞུ་མཆོག་བཞིན་དུ་བསྐུམ། །ལུས་གནད་ཕག་ཕང་གཟིང་ལྟར་གཏོད། མིག་དང་སྣ་རྩེ་སེམས་རྩེ་བསྟུན། ཞེས་གསུངས་པ་ལྟར་ལུས་གནད་བཅོས་པས་ལུས་དྲང་བས་རྩ་དྲང༌། དེ་ལས་རླུང་དྲང༌། དེ་ལས་རླུང་དང་རྣམ་རྟོག་གཡོ་མེད་དུ་གྱུར་ནས་ཡེ་ཤེས་ཀྱི་ཆོས་ཉིད་མཐོང་བར་གསུངས་སོ། །དེས་ན་གོང་དུ་སྨོས་པ་ལྟར་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ། ལུས་དཀྱིལ་གྱི་ལྷ་རྣམས་དང༌། ཁྱད་པར་སྙིང་གའི་རྩ་འཁོར་གྱི་ལྷ་རྣམས་གསལ་ལེགས་པར་གདབ་བོ། །སྤྱིར་རྒྱུད་སྡེ་རྣམས་སུ་ལུས་ལ་ཁུ་བའི་སྒྲས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལས་གྲུབ་ཅིང་སྣང་བ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྟེན་རྩ་རླུང་ཐིག་ལེའི་དྭངས་མ་རྡུལ་གྱི་ཆོས་ལས་འདས་པས་ཡེ་ཤེས་ཀྱི་ངོ་བོར་གྱུར་པ་གཉུག་མའི་ལུས་ཏེ། དེ་ནི་མཐར་ཐུག་གི་བསྒྲུབ་བྱ་ཡིན་ལ། དོན་དུ་ལུས་སེམས་གཞིའི་གནས་ལུགས་དེ་གཉིས་ཆུ་དང་འཁྱགས་པ་བཞིན་དུ་དབྱེར་མེད་དུ་ཤེས་པས་གཞི་དུས་ཀྱི་སྐུ་གཉིས་ཟུང་འཇུག་ཅེས་བྱ་ཞིང༌། དེ་སྒོམ་སྟོབས་ཀྱིས་མངོན་སུམ་ཁོ་ནར་གསལ་ནུས་ཀྱི་ཐབས་གཞན་གྱིས་མ་ཡིན་པས། རྩ་རླུང་ཐིག་ལེའི་རྣལ་འབྱོར་གང་སྒོམ་ཡང་གནད་རྩ་རླུང་ལ་འབབ་པར་ཤེས་དགོས་སོ། །གཉིས་པ་རླུང་གི་རྣལ་འབྱོར་ནི། སེམས་ཡུལ་ལ་འཇུག་པའི་ཞོན་པ། ཁམས་གསུམ་སྣོད་བཅུད་ཀྱི་བཀོད་པ་བྱེད་པའི་བཟོ་བོ། རྩ་བ་དང་ཡན་ལག་གི་རླུང་གཡོ་མེད་དུ་འཆིང་བ་ནི་ཐབས་གྲོལ་ལམ་ཀུན་གྱི་རྟེན་ཡིན་ལ། རླུང་གི་སྒྲ་ནུས་ལྡན་མའམ་ཤུགས་ལྡན་མར་འཇུག་པས། དེའི་དོན་ནི་འཁོར་འདས་ཐམས་ཅད་ཀྱི་གཞིར་གྱུར་པའི་རླུང་ནི་གདོད་མའི་མི་ཤིགས་པ་ཆེན་པོ་སྟེ། དེའང་རླུང་དུ་བརྗོད་པ་ན་སྲོག་སྟེ་ཨ་ཐུང་གི་རང་བཞིན་དུ་གནས་པས་བརྗོད་པ་ངག་རྣམས་དང༌། དབུགས་དང་ཆུ་སྲང་དང་དབྱུ་གུ་དང་དུས་སྦྱོར་ལ་སོགས་པའང་འདི་ལས་འབྱུང་ཞིང༌། དབྱངས་གསལ་སོགས་ཡི་གེ་ཐམས་ཅད་འདི་ལས་སྐྱེས་པས་བརྗོད་དུ་མེད་ཀྱང་བརྗོད་པ་ཀུན་གྱི་གཞིར་གྱུར་པ་སྟེ། ཡི་གེའི་དབང་དུ་བྱས་ན་དབྱངས་གསལ་ཐམས་ཅད་ཀྱི་རྩ་བ་ཨ་ཡིན་ལ། རླུང་བཅུའི་དབང་དུ་བྱས་ན་རླུང་བཅུ་ཐམས་ཅད་ཀྱི་རྩ་བ་སྲོག་རླུང་ཨའི་རྣམ་པ་ཅན་ཡིན་པ་དང༌། ཡེ་ཤེས་ཀྱི་དབང་དུ་བྱས་ན་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་དེ་ཉིད་ལ་ཨ་ཞེས་བྱ་བར་བརྗོད་པས་ཆོས་ཐམས་ཅད་ཀྱི་རྩ་བ་སྲོག་ཅེས་བྱ་བའི་ཨ་ལས་འཁོར་འདས་ཐམས་ཅད་སྣང་བ་ཡིན་ལ། དེས་ན་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་དུ་གསུངས་པས་བསྡུ་ན་ལས་དང་ཡེ་ཤེས་ཀྱི་རླུང་གཉིས་ཏེ། དང་པོ་ནི་རྣམ་རྟོག་དང་དབྱེར་མེད་པའི་རླུང་སྤང་བྱ་དུག་གསུམ་གྱི་རླུང་གཡོ་བ་དང༌། ཕྲ་བ་དང་གཞན་ནས་གཞན་དུ་སྤྱོད་པར་བྱེད་པ་ཁ་ཡེངས་ལྟ་བུ་ཡིན་ལ། སེམས་ཀྱི་རང་བཞིན་བདེ་གསལ་མི་རྟོག་པ་ཉིད་ནི་ཡེ་ཤེས་ཀྱི་རླུང་ཆེན་པོ་སྟེ། དེ་རང་རིག་པ་ན་ལས་རླུང་གི་གཡོ་བ་ཞི་བར་འགྱུར་བས་ན་དེ་སྦྱོར་བ་བཞི་དང་གནད་ལྔས་གཅུན་ནས་འཁོར་བའི་བྱེད་ལས་བཅིངས་ཕྱིར་སྟེང་འོག་གི་རླུང་ལྟེ་བར་ཁ་སྦྱར་བའི་བུམ་པ་ཅན་ལ་གཙོ་བོར་བྱ་སྟེ། དེའི་སྔོན་དུ་རླུང་དུག་བསལ་བའི་ཕྱིར་ལག་གཉིས་གུང་མོའི་རྒྱབ་ཏུ་མཛུབ་མོ་སྦྱར་བ་རྡོ་རྗེ་ཕྱེད་པའི་རྒྱས། དང་པོ་སྣ་བུག་གཡོན། །དེ་ནས་གཡས་གཉིས་ནས་རླུང་རོ་ལན་གསུམ་གསུམ་དང༌། རྡོ་རྗེའི་ཁུ་ཚུར་པུས་མོའི་སྟེང་དུ་བཞག་སྟེ་སྣ་བུག་གཉིས་ཀ་ནས་གསུམ་སྟེ་དགུ་ཕྲུགས་སུ་འབུད། དུག་གསུམ་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་པར་བསམ། ཁ་ནས་ཧ་ཞེས་རླུང་བཏང་བ་དང་པུས་མོ་གཉིས་སྟེང་ལག་པ་ས་གནོན་བྱས་ཏེ་ཅུང་ཟད་ངལ་གསོ། དེ་ནས་སྦྱོར་བ་བཞི་ལྡན་གྱི་བུམ་ཅན་དངོས་ནི། རྔུབ་དང་དགང་དང་གཞིལ་བ་དང༌། །མདའ་ལྟར་འཕང་བ་རྣམ་པ་བཞི། སྦྱོར་བ་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བར་ཉེ། ཞེས་དང༌། གནད་ལྔ་ནི། རླུང་ལོག་ཏུ་མི་འབྱུང་བ་འབུད་པའི་གནད། རང་གནས་སུ་བཟུང་བ་རྔུབ་པའི་གནད། དབང་དུ་བསྡུ་བ་དགང་བའི་གནད། རྩ་མིག་ཏུ་གདབ་པ་གཞིལ་བའི་གནད། ཕྱི་ནང་བསྲེ་བ་འཕང་བའི་གནད་ལྔ་རྣམས་སྤྱིར་ཤེས་དགོས། བྱེ་བྲག་དམིགས་པའི་གནད་ནི། སྤྱིར་རྩ་རླུང་ཐིག་ལེ་ཞེས་མིང་དང་རྣམ་པས་སོ་སོར་དབྱེ་བ་ཙམ་ལས་དོན་དུ་བདེ་སྟོང་དབྱེར་མེད་ཐིག་ལེ་ཉག་གཅིག་གི་རང་བཞིན་དུ་ཤེས་ཏེ་རྩ་ཡི་གེའི་འཁོར་ལོ་ཞེས་གསུངས་པའང༌། ལྟེ་བའི་ཨ་མགོ་གྱེན་བསྟན་སྤྱི་བོའི་ཧཾ་ཐུར་བསྟན་དུ་ཐབས་ཤེས་ཀྱི་རྟེན་འབྲེལ་ལས་ཆགས་པས་ཕྱི་རོལ་དུ་ཨེ་ཝཾ་ཐབས་ཤེས་ཀྱི་རང་བཞིན་དང༌། སྙིང་གར་ཉོན་མོངས་དང་བདུད་རྩི་ལྔའི་རྟེན་གྱི་ཡི་གེ །དེ་ནས་ས་ར་ཧྱ་བྱ་སོགས་ཡི་གེ་བཅུ་དྲུག །དེ་ནས་ཡུལ་ཉེར་བཞིའི་ཡི་གེ་ཉི་ཤུ་རྩ་བཞི། དེ་ནས་ཡི་གེ་བརྒྱ་ཉི་ཤུ་སོགས་བསམ་གྱིས་མི་ཁྱབ་པའི་བར་གྲུབ་པ་རྣམས་ཀྱི་ནང་དུ་རླུང་རྔུབ་པས་ངག་ཡི་གེའི་སྒྲ་དང་ལྡན་པར་གྲུབ་པར་གསུངས་ལ། ལུས་གྲུབ་པའི་ཚེ་ཐོག་མར་གྲུབ་པ་སྲོག་ཆེན་པོའི་རླུང་ཀུན་གཞིའི་རྣམ་ཤེས་ལ་བརྟེན་པ་ཡི་གེ་ལྔ་ལས་དབྱིབས་ཨ་ཐུང་གི་རྣམ་པ་མཁའ་ཞེས། ཐུར་སེལ་ས་ཁམས་ལཾ་ཡིག །གྱེན་རྒྱུ་མེ་ཁམས་རཾ་ཡིག །མཉམ་གནས་ཀྱི་རླུང་རླུང་ཁམས་ཨཾ་ཡིག །རྣམ་པ་ཁྱབ་བྱེད་ཀྱི་རླུང་ཆུ་ཁམས་ཨུ་ཡིག་བཅས་རྩ་བའི་རླུང་ལྔ། ཀླུའི་རླུང་ས་ཁམས་ཨཱ་རིང་པོ། རུས་སྦལ་གྱི་རླུང་ཁམས་ཨེ་ཡིག །བའི་རླུང་མེ་ཁམས་ཨཱར་ཡིག །ལྷས་སྦྱིན་གྱི་རླུང་ཆུ་ཁམས་ཨེ་ཡིག །ནོར་ལས་རྒྱལ་གྱི་རླུང་ས་ཁམས་ཨཱ་ཡིག་སྟེ་ཡན་ལག་གི་རླུང་ལྔ་སྟེ་རྩ་བའི་རླུང་བཅུ། དེ་ལས་གྱེས་པའི་ཡན་ལག་གི་རླུང་མང་པོ་གསུངས་ཀྱང་བཅུའི་ཁོངས་སུ་འདུ་ལ། དེ་ཡང་རླུང་ལྔའི་ཁ་དོག་དང་དབྱིབས་ཀྱི་རྩ་བའི་རླུང་ལྔ་དང༌། ཉམས་སུ་ལེན་དུས་དུས་བཞི་དང་སྦྱར་བའང་གསུངས་ཀྱང༌། ཀུན་ལ་ཁྱབ་བྱེད་ནམ་མཁའི་རླུང་གི་ཁ་དོག་དང་དབྱིབས་ལ་སེམས་བཟུང་བས་ཤིས་པར་གསུངས་སོ། །དེ་བཞིན་དུ་ལྷ་དང་སྔགས་ཀྱང་ཡེ་ཤེས་གཅིག་ཉིད་དུ་མར་ཤར་བ་ལས་རྒྱུད་ཐ་དད་དུ་མི་བལྟ་ཞིང༌། སྔགས་ཀྱི་བཟླས་པའང་ངག་བཟླས། ཡིད་བཟླས། འགོག་བཟླས། རྡོ་རྗེའི་བཟླས་པ་རྣམས་ལས་རྫོགས་རིམ་གྱི་སྐབས་འདིར་བུམ་ཅན་དང་སྦྲག་པའི་རྡོར་བཟླས་ཅུང་ཟད་བྱ་དགོས་ལ། ཐོག་མར་རླུང་ནང་དུ་རྔུབ་པའི་ཚེ་ཕྱི་རོལ་བརྟན་གཡོ་འཁོར་འདས་ཀྱི་སྣང་གྲགས་རིག་པའི་ཆོས་ཐམས་ཅད་ཐིག་ལེ་དཀར་དམར་མཐིང་གསུམ་གྱི་རྣམ་པར་སྣ་བུག་གཉིས་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། དྭངས་མ་ཐམས་ཅད་སྙིང་གའི་ཧཱུྃ་ལ་ཐིམ་པས་བཀྲག་མདངས་འོད་དུ་འཚེར་བར་བསམ་ལ་རླུང་ཁ་སྦྱོར་དུ་མནན་པས་རླུང་སེམས་བསྲེ། མི་ཐུབ་ན་གཞིལ་ཞིང༌། སླར་ཕྱིར་བཏང་བ་རྣམས་ཨོཾ་ཨཱཿཧཱུྃ་གི་རང་བཞིན་དུ་མོས་པ་ཞི་ལྷག་ཟུང་འཇུག་གི་རྣལ་འབྱོར་ཟབ་མོའི་རླུང་སེམས་དབུ་མར་སྡུད་པའི་ཐབས་རྨད་དུ་བྱུང་བའོ། །གསུམ་པ་ཐིག་ལེའི་རྣལ་འབྱོར་ནི། སྤྱིར་ཐིག་ལེ་ཞེས་པ་བདེ་བ་ཆེན་པོའི་སྙིང་པོའམ་ས་བོན་ལྟ་བུ་སྟེ། ཐོག་མ་མེད་པའི་དུས་ནས་གཞོམ་དུ་མེད་པར་གནས་པའི་རང་སེམས་སྐུ་གསུམ་གྱི་བདག་ཉིད་ཀྱི་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ། སེམས་དཀར་དམར་རླུང་གསུམ་གྱིས་དཀྲུགས་པས་གཟུང་འཛིན་གཉིས་ཀྱི་འཁྲུལ་པ་མ་རིག་པའི་ཐིག་ལེ། ཀུན་བརྟགས་མིང་གཞི་ལས་བསྒྱུར་བ་བཏགས་པ་སྔགས་ཀྱི་ཐིག་ལེ། གཞན་དབང་གི་རླུང་འཆིང་རླུང་གི་ཐིག་ལེ། ཁམས་དཀར་དམར་དེ་འཆིང་བྱེད་ཀྱི་ཐབས་དང་བཅས་རྫས་ཀྱི་ཐིག་ལེ་ཞེས་དབྱེ་ཡང༌། བསྡུ་ན་ཀུན་རྫོབ་བརྡར་བཏགས་པ་དང༌། དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་གཉིས་སུ་འདུས་ལ། དེས་ན་སྐབས་འདིར་ཀུན་རྫོབ་བརྡར་བརྟགས་སམ་རྫས་ཀྱི་ཐིག་ལེ་ཉིད་བསྒོམ་བྱ་སྟེ། དེ་ནི་རླུང་གི་གནད་ལ་བརྟེན་ནས་ཁྲིད་སར་འདུ་བ་ཆུ་དང་འདྲ་བས་འགྱུར་མེད་དོན་དམ་བྱང་ཆུབ་སེམས་ཀྱི་ཡེ་ཤེས་ཀྱི་རྟེན་ཡིན་པས་འཕོ་མེད་དུ་བཅིང་དགོས་པའི་ཕྱིར། སྤྱིར་རྩ་རྣམས་སུ་ལུས་ཀྱི་ཁམས་དྭངས་སྙིགས་ཀྱི་ཐིག་ལེ་སུམ་ཅུ་རྩ་དྲུག་གི་རླུང་གིས་དབང་བྱེད་པ་ནོར་བུ་ལྟ་བུར་གནས་ཤིང་དེ་ལ་བརྟེན་པའི་རྫས་ཀྱི་ཐིག་ལེའི་དྭངས་མ་དཀར་ཆ་ནི་དབུ་མའི་ཡར་སྣ་ཧཾ་ཡིག་གི་རང་བཞིན་དུ་གནས་པ་དེ་ལས་བདེ་བ་འཇོ་བའི་དཔྱིད་ཅེས་གསུངས་ཤིང་ནོར་བུ་ཀུནྡའི་མདོག་ལྟར་དཀར་ལ་འཚེར་བ་དང་དམར་ལ་སྣུམ་བག་དང་ལྡན་པ། དམར་ཆའི་དྭངས་མ་ནི་ལྟེ་འོག་རྩ་གསུམ་འདུས་པའི་མདོར་ཨ་ཐུང་གི་རྣམ་པར་གནས་པ་དེ་ལ་བདེ་བ་བརྟན་པའི་ཐིག་ལེ་བཅས་གསུངས། དེ་ཡང་གཏུམ་མོ་ཨ་ཐུང་གི་མཚན་ཉིད་ནི། ཉི་མའི་ཆོས་ཉིད་རྣམ་པར་དག་པའི་ཁ་དོག་དམར་བ། རླུང་མེའི་དྲོད་རྟགས་ཀྱི་ངོ་བོར་གྲུབ་པའི་རེག་བྱ་ཚ་བ། བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་བདུད་རྩི་དམ་པའི་ཕྱིར་ཉམས་མྱོང་བདེ་བ། ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་ཕྱིར་རང་བཞིན་སྟོང་པ་ཉིད་དེ་མཚན་ཉིད་བཞི་དང་ལྡན་པ་ལྟེ་འོག་སོར་བཞི་སྤུ་ན་གུ་མཚམས་རོ་རྐྱང་གི་མར་སྣ་བུ་གར་ཟུག་པའི་ཁར་གནས་པར་བསྒོམ། དེ་ཡང་ཨ་ཤད་དེ་ཇི་ཙམ་ཕྲ་བ་གསལ་ཞིང་དེ་ལ་སེམས་འཛིན་རྩེ་གཅིག་ཏུ་བྱས་ནས་སེམས་ཟིན་ངེས་བྱུང་ན་རིམ་གྱིས་སྤར་བས་བདེ་དྲོད་ཆེར་སྐྱེ་བ་དང༌། རིམ་གྱིས་ཨ་ཤད་ཀྱིས་མེ་སྦར་བས་བདེ་དྲོད་བརྟན་པར་གསུངས། སྤྱི་བོར་བྱང་ཆུབ་སེམས་ཀྱི་ངོ་བོ་ཧཾ་ཡིག་ནི། ཟླ་བའི་ཁམས་ཀྱི་ཆ་ཡིན་པའི་ཕྱིར་དཀར་བ། ཤེས་རབ་ཀྱི་ཙཎྜ་ལི་དང་འབྲེལ་བའི་ཕྱིར་མུ་ཏིག་གི་མདོག་ལྟར་འཚེར་བ། བྱང་ཆུབ་སེམས་ཀྱི་བདུད་རྩིའི་བཅུད་དང་ལྡན་པའི་ཕྱིར་སྣུམ་པ། རྩ་ཡི་གནས་གང་ཡང་རུང་བར་སྤྱན་དྲངས་བདེ་བའི་ཕྱིར་ཀུན་ཏུ་ཟླུམ་པས་འདྲིལ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ་སྤྱི་བོ་དབུ་མའི་ཡར་སྣར་མགོ་ཐུར་བསྟན་དུ་གནས་པར་བསྒོམ། དཀར་དམར་གྱི་ཆ་ཤས་ལུས་སྤྱི་དང་ཁྱད་པར་འཁོར་ལོ་རྣམས་ལ་ཁྱབ་སྟེ་ཡོད་ཅིང་འཁོར་བའི་དུས་སུ་ཆོས་དང་གང་ཟག་གི་བདག་འཛིན་གཉིས་བསྐྱེད་ཅིང༌། རྟེན་གྱི་གནད་བཅིང་བའི་འབར་བཞུའི་རྟེན་འབྲེལ་ལས་བདག་མེད་གཉིས་ཀྱི་ཡེ་ཤེས་ཀྱང་རང་བྱུང་གིས་འཆར་ཞིང་ཆོས་གཟུགས་ཀྱི་སྐུ་གཉིས་ཀྱི་གོ་འཕང་དུ་དབུགས་དབྱུང་ལ། དོན་ལ་སྒྲིབ་མེད་དྭངས་མའི་ཁམས་བྱང་སེམས་དེ་རྡོ་རྗེའི་ལུས་སྒྲིབ་བྲལ་དུ་གནད་བཅིངས་པས། དེ་ཉིད་ཞུགས་ན། བདེན་གཉིས་ཀྱི་བྱང་ཆུབ་སེམས་རྒྱུད་ལ་སྐྱེ་བས་དཀར་དམར་གྱི་དྭངས་མ་ལ་བྱང་ཆུབ་སེམས་ཀྱི་སྒྲ་ཞུགས་པའོ། །དམིགས་གནད་དངོས་ནི་རླུང་བུམ་པ་ཅན་གྱི་སྦྱོར་བས་སྣ་བུག་གཉིས་ནས་རྔུབ་པ་རོ་རྐྱང་དུ་སོན་པ་དང་ཨཱ་ལི་དམར་པོ་དང༌། ཀཱ་ལི་དཀར་པོ་ཡི་གེའི་རྣམ་པར་བརྒྱུད་དབུ་མའི་ཡར་སྣེ་ནས་ཞུགས་ཏེ་ལྟེ་འོག་ཨ་ཤད་ཐིག་ལེ་དང་ནུས་པ་མེའི་རང་བཞིན་དུ་ལྷན་གྱིས་འབར་བས་རིམ་གྱིས། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་བར་མཆེད་དེ་རྩ་སྦུག་ཐམས་ཅད་གང་བས་ཕུང་ཁམས་སྐྱེ་མཆེད་ཀྱི་བག་ཆགས་སྒོ་གསུམ་ཆ་མཉམ་དང་བཅས་པའི་རྒྱུ་ལས་ཉོན་འབྲས་བུ་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྩ་སྦུར་མེས་ཚིག་པ་བཞིན་བསྲེགས་ཏེ། རྩ་སྦུག་ཐམས་ཅད་དམར་ཟང་ངེ་དྲོད་འབར་ཞིང་ཁྱབ་པས་རྩེ་མོ་སྤྱི་བོའི་ཧཾ་ལ་རེག་པས་མར་ལ་ཉི་འོད་ཕོག་པ་བཞིན་ཞུ་སྟེ་ཁམས་དྭངས་མའི་སྙོག་པ་ཆར་ལྟར་བྲུལ་ཏེ་སྤྱི་བོ་ནས་ལྟེ་བར་བྱུང་ནས་འཁོར་ལོ་བཞིའི་རྩ་ཁེངས་ཏེ་ནང་སྦུབས་ཐམས་ཅད་ཁུ་བས་གང་སྟེ་དཀར་སང་ངེ་གནས་པས་དགའ་བཞིའི་ཉམས་སྐྱོང༌། སད་རྨི་གཉིད་འཐུག་སྙོམས་འཇུག་གི་སྒྲིབ་པ་སྦྱངས། རྩ་རླུང་ཐིག་ལེའི་སྐྱོན་དང་གེགས་ཐམས་ཅད་བསལ། བདེ་སྟོང་ཡེ་ཤེས་གནས་སོ་སོར་རིམ་དང་གཅིག་ཆར་དུ་སྐྱེས་པར་བསམ་ལ་སེམས་བཟུང༌། མཐར་ཐིག་ལེའི་དཀར་ཆའི་དྭངས་མ་དང་གཏུམ་མོའི་མེ་གཉིས་མེད་དུ་འདྲེས་ཏེ་རྩ་འཁོར་ཐམས་ཅད་ཟང་ཐལ་གྱིས་ལུས་ཀྱི་ནང་ཐམས་ཅད་གང༌། སྙིགས་མ་ཐམས་ཅད་བསྲེགས་དྭངས་མས་ལུས་གང་བས་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པར་བསམ་ལ་རླུང་རིག་སེམས་གསུམ་གཅིག་ཏུ་བསྲེས་ལ་མཉམ་བཞག་གི་རང་ངོ་བསྐྱང༌། སྙིང་གར་འོད་ལྔའི་ཐིག་ལེ་ཤིན་ཏུ་ཕྲ་བ་ལ་སེམས་རྩེ་གཅིག་ཏུ་གཏད་པ་ནི་གཏུམ་མོ་ཡེ་ཤེས་ཀྱི་འཁོར་ལོའི་དམིགས་རིམ་མོ། །ནང་གཏུམ་མོའི་འབར་འཛག་གི་དམིགས་པའི་གཞུང་སྔ་མ་ལྟར་ལས། སྙིང་ནང་ཨེ་མཐིང་ག་དང༌། སྤྱི་བོར་ཧཾ་གྱི་འོག་ཏུ་བྃ་དཀར་གསལ་བསམ། ཞུ་བདེའི་ཁམས་དཀར་དམར་གྱིས་ལུས་གང་མཐར་ཐིག་ལེའི་དྭངས་མ་ཐམས་ཅད་ཨེ་དང་བྃ་ལ་ཐིམ། མཐར་ཡི་གེ་གཉིས་ཀྱང་གཅིག་ཏུ་འདྲེས་པའི་གོང་བུ་སྲན་མ་ཙམ་ལ་སེམས་བཟུང་ནས་མཐར་མི་དམིགས་པའི་ངང་དུ་བཞག་ལ་བུམ་ཅན་བཟུང་བ་ནི་བདེ་ཆེན་ཆོས་ཉིད་ཀྱི་འཁོར་ལོའི་མན་ངག་གོ །རླུང་ཁམས་གཉིས་དུས་གཅིག་པར་ལྟེ་བར་མེ་རླུང་ཨེའི་རྣམ་པས་ཧཾ་ཡིག་ཞུ་བས་དབུ་མ་དང་འཁོར་ལོ་ཐམས་ཅད་ལ་ཁྱབ་པས་རླུང་སེམས་ཀྱི་ཐིག་ལེ་དཀར་པོ་ཐུར་དུ་བབ་པ་དང་དམར་པོ་གྱེན་འགྲོ་གཉིས་སྙིང་གར་འདྲེས་པས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་བྲལ་གྱི་ངང་དུ་འཇོག་པ་ནི་རྩལ་སྦྱང་བོགས་འབྱིན་གྱི་འཁོར་ལོའི་མན་ངག་གོ །གསུམ་པ་རྗེས་ཉམས་སུ་བླང་བའི་ཕན་ཡོན་ནི། དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་དང་པོ་རླུང་ལ་བརྟེན་ནས་ཆགས། ཆུས་ས་བརྟེན། ས་ལས་དྲོད་འབྱུང་ཞིང༌། ཤིང་དང་ལྕགས་ལ་སོགས་པ་མེའི་རྒྱུར་སོང་བ་གནས་འབྱུང་བཞིའི་རང་བཞིན་དུ་གྲུབ་པ་ལྟར། རླུང་སེམས་དྭངས་མར་འདུས་པ་ཁྲག་གི་རང་བཞིན་ཆུས་གཅིག་ཏུ་བསྡུས་པ་ལས་སེམས་ཅན་གྱི་ལུས་སུ་ཆགས་ཏེ། དེ་ཡང་ས་ཡི་རང་བཞིན་ཤ། དེ་ལས་མེའི་རང་བཞིན་ལུས་ཀྱི་དྲོད་སྐྱེས་ནས་དབང་པོ་དང་ཁ་དོག་བསྐྱེད། མེ་རླུང་བསྐྱེད་པས་དབུགས་དང་བཀྲག་མདངས་རྒྱས་པར་བྱེད་ཅིང༌། ཕྱི་ནང་གི་འབྱུང་བ་དེ་དག་བག་ལ་ཉལ་དང་ཀུན་ནས་ལྟ་བའི་ལས་ཀྱིས་བརྟན་གཡོ་ཆགས་གནས་འཇིག་སྟོང་བྱེད་པ་དང་མཐུན་པར་ནང་ལུས་སེམས་ཀྱི་ཚོགས་པའང༌། འབྱུང་བ་སོ་སོའི་བྱེད་ལས་ཀྱིས་སྐྱེ་རྒ་ན་འཆི་བྱེད་པས་སྣོད་བཅུད་ཀྱི་རང་བཞིན་ནི་ལུས་སེམས་ལ་རྫོགས་པས། ལུས་ལ་བརྟེན་ནས་འབྱུང་བ་ལ་གནད་དུ་བསྣུན་པའི་རྟེན་འབྲེལ་གྱིས་སེམས་ཆོས་སྐུར་གྲོལ་བར་བྱེད་པ་རྫོགས་རིམ་གྱི་ཐབས་མཁས་ཡིན་པས། མན་ངག་དེ་དག་བསྒོམས་པའི་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱི་བྱ་བ་བྱེད་ཅིང༌། ཁམས་དཀར་དམར་གཉིས་རྒྱུན་མི་ཆད་པར་དབུ་མར་འབབ་པར་བསྒོམ་པའི་བྱེད་བཅིང་ལ་ནུས་པ་ཐོན་པས་ཕྱི་རོལ་དུ་ཉི་ཟླ་གཟས་འཛིན་མི་ནུས་པ་དང༌། འཁོར་ལོ་སོ་སོའི་རླུང་སེམས་ལས་སུ་རུང་བས་དབུ་མའི་མདུད་པ་གཉིས་གཉིས་གྲོལ་བ་དང༌། རླུང་དང་ཁམས་ཀྱི་དྭངས་མ་གཉིས་རེ་སྒྲ་གཅན་གྱི་ལྟོར་ཞུགས་པ་དང་མཉམ་དུ་ས་བཅུ་ལམ་ལྔའི་རྟོགས་པ་དང་ཡོན་ཏན་གོང་ནས་གོང་དུ་འཕེལ་ཏེ་རླུང་སེམས་ཀྱི་དྭངས་མ་ཐིག་ལེ་དང་བཅས་པ་གཙུག་ཏོར་ནམ་མཁའི་འཁོར་ལོར་འགྲོ་བས་སངས་རྒྱས་པར་གསུངས་སོ། །སྤྱིར་སྔགས་བླ་མེད་ཀྱི་ལམ་ཐམས་ཅད་ཀྱི་སྙིང་པོ་རྫོགས་རིམ་རྡོ་རྗེའི་ཆོས་དྲུག་ཅེས་གསུངས་པའི་རྩ་བ་གཏུམ་མོ་སྟེ། གང་ལ་གནད་དུ་བསྣུན་པས་ཕུང་ཁམས་མ་དག་པ་ཐམས་ཅད་སྲེག་ཅིང་ཉོན་མོངས་རྣམ་རྟོག་ཐམས་ཅད་རྩད་ནས་གཅོད་པའི་དོན་གྱིས་གཏུམྃ། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་འཆར་བར་བྱེད་པས་མོྃ་ཞེས་བྱ་ཞིང༌། སྦས་དོན་ཙཎྜ་ལིའི་འབར་འཛག་མཐར་ཕྱིན་པས་ཡེ་ཤེས་ཀྱི་རླུང་མཆོག་གི་ཨ་ཝ་དྷཱུ་ཏིར་ཐིམ་སྟེ་འབར་འཛག་གི་ཞུ་བདེ་རྒྱུན་མི་ཆད་པ་ལས་མཆོག་གི་དགའ་བ་བཞི་སྐྱེ། ཁྱད་པར་ཅན་བསྐྱེད་པ་ལས་ཁྱད་པར་ལྔ་ལྡན་གྱི་སྒྱུྃ་ལུསྃ་ཙམ་པོ་བ་འགྲུབ། དེ་དོན་གྱི་འོད་གསལ་གྱིས་དྲི་བྲལ་དུ་བྱས་པའི་མཐར་སྒྱུ་ལུས་ཁྱད་པར་ཅན་འགྲུབ་པ་དེ་ཉིད་ཟུང་འཇུག་གིའམ་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་ནུས་ཤིང༌། ཉིན་སྣང་སྒྱུ་མ་ལྟ་བུའི་སྣང་ཆ་མཚན་སྣང་རྨིྃ་ལམྃ་དང་བསྲེ་ནུས་ན་དངོས་སྣང་གི་སྐྱེ་འཆི་བར་དོ་ཡང་ལམ་དུ་བྱེད་ནུས་པའི་ཕྱིར། དང་པོ་ཉིན་སྣང་དྲན་པ་བར་མེད་དང༌། མཚན་མོ་མན་ངག་བཙན་ཐབས་ཀྱིས་དང་པོ་རྨི་ལམ་བཟུང་ཟིན་ནས་སྦྱོང་བསྒྱུར་ལ་གོམས་པ་མཐར་རྨི་ལམ་འོད་གསལ་དང་བསྲེས་ནས་བསྒོམས་པས་སྐྱེ་འཆི་བར་དོའི་འཕྲང་ཆོད་ནས་རང་བཞིན་མེད་པར་གཏན་ལ་དབབ་ཅིང་ལ་ཟླའོ། །རྟེན་འབྲེལ་རྡོ་རྗེའི་ལུས་ཀྱི་གནད་བཅིངས་ནས་ཡིད་ཐིག་རླུང་གསུམ་རྣམ་པར་མི་རྟོག་པའི་ངང་ལ་བཞག་ནས་ལུས་སེམས་རྟེན་འབྲེལ་ཁྱད་པར་ཅན་གྱིས་རོ་རྐྱང་གི་རྒྱུ་བ་འགག་པ་དབུ་མར་དྲོངས་པས་རྣམ་བཅས་ཀྱི་སྟོང་ཉིད་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་ཉམས་སུ་མྱོང་བའི་ཕྱིར། དེས་ན་བརྟན་པ་འོད་གསལ་སེམས་སྟོང་ཉིད་དུ་རྟོགས་པའི་སྣང་བ་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་འཆར་བ་ཡང༌། རྟེན་མཆོག་གི་དབུ་མར་རོ་རྐྱང་གི་རླུང་ཐིམ་པ་ལ་རག་ལས་ཤིང༌། དེ་ཐིམ་པའི་ཐབས་ལའང་སྣོད་བཅུད་དག་པའི་འཁོར་ལོ་འོད་གསལ་དུ་བསྡུས་ནས་སེམས་མ་བཅོས་པར་གློད་ནས་བཞག་པ་འདི་ལས་ཟབ་པ་མེད་པས་ཟླ་ཉི་སྒྲ་གཅན་གྱི་རླུང་སྙིང་གར་ཟིན་པས་སྣང་གསུམ་གྱི་མཐར་འོད་གསལ་དུ་འཆར་ལ། གཉིད་དུ་མ་སོང་གོང་འདི་ཉིད་སྦྱངས་ན་གཉིད་འོད་གསལ་དུ་ཚེགས་མེད་དུ་ཟིན་ཞིང༌། དེ་ཟིན་ན་འཆི་བ་འོད་གསལ་ཡང་ཟིན་པས་འོདྃ་གསྃལ་སུམ་འབྲེལ་གྱི་མན་ངག་ཏུ་གྲགས་སོ། །འཆི་བ་འོད་གསལ་གྱི་དུས་རླུང་སེམས་སྙིང་གའི་དབུ་མར་ཐིམ་པ་ན་གཉིས་སྣང་གི་སྤྲོས་པ་ཉེ་བར་ཞི་བ་ནམ་མཁའ་སྤྲིན་མེད་པ་ལྟ་བུ་ཞིག་འཆར་བས་སྔོན་གོམས་ཀྱི་མྱོང་བ་དང་ལྡན་ན་སྔར་འདྲིས་ཀྱི་མ་དང་འཕྲད་པ་ལྟ་བུར་གྲོལ་ནུས་པས་ན། ད་ལྟ་སད་དུས་སྲོག་དབུ་མར་བསྡུས་པས་སྟོང་བཞི་ལ་གོམས་པ་དང༌། གཉིད་འཐུག་འོད་གསལ་དུ་བསྲེ་ཐུབ་ན་རླུང་སྟོབས་ཀྱིས་གཟོད་འཆི་སྲིད་དུ་འོད་གསལ་མ་བུ་བསྲེ་ནུས་ལ། དེ་ནུས་ན་དེའི་ཕྱི་ལོགས་སུ་བར་དོ་ཤར་བ་གདོན་མི་ཟ་བར་ངོ་ཤེས་པས་བརྃ་དོྃ་ཟིན་པའི་ཐབས་ཀྱི་མཆོག་དམ་པའོ། དེར་མ་གྲོལ་ན་འཆི་ཁའི་འོད་གསལ་གྱི་ངང་ནས་ལུགས་ལྡོག་གི་སྣང་གསུམ་འཆར་བར་གོ་བ་ན་སྒྱུ་ལུས་སུ་ལྡང་བའི་འཕེན་པ་དྲག་པོས་གསོལ་བ་བཏབ་སྟེ་སྐད་ཅིག་མར་ལྷའི་སྐུ་སྣང་སྟོང་སྒྱུ་མའི་ལུས་སུ་ལངས་ལ། སླར་དེ་ཉིད་དོན་དམ་འོད་གསལ་གྱི་སྦྱངས་པ་མ་དག་འཁོར་བའི་བར་སྲིད་ལས་འཕགས་ཏེ་འོད་གསལ་ལས་ལྡང་བ་ན་ལུགས་ལྡོག་གི་སྣང་བ་གསུམ་པོ་རླུང་དང་བཅས་ཆུ་ལས་ཉ་འཕར་བ་ལྟར་ཟུང་འཇུག་གི་སྐུར་བཞེངས་ནས་བར་དོ་མི་སློབ་པ་མཆོག་གི་དངོས་གྲུབ་ལོངས་སྤྱོད་རྫོགས་སྐུ་མངོན་དུ་བྱེད་པ་ལེ་ལོ་ཅན་བར་དོར་འཚང་རྒྱ་བའི་མན་ངག་དང༌། བར་དོ་གསུམ་པ་ལ་ལུས་མེད་པས་མིང་བཞི་འཁྱམས་པོ་རྣམ་ཤེས་རླུང་དང་བག་ཆགས་ཀྱིས་བདས་པས་རང་དབང་མེད་པར་སྐྱེ་གནས་ཚོལ་ཞིང་དྲི་ཟ་མངལ་སྒོ་ཉུལ་བ་ལ་གང་ལ་གོམས་པའི་དགེ་སྦྱོར་གནད་དུ་བསྣུན་ཏེ། རྟེན་བཟང་པོར་ལས་ཀྱི་འཕྲོ་མཐུད་ནས་སྐྱེ་བ་སྤྲུལ་པའི་སྐུར་འཚང་རྒྱ་བའོ། འཕོ་བའི་རྣལ་འབྱོར་མཚན་ཉིད་པ་འགྲུབ་པ་ལ། བུམ་ཅན་གྱི་སྦྱོར་བ་བྱང་བས་ཐུར་སེལ་གྱི་རླུང་གིས་གཏུམ་མོ་འབར་བས་མེ་རླུང་གི་ཤུགས་ཀྱིས་སྙིང་གའི་མི་ཤིགས་པའི་རླུང་སེམས་རང་གནས་ལས་བསྐྱོད་ནས་གཙུག་ཏོར་གྱི་བར་འབིགས་ནུས་པ་ནི་ལུས་ཀྱི་མཐར་ཐུག་རྩ་དབུ་མ་གཏུམ་མོའི་མེ་རླུང་བདུན་གསུམ་གྱིས་སྦྱངས་ནས་དག་པའི་འཕོ་བ་འགྲུབ་པར་གསུངས། དེ་ལྟར་ཆོས་དྲུག་པོ་དེ་ལམ་སྒོམ་པའི་རྩོལ་བ་དང་བཅས་པས་རང་གི་ལུས་ཀྱི་རྩ་རླུང་ཐིག་ལེ་སེམས་དང་བཅས་པ་ལ་གནད་དུ་བསྣུན་པའི་ཐབས་ཁོ་ནས་འགྲུབ་པའི་ཕྱིར་རང་ལུས་ཐབས་ལྡན་ནམ་སྟེང་སྒོ་རྣམ་གྲོལ་གྱི་ལམ་ཞེས་བྱ་ལ། དེ་ཐམས་ཅད་གཏུམ་མོའི་ལམ་གཅིག་གིས་སྦྱངས་པ་མཐར་སོན་པས་གཞན་རྣམས་དེའི་གེགས་སེལ་དང་བོགས་འབྱིན་ཡིན་པའི་ཕྱིར་དམིགས་བསལ་མ་བསྒོམས་ཀྱང་རུང༌། ཆོས་དྲུག་གི་ཡོན་ཏན་དང་ལམ་རྟགས་གཏུམ་མོ་གཅིག་གིས་འཆར་ནུས་པས་གནད་སྤྲོས་ཏེ་བཤད་པ་ཡིན་པས་ཤེས་པར་བྱའོ། །ཤིན་ཏུ་ཞི་བ་དྷཱུ་ཏིའི་དགའ་ཚལ་དུ། །གྱ་གྱུའི་རླུང་སེམས་བདེ་བར་ངལ་འཚོས་པས། །ལྷན་སྐྱེས་ཀུན་དགའི་རོལ་རྩེད་རྩེན་འདོད་ན། །རྡོ་རྗེའི་ལམ་གྱི་ཐབས་མཁས་འདི་བསྟེན་ཅིག །གཉིས་པ་ཕོ་ཉའི་ལམ་སྒོམ་ཚུལ་ནི། གཏེར་གཞུང་ལས། རྩ་རླུང་ཐིག་ལེའི་ནུས་པའི་དྲོད་ཐོབ་པ་དང༔ ཐབས་ཀྱི་ལམ་ཟབ་མོའི་ཨེ་ཝཾ་མཉམ་པར་སྦྱོར་བའི་བརྟུལ་ཞུགས་སྤྱོད་པ་ཤིན་ཏུ་གསང་བ་ཆེན་པོ་རྨད་དུ་བྱུང་བའི་ལམ་སྦྱང་དགོས་པས༔ཞེས་སོགས་ཀྱིས་གསལ་བར་གསུངས་པ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་བྱས་ནས། ཉམས་ལེན་དངོས་ལ། དེ་ནས་སློབ་མ་དེས་དབང་བསྐུར་བའི་རིག་མ་དེའམ༔ མཚན་ཉིད་དང་ལྡན་པ་གཞན་བཙལ་ཀྱང་རུང་སྟེ༔ དགུག་པ་སོགས་སྔར་དང་འདྲ༔ དེ་ནས་བུ་མོ་དེ་ལ་ཐུན་མོང་དང་ཐུན་མིན་གྱི་ཆོས་བཤད༔ རྒྱུད་ལེགས་པར་འབྱོང་སྟེ་ཞི་དུལ་དང་ལྡན་པར་བསླབ༔ རྣལ་འབྱོར་པ་རང་དང་ནུས་པ་མཉམ་པའམ་ཡང་ན་ཅུང་ཟད་དམན་ཀྱང་རུང་སྟེ་དེ་ལ་དབང་བསྐུར༔ སྔགས་ཀྱི་སྤྱོད་པ་བློར་ཤོང་བར་བྱ༔ དེ་ནས་ཡིད་དུ་འོང་བའི་དབེན་པར་སོང་སྟེ་སྟངས་དཔྱལ་ཕན་ཚུན་བལྟ་བ་དང༔ འཛུམ་པ་དང༔ ཆགས་པའི་གཏམ་སྨྲ་བ་རྣམས་བྱ༔ ལུས་ཀྱི་ཆ་ཤས་ལ་རེག་པ་དང༔ ལག་པ་བཅང་བ༔ སེན་མོས་འདེབས་པ་སོགས་ཀྱང་བྱ༔ བདེ་བ་སྐྱེས་པ་དང༔ འོ་བྱ་བ༔ འཁྱུད་ལྡེམ༔ ལྕེ་གཞིབ་པ་སོགས་བྱས་མཐར༔ ཕན་ཚུན་ལྷ་ཡབ་ཡུམ༔ མཁའ་གསང་རྡོ་རྗེ་པདྨ༔ ཆོས་ཀྱི་འདུ་ཤེས་གསུམ་དང་མ་བྲལ་བས་སྙོམས་པར་ཞུགས༔ བདེ་བ་མ་སྐྱེས་བར་རྡོ་རྗེ་དལ་བུས་སྲུབ༔ བདེ་བ་ཆེ་ན་སྤྱོད་པ་དལ༔ ཆུང་ན་སྒྱུ་རྩལ་སྣ་ཚོགས་པས་སྤྱོད༔ ཁམས་གནས་སོ་སོར་གཡོས་པ་དང་དགའ་བ་བཞི་ངོས་བཟུང༔ ཐིག་ལེ་ནོར་བུའི་རྩེར་སོན་ན་ལྡོག་དཀའ་བས་རྩ་བ་ནས་བཟུང༔ རླུང་གི་ནུས་པ་ཆེ་ན་རྩེ་མོ་ནས་སླར་ལྡོག་ཏུ་གཏུབ༔ སླར་གྱེན་དུ་ལྡོག་སྟེ་སྤྱི་བོའི་བར་ལྡོག༔ མི་འགྱུར་བའི་བདེ་བ་ཆེན་པོ་དང་བསྲེས་ལ་རང་ངོ་བསྐྱང༔ བདེ་བ་འཕྲོ་ཆད་ན་སླར་ཡང་སྲུབ་སྟེ་བསྐྱར༔ ཐིག་ལེ་ལྡོག་ཟིན་པའི་ཚེ༔ རྩ་གནས་ཐམས་ཅད་ལ་བཀྲམ་པའི་ཕྱིར་ལུས་སྤྲུག་བྱ༔ ཡན་ལག་འཕེན་ཅིང་སྡུད༔ ཐིག་ལེ་འཛིན་དཀའ་ན་རྒྱ་མཚོ་རི་རབ་ལ་སྦྱར༔ ཉི་ཟླ་གྱེན་དུ་ལྡོག༔ གླིང་བཞི་སྦུབས་སུ་བཅུག༔ སྟོང་འདྲེན་མང་དུ་བྱས་པས་ཐུབ་བོ༔ དེ་ལྟར་གོམས་པ་ན༔ རྩ་ཡི་མདུད་པ་གྲོལ༔ དབུ་མར་ཡེ་ཤེས་ཀྱི་རླུང་ཞུགས༔ ཐིག་ལེ་འཕོ་མེད་དུ་དག་སྟེ༔ བདེ་སྟོང་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་མུ་མཐའ་མེད་པར་སྐྱེ༔ དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་འཆར་བར་འགྱུར་རོ༔ འདི་ནི་རྡོ་རྗེ་ཐེག་པའི་རྣལ་འབྱོར་པས་རྟག་ཏུ་ཉམས་སུ་ལེན་པར་བྱའོ༔ བློ་གྲོས་ཆུང་ཞིང་དམན་པའི་རིགས་ཅན་ལ་ཤིན་ཏུའང་གསང་བ་དམ་དུ་བྱའོ༔ ཞེས་གསུངས་པ་ཁྲིད་ཀྱི་ས་བཅད་འཛིན་བྱེད་གཏེར་གཞུང་ཡོངས་རྫོགས་བཞག་པ་ཙམ་ལས་ཞིབ་པར་མ་སྤྲོས་ཏེ་རིག་འཛིན་ཆེན་པོ་འཇིགས་བྲལ་གླིང་པའི་ཞལ་ནས། ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་ཡི། །དགོངས་བརྒྱུད་བརྡ་ལས་འོངས་པའི་བརྒྱུད་པའི་ཆོས། །སྔ་འགྱུར་ཡོ་ག་གསུམ་གྱི་རྒྱུད་རྒྱལ་འདི། །བྱིས་པ་སོ་སོའི་སྐྱེ་བོའི་སྤྱོད་ཡུལ་མིན། །སྙིགས་མ་ལྔ་ཡི་གདོན་གྱིས་མ་གཙེས་ཤིང༌། །ཡིད་སྲུབས་མདའ་ཡིས་སྙིང་ཁ་ཕུག་མིན་པར། །སྔོན་དགེའི་ལས་འཕྲོ་ཟླ་ཞུན་འཁྱིལ་བ་རྣམས། །མྱུར་ལམ་ཟབ་མོ་འདི་ལ་ཅིས་མི་འཇུག །ནང་རྒྱུད་རྣམ་གསུམ་ན་ཀྲའི་གྲོང་ཁྱེར་ན། །ཡང་དག་ལྟར་སྣང་འབྱེད་པའི་མ་ཎི་ཀཿ །བླང་ཚེ་སྙིང་པོས་དབེན་པའི་མཆིང་བུ་དག །སྐྱེངས་ཏེ་ས་ཡི་ཕག་ཏུ་ཡིབས་མིན་ནམ། །སྣོད་བཅུད་གཟོད་ནས་ལྷ་སྐུར་ཡོངས་དག་རྣལ་འབྱོར་ཆེ། །རྡོ་རྗེའི་ལུས་ལ་དཀྱིལ་འཁོར་ཡོངས་གྲུབ་ཨ་ནུའི་རྒྱུད། །རིག་པ་ཡོངས་གྲོལ་བློ་ལས་འདས་པའི་ཨ་ཏི་ཆེ། །བསྐྱེད་རྫོགས་གསུམ་གྱིས་འཁོར་བའི་ལས་ལམ་བཀག་དེ་མཚར། །བཀའ་ལ་གཟུ་ལུམ་རས་ཆོད་མི་བྱ་བར། །ལུགས་འདིའི་ཁྱད་ཆོས་ཡིན་པར་ངེས་པ་དག །ཡོ་ག་གསུམ་གྱི་ས་མཚམས་མ་ཕྱེད་པར། །འཐད་ལེགས་གཅིག་གིས་ན་ཡམ་ཁེངས་པ་ཐོངས། །སྔ་འགྱུར་གཞུང་གི་རྒྱུད་སྲོལ་དགོངས་པའི་རྩེ་སྒྲོ་རྒྱས། །མྱུར་པོའི་མན་ངག་ཟབ་མོའི་གཏེར་གྱི་བྱ་རུ་རྣོ། །བརྒྱུད་པའི་ཕྱག་བཞེས་ཡིད་བཞིན་དབང་རྒྱལ་གཙུག་ན་མཛེས། །ག་རུ་ཌ་དེ་ལྷགས་པ་ཙམ་གྱིས་བསྟན་ལ་བྱ་བ་རབ་ཏུ་བྱས། །ཞེས་གསུངས་པ་ལྟར་རོ། །བཞི་པ་རིག་པ་ཡེ་ཤེས་ཀྱི་ཕུར་པའི་གྲུབ་མཐའི་ལམ་ཐམས་ཅད་ཀྱི་སྐྱེལ་སོར་ལ་ཟླ་བའི་ཁྲིད་ནི། བཛྲ་གཱིརྟི་ལས། རིག་པ་རང་བྱུང་ཡེ་ཤེས་བློ་འདས་ཀྱི་ཕུར་བུ། །གཟུང་འཛིན་སྤང་བླང་བྲལ་བའི་ཆོས་དབྱིངས་སུ་ཐེབས་པས། །འཁོར་འདས་གཉིས་སུ་མི་ཕྱེད་རྡུལ་བྲལ་གྱི་ཀློང་ནས། །ངེས་དོན་འགོག་མེད་རྡོ་རྗེ་གཞོན་ནུ་དང་མཇལ་བྱུང༌། །ཞེས་པའི་དགོངས་པ་སྟེ། དེ་ཡང་རྒྱུད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ༔ ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས༔ འབར་བའི་ཁྲོ་བོ་མི་བཟད་པ༔ སྐུ་ཡི་དབྱིག་ཏུ་བདག་བསྐྱེད་དོ༔ ཞེས་པ་སོགས་ཀྱིས་བསྟན་པ་ལྟར། རྡོ་རྗེ་འབར་བ་ལས། ངོ་བོ་ཉིད་ཀྱི་སྟོང་པ་ལས། །གཟུང་དང་འཛིན་པ་རྣམ་སྤང་བ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །སྟོང་པ་ཡེ་ནས་གནས་པ་ལ། །ཤེས་པས་མཐོང་བའི་ཡུལ་མིན་ཏེ། །གང་གིས་ཡེ་ཤེས་བསྐྱེད་གྱུར་པ། །དེ་ཡིས་ཡེ་ཤེས་རྣམ་དག་མཐོང༌། །ཞེས་པ་ལྟར་བཤད་པ་ལ་གསུམ། སྔོན་འགྲོ་རྟེན་གྱི་ཆོས། དངོས་གཞི་སེམས་རིག་ཤན་འབྱེད། རྗེས་སྣང་འོད་གསལ་གྱི་མན་ངག་བཤད་པའོ། །དང་པོ་ལ། སྤྱི་དང་བྱེ་བྲག་གི་སྔོན་འགྲོ་གཉིས་ལས། དང་པོ་ལ། ཉམས་ལེན་བྱེད་པའི་གང་ཟག་ནི། གཏེར་གཞུང་ལས། གང་ཟག་བློ་ཆེ་ཞིང༔ སེམས་བརྟན་པ༔ རྟོག་པ་ཉུང་བས་ནི༔ ཞེས་གསུངས། ཆོས་སྟོན་པའི་སློབ་དཔོན་ནི། རྒྱུད་ལུང་མན་ངག་ལས་བསྟན་པའི་མཚན་ཉིད་སྤྱི་དང་ཁྱད་པར་རྟོགས་པ་དོན་བརྒྱུད་ཀྱི་གདིང་དང་ལྡན་པ། ཉམས་ལེན་བྱེད་པའི་གནས། རིའི་རྩེ་ནམ་མཁའ་མཐོང་རྒྱ་ཆེ་བ། ཤར་གྱི་མདངས་འཕྲོགས་པ། ནུབ་ཀྱི་ཟེར་སྡུད་པ། ཉི་ཟླའི་བགྲོད་ཐག་རིང་བ། རྣམ་གཡེང་དང་འདུ་འཛི་མེད་པའི་གནས་སུ། སྒྲུབ་པའི་མཐུན་རྐྱེན་ཚང་ཞིང༌། འགལ་རྐྱེན་མེད་པ་རུ། གདམས་ངག་སྟོན་པའི་དུས་དབྱར་མ་སྟོན་དང༌། དགུན་ཆུང་དཔྱིད་ཀྱི་དུས་སུ་རྟེན་འབྲེལ་ཐམས་ཅད་ཚང་བར་བྱས་ལ་དབང་བཞི་པའི་གཞུང་བཞིན་སྨིན་པར་གདབ་ཅིང༌། སློབ་མས་ཀྱང་དམ་ཚིག་ལས་མ་འདས་པར་གནས་པར་བྱའོ། །གཉིས་པ་བྱེ་བྲག་གི་སྔོན་འགྲོ་ནི། ཕྱི་ནང་གི་འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་སྦྱང་བ། རྣལ་དབབ་སོར་གཞུག་བཅས་རྫོགས་ཆེན་གྱི་ཁྲིད་རིམ་སྤྱི་ལྟར་སྦྱང་ཞིང་རྟགས་ཐོན་པ་ནི་ངེས་པར་བྱའོ། །གཉིས་པ་དངོས་གཞི་སེམས་རིག་ཤན་འབྱེད་ཀྱི་ཁྲིད་ལ་གསུམ། ལྟ་བ་ངོ་སྤྲོད་པ། སྒོམ་པས་ངང་བསྐྱང་བ། སྤྱོད་པས་བོགས་འབྱིན་པའོ། །དང་པོ་ནི། གཏེར་གཞུང་ལས། སེམས་དུས་གསུམ་གྱི་རྟོག་པས་མ་བསླད་པར་རིག་པ་གཅེར་བུར་ལྷོངས༔ ངོ་བོ་རྗེན་པར་སྐྱོང་བས་གང་དུའང་མི་གནས་པའི་ཆོས་ཉིད་སྟོང་པ༔ རང་གསལ་རྒྱུན་མི་འཆད་པར་སལ་ལེ༔ གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ལ་ངོ་ཤེས་ན་སངས་རྒྱས༔ མ་ཤེས་ན་འཁོར་བ་ཞེས་བྱ་བ་ཡིན་པས་ཕུ་ཐག་ཆོད་པར་སྦྱངས༔ འཁྲུལ་རྟོག་གང་བྱུང་ན་རང་བྱུང་རང་ཤར་དུ་བསླབ༔ ཞེས་པ་སྟེ་འཁྲུལ་གྲོལ་གྱི་བྱེད་པ་པོ་སེམས་ཏེ། སེམས་དེ་ནི་ད་ལྟའི་རྣམ་རྟོག་མང་པོ་འཕྲོ་བ་འདི་ལ་ངོས་བཟུང་སྟེ། སེམས་ལ་ཤར་བའི་རྟོག་པ་འདི། གང་ལས་སྐྱེས། སྐྱེ་ས། སྐྱེ་མཁན་ལ་ངོས་བཟུང་ཞིག་ཡོད་མེད། ད་ལྟ་གནས་པའི་སྐབས་གང་དུ་གནས། ཇི་ལྟར་གནས། གནས་མཁན་ཞིག་ཡོད་མེད་དང༌། འདས་པའི་རྣམ་རྟོག་གང་དུ་སོང༌། འགྲོ་མཁན་གང་ཡིན། དུས་གསུམ་གྱི་རྣམ་རྟོག་རྣམས་འབྲེལ་ལམ་མ་འབྲེལ། འབྲེལ་ན་གཅིག་གམ་ཐ་དད། གཅིག་ན་དུས་གསུམ་མཚན་ཉིད་གཅིག་པས་འབྲེལ་བྱ་འབྲེལ་བྱེད་ཡོད་མེད། ཐ་དད་ན་འབྲེལ་དུ་མི་རུང༌། སྐྱེ་འགག་གནས་གསུམ་བྱེད་མཁན་གྱི་སེམས་དེ་ཅི་འདྲ་འདུག །གང་ལ་ངོས་འཛིན། སྐྱེ་འགག་གནས་གསུམ་ལྟར་སྣང་བ་དང༌། དེ་འཕྲོ་གཞི་གཉིས་གཅིག་དང་ཐ་དད་ཞིབ་ཏུ་དཔྱད་པས། མ་བརྟགས་ཉམས་དགའ་ཙམ་ལས་དོན་ལ་བདེན་པར་གྲུབ་པ་གཅིག་ཀྱང་མེད། དེས་ན་སེམས་ཉིད་སྐྱེ་བ་མེད་པ་ནམ་མཁའ་ལྟ་བུ་ལས་རོལ་པ་འགག་མེད་ཀྱི་རྣམ་རྟོག་སྤྲིན་ལྟར་ཤར་བས་སེམས་ཀྱི་རང་ཞལ་བསྒྲིབས་ཏེ་རང་ལ་ཡོད་པ་རང་གིས་མ་ཤེས་ཤིང་མ་མཐོང་བ་ཡིན་པའི་མཚང་རིག་པས། རྣམ་རྟོག་འཕྲོ་རྒོད་ཀྱི་རྩ་བ་སེམས་ཉིད་ལ་ཕུ་ཐག་བཅད་ན་སྟོང་ཉིད་ལས་མ་འདས་པས་ཤར་བའི་དུས་ནས་ངོ་ཤེས་པར་བྱས་ཏེ་ཕུ་ཐག་བཅད་ནས་གཤིས་ཆོས་ཉིད་རྗེན་པའི་སྟེང་དུ་གཏན་ལ་ཕབ་པས། ཆོས་ཉིད་དེ་ཡི་རང་གཤིས་ནི་འཁོར་འདས་སྣོད་བཅུད་གང་དུའང་མི་གནས་པ། ངོ་བོ་སྟོང་པ་ཉིད། རང་བཞིན་གསལ་རིག་རྒྱུན་མི་ཆད་པས་ཀུན་ཤེས་ཀུན་རིག་གི་ས་ལེ་བ། གསལ་སྟོང་གཉིས་སུ་མེད་པའི་ཐུགས་རྗེ་རིག་པའི་རྩལ་གྱིས་འཁྲུལ་གྲོལ་ཐམས་ཅད་ལ་ཁྱབ་པ། ངོ་བོ་གཉིས་ཆོས་ཐམས་ཅད་ལས་འདས་པ། རང་བཞིན་སྐུ་དང་ཡེ་ཤེས་རྒྱ་མཚོའི་ཁྱབ་བདག །རང་བྱུང་རང་ཤར་འདི་ལ་འཁོར་ཆོས་ལས་ཉོན་ཐམས་ཅད་ད་ལྟ་གཞི་ཡི་དུས་སུ་མ་སྤངས་ལ་མི་ལྡན་པའི་ཚུལ་དུ་ཡོད་པ་ལ་འཁྲུལ་པའི་སེམས་ཞེས་བྱ་ཞིང༌། འཁྲུལ་པའི་མཚང་རིག་ཅིང་ཡེ་ཤེས་ངོ་ཤེས་ནས་ཟག་མེད་ཀྱི་ཡོན་ཏན་ཐམས་ཅད་མངོན་གྱུར་དུ་སད་དེ་འཕགས་ལམ་གྱི་སྤང་རྟོགས་ལ་དབང་འབྱོར་བས་ལམ་པ་ཞེས་བྱ་ཞིང༌། འཁྲུལ་པ་ཀ་ནས་དག །ཡེ་ཤེས་གསལ་རྒྱས་སུ་སད་པས་ཡིན་ལུགས་ཀྱི་གདིང་ཐོབ་པ་ནི་འབྲས་བུ་མངོན་དུ་སད་པ་སྟེ། དེ་དག་ཀྱང་སྣང་ཚུལ་གྱི་རྣམ་དབྱེ་བྱས་པ་ལས་གནས་ཚུལ་ལ་གཞི་ལམ་འབྲས་བུའི་ཁྱད་པར་གང་ཡང་འབྱེད་དུ་མེད་ཀྱང༌། ཡིན་ལུགས་མངོན་དུ་བྱ་བའི་ཕྱིར་སྔོན་འགྲོའི་བསགས་སྦྱང་སྤྱི་དང་ཁྱད་པར་བླ་མའི་རྣལ་འབྱོར་ལ་འབད་པ་རྩལ་དུ་འདོན་མོས་གུས་ཤུགས་བསྐྱེད། ཐུགས་ཡིད་གཅིག་ཏུ་བསྲེས་ཏེ་ད་ལྟ་རང་བབས་ཀྱི་སེམས་འདི་ལ་བཟོ་བཅོས་གང་ཡང་མི་བྱ་བར་རང་བབས་སུ་བཞག །འཕྲོ་བའི་རྗེས་མི་གཅོད། འདས་པ་ཆེད་དུ་མི་གཉེར། རང་ངོ་རང་གིས་ཤེས་ཙམ་དུ་སྐྱོང་ཞིང་འདི་ཡིན་གྱི་དམིགས་གཏད་མེད་པ། ཐ་མལ་དུ་ཡེངས་སུ་མ་ཤོར། དམིགས་གཏད་ཀྱིས་བསྒོམ་དུ་མེད་པ། རང་བབ་ངང་བཞག་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས་བསྐྱངས་པས། སྔར་སྐྱེ་འགག་གནས་པ་ལྟར་སྣང་ཡང་དོན་དམ་ཅི་ཡང་མ་གྲུབ་པ་སྟོང་པ་ཉིད་དུ་ངེས་པའི་གོ་བ་མྱོང་ཐོག་ཏུ་ཕྱིན་ནས་གུ་ཡངས་བློ་བདེ་ཞིག་འབྱུང་བས་ཉམས་མྱོང་དེའི་རྒྱུན་བསྐྱངས་ཏེ་གདིང་ཐོབ་པར་གཅེས་སོ། །དེ་ནི་དཔེ་ཡི་ཡེ་ཤེས་འདྲེན་པའི་རྩོལ་བཅས་ཀྱི་རྫོགས་རིམ་གྱི་འབྲས་བུས་དོན་གྱི་ཡེ་ཤེས་མངོན་དུ་བྱེད་པ་དང་མི་འདྲ་བར་ལུང་རིག་དང་ཐོས་བསམ་རྒྱས་བཤད་སྤྲོས་མེད་ཀུ་སཱ་ལིའི་འཇོག་སྒོམ་ཞེས་སེམས་གཉུག་མ་ཡིན་ཐོག་ཏུ་ངོ་སྤྲད་དེ་ཐག་གཅིག་ཐོག་ཏུ་གཅོད་པ་ཐེག་མཆོག་རྫོགས་པ་ཆེན་པོའི་ལྟ་བ་གཏན་ལ་དབབ་པའོ། །གཉིས་པ་སྒོམ་པས་ངང་བསྐྱང་བའི་རྣལ་འབྱོར་འཆད་པ་ལ་ཅོག་བཞག་རྣམ་པ་བཞི་ལས། དང་པོ་རྒྱ་མཚོ་ཅོག་བཞག་གི་ཏིང་ངེ་འཛིན་གྱི་གཞི་སྒྲུབ་པ་ནི། གཏེར་གཞུང་ལས། བབ་ཀྱིས་བལྟས་ཤིང་སྐྱོང་བས་གསལ་ལ་མི་རྟོག་པར་ངོས་ཟིན་པ་ལ་ངར་འདོག༔ ཚོགས་དྲུག་གི་སྣང་བ་གང་ཤར་ཡང་བཟང་པོ་ཆེད་དུ་མི་སྒྲུབ༔ ངན་པ་སྤང་བློ་མི་བྱ༔ ཤར་བ་ལྟར་ལྷོད་ཀྱིས་བཞག༔ མ་བཅོས་པར་བསྐྱངས༔ མི་གཡོ་བར་སོ་མར་བཞག་པས་རིག་པ་རང་ཚུགས་ཟིན༔ ཞེས་གསུངས་པ་ལྟར། སྔར་ངོ་སྤྲད་པའི་ཆོས་ཉིད་ཀྱི་ལྟ་བའི་ངང་དུ་མཉམ་པར་བཞག་པས་རིག་པའི་གསལ་ངར་ཐོན་པའི་ཚེ། དེ་ཀ་ལ་མཉམ་པར་བཞག་པས་རྒྱ་མཚོ་རླུང་གིས་མ་དཀྲུགས་པ་ལ་ནམ་མཁའི་གཟའ་སྐར་གཅལ་དུ་བཀྲམ་པ་ལྟར་སྣང་ཡང་སྣང་ཙམ་ལས་ཆུ་ལ་གཟའ་སྐར་གྱིས་མ་གོས། གཟའ་སྐར་ནམ་མཁའ་རང་མལ་ལས་གཞན་དུ་མ་གཡོས་པ། རྒྱ་མཚོ་ལ་གཟའ་སྐར་ཤར་མ་ཤར་གྱི་དགག་སྒྲུབ་གང་ཡང་མེད་པ་ལྟར། རིག་པ་ཟང་ཐལ་ལ་ཡུལ་རྗེས་འབྲང་བའི་འདི་ཡིན་གྱི་གཏད་སོ་མེད་པས་ཕྱི་རོལ་གྱི་སྣང་བས་ཕན་གནོད་བྲལ། ཞི་གནས་ལྟེང་པོར་མ་སོང་བས་དབང་པོ་དྲུག་གི་གདངས་མ་འགག་ཀྱང་ཡུལ་ལ་ཆགས་སྡང་དུ་ཞེན་པའི་རྟོག་པ་མ་འགྱུས་པ། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱི་མཁྱེན་ཆ་མ་འགག་ཀྱང་ཡིད་དཔྱོད་ཀྱི་ཤེས་པས་མ་བསླད། སྣང་ཡུལ་གྲྭ་མ་ཉམས་ཀྱང་དགག་སྒྲུབ་རིས་སུ་ཆད་པ་མེད་པ་སྟེ། དེ་ཡང་རིག་པའི་གཤིས་ཀྱི་ངོ་བོ་ཅིར་ཡང་མི་གནས་ཀྱང་སྟོང་པ་གུད་དུ་མ་བཟུང༌། ཆེད་དུ་བསྒོམ་བྱ་མེད་ཀྱང་བཏང་སྙོམས་ལུང་མ་བསྟན་དུ་མ་བྱིང༌། རིག་རྩལ་འགག་མེད་དུ་གསལ་ཡང་ཞེན་འཛིན་ཡུལ་མེད་དུ་སོང་བས་མ་བཅོས་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཞེས་བྱའོ། །གཉིས་པ་རིག་པ་ཅོག་བཞག་གིས་ཉམས་མྱོང་རྗེན་ལ་འབུད་པ་ནི། གཏེར་གཞུང་ལས། སྣང་བས་སེམས་ལ་འཁྲུལ་པ་མི་བསྐྱེད༔ སེམས་ཀྱི་ཆོས་ཉིད་ཡེ་ཤེས་སུ་ཤར་བ་ལ་ཡེར་གྱིས་བསྐྱང༔ ཞེས་པ་སྟེ་རིག་པ་རང་བབ་ཀྱི་བསམ་གཏན་སྐྱོང་ཤེས་ན་བདེ་གསལ་མི་རྟོག་པ་འཇིག་རྟེན་པའི་བསམ་གཏན་སྒྲུབ་མི་དགོས་པའི་ཚུལ་ཡང༌། ཀ་དག་གི་རིག་པ་ཟང་ཐལ་ངོས་བཟུང་མེད་པ་ལ་སླད་ཀྱིས་བློ་ཡི་ཞེན་པས་བཅོས་པ་ལ་དགོས་པ་མེད་པས། ཕྱི་ཚོགས་དྲུག་གི་སྣང་བས་ནང་རིག་པ་ཆོས་ཉིད་ཀྱི་རོ་མྱོང་བ་གཉུག་མའི་སེམས་ཉིད་ཀྱི་རང་ཚུགས་ཟིན་པ་ལ་འཁྲུལ་པ་མི་བསྐྱེད་པས་ཁམས་གསུམ་དུ་ལྡོག་པའི་རྟེན་ཟད། དོན་དམ་བྱང་ཆུབ་སེམས་ཀྱི་ཆོས་ཉིད་ཡེ་ཤེས་སུ་ཤར་ཏེ་རང་གྲོལ་ཀློང་ཡངས་ཆེན་པོར་བར་མཚམས་ཕྱི་ནང་མེད་པའི་དགོངས་པ་ལ་རང་གནས་སུ་ཡེར་གྱིས་བསྐྱངས་པ་སྣང་བ་ཆིག་ཆོད་ཀྱི་དགོངས་པ་སྟེ། མདོར་ན་མཉམ་བཞག་དང་རྗེས་ཐོབ། ཉིན་དང་མཚན་ཀུན་གཉེན་པོ་ཆིག་ཆོད་ཀུན་གྲོལ་གྱི་རིག་པ་རྗེན་པའི་ལམ་ཁྱེར་ལ་སྦྱངས་པས། འཁྲུལ་རྒྱུ་འཁོར་བའི་ས་བོན་དྲུང་ནས་འབྱིན་པས་ཐག་གཅིག་ཐོག་ཏུ་བཅད་པའི་སྒོམ་པ་ཞེས་རྫོགས་པ་ཆེན་པོའི་ལམ་གནད་གཉིས་པའོ། །གསུམ་པ་སྣང་བ་ཅོག་བཞག་གི་སྤྱོད་པས་དབྱིངས་སུ་རང་གྲོལ་བའི་རྣལ་འབྱོར་ནི། གཏེར་གཞུང་ལས། ཕྱི་རུ་མི་སྤྲོ༔ ནང་དུ་མི་བསྡུ༔ བར་དུ་ཟང་ཐལ་ལེར་བལྟའོ༔ དེའི་ཚེ་འདི་སྒོམ་གྱི་གཏད་སོ་མེད༔ མི་སྒོམ་པར་ཕྱལ་བར་མ་ཤོར༔ མ་བཅོས་གཉུག་མའི་རྣལ་འབྱོར་ལ་རྟག་ཏུ་སྦྱངས༔ འགྲོ་ན་རང་ངོ་བལྟ༔ ཉལ་ན་འོད་གསལ་དུ་སྦྱངས༔ འཕྲོ་ན་དྲན་པས་རྒྱང་སོ་བཙུགས༔ བྱིང་ན་རིག་པ་ངར་བསྐྱེད༔ ཀུན་ཏུ་འཁྲུལ་པའི་འདུ་འགོད་མི་བྱ་བར་བལྟས་པས་བབ་ཀྱིས་སྐྱོང་ངོ༔ ཞེས་གསུངས་པ་ལྟར། རིག་པ་ཡེ་ཤེས་ཀྱི་ཆོས་ཉིད་ཀྱི་ཡུལ་རིག་ཅིང་མཇལ་མཇལ་འདྲ་བ་དེ་འགག་པ་མེད་པའི་རྩལ་མེ་ལོང་ལྟ་བུ་སྣང་བ་ཀུན་གྱི་འཆར་གཞི་བཀག་ཀྱང་མི་ཁེགས་པས། ནང་དུ་མི་བསྡུ། ཆེད་དུ་ཡང་མི་བཀག །རང་ས་རུ་མི་བསྐྱིལ་བར་རྒྱ་ཡན་དུ་བཞག་པས་ཆོས་ཉིད་ལས་འདའ་མི་ཤེས་པ་སྣང་ཤེས་གཉིས་མེད་རོ་གཅིག་ལམ་དུ་ཁྱེར་བ་སྟེ། རིག་པ་ངོས་ཟིན་ནས་ལྷག་མཐོང་དེ་ཉིད་ཤེས་པའི་གནས་སྐབས་ན། སྣང་ངམ། ཤར་རམ། གནས་སམ། རྟོག་དཔྱོད་དུ་ལངས་པ་གང་གི་ཚེ་ཡང་རིག་པ་རྗེན་པ་ཟང་ཀ་མ་དེ་ཉིད་རང་ངོ་བཟུང༌། དུས་གསུམ་གྱི་རྟོག་པའི་འབྲེལ་ཐག་ཆོད་པས་ཆོས་སྐུ་རང་གནས་ཀྱི་གནས་ལུགས་སོ་སོ་རང་རིག་པའི་ཡེ་ཤེས་ཞེས་བྱ་སྟེ། དེའི་ངང་དུ་བཞག་པའི་ཚེ་རྣམ་རྟོག་གང་སྐྱེས་པ་དང་སྔར་བཞིན་ངོ་བོ་རྗེན་པར་ངོས་བཟུང་ནས་དེའི་སྟེང་དུ་བཞག་པས་རང་ངོ་ཅེར་གྱིས་མཐོང་སྟེ་རྣམ་རྟོག་རྗེས་མེད་དུ་དག་པ་ཆུ་ལ་རལ་གྲིས་གདབ་པ་ལྟར་རྣམ་རྟོག་སྐྱེས་པ་དང་གྲོལ་བ་དུས་མཉམ་དུ་སོང་ནས་རང་ཤར་རང་གྲོལ་རྒྱུན་ཆད་མེད་པ་བྱུང་ན། ཤར་བ་མི་དགག་པར་ཇི་ཤར་ཤར་དུ་བཅུག་ནས་གང་ཤར་གཉུག་མའི་ངང་དུ་དག་པའི་ལམ་ཁྱེར་ཉིད་ཉམས་ལེན་གྱི་གནད་དུ་བཟུང་ན་རྣམ་རྟོག་ཆོས་སྐུའི་རྩལ་སྦྱོང་དུ་འཆར་བས། དུག་ལྔའི་རྣམ་རྟོག་ཇི་ཙམ་རགས་པ་སྐྱེས་ཀྱང་དེ་ཙམ་གྲོལ་བ་འདི་རིག་པ་གསལ་ངར་དང་ལྡན་པ་བྱུང་ན་ཤར་དུས་གྲོལ་བར་སྐྱེས་པས་ཆོས་སྐུའི་ཡོ་ལངས་ལས་མ་འདས་པས། སེམས་རྟོག་མ་རིག་འཁྲུལ་གཟུགས་རིག་པ་ཆོས་སྐུའི་ཀློང་དུ་དག་པས་འོད་གསལ་རྒྱུན་ཆད་མེད་པའི་ཀློང་དུ་ཤར་བས་གནས་པ་ལ་མི་གནོད། བྱ་བྱེད་ཀྱི་ལས་རྒྱུན་མི་གསོག་པ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་གྲོལ་ཚུལ་དང་པོ་དང༌། བར་དུ་རྣམ་རྟོག་སྐྱེས་ཀྱང་ལོགས་སུ་གཉེན་པོ་འཚོལ་མི་དགོས་པར་རང་གནས་ཀྱི་ཡེ་ཤེས་ལྷན་སྐྱེས་སུ་འཆར་བས། རྟོག་པ་འཆར་ཚུལ་སྐྱེ་བོ་གཞན་དང་འདྲ་ཡང༌། གྲོལ་ཚུལ་མི་འདྲ་བས་རྣམ་རྟོག་གཉེན་པོ་མེད་པར་རང་གིས་རང་གྲོལ་བ་སྦྲུལ་མདུད་རང་སར་གྲོལ་བ་ལྟ་བུ་དང༌། ཐ་མ་སྣང་སྤྱོད་ཡེ་ཤེས་སུ་འབྱམས་ཀླས་པས་རྣམ་རྟོག་མ་ཤར་ཡང་ཆོས་ཉིད་ཀྱི་དགོངས་པ་ཇེ་གསལ་དུ་འགྲོ། ཤར་ཡང་དགོངས་པ་འགྲིབ་མེད་དུ་གསལ་བས་སྐྱོན་དུ་མི་འགྱུར་བས་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུར་འགྲོ་བའི་གྲོལ་ཚུལ་གསུམ་གྱི་གནད་ཀྱང་ཤེས་པར་བྱའོ། །བཞི་པ་འབྲས་བུ་རིག་པ་ཅོག་བཞག་གི་གདིང་ཐོབ་པ་ནི། གཏེར་གཞུང་ལས། དེའི་ཚེ་སེམས་ཡུལ་ལ་མ་ཤོར༔ ཡུལ་གྱིས་སེམས་མ་བསྒྱུར༔ ཅི་ཤར་ཆོས་ཉིད་ཀྱི་རང་བཞིན་གཅིག་ཏུ་འཆར་བའི་སྣང་སྤྱོད་ཡེ་ཤེས་ཀྱི་རོལ་མོར་དག་པ་ཞེས་བྱའོ༔ ཞེས་གསུངས་པ་བཞིན། ལྟ་སྒོམ་སྤྱོད་པའི་རྣལ་འབྱོར་མཐར་ཕྱིན་པས་དགོངས་པ་ཆོས་ཉིད་ཀྱི་ངང་ལ་ཉིན་མཚན་བར་མེད་དུ་གནས་པ་རི་བོ་ལྟ་བུ་ལས་མི་གཡོ་བའི་གདིང་རྙེད་པའི་ཚེ། རྐྱེན་སྣང་སྣ་ཚོགས་རླུང་ལྟ་བུས་མི་གཡོ་སྟེ། དགོངས་པ་ཆོས་ཉིད་ལས་མི་གཡོ་བས་སེམས་ཡུལ་ཐོག་ཏུ་ཕྱིར་མ་འཕྲོས། གཟུང་འཛིན་གྱི་མདུད་པ་ཞིག་པས་ཡུལ་གྱིས་སེམས་མ་བསྒྱུར། ཡེངས་ལ་འཁྲུལ་མི་ཤེས་པ་ཅི་ཤར་ཆོས་ཉིད་ཀྱི་རང་བཞིན་གཅིག་ཏུ་འཆར་ཏེ། ལྟ་བ་ཡོངས་གྲུབ། རྒྱུ་འབྲས་དག་མཉམ་བདེན་པ་དབྱེར་མེད། གཟུང་འཛིན་རང་ཞིའི་དགོངས་པ་རང་སྣང་རིས་མེད་ཆེན་པོར་བྱང་ཆུབ་པར་འགྱུར་བ་ནི་འབྲས་བུའི་ཐ་སྙད་མཛད་པའོ། །འཁོར་འདས་སྲོག་ཏུ་ཞུགས་པའི་ཀཱི་ལ་ཡ། །ཡེ་ཤེས་རྣོ་ལ་ངར་གྱི་གདགས་ནུས་ན། བདག་ལྟའི་དགྲ་བགེགས་གསོད་པའི་གྲུབ་མཆོག་རྣམས། །མཉམ་ཉིད་ངང་གིས་ཁྲོས་པའི་ཆེ་རྟགས་མཚར། །གསུམ་པ་རྗེས་སྣང་འོད་གསལ་གྱི་ལམ་གྱི་སྤྱོད་པས་བོགས་འབྱིན་ཚུལ་ལ་ལྔ། ཉམས་ལེན་གྱི་གནད་སྤྱིར་བསྟན་པ། རྟགས་སྣང་བཞིའི་འཆར་སྒོ། ཡར་མར་གྱི་གདིང་གཉིས། འབྲས་བུའི་གྲོལ་ཚད། ཞར་བྱུང་དབང་བཞིའི་ལམ་གྱི་ཆིངས་འཕྲོས་དོན་དུ་སྨོས་པའོ། །དང་པོ་ལ། ཉམས་ལེན་གྱི་སྔོན་འགྲོའི་གནད་དང༌། དངོས་གཞིའི་ཉམས་ལེན་བསྟན་པའོ། །དང་པོ་ནི། གཏེར་གཞུང་ལས། དེ་ནས་ཉམས་སུ་ལེན་པ་ལ་དབེན་པའི་གནས་སུ་སྤྲོས་པ་རྒྱང་གིས་བོར༔ ལུས་ངག་ཡིད་གསུམ་ཤིན་ཏུ་དལ་བར་བསླབ༔ ཁྱད་པར་དུ་བླ་མར་མོས་གུས་རྩེ་གཅིག་ཏུ་བྱས་ལ༔ ཞེས་པ་ལྟར་འདི་ནི་རྫོགས་རིམ་ཐམས་ཅད་ཀྱི་རྩེ་མོ་ཡེ་ཤེས་ལམ་བྱེད་ཨ་ཏི་ཡོ་གའི་ལམ་ཡིན་པས། ངེས་པར་དུ་འདུ་འཛི་དང་རྣམ་གཡེང་གི་བྱ་རྩོལ་མེད་པའི་དབེན་པར་ཕྱི་ནང་གསང་བའི་བྱ་བ་དགུ་ཕྲུགས་སུ་བཏང་ནས་སྤྲོས་པའི་འཆིང་ཐག་ཐམས་ཅད་རྒྱང་གིས་བཅད། རླུང་རིག་དལ་བས་ཡེ་ཤེས་ཀྱི་གསང་སྒོ་འབྱེད་པས་གུ་ཡངས་སུ་གནས། ཁྱད་པར་བླ་མ་ལ་བློ་འདས་ཆོས་སྐུར་བལྟ་བའི་མོས་གུས་དང་མ་བྲལ་བས་གསོལ་བ་ཕུར་ཚུགས་སུ་གདབ། ལུས་གནད་དྲང་པོར་བསྲང་བའི་སེམས་དཔའི་སྐྱིལ་ཀྲུང་དུ་བསྡད་ལ། རང་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཞལ་སྦྱོར་ཞལ་གཅིག་ཕྱག་གཉིས་ཕུར་པ་འདྲིལ་བ་སྣང་སྟོང་འཇའ་ཚོན་ལྟ་བུར་གསལ། རླུང་རོ་གཡས་གཡོན་དབུས་གསུམ་ནས་བསལ་བས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཕྱིར་སང་གིས་དོན་པར་བསམ། རླུང་ཚུར་རྔུབ་དུས་བླ་མ་ཡི་དམ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་རྣམས་འོད་ཟེར་གྱི་རྣམ་པས་རང་ལ་ཐིམ་པར་བསྒོམ། དེ་ནས་འོག་རླུང་ཅུང་ཟད་འཐེན་ཏེ་སྟེང་རླུང་མནན། བར་རླུང་ཅུང་ཟད་འཛིན་པ་དང་བཅས། མིག་གྱེན་དུ་ལོག་པར་བྱས་ནས་ཕྱིའི་ཡུལ་ལ་བལྟ་བར་བྱའོ། །གཉིས་པ་དངོས་གཞིའི་གནད་ནི། གཏེར་གཞུང་ལས། ལུས་བཞུགས་སྟངས་གསུམ་གྱིས་བཅིངས༔ མིག་གཟིགས་སྟངས་གསུམ་བྱ༔ ངག་རླུང་གི་རྒྱུ་བ་གསལ་བར་བྱ༔ ཞེས་དང༌། དེའི་ཚེ་བོགས་འབྱིན་པའི་རིམ་པ་ནི༔ སྒོ་ཡུལ་རླུང་རིག་གི་གནད་རྩེ་གཅིག་ཏུ་གཅུན་ཏེ༔ ཞེས་གསུངས་པ་ལྟར་ས་བཅད་ལྔ་ལས། དང་པོ་བཅའ་བ་ལུས་བཞུགས་སྟངས་གསུམ་གྱི་གནད་ནི། ལུས་ལ་རྩ་རླུང་ཐིག་ལེ། དེ་ལ་སེམས་རྟེན་པས་དེ་ཉིད་བཞུགས་སྟངས་གསུམ་གྱིས་བཅིངས་པས་ནང་ཡེ་ཤེས་ཀྱི་སྣང་བ་མངོན་སུམ་དུ་འཆར་ཏེ་དོན་དམ་པའི་སངས་རྒྱས་བདེ་གཤེགས་སྙིང་པོའི་རང་མདངས་མངོན་སུམ་དུ་མཇལ་བ་ལམ་སྲང་བདེ་བར་མགྲོན་པོར་དཀའ་ངལ་མེད་པར་གང་འདོད་པའི་སར་མྱུར་དུ་ཕྱིན་པ་ལྟ་བུ་སྟེ། ཐོག་མར་ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། རྐང་མཐིལ་གཉིས་སྦྱར། པུས་མོ་ཕྱིར་བགྲད། ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པའི་རྡོ་རྗེའི་ཁུ་ཚུར་བཅངས་པ་རྟིང་པའི་རྩར་ས་ལ་བཙུགས། ལག་པ་དྲང་པོར་བསྲང༌། རོ་སྟོད་གསེང་ཏེ་དཔུང་པ་གྱེན་དུ་འཐེན། མཇིང་པ་ཡིད་ཙམ་གྱེན་ལ་གཏོད། ལྕེ་ཅུང་ཟད་གྱེན་དུ་བསྒྲིལ་བའོ། །གཉིས་པ་ལོངས་སྐུ་གླང་པོ་ཆེའི་བཞུགས་སྟངས་ནི། ཁ་སྦུབ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོལ་ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། རྒལ་ཚིག་དྲང་པོར་བསྲང༌། མགོ་གྱེན་དུ་དགྱེ་ཙམ་བྱེད་པའོ། །གསུམ་པ་སྤྲུལ་སྐུ་དྲང་སྲོང་གི་བཞུགས་སྟངས་ནི། རྐང་པའི་ལོང་བུ་གཉིས་གཤིབས་ཏེ་ཙོག་པོར་འདུག །ལག་གཉིས་པུས་མོ་ལ་བསྐོན། རྒལ་ཚིག་དྲང་པོར་བསྲང་སྟེ་མགོ་ཐད་ཀར་གཏོད་པའོ། །གཉིས་པ་ཁྲིད་པ་དབྱིངས་ཀྱི་གནད་མིག་སྐུ་གསུམ་གྱི་གཟིགས་སྟངས་གསུམ་གྱིས་གནད་ནི། འོད་གསལ་གསང་བ་ཆེན་པོའི་ཡེ་ཤེས་ཀྱི་ཟེར་གདངས་འཆར་བའི་སྒོ་ནི་མིག་སྟེ། དེའི་གནད་ཀྱང་སྙིང་ནས་མིག་ཏུ་འབྲེལ་བའི་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་བྱ་བའི་ཡར་སྣེ་མིག་གཉིས་ལ་ཟུག་ནས་ཡོད་པ་གཟིགས་སྟངས་ཀྱིས་བཅུན་ན་ཀ་ཏི་ཤེལ་སྦུག་གི་ནང་འོད་གསལ་གྱི་སྣང་བ་ཕྱི་རོལ་དུ་སྣང་བར་བྱེད་པ་སྟེ། ཐོག་མར་ཆོས་སྐུའི་གཟིགས་སྟངས་མིག་གི་ཨ་འབྲས་གྱེན་དུ་ལྡོག་པ་གཙུག་ཏོར་རྣམ་པར་བལྟ་བའི་ཚུལ་གྱིས་སྨིན་ཕྲག་གི་ནམ་མཁར་བལྟས་པས་དབྱིངས་རིག་འཕེལ་ཆེ། གཉིས་པ་ལོངས་སྐུའི་གཟིགས་སྟངས་ཟུར་མིག་མདའ་མཁན་གྱིས་སྙུག་མ་སྲོང་བ་ལྟ་བུ་ལས་ཐད་ཀའི་ནམ་མཁར་བལྟས་པས་ཡེ་ཤེས་ཀྱི་སྣང་བ་མཐོང༌། གསུམ་པ་སྤྲུལ་སྐུའི་གཟིགས་སྟངས་ཅུང་ཟད་ཐུར་དུ་ཕབ་པ་དྲང་སྲོང་བསམ་གཏན་སྒོམ་པ་ལྟ་བུའི་བར་སྣང་ལ་ཟིམ་བུར་བལྟས་པས་འོད་ཁྱིམ་གྱི་སྒྲོན་མ་མཐོང༌། གཟིགས་སྟངས་གསུམ་ཀ་ཀུན་ལ་མིག་འབྲས་མི་འགུལ། རྫི་མ་མི་ལྡེག །ཧ་ཅང་རྩོལ་བས་མི་བསྡམས་པར་ལྟ་སྟངས་ལྷོད་ཅིང་བལྟ་བ་གནད་ཡིན་ལ། གཟིགས་སྟངས་གསུམ་པོ་དང་བཞུགས་སྟངས་སོ་སོ་དང་འབྲེལ་བར་བྱས་ནས་བསྒོམས་པས་གོམས་པའི་ཚེ་དབང་པོ་ཡུལ་ལ་ཇི་ཙམ་བལྟས་ཀྱང་ཚུགས་ནུས་ཤིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་བར་འགྱུར་རོ། །གསུམ་པ་ཡེ་ཤེས་འཆར་བའི་ལམ་སྒོ་ཡི་གནད་ནི། རྒྱུད་ལས། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། ཞེས་གསུངས་པ་ལྟར་མིག་གཟིགས་སྟངས་གསུམ་གང་ཡང་རུང་བས་ཕྱེད་བཙུམ་ཟིམ་བུའི་བལྟ་བྱའི་རྟེན་ཉི་མ་སོགས་དང་ཁྲུ་གང་ཙམ་གྱིས་མ་རེག་པའི་སར་བལྟ་བ་གནད་ཡིན་ལ། དེ་ཡང་འོད་སྣང་དཀར་ཤས་ཆེ་ན་གཡས། སེར་ཤས་ཆེ་ན་གྱེན། ལྗང་ཤས་ཆེ་ན་གཡོན། དམར་ཤས་ཆེ་ན་ཐུར། མཐིང་ཤས་ཆེ་ན་དབུས། ལྔ་ལྡན་མཉམ་པར་ཤར་ན་རང་སོར་བཞག་ཅིང༌། ཐིག་ལེའི་སྣང་བ་མ་མཐོང་ན་མིག་གཉིས་མཉམ་པར་བལྟ་བ་གནད་ཡིན་པར་གསུངས་སོ། །བཞི་པ་འཆར་གཞི་ཡུལ་གྱི་གནད་ནི། གནས་གངས་ཁྲོད་རི་རྩེ་ལ་སོགས་པ་མཐོ་ཞིང་ཤར་སྒོ་ཡངས་པ། ཉི་ཟླ་འཆར་སྔ་ནུབ་ཕྱི་བར་ནམ་མཁའ་སྤྲིན་དང་ན་བུན་རྡུལ་སོགས་སླད་བྱེད་ཀྱི་རྐྱེན་དང་བྲལ་བར་ཤིན་ཏུ་དྭངས་པ་ལ་ཟེར་གཉིས་དང་སྦྱར་ནས་བལྟ་ཞིང༌། ཉིན་མོ་ཆོས་སྐུའི་རྟེན་ཉི་མ་དང་མན་ཤེལ། མཚན་མོ་ལོངས་སྐུའི་རྟེན་ཟླ་བ་དང་ཆུ་ཤེལ། ནང་ནུབ་སྤྲུལ་སྐུའི་རྟེན་ཨཱ་ལོ་ཀེ་ལ་བལྟ་དགོས་པར་གསུངས་སོ། །ལྔ་པ་འཆར་བྱེད་རླུང་གི་གནད་ནི། རླུང་གི་བཞོན་པ་བྱས་ཏེ་སེམས་གཡེང་བས་ཐོག་མའི་འཁྲུལ་གཞི་ཡང་བྱེད་པས་དེ་གཟུང་འཛིན་དུ་གཡོ་བའི་རྒྱུ་བ་འགག་པར་བྱེད་པའི་ཐབས་ལ་རླུང་ཁ་ནས་རྒྱུ་བ་དང་སོ་གཉིས་བག་ཙམ་མ་རེག་པའི་བར་ནས་ཤེད་མ་བསྐྱེད་པར་ཡིད་ཙམ་ཕྱིར་གནས་པ་རིང་བར་ཤིན་ཏུ་དལ་བུས་འབྱུང་འཇུག་བྱེད་པ་རྫོགས་ཆེན་གྱི་ཁྱད་ཆོས་ཡིན་ཏེ། རླུང་སྣ་ནས་འདྲེན་ཅིང་འཁོར་ལོ་བཞིར་སྦྱང་བྱའི་རླུང་སྟོབས་སུ་གྱུར་པའི་གེགས་རྐྱེན་འབྱུང་ཉེ་ལ། འདིར་ཁ་ནས་རྒྱུ་བའི་རླུང་གིས་ལས་རླུང་དབུ་མའི་དབྱིངས་སུ་རང་བཞིན་གྱིས་དག་ཅིང་སེམས་ཀྱི་རྟ་བྱས་ནས་འཁྲུལ་མི་ནུས་པ་གདངས་སྙིང་གར་ཐིམ། འཁོར་ལོ་ལྔ་སོ་སོའི་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པ་དང༌། ཡེ་ཤེས་ཀྱི་རླུང་འོད་གསལ་དུ་གྲོལ་བའི་གནད་ཡོད་པས་སོ། །དེ་ལྟར་གནད་རྣམ་པ་ལྔས་གཅུན་ཞིང༌། བྱ་བ་དགུ་ཕྲུགས་སུ་བཏང་སྟེ། དབྱིངས་རིག་རྩེ་གཅིག་ཏུ་གཟིར་བས་ཕྱིའི་དབྱིངས་སྤྲིན་བྲལ་གྱི་ནམ་མཁའི་ཀློང་གསལ་བ་ལ་རིག་པ་ཐིམ་འགྲོ་བ་ལྟར་གཏད་པས། ཕྱིའི་ནམ་མཁའ་དང་མ་འདྲེས་པའི་འོད་གདངས་སྔོ་རིབ་ཤིན་ཏུ་དག་པ་ཞིག་ཐོག་མར་སྣང་བ་ཕྱི་དབྱིངས། དེ་ལས་སྣང་བ་མཆེད་པའི་ཚུལ་དུ་འོད་ལྔའི་གདངས་ཟ་འོག་ཁ་ཕྱེས་པ་ལྟར་གསལ་བ་ནང་དབྱིངས་ཕྱི་རུ་གསལ་བ་ཞེས་འཇའ་འོད་ཀྱི་གུར་ཁྱིམ་མི་གསལ་བ་གསལ་བར་གོ་འཕོས་པ་ཙམ་ཡིན་གསུངས། དེ་དག་ནི་དག་པ་དབྱིངས་ཀྱི་སྒྲོན་མ་ཡིན་ལ། དེའི་ནང་དུ་ཐིག་ལེ་སྟོང་སྒྲོན་ཀོ་མོག་གི་ཆུ་ལ་རྡོ་བོར་བའི་རྣམ་པས་མཚོན་པའི་ཐིག་ཟླུམ་འོད་ལྔའི་མུ་ཁྱུད་ཅན་དང༌། རིག་པ་རྡོ་རྗེ་ལུ་གུ་རྒྱུད་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུར་སྣང་བ་ཤེས་རབ་རང་བྱུང་གི་སྒྲོན་མའི་གདངས་དང༌། དེའི་ཚེ་ནང་གི་རིག་པ་ཤིན་ཏུ་དྭངས་པ་ཡུལ་མེད་པ་ཉམས་སུ་མྱོང་བ་ཤེས་རབ་རང་བྱུང་གི་ངོ་བོ། ཡུལ་ཤེས་ཀྱི་ཤེས་རབ་རྣོ་ལ་མྱུར་བ་དང༌། ཚིག་དོན་ཀློང་རྡོལ་དུ་འཆར་བ་ཤེས་རབ་རང་བྱུང་གི་རྩལ་ཏེ། ངོ་བོ་གཅིག་ལ་ལྡོག་པས་དབྱེ་བར་གསུངས། རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་དང་ཐིག་ལེའི་ར་བར་བཙུད་ནས་བསྒོམ་པ་རིག་པའི་གནད་ཡིན་པས། འོད་སྣང་གི་འཆར་སྒོ་གང་བྱུང་ཀྱང་རེ་དོགས་མེད་པའི་ཆོས་ཉིད་ཀྱི་ལྟ་བས་ཞེན་འཛིན་མེད་པའི་གདིང་བསྐྱེད་ཅིང་གོམས་སུ་བཅུག་པས་དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ་སྣང་བཞི་རིམ་ཅན་དུ་འཆར་བར་འགྱུར་རོ། །གཉིས་པ་རྟགས་སྣང་བ་བཞིའི་འཆར་སྒོ་སྣང་བཞི་དངོས་དང༌། མཐའ་རྟེན་གྱི་མན་ངག་གཉིས་ལས། དང་པོ་ནི། གཏེར་གཞུང་ལས། ཉམས་སུ་བླང་བས་དབྱིངས་ལྔ་ལྡན་གྱི་སྣང་བ་ལ༔ ཐིག་ལེ་ཉིས་སྦྲེལ་སུམ་སྦྲེལ༔ རིག་པ་རྡོ་རྗེ་ལུ་གུ་རྒྱུད་རྣམས་འགུལ་འཕྲིགས་སུ་ཤར་བ་ལ་རིག་པ་གཏད་དེ་གཟིར་བས་སྣང་བ་གོང་འཕེལ་དུ་ཤར༔ ནང་དུའང་རིག་པ་རང་གསལ་ཆོས་ཉིད་རྗེན་པར་ཤར་བ་ནི་ཆོས་ཉིད་མངོན་སུམ་དུ་ཤར་བ་ཞེས་བྱའོ༔ ནན་དུ་གོམས་ཤིང་འདྲེས་ན་ཕྱི་ནང་གི་དབྱིངས་ཀྱི་སྣང་བ་ཤར༔ ཐིག་ལེ་པདྨ་འདབ་བཞི་རུ་ཤར༔ རིག་པའི་སྣང་བ་ཇེ་འཕེལ་ཇེ་བརྟན་དུ་གསལ༔ དབྱིངས་རིག་སྨིན་མཚམས་ནས་ཕྲལ་བ་ལ་རིག་པ་གཅུན་ཏེ་བསྲེས་ལ་སྒོམ་པ་ནི་ཉམས་གོང་འཕེལ་ཞེས་བྱའོ༔ དེ་ནས་སྣང་བའི་དབུས་སུ་ཞི་ཁྲོའི་སྐུ་ཉི་ཚེ་བ་དང༔ ཞལ་ཕྱག་རྒྱན་ཆས་རྫོགས་པ་དང༔ ཡབ་ཡུམ་དང༔ ཚོམ་བུ༔ ཞི་ཁྲོ་ཡོངས་རྫོགས་ཀྱི་བར་འཆར་ཞིང༔ སྣང་བ་ཀུན་ཡེ་ཤེས་འོད་གསལ་གྱི་འཁོར་ལོར་འཆར་བས་མ་དག་པའི་ཆ་ནུབ་སྟེ་ཉིན་མཚན་འོད་གསལ་ལས་མི་གཡོ་བ་ནི་རིག་པ་ཚད་ལ་ཕེབས་པའི་སྣང་བའོ༔ སྣང་རིག་གི་འཕེལ་རྫོགས་པ་དང་ཕྱི་འཁྲུལ་པའི་སྣང་བ༔ ནང་རླུང་རིག་གི་ཆ༔ བར་དབྱིངས་རིག་ཀྱི་འཕེལ་དང་བཅས་པ་ཤེལ་འོད་ནང་དུ་ཐིམ་པ་ལྟར་ཟད་ནས་ནང་གསལ་རིག་སྟོང་ཆེན་པོའི་སྦུབས་སུ་འུབ་ཆུབ་སྟེ་མི་གཡོ་བར་གནས་ཤིང་འཁྱིལ་བ་ནི་ཆོས་ཉིད་ཟད་པའི་སར་ཕྱིན་པའོ༔ ཞེས་གསུངས་པ་ལྟར་དེའང་དབྱིངས་ཀྱི་རྟགས་སུ་འོད་ཁྱིམ་ལྔ་ལྡན། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ་སུམ་སྦྲེལ་ཚུན་ཆད། སྐུ་ཡི་རྟགས་སུ་ལུ་གུ་རྒྱུད། ཐུགས་ཀྱི་རྟགས་སུ་རང་གསལ། ངོ་བོའི་རྟགས་སུ་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་མཉམ་ཉིད་གཞི་རྫོགས་སུ་མངོན་སུམ་སོ་སོར་རིག་པས་ཉམས་སུ་མྱོང་བ་སྣང་བཞིའི་དང་པོ་དང༌། དེ་ནས་དབྱིངས་རིག་སྨིན་མཚམས་ནས་བྲལ་ཏེ་དབང་པོའི་སྤྱོད་ཡུལ་དུ་མངོན་སུམ་དུ་གསལ་ཞིང༌། དབྱིངས་སྣང་འོད་ཀྱི་རང་བཞིན་རྩིབས་ཤར། གྱེན་འགྲེང་མཁར་ཐབས་སོགས་མ་ངེས་པའི་གཟུགས་དབྱིབས་དུ་མ་དང༌། བཀྲག་ལ་འཚེར་བའི་ཟེར་ཐག །ཐིག་ལེ་བསེ་ཕུབ་ནས་ཡུལ་གྲུ་ཙམ་དང༌། ལྔ་ཚོམ། ནང་དུ་པདྨ་རིས་སོགས་ཇེ་གསལ་ཇེ་འཕེལ་དུ་བྱུང་བའི་ནང་དུ་རྡོར་སེམས་ལ་སོགས་པའི་ཕྱེད་སྐུའམ་སྐུ་རྐྱང་རེ་ཤར་ནས་འགུལ་འཕྲིག་མེད་པ་ནི་ཉམས་སྣང་གོང་འཕེལ་གྱི་སྣང་བ་གཉིས་པ་དང༌། དབྱིངས་ཀྱི་སྣང་བས་སྣོད་བཅུད་ཐམས་ཅད་ལ་རྒྱས་ཐེབས་པས་རྡོས་བཅས་ས་ཆུ་མེ་རླུང་གི་སྣང་བ་རང་སར་དག་སྟེ། འོད་གསལ་ཆེན་པོ་སྐུ་དང་ཡེ་ཤེས་ཀྱི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་རིགས་ལྔ་ཡབ་ཡུམ་གྱི་ཚོམ་བུ་ལྔ་ཚན་ལྔའི་དཀྱིལ་འཁོར་ཚད་མེད་པ་འཆར་ཞིང་སྣང་སྲིད་ཐམས་ཅད་སྐུ་དང་ཞིང་ཁམས་ཀྱི་རང་བཞིན་དུ་ཡོངས་སུ་བརྡལ་བའི་རིག་པ་སྐུར་སྨིན་པའི་དབྱིངས་རིག་གི་སྣང་བ་ཚད་ལ་ཕེབས་པས་མ་བསྒོམས་ཀྱང་འཕེལ་འགྲིབ་འཕོ་འགྱུར་མེད་པ་སྣང་བ་གསུམ་དང༌། ཕྱི་སྣང་བའི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཁྲུལ་སྣང་ཐམས་ཅད་རང་སར་ཟད་དེ་སྣང་དང་མི་སྣང་དུ་འཛིན་པའི་བློ་ལས་འདས་ཤིང༌། ཀ་དག་གདོད་མའི་བཙན་ས་ཟིན་པ་སྣང་བ་བཞི་པ་མཐར་ཕྱིན་པས་མཆོག་གི་ཡེ་ཤེས་ཆེན་པོ་མངོན་དུ་གྱུར་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། དེའང་གནས་ལུགས་ཐོག་མའི་སྤྱི་གཞི་ལས་འཕགས་པའི་ལྷུན་གྲུབ་ཀྱི་གཞི་སྣང་འགྱུར་བ་མེད་པའི་ཐིག་ལེ་ཆེན་པོར་སྐད་ཅིག་གིས་རྣམ་པར་གྲོལ་ནས། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པ་མངོན་དུ་གྱུར་ཏེ་ལམ་མཐར་སོན་པའོ། །གཉིས་པ་མཐའ་རྟེན་གྱི་མན་ངག་ནི། གཏེར་གཞུང་ལས། དེ་དག་གི་ཚེ་ཕྱི་ནང་གི་རྟགས་སྣང་མཐུན་པར་འཆར་ཞིང་ངེས་པའི་རྟགས་ཚད་འཕེལ་འགྲིབ་ཉམས༔ བར་ཆད་བདུད༔ མི་འགྱུར་གསང་བ་རྣམས་ཀྱི་ཤན་འབྱེད་པ་ཤིན་ཏུ་གཅེས་སོ༔ ཞེས་པ་སྟེ། དེ་ལྟར་ལུས་བཞུགས་སྟངས། མིག་གཟིགས་སྟངས། རིག་པ་འོད་གསལ་གྱི་སྣང་བ་ལས་མི་འགུལ་བས་གཞི་བཅའ། ཕྱི་སྣང་བ་སྐྱེད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་སྐྱེད་བྱེད་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་སྐྱེད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པ་གསུམ་གྱིས་རྣལ་འབྱོར་པའི་ལམ་གྱི་དྲོད་ཚད་ཆེ་ཆུང་ངོས་བཟུང་བའོ། །འདིར་ཚད་རྨི་ལམ་གྱིས་བཟུང་བ་དང༌། རྟགས་ལུས་ངག་ལ་འཆར་བ་གཉིས་སུ་གསུངས་པའི་དང་པོ་ལ། དབང་པོ་དང་བརྩོན་འགྲུས་རབ་བག་ཆགས་ཀྱི་འབྲེལ་བ་ཆད་ནས་སྐྱེ་བ་འདིར་འཚང་རྒྱ་བའི་རྟགས་རྨི་ལམ་རྒྱུན་ཆད་པ་དང༌། འབྲིང་རྨི་ལམ་ངོ་ཤེས་ནས་སྤྲུལ་བསྒྱུར་ནུས་པས་བར་དོར་འཚང་རྒྱ་བ་དང༌། ཐ་མ་རྨི་ལམ་བཟང་པོ་ཤ་སྟག་རྨི་བས་རང་བཞིན་སྤྲུལ་པར་དབུགས་འབྱིན་པ་དང༌། རྟགས་སྒོ་གསུམ་ལ་འཆར་བ་ལ། བར་ཆད་བདུད། འཕེལ་འགྲིབ་ཉམས། མི་འགྱུར་གསང་བའི་རྟགས་འཆར་བའི་དང་པོ་ལམ་རྟགས་ལ་མངོན་རློམས་ཞུགས་པས་བར་ཆད་དུ་འགྱུར་བས་ཆོས་ཉིད་རེ་དོགས་མེད་པའི་གདིང་དང༌། བླ་མ་ལ་མོས་གུས། སྙིང་རྗེ་དང་ཡི་དམ་ཁྲོ་བོའི་བཟླས་པས་སེལ་བར་གསུངས་པས་དེ་ལྟར་ཉམས་ལེན་གྱི་གཞི་འདིང༌། རླུང་སེམས་འདུས་ཚུལ་གྱི་འཕེལ་འགྲིབ་ཀྱི་ཉམས་བྱུང་ན་ཁ་ཟས་བསིལ་བ་བསྟེན སྐྱེ་མེད་ཀྱི་སྙིང་པོ་ཨ་ཡིག་བགྲང་བས་སེལ། དྲོད་ཚད་ཀྱི་མཚམས་བྱེད་པ་དང༌། མི་འགྱུར་གསང་བའི་རྟགས་སུ་ལུས་ལ་སྐྲ་དཀར་དང་གཉེར་མ་མེད་པ་ཟོ་མདོག་བཟང་ཞིང་སྐྲ་སེན་སྐྱེ་བའི་རྒྱུད་ཆད་པ་དང༌། རིགས་ལྔའི་ཕྱག་རྒྱ་དང་སྐུ་གསལ་བ་དང༌། ངག་བདེན་པ་གྲུབ་པའི་སྒྲས་གཞན་དོན་འབྱུང་ཞིང་ཆོས་ཀྱི་ཚིག་རང་བརྡོལ་དུ་ཤེས། སེམས་ཏིང་ངེ་འཛིན་འབྱོང་བས་ཟས་གོས་མི་དགོས། ཏིང་འཛིན་ལོ་ཟླར་བརྟན། སྙིང་རྗེ་ཚད་མེད་པ་སྐྱེ་བ་སོགས་འབྱུང་བས་ཟག་བཅས་མི་སྣང་བ་འཕོ་བ་ཆེན་པོའི་གདིང་ཐོབ་པར་གསུངས་པས་ཤན་ཕྱེད་པར་བྱ་དགོས་སོ། །སྐྱེ་འཇུག་རླུང་སེམས་ལ་རང་དབང་ཐོབ་པས་ཁྲེགས་ཆོད་དུ་གྲོལ་བ་ལུས་རྡུལ་ཕྲན་དུ་དེངས་པ་དང་སེམས་དབྱིངས་རིག་དབྱེར་མེད་དུ་སངས་རྒྱས་པས། མཁའ་འགྲོ་དང་རྫུས་སྐྱེས་ཤི་བའི་རོ་མི་མཐོང་བ་ལྟར་ལུས་སེམས་དབྱིངས་སུ་ཐིམ་པ་ནམ་མཁའ་དང་མཁའ་འགྲོའི་འཆི་ལུགས། ལྷུན་གྲུབ་ཐོད་རྒལ་དུ་གྲོལ་བ་བུད་ཤིང་ཟད་པས་སྲེག་བྱེད་ཀྱི་མེ་ཡང་མི་གནས་པ་ལྟར་ནང་གི་འབྱུང་བ་ཟད་པས་གདོད་བཅས་འོད་དུ་དེངས་པ་དང༌། རིག་འཛིན་རྣམས་ས་ནས་སར་འཕར་བས་སྒྲ་འོད་ཟེར་དང་བཅས་ཞིང་ཁམས་སྤྲུལ་པས་ཁྱབ་པ་ལྟར་ལུས་འོད་དུ་དེངས་པས་བསྟན་འགྲོའི་དོན་མཛད་པ་མེ་ཕུང་དང་རིག་འཛིན་གྱི་འཆི་ལུགས་རྣམས་ཀྱིས་འཁྲུལ་སྣང་དག་པར་བྱེད་པའོ། །གསུམ་པ་ཡར་མར་གྱི་གདིང་གཉིས་ནི། རང་ངོ་གདོད་ནས་འཁྲུལ་མི་ཤེས་པའི་ཐོག་ཏུ་རྟེན་འབྲེལ་གྱི་རྒྱུ་འབྲས་གོ་ལྡོག་ཏུ་ཤར་བས་འཁོར་བ་ཤེས་བྱ་ལ་མི་སྲིད་པའི་གདིང་ཐོབ་པས་ལྷུང་གི་དོགས་པ་དང་མི་ལྷུང་གི་རེ་བ་མེད་པའི་གདིང་གཉིས། རིག་པ་གཞི་དབྱིངས་སུ་གྲོལ་ནས་ཀུན་གཞིའི་རྩ་བ་ཆད་པས་མྱང་འདས་ཐོབ་པའི་རེ་བ་དང༌། མ་ཐོབ་ཀྱི་དོགས་པ་མེད་པའི་གདིང་ཐོབ་པའོ། །ཡང་བརྩོན་འགྲུས་དང་སྐལ་པ་དམན་པས་སྐྱེ་གནས་བར་དོར་གྲོལ་བའི་གདིང་མ་ཐོབ་ན། དབང་རབ་འཆི་ཀའི་བར་དོར་གཞི་ལམ་གྱི་འོད་གསལ་སྐྱེལ་བསུ་འཛོམས་པས་གྲོལ་བ་དང༌། དབང་པོ་འབྲིང་ཆོས་ཉིད་བར་དོའི་སྣང་ཆ་རང་སྣང་དུ་ངོ་ཤེས་པས། ཤེས་ཐོག་ཏུ་གྲོལ། གྲོལ་ཐོག་ཏུ་ཀ་དག་གི་དབྱིངས་སུ་གྲོལ་བ་དང༌། དབང་པོ་ཐ་མ་སྲིད་པ་བར་དོ་རྨི་ལམ་ཙམ་དུ་ཤར་བ་དང་རང་བཞིན་སྤྲུལ་པའི་ཞིང་ཡིད་ལ་བྱས་ཏེ་དེར་རྫུས་ཏེ་སྐྱེས་ནས་གྲོལ་ཚུལ་ཁྲིད་རིམ་གཞན་ལས་འབྱུང་བ་ལྟར་གུང་སྤྲོས་ཏེ་ཉམས་སུ་ལེན་པར་བྱའོ། །བཞི་པ་འབྲས་བུའི་གྲོལ་ཚད་ནི། གཏེར་གཞུང་ལས། ཚུལ་དེ་དག་ལ་གོམས་པས་སྒོ་གསུམ་གྱི་ཟག་པ་རང་ཟད༔ རླུང་སེམས་ཀྱི་འཁྲུལ་པ་དབུ་མའི་དབྱིངས་སུ་ངལ་འཚོ༔ གཟུང་འཛིན་བག་ཉལ་དང་བཅས་པ་དག་ནས་སྐུ་གསུམ་ལྷུན་གྲུབ་བདེ་བ་ཆེན་པོའི་ས་ལ་ཚེ་འདིར་དབུགས་འབྱིན་པར་ངེས་སོ༔ ཞེས་དེ་ལྟར་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི་ཉམས་ལེན་མཐར་ཕྱིན་པས་ཕྱི་སྣོད་བཅུད་ཀྱི་འཁྲུལ་སྣང༌། ནང་སྒྱུ་ལུས་སྒོ་གསུམ་གྱི་ཟག་པ། གསང་བ་ཤིན་ཏུ་ཕྲ་བ་རླུང་སེམས་ཀྱི་འཕོ་བ་དང་བཅས་པ་ཐམས་ཅད་ཟད་པ་དང༌། སྣང་བཞི་ཉམས་ལེན་གྱི་འཕེལ་ཆ་དང་བཅས་པ་ཐམས་ཅད་རྫོགས་ཏེ། རབ་ལུས་འཕོ་ཆེན། འབྲིང་འཇའ་སྐུར་དེངས། ཐ་མའང་འཆི་ཀའི་བར་དོར་གྲོལ་བའི་གདིང་ཐོབ། ངག་ལས་རླུང་གི་རྒྱུ་བ་གཏན་ཟད་དུ་སོང་བས་འཁྲུལ་པའི་གཏམ་སྨྲ་མི་ཤེས་པ་གཞོམ་མེད་ནཱ་དའི་བརྗོད་བྲལ་གྱི་སྲོག་ཏུ་ཞུགས། སེམས་སྐྱེ་འགག་གནས་བྲལ་ཆོས་སྐུའི་ཀློང་དུ་གྲོལ་བའི་བཙན་ས་ཟིན་པ་དད་བརྩོན་སྐལ་པས་རབ་ཟླ་བ་གསུམ། འབྲིང་ཟླ་བ་དྲུག །ཐ་མས་ལོ་གསུམ་ནས་སྐུ་གསུམ་དབྱེར་མེད་གདོད་མའི་མགོན་པོའི་གསང་བ་གསུམ་གྱི་ཐིག་ལེར་མངོན་པར་བྱང་ཆུབ་པ་རྡོ་རྗེའི་ཚིག་དང༌། གྲུབ་པའི་གྲོལ་སར་བསྙེགས་པའི་རྣམ་ཐར་ལ་དཔག་པས་ཤེས་པར་གྱིས་ཞེས་གདམས་པའོ། །ཡེ་ཤེས་ཆེན་པོ་ནང་གསལ་དབྱིངས་རིག་གི་ལྟད་མོ། །ཐེག་མཆོག་རྡོ་རྗེའི་གསེང་ལམ་འཕྲུལ་འཁོར་གྱིས་བལྟས་ཚེ། །ཉམས་དགའ་གཞོན་ནུ་བུམ་པའི་ངོ་མཚར་གྱི་ཞིང་ཁམས། །ཁྱད་ཆོས་དྲུག་གིས་གྲོལ་བར་ལྷོད་ལྷོད་དུ་གཟིགས་དང༌། །བློ་འདས་འཕགས་པའི་ཡེ་ཤེས་མངོན་སུམ་དུ་ལམ་བྱེད། །སྐལ་བཟང་གསེར་སྣོད་བསྐྱིལ་བའི་ཐེག་མཆོག་གི་སེང་ཞོ། །འཐུང་བས་འཁྲུལ་ཆོས་ཟག་པ་རང་ཟད་ཀྱི་ངང་ནས། །རང་སྣང་འོད་གསལ་སྒྲོན་དྲུག་ཉམས་འོག་ཏུ་ཚུད་པས། །མེད་སྣང་སྲིད་ཞིའི་སྤྲིན་རིས་ཀློང་ཆེན་གྱི་མཁར་དེངས། །སྐུ་གསུམ་ལམ་སྣང་ཉི་ཟླའི་འཛུམ་ཟེར་གྱིས་ཕྱེས་པས། །ཀུན་ཁྱབ་རང་བྱུང་སྒྲོན་མའི་པད་ཚལ་དུ་རྩེན་མཛོད། །འཁོར་འདས་སྲོག་གི་གནད་བསྣུན་མཚོན་ཆ་ཡི་དབལ་རྣོན། །འཁྲུལ་རྟོག་གཞི་ཀློང་གྲོལ་བའི་ཀཱི་ལ་ཡའི་རྣལ་འབྱོར། །གུ་ཡངས་བློ་བདེ་སྐྱིད་ལ་ཟོས་བདེ་བའི་ངང་ནས། །དང་པོའི་སངས་རྒྱས་ཞལ་སྐྱིན་སྒྲུབ་པ་ལ་གཞོལ་མཛོད། །ཐེག་མཆོག་ལྟ་སྒོམ་ཀློང་གྱུར་རྣལ་འབྱོར་ཞིག་མིན་ཀྱང༌། །བཀའ་གཏེར་བདུད་རྩི་ཐོས་འཛིན་ཨུཏྤ་ལས་འཐུང་བས། །དད་དང་མོས་པའི་དྲི་བསུང་རྒྱུན་མི་ཆད་ལྡང་མཐུས། །ཡིད་ཆེས་བུང་བའི་མགྲིན་རྔ་འཁྲོལ་བ་འདི་ཨ་ཧོ། །ལྔ་པ་ཞར་བྱུང་དབང་བཞིའི་ལམ་གྱི་ཆིངས་སྨོས་པ་ནི། རྡོ་རྗེ་གསང་བའི་རྒྱུད་ལས། ཕུར་པ་རྒྱུད་ཀྱི་རྒྱལ་པོ་ཡིན། །ཕུར་པ་ལུང་གི་བླ་མ་ཡིན། །ཕུར་པ་མན་ངག་ངེས་པའི་དོན། །ཞེས་གསུངས་པ་ལྟར་ནང་རྒྱུད་ཡོ་ག་གསུམ་གྱི་ལམ་ཐམས་ཅད་ཚང་བར་སྟོན་པ་རྡོ་རྗེ་ཕུར་པའི་གྲུབ་མཐའ་ཆེན་པོ་བཞིར་གསུངས་པ་ཡང་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་འགག་གཅིག་ཏུ་དྲིལ་ཏེ་ཉམས་སུ་ལེན་པའི་ཚུལ་ལ། ཐོག་མར་དབང་གིས་རྒྱུད་སྨིན་པར་བྱས་ཏེ་དམ་ཚིག་གི་སྤང་བླང་མ་ནོར་བས་ཐུན་མོང་གི་སྔོན་འགྲོས་རྒྱུད་ངེས་འབྱུང་དང་དད་པས་བློ་འཁྱོལ་ངེས་སུ་བྱས་ནས་ལས་འབྲས་བླང་དོར་མ་འཛོལ་བར་བསླབ་ལ། སྐྱབས་སེམས། རྡོར་སེམས་སྒོམ་བཟླས། མཎྜལ་གྱི་ཚོགས་བསགས། བླ་མའི་རྣལ་འབྱོར་གྱིས་མོས་གུས་རྩལ་དུ་འདོན་པ་རྣམས་སྔོན་འགྲོའི་ངག་འདོན་ཟུར་དུ་གསལ་བ་བཞིན་ཉམས་སུ་བླང་བས་རྒྱུད་ལས་སུ་རུང་བར་བྱ། དེ་ནས་དངོས་གཞིའི་བསྐྱེད་རིམ་སྲིད་པ་ཕུར་བུའི་ཉམས་ལེན་ལ་གཙོ་བོར་འདོན་ན་ལམ་གྱི་རིམ་པ་དང་པོར་གསལ་བ་བཞིན་བསྙེན་སྒྲུབ་ལས་གསུམ་མཐར་དབྱུང་བའི་ཕྱིར་ལམ་ངེས་རྫོགས་དང་མཐུན་པར་དང་པོ་ཏིང་འཛིན་རྣམ་གསུམ་རེ་རེ་བཞིན་མྱོང་བ་ཐོན་ཐོན་གྱི་བར་དང༌། དག་རྫོགས་སྨིན་གསུམ་གྱི་དོན་ལ་བློ་གོམས་པ། རྒྱུན་གྱི་རྣལ་འབྱོར་ལྟར་བསྐྱེད་རིམ་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བཞིན་གསལ་སྣང་སྒྲུབ་པ། ང་རྒྱལ་བརྟན་པ་དང༌། དག་དྲན་རྣམས་ཞིབ་ཏུ་བྱ། ཏིང་ངེ་འཛིན་གྱི་སྐྱོ་བའི་གེགས་སེལ་བ་དང་དངོས་གྲུབ་ཀྱི་དཔལ་ལ་སྦྱོར་བའི་ཕྱིར་བསྙེན་སྒྲུབ་ཀྱི་བཟླས་པ་གཞུང་ལྟར་བྱ། འབྱོར་ན་ཚོགས་སྒྲུབ་བྱས་ཀྱང་ཤིན་ཏུ་ལེགས། །རྗེས་འབྲེལ་སྲུང་ཟློག་བསད་པའི་ལས་སྦྱོར་ཀྱང་དགོས་པ་དང་འབྲེལ་ན་བྱ་ཞིང༌། ཁ་སྐོང་ཞི་བའི་སྦྱིན་སྲེག་ཀྱང་བསྙེན་པའི་བཅུ་ཆ་འགྲོ་བར་བྱ། འདི་དག་ལ་དགོངས་པ་མི་འགྱུར་བའི་གཟེར་གྱིས་ཐེབས་པ་གལ་ཆེ་ཞིང༌། གལ་ཏེ་རྫོགས་རིམ་བྱང་སེམས་ཀྱི་ཕུར་པའི་ཉམས་ལེན་གཙོ་བོར་བྱ་བར་འདོད་ན་བསྐྱེད་རིམ་ཧ་ཅང་རྒྱས་པ་མི་དགོས་པས། ལས་བྱང་རྒྱས་བསྡུས་གང་རུང་ལ་བརྟེན་པའི་བསྙེན་སྒྲུབ་བསྡུས་ཙམ་བྱས་ལ། རྫོགས་རིམ་རྩོལ་བཅས་རྩོལ་མེད་ལ་མྱོང་བ་ཐོན་ངེས་ཀྱི་བར་དུ་འབད་པ་མཐར་དབྱུང་དགོས་ལ། གང་ལྟར་ཡང་ཕུར་པའི་གྲུབ་མཐའ་བཞིས་གཅིག་གྲོགས་གཅིག་གིས་བྱེད་པ་ལས་འགལ་འདུར་མི་གནས་ཀྱང་རང་ཉིད་ལམ་གང་ལ་མོས་ཤུགས་ཆེ་ཆུང་དང་བསྟུན་པའི་ཉམས་ལེན་དེ་ལྟར་བྱས་ན་བར་ཆད་མེད་ཅིང༌། ལམ་གྱི་དྲོད་ཚད་མཐར་ཕྱིན་པའི་དགོས་པ་ཡོད་ལ། དེ་དག་གི་སྐབས་སུ་མེད་དུ་མི་རུང་བའི་ལམ་གྱི་ཡན་ལག་ཀྱང༌། བི་མའི་བླ་སྒྲུབ་བྱིན་རླབས་སྙིང་པོ་ལས། སྤྱིར་ནི་འཁོར་བར་ངེས་འབྱུང་དང༔ བྱང་ཆུབ་སེམས་གཉིས་དྲག་ཏུ་བསྐྱེད༔ ཅིས་ཀྱང་དགོས་མེད་བློ་སྣ་བསྟུང༔ བླ་མར་མོས་གུས་སྲོག་ཏུ་བལྟ༔ ལམ་ལ་ཅུང་ཟད་དྲོད་ཐོབ་ནས༔ ཡུལ་གྱི་བདུད་རྩི་བསྟེན་པའི་ཕྱིར༔ ཀུན་སྤངས་སྤྱོད་པས་ཕྱོགས་བྲལ་རྒྱུ༔ དུར་ཁྲོད་ལ་སོགས་གཉན་ས་རུ༔ བརྟུལ་ཞུགས་སྤྱོད་པ་ཡང་དག་སྤྱོད༔ གེགས་སེལ་བོགས་འདོན་ཐབས་མཁས་པས༔ གནས་སྐབས་སྔགས་ཀྱི་དྲོད་ཐོབ་ནས༔ ཚོགས་སྦྱོར་མཐོང་བའི་ལམ་དུ་འགྲོ༔ སྒོམ་པའི་ཉམས་མྱོང་མཐར་ཕྱིན་པས༔ མི་སློབ་འོད་གསལ་ཟུང་འཇུག་སྐུས༔ ཤིན་ཏུ་རྣམ་དག་རྡོ་རྗེ་སེམས༔ ཀུན་བཟང་ཡེ་ཤེས་བླ་མ་ཡི༔ གོ་འཕང་བརྩོན་འགྲུས་སྐལ་པ་བཞིན༔ ཟླ་དྲུག་ལོ་གསུམ་བཅུ་གཉིས་ནས༔ མངོན་དུ་ཐོབ་བྱེད་ཐེག་པའི་རྩེ༔ འབྲས་བུའི་ཐུས་ཀ་བླ་མེད་པའི༔ མཆོག་གི་ཕྲིན་ལས་རྨད་བྱུང་ངོ༔ ཞེས་གསུངས་པ་ལྟར་ཉམས་སུ་བླང་བར་བྱའོ། །བཛྲ་གཱིརྟི་ལས། །དེ་ལྟར་རྡོ་རྗེ་ཁྲོས་པའི་ཞལ་ལུང་ལས་སྐྱེས་པའི། །རྒྱུད་ལུང་མན་ངག་སྙིང་པོར་དྲིལ་བ་ཡི་ཐོལ་གླུས། །དབྱིངས་དང་ཡེ་ཤེས་དབྱེར་མེད་རྡོ་རྗེ་ཡི་ཕུར་པར། །འཁོར་འདས་རང་སར་གྲོལ་བའི་སྨོན་ལམ་ཞིག་ཞུའོ། །ཞེས་གསུངས་པ་ལྟར་རྡོ་རྗེ་ཕུར་པའི་རྒྱུད་ལུང་མན་ངག་རྒྱ་མཚོའི་སྙིང་པོ་ཉམས་སུ་ལེན་ཚུལ་རང་གི་རྟོགས་ཚོད་ཙམ་བཤད་ཟིན་ཏོ། །བཀའ་གཏེར་ཟབ་ཡངས་རྒྱ་མཚོ་བསྲུབས་པ་ལས། །ལེགས་སྐྱེས་རྒྱུད་དང་སྒྲུབ་སྡེའི་སྣང་བྱེད་ཟུང༌། །སྔ་འགྱུར་རིང་ལུགས་མཁའ་ལ་དེང་དུས་ཀྱང༌། །མཛེས་པར་འཆར་འདིས་སྐལ་བཟང་ཨུཏྤ་བཞད། །སྔོན་སྨོན་རྣམ་དཀར་སྤུ་སྡུག་མ་རྙིང་པས། །ཆོས་ཚུལ་པདྨའི་རྫིང་བུར་རྩེ་འཇོའི་རོལ། །སྨིན་གྲོལ་པད་རྩ་མྱོང་བའི་བཀའ་དྲིན་ལས། །ཐེག་མཆོག་དབྱར་རྔ་སྒྲོགས་པའི་མགྲིན་པ་རིང༌། །མཁས་གྲུབ་ལག་ལྡན་བྱེ་བས་ཉེར་བཟུང་མཐུས། །རྡོ་རྗེ་ཕུར་པའི་རིང་ལུགས་ཁ་བབ་བཞིས། །འཛིན་མར་བརྡལ་ཡང་བདག་སྐལ་སྐབས་གསུམ་ཀླུང༌། །དད་བརྩོན་བུམ་པར་བསྐྱིལ་བཞིན་སྣང་བར་བྱས། །ཡབ་གཅིག་དགྱེས་པས་བསྟོད་བསྔགས་དབུགས་དབྱུང་ཕྱིར། །ལྷ་གཅིག་དགྱེས་པའི་ཕ་ཕོག་ཡིན་སྙམ་སྟེ། །མ་གཅིག་ཌཱ་ཀིས་བདག་སྐལ་གཏད་པའི་ལམ། །ཆོས་གཅིག་མཛུབ་རྩེར་ཕྱར་བ་གཟིགས་མཛོད་དང༌། །དཔྱོད་ལྡན་དགྱེས་ན་ཁོ་བོའི་ཆོས་སྟོན་ཡིན། །གྲུབ་ཚོགས་མཉེས་ན་རྟོགས་པའི་མཆོད་སྤྲིན་འབུལ། །ནུས་ལྡན་མགུ་ན་སྔགས་པའི་ཆེ་རྟགས་ལགས། །དོན་ལྡན་གྱུར་ན་བསྟན་འགྲོའི་ཞབས་ཏོག་སྨོན། །དེ་སྐད་གཏད་མེད་ཀུན་ཏུ་རྒྱུ་བ་ཞིག །དུས་ཀྱི་ཐ་མར་ཛམ་གླིང་ཉུལ་བའི་ཚེ། །མཁས་བཙུན་བཟང་གྲུབ་ནོར་གྱིས་ཕོངས་བཞིན་དུ། །འཆད་རྩོམ་ཁོལ་གྱིས་བྲེལ་བའི་ལག་རྗེས་ཡིན། །དམ་ཆོས་གཅེས་པར་བཟུང་བའི་རྣམ་དཀར་བདུད་རྩིའི་སྤྲིན། །མི་ཟད་ལེགས་བྱས་བདེན་གསུང་དབྱར་རྔས་ཆེར་བསྔགས་བཞིན། །ཆེད་དུ་འབད་པའི་རྫོགས་ལྡན་ནོར་བུའི་གྲུ་ཆར་གྱིས། །མཁའ་མཉམ་འགྲོ་ཀུན་ཐུབ་བསྟན་དགའ་སྟོན་སྤྱོད་གྱུར་ཅིག །ཅེས་རྡོ་རྗེ་ཕུར་པ་གཉགས་ལུགས་ཀྱི་ཁྲིད་རིམ་འདི་ཡང་རང་ལོ་ང་དགུའི་སྟེང་བལ་ཡུལ་ཡང་ལེ་ཤོད་དུ་གནས་འབྲེལ་ཞག་བདུན་བགྱིས་པའི་སྐབས་འབྲི་བར་བརྩམས་པའི་ཚེ་དམ་པའི་རྣམ་ཐར་ཐམས་ཅད་རྫོགས་པ་སྔ་འགྱུར་བསྟན་པའི་དཔལ་མགོན་དུ་བྱོན་ཞིང༌། རང་བྱུང་མཚོ་སྐྱེས་རྒྱལ་བའི་ཞལ་སྐྱིན་སྐྱབས་རྗེ་བདུད་དཔུང་མཐར་བྱེད་འགྲོ་འདུལ་གླིང་པས། ངྃག་གི་དབྃང་ཕྱུག་ཡེ་ཤེས་གཞོན་ནུའི་གར། །གསང་ཆེན་ཆོསྃ་ཀྱིྃ་མཛོད་ལ་དབང་བསྒྱུར་བའི། །འཇིགས་མེད་སྤོབས་པའི་བློྃ་གྲོསྃ་གཏེར་འཆང་བ། །སུམ་ལྡན་རྡོ་རྗེ་འཛིན་ཁྱོད་ཞབས་བརྟན་གསོལ། །ཞེས་བཀའ་བབ་བརྒྱུད་འཛིན་གྱི་རྡོ་རྗེ་སློབ་དཔོན་མཆོག་ཏུ་གཟེངས་བསྟོད་པའི་ཚིག་གིས་དྲིལ་བསྒྲགས་པའི་སྐྱེས་ཆེན་ཞྭ་དེའུ་འཁྲུལ་ཞིག་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེས་དད་བརྩོན་འབད་པ་ཆེན་པོའི་ཉམས་བཞེས་གནང་སྐབས་གནང་སྐྱེས་གྱ་ནོམ་པ་དང་བཅས་ཡང་ཡང་བཀའ་བསྩལ་བ། དགོས་པ་གཞན་གྱིས་རིང་ཞིག་འགྱང་ཡང༌། སླར་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེ་དང༌། མཁས་བཙུན་དམ་པའི་བཤེས་གཉེན་མཁན་པོ་འཇམ་དབྱངས་རྡོ་རྗེ་དང༌། མཁྱེན་ཡོན་མཚུངས་མེད་མཆོག་སྤྲུལ་པདྨ་དབང་རྒྱལ་སོགས་གྲུབ་སྲས་སྐུ་མཆེད་དང༌། དད་མོས་བློ་གྲོས་དགེ་བ་ཐེག་མཆོག་བསྟན་འཛིན་སོགས་རང་སློབ་རྣམས་ནས་ཀྱང་ཡང་ཡང་བསྐུལ་བའི་རྐྱེན་གྱིས། དོན་གྲུབ་ཅེས་པ་ས་ལུག་ས་ག་ཟླ་བར་ཐམས་ཅད་མཁྱེན་གཟིགས་མི་ཕམ་འཇམ་དཔལ་རྣམ་རྒྱལ་རྒྱ་མཚོ་གདོད་མའི་གཞི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་དུས་ཀྱི་མཆོད་པའི་ཉིན་འཁོས་མེད་གྱི་ན་བའི་སྔགས་བཙུན་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཁ་བཞི་ལྷོ་ཡི་སྨན་ལྗོངས་བདེ་ཆེན་ཆོས་གླིང་དུ་བསྟི་བའི་ཚེ་མཁས་གྲུབ་གོང་མའི་གསུང་གི་སྣང་བ་ལ་བརྟེན་ནས་བྲིས་པ། རྩོད་དུས་བསྟན་འགྲོ་ནག་ཕྱོགས་ཀྱི་དཔུང་ལས་རྒྱལ་ཞིང་འབྲེལ་ཚད་དངོས་གྲུབ་མཆོག་གི་དགའ་སྟོན་ལ་ཅི་དགར་སྤྱོད་པའི་དཔུང་གཉེན་དུ་གྱུར་ཅིག། །།}} | ||
</onlyinclude> | </onlyinclude> |
Revision as of 11:06, 13 December 2022
Wylie title | dpal rdo rje phur pa gnyags lugs kyi bskyed rdzogs nyams len dmar khrid kyi yi ge grub mchog dgongs pa'i srol 'byed | |
---|---|---|
Location | dil mgo mkhyen brtse bka' 'bum Volume 22, Text 1, Pages 1-65 (Folios 1a to 65a5) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ (Khyentse, Dilgo) | |
Associated People | གཉགས་ཛྙཱ་ན་ཀུ་མཱ་ར་ (gnyags dz+nyA na ku mA ra) | |
Citation | Khyentse, Dilgo. Dpal rdo rje phur pa gnyags lugs kyi bskyed rdzogs nyams len dmar khrid kyi yi ge grub mchog dgongs pa'i srol 'byed. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 22: 1-65. Delhi: Shechen Publications, 1994. | |
Genre | Contemplative Guide Books and Instructional Manuals - khrid yig | |
Cycle | སྙན་བརྒྱུད་སྙིང་གི་གསང་མཛོད་ (snyan brgyud snying gi gsang mdzod) | |
Deity | rdo rje phur pa | |
Colophon |
ཞེས་བཀའ་བབ་བརྒྱུད་འཛིན་གྱི་རྡོ་རྗེ་སློབ་དཔོན་མཆོག་ཏུ་གཟེངས་བསྟོད་པའི་ཚིག་གིས་དྲིལ་བསྒྲགས་པའི་སྐྱེས་ཆེན་ཞྭ་དེའུ་འཁྲུལ་ཞིག་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེས་དད་བརྩོན་འབད་པ་ཆེན་པོའི་ཉམས་བཞེས་གནང་སྐབས་གནང་སྐྱེས་གྱ་ནོམ་པ་དང་བཅས་ཡང་ཡང་བཀའ་བསྩལ་བ། དགོས་པ་གཞན་གྱིས་རིང་ཞིག་འགྱང་ཡང༌། སླར་ཐེག་པ་མཆོག་གི་རྣལ་འབྱོར་པ་ཀློང་ཆེན་ཡེ་ཤེས་རྡོ་རྗེ་དང༌། མཁས་བཙུན་དམ་པའི་བཤེས་གཉེན་མཁན་པོ་འཇམ་དབྱངས་རྡོ་རྗེ་དང༌། མཁྱེན་ཡོན་མཚུངས་མེད་མཆོག་སྤྲུལ་པདྨ་དབང་རྒྱལ་སོགས་གྲུབ་སྲས་སྐུ་མཆེད་དང༌། དད་མོས་བློ་གྲོས་དགེ་བ་ཐེག་མཆོག་བསྟན་འཛིན་སོགས་རང་སློབ་རྣམས་ནས་ཀྱང་ཡང་ཡང་བསྐུལ་བའི་རྐྱེན་གྱིས། དོན་གྲུབ་ཅེས་པ་ས་ལུག་ས་ག་ཟླ་བར་ཐམས་ཅད་མཁྱེན་གཟིགས་མི་ཕམ་འཇམ་དཔལ་རྣམ་རྒྱལ་རྒྱ་མཚོ་གདོད་མའི་གཞི་དབྱིངས་སུ་མངོན་པར་བྱང་ཆུབ་པའི་དུས་ཀྱི་མཆོད་པའི་ཉིན་འཁོས་མེད་གྱི་ན་བའི་སྔགས་བཙུན་རྒན་པོ་འགྱུར་མེད་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་ཁ་བཞི་ལྷོ་ཡི་སྨན་ལྗོངས་བདེ་ཆེན་ཆོས་གླིང་དུ་བསྟི་བའི་ཚེ་མཁས་གྲུབ་གོང་མའི་གསུང་གི་སྣང་བ་ལ་བརྟེན་ནས་བྲིས་པ། རྩོད་དུས་བསྟན་འགྲོ་ནག་ཕྱོགས་ཀྱི་དཔུང་ལས་རྒྱལ་ཞིང་འབྲེལ་ཚད་དངོས་གྲུབ་མཆོག་གི་དགའ་སྟོན་ལ་ཅི་དགར་སྤྱོད་པའི་དཔུང་གཉེན་དུ་གྱུར་ཅིག། | |
zhes bka' bab brgyud 'dzin gyi rdo rje slob dpon mchog tu gzengs bstod pa'i tshig gis dril bsgrags pa'i skyes chen zhwa de'u 'khrul zhig mchog gi sprul pa'i sku rin po ches dad brtson 'bad pa chen po'i nyams bzhes gnang skabs gnang skyes gya nom pa dang bcas yang yang bka' bstsal ba/_dgos pa gzhan gyis ring zhig 'gyang yang*/_slar theg pa mchog gi rnal 'byor pa klong chen ye shes rdo rje dang*/_mkhas btsun dam pa'i bshes gnyen mkhan po 'jam dbyangs rdo rje dang*/_mkhyen yon mtshungs med mchog sprul pad+ma dbang rgyal sogs grub sras sku mched dang*/_dad mos blo gros dge ba theg mchog bstan 'dzin sogs rang slob rnams nas kyang yang yang bskul ba'i rkyen gyis/_don grub ces pa sa lug sa ga zla bar thams cad mkhyen gzigs mi pham 'jam dpal rnam rgyal rgya mtsho gdod ma'i gzhi dbyings su mngon par byang chub pa'i dus kyi mchod pa'i nyin 'khos med gyi na ba'i sngags btsun rgan po 'gyur med theg mchog bstan pa'i rgyal mtshan gyis kha bzhi lho yi sman ljongs bde chen chos gling du bsti ba'i tshe mkhas grub gong ma'i gsung gi snang ba la brten nas bris pa/_rtsod dus bstan 'gro nag phyogs kyi dpung las rgyal zhing 'brel tshad dngos grub mchog gi dga' ston la ci dgar spyod pa'i dpung gnyen du gyur cig/ |