DKR-KABUM-14-PHA-005: Difference between revisions
From Khyentse Lineage - A Tsadra Foundation Project
No edit summary |
No edit summary |
||
Line 11: | Line 11: | ||
|sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | |sourcerevealertib=འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ | ||
|sourcerevealer='jam dbyangs mkhyen brtse'i dbang po | |sourcerevealer='jam dbyangs mkhyen brtse'i dbang po | ||
|associatedpeople= | |associatedpeople=Mañjuśrīmitra | ||
|associatedpeopletib= | |associatedpeopletib=འཇམ་དཔལ་བཤེས་གཉེན་ | ||
|tibgenre= | |tibgenre=Detailed Explanation - rnam bshad | ||
|terma= | |terma=Yes | ||
|dkroutline=Five | |dkroutline=Five | ||
|language=Tibetan | |language=Tibetan | ||
|deity= | |deity='jam dpal gshin rje | ||
|cycle= | |cycle='jam dpal gshin rje'i thugs tig | ||
|cycletib= | |cycletib=འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ | ||
|parentcycle= | |parentcycle= | ||
|parentcycletib= | |parentcycletib= | ||
Line 28: | Line 28: | ||
|beginfolioline=1a | |beginfolioline=1a | ||
|textnuminvol=005 | |textnuminvol=005 | ||
|rectonotes=rnam bshad | |||
|versonotes=gshin rje'i thugs tig | |||
|pdflink=File:DKR-KABUM-14-PHA-005.pdf | |pdflink=File:DKR-KABUM-14-PHA-005.pdf | ||
}} | }} | ||
Line 33: | Line 35: | ||
<h1 style="font-size: 24px !important;">Tibetan Text</h1> | <h1 style="font-size: 24px !important;">Tibetan Text</h1> | ||
<onlyinclude> | <onlyinclude> | ||
{{TibP|༄༅། སྙན་བརྒྱུད་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་རྣམ་བཤད་ཉུང་ངུ་རྣམ་གསལ་འཇམ་དཔལ་གྲུབ་པའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།། | {{TibP|༄༅། སྙན་བརྒྱུད་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་རྣམ་བཤད་ཉུང་ངུ་རྣམ་གསལ་འཇམ་དཔལ་གྲུབ་པའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ།།<br><br> | ||
༄༅། །ན་མོ་གུ་རུ་མཉྫུ་ཤྲཱི་ཡ་མཱནྟ་ཀ་མཎྜ་ལ་བྷྱཿ འཇྃམ་མཉེན་ཆོས་དབྱིངས་ཤིན་ཏུ་ཞི་བ་ནང་གསལ་གཞོན་ནུ་བུམ་པ་སྐུར། ཟག་མེད་དཔྃལ་གྱི་འབྱོར་པ་རྨད་བྱུང་བདེ་ཆེན་ཁ་སྦྱོར་བདུན་གྱི་བདག །རྒྱལ་བ་རྟག་པའི་རིགས་ཀུན་ཁྱབ་བདག་འཁོར་འདས་ཕྱགྃ་རྒྱསྃ་ཟིལྃ་གནོྃན་ལྷ། །དབྱེར་མེད་བླ་མ་དགྱེས་པའི་སྣང་བས་ཚེ་རབས་ཀུན་ཏུ་སྐྱོངས་གྱུར་ཅིག །འཇམ་དཔལ་ཞི་ཁྲོའི་རྒྱུད་སྡེ་རྒྱ་མཚོའི་མཐའ། །སྙན་བརྒྱུད་རིན་ཆེན་གྲུ་ཡིས་ལེགས་བརྒལ་ནས། །སྙིང་པོའི་གནད་ཏིག་མན་ངག་དབང་གི་རྒྱལ། །གསལ་བར་འཆད་ལ་བདག་ཀྱང་མཆོག་ཏུ་སྤྲོ། །དེ་ཡང་ཐམས་ཅད་མཁྱེན་གཟིགས་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་ཀྱི་ཞལ་སྐྱིན་གངས་ཅན་མཁས་གྲུབ་ཡོངས་ཀྱི་རྒྱལ་པོ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའམ་གཏེར་འབྱིན་གྲུབ་པའི་དབང་ཕྱུག་ཏུ་མངའ་གསོལ་བའི་མཚན་པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་ཐུན་མོང་མ་ཡིན་པའི་རྣམ་ཐར་གྱི་ཆེ་བ་བཀའ་བབ་རིན་པོ་ཆེ་རྣམ་པ་བདུན་གྱིས་བསྟན་པ་ཡོངས་རྫོགས་ཀྱི་གླིང་བཞིར་མངའ་དབང་སྒྱུར་བའི་བདུན་པ་སྙན་བརྒྱུད་ཀྱི་བཀའ་བབས་རྡོ་རྗེ་གསང་བའི་མཛོད་ཆེན་པོ་ཟབ་ཅིང་རྒྱ་ཆེ་བར་བཞུགས་པའི་གཙོ་བོ་རྫོང་ཤོད་བདེ་གཤེགས་འདུས་པའི་ཕོ་བྲང་དུ་བཞུགས་སྐབས་དག་ཆེན་ཡེ་ཤེས་ཀྱི་སྣང་བར་མཆོད་རྟེན་ཆེན་པོ་བདེ་བྱེད་བརྩེགས་པའི་དབུས་དང་ཕྱོགས་མཚམས་སུ་བཀའ་བབ་རིག་འཛིན་ཆེན་པོ་བརྒྱད་དང༌། །ཀུན་འདུས་པདྨ་སཾ་བྷ་ཝ་རྣམ་པ་དགུས། རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་རྣམས་ཀྱི་དགོངས་པའི་སྲོག་བཅུད་ཁྱད་པར་ཅན་རེ་སྙན་བརྒྱུད་དུ་གདམས་པའི་བྱེ་བྲག །ངེས་པ་དོན་གྱི་གསང་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་དཔལ་ཧེ་རུ་ཀ་འཇམ་དཔལ་ཁྲག་འཐུང་དཔའ་བོའི་དཀྱིལ་འཁོར་འཁོར་ལོའི་དབང་ཕྱུག་གི་རྣམ་པར་བཞེངས་པ་དང་དབྱེར་མེད་ཅིང༌། རྣམ་པའི་སྣང་ཚུལ་བཀའ་བབ་རིག་འཛིན་ཆེན་པོ་བརྒྱད་ཀྱི་བྱེ་བྲག་འཇམ་དཔལ་སྐུ་དེ་བཞིན་གཤེགས་པའི་རིགས་ཀྱི་ཞི་ཁྲོ་རབ་འབྱམས་ཀྱི་རྒྱུད་ལུང་མན་ངག་གི་ཤིང་རྟ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་དགོངས་པས་བྱིན་གྱིས་བརླབས་ཤིང༌། སྐུ་ལྔ་ལྷུན་གྲུབ་དོན་གྱི་རིག་འཛིན་རྫོགས་པའི་སངས་རྒྱས་མཁྱེན་གཉིས་ཡེ་ཤེས་ཀྱི་གཏེར་མཛོད་གུ་རུ་རིན་པོ་ཆེ་བློ་ལྡན་མཆོག་སྲེད་རྩལ་གྱིས་རྗེས་སུ་གདམས་པའི་སྙན་བརྒྱུད་འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་གི་འཁོར་ལོ་བཞིའི་དགོངས་དོན་ཇི་ལྟར་དཔོག་ཚོད་འཆད་པ་ལ། བསྒྲུབ་བྱ་སྒྲུབ་བྱེད་ཀྱི་འབྲེལ་བཀོད་པ་དང༌། ཇི་ལྟར་སྒྲུབ་པའི་ཚུལ་དངོས་སོ། །དང་པོ་ནི། སྙན་བརྒྱུད་གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་ལས། མཆོག་གི་ཡེ་ཤེས་ལམ་བྱེད་པ༔ འཇམ་དཔལ་དོན་གྱི་སྙིང་པོ་ནི༔ ཞེས་གསུངས་པ་ལྟར་སྒྲུབ་གཞི་ངེས་པ་དོན་གྱི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི། རྣམ་མེད་ཆོས་དབྱིངས་ཤིན་ཏུ་ཞི་བ་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་ཅན་གང་གིས། རྣམ་བཅས་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་སྲིད་ཞི་ཀུན་ལ་ཁྱབ་པར་བརྡལ་ཞིང་ངོ་མཚར་བའི་རྣམ་ཐར་སངས་རྒྱས་ཀུན་དང་མཉམ་པ་ཉིད་དུ་གྱུར་པས་ནམ་མཁའ་ཇི་སྲིད་དུ་རྒྱལ་དང་རྒྱལ་བའི་སྲས་ཀྱི་རོལ་པ་ཚད་མེད་པ་སྣང་བས་ཕྱོགས་དུས་སེམས་ཅན་ཀུན་གྱི་དོན་མཛད་པ་དེ་ཉིད་འདས་པའི་སངས་རྒྱས་དག་པའི་ཞིང་མཆོག་མཉམ་པ་ན་བདེ་གཤེགས་ཀླུ་ཡི་རིགས་དང༌། ད་ལྟ་མི་མཇེད་འཇིག་རྟེན་གྱི་བྱང་ཕྱོགས་རྟག་པར་རབ་དགའ་སྡུག་ཅིང་མོས་པར་སངས་རྒྱས་རབ་དགའ་རིན་ཆེན་བརྩེགས་པའི་རྒྱལ་པོར་འཚོ་ཞིང་བཞེས་ལ་ཆོས་སྟོན་པ་དང༌། མ་འོངས་གྲངས་མེད་བསྐལ་པའི་ཐ་མར་ལྷོ་ཕྱོགས་རྡུལ་བྲལ་ཡང་དག་བསགས་པར་མགོན་པོ་ཀུན་ཏུ་གཟིགས་སུ་སངས་རྒྱས་པའི་ཞིང་གི་ཡོན་ཏན་དང་སངས་རྒྱས་ཀྱི་མཛད་པ་དུ་མར་སྟོན་པར་གསུངས་པ་དང༌། ཕྱོགས་དུས་རྒྱལ་བའི་ཞིང་རབ་འབྱམས་སུ་རྒྱལ་བ་རེ་རེའི་མདུན་དུ་སྲས་ཀྱི་ཐུ་བོ་ས་བཅུའི་རྒྱུན་མཐའ་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཚུལ་དུ་བཞུགས་ནས་ད་ལྟ་བདག་ཅག་གི་སྟོན་པའི་ཡབ་རྒྱལ་པོ་ཟས་གཙང་མ་ཡིན་པར་གསང་འདུས་ཀྱི་རྒྱུད་ལས་གསུངས་པ་དང༌། ཁབ་ནས་ངེས་པར་འབྱུང་བའི་ཕྱིར་དགེ་སློང་གི་ཚུལ་གྱིས་ཐུགས་བསྐུལ་བ་དང༌། སངས་རྒྱས་པའི་ཚེ་སྨན་གྱི་མདོ་སྡེ་བརྒྱད་བརྒྱ་པ་སོགས་ཟབ་མོའི་མདོ་རྒྱུད་གསུང་པར་གླེང་བསླང་བ་དང༌། རྒྱལ་པོ་མ་སྐྱེས་དགྲས་ཕ་བསད་པའི་འགྱོད་པ་བསལ་བ་དང༌། དབྱར་གནས་པ་ཁས་བླང་བཞིན་དུ་མ་སྐྱེས་དགྲའི་བཙུན་མོའི་གཡོག་མཛད་པས་དབྱར་བདག་གནས་བརྟན་འོད་སྲུང་ཆེན་པོའི་གནས་དབྱུང་བར་བརྩམས་པའི་ཚེ་རྫུ་འཕྲུལ་ཆེན་པོ་བསྟན་པ་སོགས་བྱང་ཆུབ་སེམས་དཔའི་རྣམ་ཐར་དང༌། སྔགས་སུ་རྒྱུད་སྡེ་ཆེན་པོ་དྲུག་ཀ་ནས་དཀྱིལ་འཁོར་གྱི་གཙོ་བོ་རིགས་ཀྱི་ཁྱབ་བདག་དང༌། རིགས་ཀྱི་གཙོ་བོ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་སྤྲུལ་པའི་སེམས་དཔའ་དང༌། རྣམ་སྣང་གི་ཐུགས་ལས་སྤྲུལ་པའི་སེམས་དཔའ་བཅུ་དྲུག་ལས་རྡོ་རྗེ་རྣོན་པོ་དང༌། འོག་མིན་དུ་ཉེ་བའི་སྲས་སོགས་འཁོར་དང༌། གཙོ་རྐྱང་སོགས་མཚན་དང་ཞི་ཁྲོའི་སྐུ་ཡི་བཀོད་པ། རིགས་སྔགས་ཀྱི་ཚོགས་དུ་མས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྟེར་བར་མཛད་པ་སོགས་གསང་བ་བསམ་གྱིས་མི་ཁྱབ་པ་སྟོན་པའི་ངེས་པའི་དེ་ཉིད་ནི་འཕགས་པ་འཇམ་དཔལ་གྱི་རྒྱུད་ཀྱི་རྒྱལ་པོ་ཁྲི་དྲུག་སྟོང་གི་སྙིང་པོ་བསྟོད་པ་གླུར་བླང་གི་ལེའུ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡོངས་སུ་དག་པར་གཟུང་བར་བྱའོ། །ཞེས་དང༌། དེའི་རྒྱུད་ཕྱི་མ་ལས། འཇམ་དཔལ་འདི་ནི་དཔལ་གྱུར་རྫོགས་པའི་སྐུ། །ཐུན་མོང་མ་ཡིན་གཉིས་མེད་ཁྱབ་པའི་ཆོས། །དུས་གསུམ་མཉམ་རྫོགས་རྒྱལ་བ་ཀུན་གྱི་ཡབ། །ཆོས་དབྱིངས་ཡུམ་ཉིད་སེམས་དཔའ་སྲས་མཆོག་སྟོན། །ཅེས་གསུངས་པ་ལྟར་ཆོས་ཉིད་ཀྱི་དབྱིངས་སུ་རང་བཞིན་འོད་གསལ་བའི་ཡེ་ཤེས་སྲས་དང་བཅས་པའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཟབ་གསལ་བསམ་མི་ཁྱབ་པའི་གནས་ལུགས་འཁོར་འདས་མཉམ་པ་ཉིད་ཟག་མེད་ཀྱི་ཡོན་ཏན་རང་བྱུང་ལྷུན་གྲུབ་ཏུ་རྫོགས་པས་སངས་རྒྱས་ཀུན་ཀྱང་འཇམ་དཔལ་གྱི་རང་བཞིན་ལས་འདས་པས་མེས་པོའམ་ཡབ་སྟེ། མཚན་ཡང་དག་པར་བརྗོད་པ་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་དང༌། ཆོས་ཉིད་དེའི་དབྱིངས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་འཕགས་བཞི་བསྐྱེད་པའི་ཡུམ་རྣམ་ཐར་སྒོ་གསུམ་དང་འབྲལ་མི་ཤེས་པ་དང་ཡང་གཉིས་སུ་མེད་པས་ན། རྫོགས་ཆེན་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། འཇམ་དཔལ་ཡེ་ཤེས་སྤྲུལ་པ་ཉིད། །གང་ལྟར་བལྟས་པ་དེ་ལྟར་སྣང༌། །ཞེས་གསུངས། དབྱིངས་རིག་དེ་གཉིས་ཀྱི་བདག་ཉིད་མི་སློབ་འབྲས་བུའི་མཐར་ཐུག་ཟག་མེད་རྒྱས་པའི་འབྱོར་པས་མངོན་པར་མཐོ་བའི་སངས་རྒྱས་ཆོས་སྐུ་ཉིད་མཐར་ཐུག་འབྲས་བུའི་འཇམ་དཔལ་ནི་སྐབས་འདིའི་བསྒྲུབ་བྱའི་ལྷ་སྟེ། དོན་གྱི་གནས་ལུགས་དེ་ཉིད་སེམས་ཅན་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་གདོད་མ་ནས་བཞུགས་སུ་ཟིན་པ་འཁོར་འདས་ཐམས་ཅད་ཀྱི་འཕྲོ་གཞི་སྟེ། མཚན་བརྗོད་ལས། རྣམ་པར་ཤེས་པའི་ཆོས་ཉིད་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། དུས་གསུམ་སངས་རྒྱས་ལས་བྱེད་པ། །ཞེས་པ་ནི་གནས་ལུགས་གཞི་ཡི་འཇམ་དཔལ་རྟོགས་བྱའི་མཐར་ཐུག་སྟེ། ངོ་བོ་འདིའི་གནས་ཚུལ་མཐར་ཐུག་ནི་སངས་རྒྱས་ཐམས་ཅད་ཀྱི་རྡུལ་བྲལ་མཁའ་ཁྱབ་ནམ་མཁའི་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་ཡི་མཆོག །གསུང་ཚངས་དབྱངས་ཡན་ལག་དྲུག་ཅུའི་འབྱུང་གནས་བརྟན་གཡོའི་སྒྲ་སྐད་ཐམས་ཅད་ཀྱི་ཁྱབ་བདག་གསུང་གི་དབང་ཕྱུག །མཁྱེན་གཉིས་ཡེ་ཤེས་ཀྱི་ངོ་བོ་རྒྱལ་བ་ཀུན་གྱི་ཐུགས་ཡེ་ཤེས་སེམས་དཔའ་ཞེས་ཡོངས་སུ་གྲགས་པ་སྟེ། ཆོས་ཉིད་དེའི་རང་བཞིན་ཇི་ལྟ་བ་བསྟན་པའི་ཕྱིར་འཁོར་ལོ་བར་པ་ནས་རྣམ་ཐར་སྒོ་གསུམ་གྱི་སྟོང་པ་ཉིད། འཁོར་ལོ་ཐ་མས་ཡེ་ནས་ལྷུན་གྱིས་གྲུབ་པའི་འོད་གསལ་བའི་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད། གསང་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཆོས་ཀྱི་དབྱིངས། ཡང་དག་པའི་མཐའ། ཆོས་ཉིད་བྱང་ཆུབ་ཀྱི་སེམས། དེ་བཞིན་ཉིད། དོན་དམ་པའི་བདེན་པ། རང་བྱུང་གི་ཡེ་ཤེས། བདེ་གཤེགས་སྙིང་པོ། གཉུག་མའི་སེམས། ལྷན་སྐྱེས་བདེ་བ་ཆེན་པོ། རྒྱུའི་ཧེ་རུ་ཀ་སོགས་མཚན་གྱི་རྣམ་གྲངས་དུ་མས་བསྟན་ཅིང་ཡེ་ཤེས་དེ་མངོན་དུ་བྱ་བའི་ཕྱིར། མདོ་ཡི་ལམ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། སྔགས་སུ་ལྷ་ཡི་དེ་ཁོ་ན་ཉིད་དང༌། ལྷག་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ། དབྱིངས་རིག་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར། ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་སོགས་དུ་མས་བསྟན་པ་ནི་བགྲོད་པ་ལམ་གྱི་འཇམ་དཔལ་གཞོན་ནུ་སྟེ། གནས་ཚུལ་དང་སྣང་ཚུལ་གྱི་དབང་གིས་དུ་མར་བཤད་པ་ལས་དོན་གྱི་གནད་ནི། རིག་པ་རང་ཤར་གྱི་རྒྱུད་ལས། ཟབ་ཅིང་རྒྱ་ཆེ་འཇམ་དཔལ་ཉིད་ཀྱི་མིང༌། །གཏིང་དཔག་དཀའོ་འཇམ་དཔལ་ཆོས་ཀྱི་མཆོག །འཇམ་དཔལ་ངང་ལས་ཡང་དག་བདེ་བ་སྐྱེས། །འཇམ་དཔལ་ཉིད་ལ་ཟད་ཅིང་སྟོང་སངས་མེད། །ཅེས་པ་ནི་བསྒྲུབ་བྱ་སྟེ། འདི་ནི་རྒྱུ་འབྲས་ཀྱི་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་གི་སྐྱེལ་སོ་གང་སྒྲ་ཇི་བཞིན་མངོན་དུ་བྱེད་པའི་ལམ་ལ་སྒྲུབ་བྱེད་དུ་གྲགས་པས་སྐབས་འདིར་འཆད་བྱ་རུ་འཛིན། གཤིན་རྗེ་གཤེད་ཀྱི་སྒྲུབ་སྡེའི་ཆོས་སྐད་འཁོར་ལོ་ཆེན་པོ་བཞི་ལྟར་བཤད་པ་སྐབས་སུ་བབ་པ་སྟེ་རྒྱས་པ་འོག་ནས་སྤྲོ་བར་འགྱུར་རོ། །གཉིས་པ་ཇི་ལྟར་སྒྲུབ་པའི་ཚུལ་ལ། ངེས་འབྱུང་གི་བློ་བཅོས་པ། སྔོན་འགྲོ་སྣོད་རུང་དུ་བྱ་བ། དངོས་གཞི་འཁོར་ལོ་བཞིའི་གྲུབ་མཐའ་དབྱིངས་སུ་བསྐྱལ་བའོ། །དང་པོ་ལ། ངེས་འབྱུང་གི་བློ་བཅོས་པ། སྐྱབས་སེམས་ཀྱིས་གཞི་འདིང་བ། བླ་མའི་བྱིན་རླབས་ཀྱི་ཡེ་ཤེས་འབེབས་པའོ། །དང་པོ་ལའང༌། ཐུན་གྱི་སྔོན་འགྲོ་དང༌། ཁྲིད་ཀྱི་སྔོན་འགྲོའོ། །དང་པོ་ནི། གནས་དབེན་པར་བདེ་བའི་སྟན་ལ་འདུག །ལུས་གནད་བསྲང༌། རླུང་རོ་བསལ། བྱང་ཆུབ་ཀྱི་སེམས་ཡིད་ལ་བྱས་ཏེ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ་སོགས་ཀྱིས་བླ་མ་འཇམ་དཔལ་ཞི་ཁྲོའི་བླ་རྣལ་གྱི་སྐབས་ལྟར་སྤྱི་བོར་བསྒོམ་ཞིང༌། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། མཐར་རང་ལ་བསྟིམས་ནས་ཐུགས་ཡིད་བསྲེས་ལ་དྲན་པ་མངོན་དུ་བཞག་སྟེ་ཁྲིད་ཀྱི་སྔོན་འགྲོའི་དམིགས་རིམ་ལ་འཇུག་པར་བྱའོ། །གཉིས་པ་ཁྲིད་ཀྱི་སྔོན་འགྲོ་ལ་གཉིས། ཐུན་མོང་གི་སྔོན་འགྲོ་ངེས་འབྱུང་གིས་བློ་བཅོས་པ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ནི། དཔལ་ཆེན་ཡང་དག་ཟབ་ཏིག་ལས། དལ་འབྱོར་རྙེད་དཀའ་དོན་ཆེན་དང༔ མི་རྟག་མྱུར་དུ་འཇིག་པར་བསམ༔ ལས་འབྲས་བླང་དོར་ཚུལ་བཞིན་བྱ༔ འཁོར་བར་ངེས་འབྱུང་དྲག་ཏུ་བསྐྱེད༔ ཅེས་གསུངས་པ་ལྟར་ཐུན་མོང་གི་སྡོན་འགྲོ་བློ་ལྡོག་རྣམ་པ་བཞིས་རྒྱུད་ངེས་འབྱུང་བསྐྱེད་དགོས་པས། རྟེན་དལ་འབྱོར་གྱི་ལྡོག་ཕྱོགས་མི་ཁོམ་པའི་གནས་རིས་བརྒྱད་དུ་མ་སྐྱེས་པས་དལ་ཞིང༌། མཐུན་ཕྱོགས་རང་གཞན་ལ་ལྟོས་རྐྱེན་འབྱོར་པ་བཅུ་ཚང་བའི་རྟེན་ལྷ་བས་ལྷག་པའི་ལུས་ཞེས་ཐེག་པ་གསུམ་སྤྱི་དང་ཁྱད་པར་རྡོ་རྗེའི་ཁམས་དྲུག་དང་ལྡན་པའི་ཛམ་གླིང་ལས་ཀྱི་ས་པའི་མི་ལུས་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་སྣོད་མེད་དུ་མི་རུང་བ་དོན་ཆེན་པོ་དང་ལྡན་པ་འདི་ཉིད་རྒྱུ་དཔེ་གྲངས་ཀྱི་སྒོ་གང་ལས་བསམས་ཀྱང༌། སྔར་ཡང་འདི་ལྟ་བུ་མ་རྙེད། ད་ལྟ་འདིའི་སྟེང་ཆོས་ཡང་དག་པ་སྒྲུབ་སྟེ་དོན་ཡོད་པ་མ་བྱས་ན་སྐྱེ་བ་བརྗེས་ནས་ལུས་རྟེན་འདི་འདྲ་བ་མི་ཐོབ་པས་ཉི་མ་རེ་རེ་བཞིན་རང་རྒྱུད་ཆོས་ལ་བཀོལ་ཅི་ནུས་ཀྱིས་དགེ་བ་གང་བྱས་རྩིས་སུ་གདབ་པ་གྲུ་ཐོབ་པའི་ཚེ། ཆུའི་ཕ་རོལ་དུ་བརྒལ་བའི་རྩོལ་བ་མི་འདོར་བ་བརྩོན་པ་བཞིན་མ་བྱས་ན། སྤྱིར་སྣོད་བཅུད་ཀྱི་འཇིག་རྟེན། སྒོས་སྐྱེས་བུའི་ཚེ་སྲོག །ལྷག་པར་དུས་ངན་སྙིགས་མ་འགལ་རྐྱེན་ནད་མུག་མཚོན་གྱི་སྐལ་ངན་བདོ་ཞིང༌། མཐུན་རྐྱེན་ལེགས་པའི་དཔལ་འགྲིབ་པ་ཁོ་ན་ཤས་ཆེ་བ་ལ་བསམ་ན་རྟག་ཅིང་བརྟན་པ་ཡིད་རྟོན་བྱ་བའི་གནས་ཀུན་ནས་མེད་པས་དལ་འབྱོར་གྱི་རྟེན་བཟང་ཡང་ནམ་འཆི་ཆ་མེད། འཆི་རྐྱེན་ངེས་མེད་ཀྱིས་འཇིག་ལ་ཁད་དུ་ཤེས་པས་བློ་རྒྱུད་ལ་བསྐུལ་མ་གདབ་པར་གལ་ཆེ་ཞིང༌། མི་རྟག་པའི་རང་མཚང་སྟོན་ཕྱིན་ཆད་རང་གིས་ལས་དགེ་སྡིག་གང་བསགས་པ་མཐུ་ཆེ་བས་འཁོར་བ་མཐོ་དམན་དུ་སྐྱེ་བ་ལས། རང་ལ་རང་དབང་མེད་ཅིང༌། ལས་དགེ་སྡིག་གི་རྣམ་གྲངས་མང་བ། རྒྱུ་ལས་གཅིག་གིས་འབྲས་བུ་མང་པོ་བསྐྱེད་པ། འཕགས་པའི་ས་ལ་བཞུགས་ཀྱང་རྣམ་སྨིན་གྱི་རྟེན་ལ་ལས་འབྲས་ཚུལ་བཞིན་མྱོང་བ་ལས་མ་མཆིས་པ། འབྲས་བུ་མྱོང་སྟོབས་དང་གཉེན་པོས་བཅོམ་པ་ལས་ཆུང་ངུ་ཡང་བག་མི་ཟ་བ་སོགས་འཁོར་འདས་ཀྱི་བྱེད་པོ་ལས་ཡིན་པས་རྒྱུ་འབྲས་བསླུ་བ་མེད་པའི་རྟེན་འབྱུང་ལ་ཡིད་ཆེས་ཀྱི་ངེས་པས་དྲན་ཤེས་བག་ཡོད་ཀྱིས་བླང་དོར་ཚུལ་བཞིན་བྱ་བ་ནི་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་སྐྱེས་བུ་ཆུང་ངུའི་ལམ་གྱི་མཐར་ཐུག་སྟེ། དེ་ལྟར་དགེ་སྡིག་བླང་དོར་དུ་བྱས་པའི་ཆོས་དེ་ཡང་འཁོར་བ་མཐའ་དག་སྡུག་བསྔལ་དུ་ཤེས་པའི་ངེས་འབྱུང་གི་བསམ་པས་ཟིན་དགོས་པས་ན། ངན་སོང་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ། མཐོ་རིས་མི་དང་ལྷ་མིན་རྣམས་འགྱུར་བའི་སྡུག་བསྔལ། འདོད་གཟུགས་ཀྱི་ལྷ་རྣམས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་གཙོ་བོར་མནར་བས་ནམ་ཡང་བདེ་བའི་གོ་སྐབས་མ་མཆིས་པ། འཕགས་པས་གཟིགས་ན་མེ་ཡི་འོབས། སྲིན་མོའི་གླིང༌། དུག་སྦྲུལ་གྱི་ཚང་ལྟར་སྡུག་བསྔལ་གྱི་རྒྱ་མཚོར་ལས་ཉོན་གྱི་ཞགས་པས་བཅིངས་ཏེ་མནར་བ་གསོན་པོ་མེ་ནང་དུ་བཅུག་པ་ལྟ་བུའི་ངེས་འབྱུང་གི་བློ་དྲག་ཏུ་བསྐྱེད་པས། དམིགས་རྐང་རེ་རེ་བཞིན་ཞིབ་ཏུ་དཔྱད་ཅིང་སེམས་བཟུང་བ་ལ་མྱོང་བ་ཐོན་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ། གཞུང་ལས། སྐྱབས་སེམས་བླ་མའི་བྱིན་རླབས་དབབ༔ ཅེས་པ་ལྟར་གསུམ། ཐེག་པ་སྤྱིའི་འཇུག་སྒོ་སྐྱབས་འགྲོ་དང༌། ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་གཉིས་ཀྱིས་ལམ་གྱི་གཞི་འདིང་བ་དང༌། རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་བླ་མའི་རྣལ་འབྱོར་གྱིས་ཡེ་ཤེས་འབེབས་པའོ། །དང་པོ། ཀུན་རྫོབ་རྒྱུ་ཡི་སྐྱབས་འགྲོའི་དམིགས་རྣམ་ནི། ཐ་མལ་གྱི་སྣང་བ་དབྱིངས་སུ་ཐིམ་པ་ལས་སྣོད་བཅུད་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་རང་གི་མདུན་གྱི་ནམ་མཁར་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས་སུ། གང་སྐྱབས་སུ་འགྲོ་བའི་ཡུལ་དྲེགས་པ་མ་ཧེ་ཉི་ཟླའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་འཇམ་དཔལ་ཁྲག་འཐུང་ཆེན་པོ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་སྤྱན་སྔར། སྐྱབས་སུ་འགྲོ་བ་པོ་རང་གཞན་སེམས་ཅན་ཐམས་ཅད། ཇི་ལྟར་སྐྱབས་སུ་འགྲོ་བའི་ཚུལ་སྒོ་གསུམ་འཇུག་པ་གཅིག་པས་དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པའི་དད་པ་ཆེན་པོས་བློ་གཏད་ལིང་སྐྱུར་གྱིས་སྐྱབས་སུ་བཅོལ་ཏེ། ངག་འདོན་དངོས་ཀྱི་བསྟན་དོན་མཐར་ཐུག་འབྲས་བུའི་སྐྱབས་འགྲོ་ཡིན་པས། ཨཿ སྐྱེ་བ་མེད་པའི་ངང་ཉིད་ལས༔ འགགས་མེད་སྣང་བའི་ཕྱག་རྒྱར་བཞེངས༔ དཔལ་ཆེན་འཇམ་དཔལ་ཧེ་རུ་ཀར༔ རང་ངོ་ཤེས་པས་སྐྱབས་སུ་མཆི༔ ཞེས་ཅི་ནུས་བྱ། ཚིག་གི་དོན་ནི་ཡུམ་ལས། ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ། །ཞེས་དང༌། སྒྱུ་འཕྲུལ་ལས། ཨ་ནི་སྐྱེ་མེད་དེ་བཞིན་ཉིད༔ ཞེས་པ་ལྟར་དབྱིངས་ཆོས་སྐུ་ནམ་མཁའ་ལྟ་བུ་གདོད་ནས་སྐྱེ་འགག་གནས་གསུམ་དང་བྲལ་བའི་ཆོས་ཀྱི་དབྱིངས་ཉིད་ལ། ཆོས་ཅན་བེམ་ཤེས་འདུས་མ་བྱས་ཀྱི་རོལ་པའི་སྣང་བ་ཇི་སྙེད་པ་སྔར་སྐྱེ་མ་མྱོང༌། ད་ལྟ་སྐྱེ་བ་མེད། མ་འོངས་པར་སྐྱེ་མི་སྲིད་པས་སྐྱེ་མེད་ཀ་དག་གི་དབྱིངས་དང་ཐ་དད་མེད་པར་ཐག་ཆོད་པ་ནི་རིག་སྟོང་ཟུང་འཇུག་ཏུ་རྟོགས་པ་སྟེ། གནས་ལུགས་དེ་སོ་སོ་རང་གིས་རིག་བྱ་དུས་གསུམ་མཉམ་པ་ཉིད་དུ་གནས་པའི་ཕྱིར་བྲི་གང་ཡོད་མེད་འགྲོ་འོང་སོགས་སྤྲོས་པ་ལས་འདས་པའི་ངང་ནས། སྣང་བ་སྣ་ཚོགས་རྟེན་ནས་འབྱུང་བའི་ཚུལ་གྱིས་བསླུ་བ་མེད་པ་སྣང་བའི་ཕྱིར་སངས་རྒྱས་ཀུན་གྱི་མཁྱེན་གཉིས་ཡེ་ཤེས་ཀྱི་གཏེར་རྗེ་བཙུན་འཇམ་པའི་དབྱངས་ཁྲག་འཐུང་ཧེ་རུ་ཀའི་གཟུགས་སྐུར་བཞེངས་པ་སྟེ། དེ་ལྟར་སྣང་དུས་ཉིད་ནས་དབྱིངས་མཉམ་པ་ལས་ཅུང་ཟད་གཞན་དུ་འགྱུར་བ་མེད་ཀྱང༌། སྣང་བ་མི་འགག་པ་དབྱིངས་ཀྱི་རོལ་པར་ཡེ་ཤེས་ཀྱི་རྒྱན་དུ་ཤར་བ་རང་ལ་གནས་པའི་ཡིན་ལུགས་ངོ་ཤེས་པ་དོན་དམ་གྱི་སྐྱབས་འགྲོ་སྟེ། རྒྱུ་འབྲས་ཀྱི་སྐྱབས་འགྲོ་གཉིས་འགལ་མེད་ཟུང་འཇུག་གིས་ཉམས་སུ་ལེན་པར་བྱའོ། །གཉིས་པ་ཐེག་ཆེན་གྱི་རྩ་བ་སེམས་བསྐྱེད་ནི། སྐྱབས་ཡུལ་རྣམས་དཔང་པོར་བཞུགས་པའི་ཚུལ་གྱིས་ཀུན་རྫོབ་སེམས་བསྐྱེད་སྨོན་འཇུག་གི་དོན་ཡིད་ལ་དྲན་བཞིན་པས། ཧཱུྃ༔ དེ་བཞིན་ཉིད་དབྱིངས་མ་རྟོགས་པའི༔ འགྲོ་ལ་སྙིང་རྗེ་ཆེན་པོའི་བློས༔ རིམ་གཉིས་ཟབ་མོའི་རྣལ་འབྱོར་གྱིས༔ ཁམས་གསུམ་སྒྲོལ་བར་སེམས་མཆོག་བསྐྱེད༔ ཅེས་ཇི་ལྟར་རིགས་པ་བརྗོད་པའི་སྒོ་ནས་གསལ་གདབ། ཚིག་དོན་ནི། གདུལ་བྱའི་ཡུལ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཆོས་དབྱིངས་དེ་བཞིན་ཉིད་གཅིག་ལས་མ་གཡོས་པའི་དོན་མ་རྟོགས་པར་བདག་གཞན་བཟང་ངན་དག་མ་དག་སྣ་ཚོགས་སྣང་ཡང་རྟོག་པའི་དབང་གིས་བཏགས་པ་ཙམ་ལས་དོན་ལ་མ་གྲུབ་པའི་གནད་སེམས་ཅན་རྣམས་ཀྱིས་མ་རྟོགས་པར། བདག་གཞན་བདེ་སྡུག་ཏུ་སྣང་ཞིང་འཁྲུལ་པ་ལ། ལོག་རྟོག་དེ་འདུལ་བྱེད་དམིགས་བཅས་བསོད་ནམས་ཀྱི་ཚོགས་བསྐྱེད་རིམ་དང༌། དམིགས་མེད་ཡེ་ཤེས་ཀྱི་ཚོགས་རྫོགས་རིམ་ཟུང་འཇུག་གི་རྣལ་འབྱོར་ཟབ་མོའི་ལམ་ལ་ཚུལ་བཞིན་འཇུྃག་པསྃ། རང་དོན་ཡིད་བྱེད་ཀྱི་བློ་ངན་མེད་པར་བརྩེ་བའི་སྙིང་རྗེ་ཆེན་པོས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་ཞིའི་མཐའ་ལས་བདག་གཅིག་པུས་བསྒྲལ་ནས། བླ་མེད་ཧེ་རུ་ཀའི་གོ་འཕང་ལ་འགོད་པར་དམ་བཅའ་བ་སྨོན་པ་སེམས་བསྐྱེད་དེ། དེ་ནི་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུའི་སྲོག་ཏུ་ཤེས་པར་བྱ་ཞིང༌། མཐར་སྐྱབས་ཡུལ་རང་ལ་བསྟིམས་ཏེ་དོན་དམ་བྱང་ཆུབ་སེམས་ཀྱི་ངང་དུ་མཉམ་པར་བཞག །གསུམ་པ་རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་བླ་མའི་རྣལ་འབྱོར་ལ་དྲུག །རྟེན་བསྐྱེད་པ། ཚོགས་བསགས་པ། སྡིག་སྒྲིབ་སྦྱོང་བ། གསོལ་བ་གདབ་པ། དབང་བླང་བ། དེ་ཁོ་ན་ཉིད་ལ་བློ་བཞག་པའོ། །དང་པོ་ནི། ཨཿ སྣོད་བཅུད་འཛིན་ཞེན་དབྱིངས་སུ་ཐིམ༔ སྣང་སྲིད་ཞིང་ཁམས་ཆེན་པོའི་དབུས༔ རང་མདུན་ནམ་མཁར་འོད་ལྔའི་ཀློང༔ སེང་ཁྲི་པདྨ་ཉི་ཟླའི་སྟེང༔ རྩ་བའི་བླ་མ་འཇམ་དཔལ་དབྱངས༔ དམར་སེར་རལ་གྲི་གླེགས་བམ་ཕྱག༔ རང་འོད་རིག་མའི་བདེ་བས་དགྱེས༔ དར་དང་རིན་ཆེན་རུས་པས་བརྒྱན༔ རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ ཐུགས་ཀར་ཡེ་ཤེས་སྙིང་པོའི་སྲོག༔ དཔལ་ཆེན་ཟིལ་གནོན་ཧེ་རུ་ཀ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ གཡས་གཡོན་འཁོར་ལོ་བེ་ཅོན་འཛིན༔ གླང་ཆེན་ཀོ་རློན་དུར་ཁྲོད་ཆས༔ སྦྲུལ་དང་རིན་ཆེན་ཙིཏྟས་བརྒྱན༔ དབུ་ལ་རིགས་ལྔ་ཁྲོ་བོའི་སྐུ༔ དྲེགས་པའི་སྙིང་དང་ནཱ་གའི་མགོ༔ དོ་ཤལ་ཁྲོ་བོའི་ཆས་ཀ་རྫོགས༔ དེ་བཞིན་ཉིད་དབྱིངས་ཁྲོས་པའི་སྐུ༔ ཡུམ་ནི་དམིགས་མེད་ཆོས་ཀྱི་དབྱིངས༔ མཐིང་ནག་སྙིང་སྟོབ་གྲི་ཐོད་འཁྱུད༔ བདེ་དྲོད་མེ་དཔུང་འབར་བའི་ཀློང༔ དྲེགས་པ་པད་ཉིའི་གདན་ལ་འགྱིང༔ འོད་ཟེར་གཟི་བརྗིད་དཔལ་དུ་འབར༔ ཞེས་འཇམ་དཔལ་ཞི་ཁྲོའི་དམ་ཚིག་དང་ཡེ་ཤེས་སེམས་དཔའི་ཚུལ་དུ་ཚོགས་རྟེན་གསལ་གདབ་པ་སྟེ། དེ་ཡང་མདོ་སྔགས་ཀྱི་གཞུང་གཞི་ལམ་འབྲས་བུའི་གནས་སྐབས་ཀུན་དང་ཁྱད་པར་ཐེག་ཆེན་ཟབ་མོའི་གནད་ཀུན་ཟུང་འཇུག་གི་ཡེ་ཤེས་ཁོ་ན་རྩལ་དུ་བཏོན་དགོས་པས་ན། འདིར་ཟབ་ལམ་བླ་མའི་རྣལ་འབྱོར་ཀྱང་ཞི་བ་ཐབས་ཀྱི་སྣང་ཆ་འཇམ་དཔལ་དབྱངས་ཡེ་ཤེས་སེམས་དཔའ་དང༌། ཁྲོ་བོ་ཤེས་རབ་ཀྱི་སྟོང་ཆ་སྐུ་རྡོ་རྗེ་རྒྱལ་བ་རྟག་པ་འཇམ་དཔལ་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཕྱག་རྒྱ་ཟིལ་གནོན་ཧེ་རུ་ཀ་ཕྱག་རྒྱ་གཅིག་པ་གཉིས་ཞི་ཁྲོ་སྦྲག་སྒྲུབ་ཏུ་བསྟན་པ་ཤིན་ཏུ་ཟབ་ཅིང་གསང་བའི་གནད་དམ་པའོ། །གཉིས་པ་ལ་གཉིས། ཡན་ལག་བདུན་པ་བྱ་བ་དང༌། མཎྜལ་འབུལ་བའོ། །དང་པོ་ནི། བསགས་སྦྱང་གི་སྙིང་པོ་ཡན་ལག་བདུན་བྱ་བ་སྟེ། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། བདུད་སྡིག་ཅན་གྱིས་གསོལ་བ། སངས་རྒྱས་བྱེ་བ་ཕྲག་འབུམ་གྱིས་མཚན་ཡོངས་སུ་བསྒྲགས་པ་ནི་མི་མངོན་ལགས་ཀྱི། འཇམ་དཔལ་གཞོན་ནུ་གྱུར་པ་གཅིག་པུའི་མིང་ནི་དེ་ལྟར་མ་ལགས་ཏེ། འཇམ་དཔལ་གྱི་མིང་ཐོས་ནས་བདག་ཅག་འཇིགས་ཤིང་སྔངས་སྐྲག་སྟེ་འཆི་བ་འཕོ་བ་སྙམ་དུ་སེམས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། སྡིག་ཅན་དེ་བཞིན་ཏེ་འཇམ་དཔལ་གཞོན་ནུར་གྱུར་པས་རྣམ་དབྱེར་མེད་པའི་སེམས་ཅན་སྨིན་པའི་དོན་བྱས་པ་དང་བྱེད་པར་འགྱུར་བ་དེ་ལྟར་སངས་རྒྱས་བྱེ་བ་ཕྲག་འབུམ་གྱིས་མ་མཛད་དོ། །ཞེས་གསུངས་པ་ལྟར། འཕགས་པ་འཇམ་དཔལ་གྱི་སློབ་པ་ལམ་གྱི་སྐབས་སུ་ཚོགས་གཉིས་རྫོགས་སྨིན་སྦྱངས་པའི་རྣམ་ཐར་བསམ་མི་ཁྱབ་པའི་རྗེས་སུ་སློབ་པའི་མོས་པས་ཕྱག་འཚལ་བ་སོགས་ཡན་ལག་བདུན་པའི་དམིགས་རྣམ་སྤྱི་ལྟར་གསལ་གདབ་པ་དང་བཅས། ཨོཾ་ཨཱཿཧཱུྃ༔ དབྱིངས་ལས་རིག་པ་རང་ཤར་བ༔ བླ་མ་འཇམ་དཔལ་ཞི་ཁྲོའི་ལྷར༔ ཕྱག་འཚལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་སྒྲིབ་ཉེས་ལྟུང་སྙིང་ནས་བཤགས༔ དགེ་ལ་ཡི་རང་ཆོས་འཁོར་བསྐུལ༔ རྟག་པར་བཞུགས་གསོལ་དགེ་རྩ་ཀུན༔ ཡང་དག་བྱང་ཆུབ་སྙིང་པོར་བསྔོ༔ རྡོ་རྗེའི་ཡེ་ཤེས་མྱུར་འགྲུབ་ཤོག༔ ཅེས་བརྗོད་གྲུབ་ན་ལུས་ཕྱག་དངོས་སུ་འཚལ། དེ་ཡང་ཐེག་པ་ཆེན་པོའི་ལམ་ནི་ཐབས་ཀྱི་སྒོ་རྨད་དུ་བྱུང་བས་ཡན་ལག་བདུན་པ་རེ་རེས་ཀྱང་ཚོགས་རྒྱ་ཆེན་པོ་འདུམ་ལ། ཁྱད་པར་གསང་སྔགས་བླ་མེད་ཀྱི་ལྟ་སྤྱོད་ཀྱིས་ཟིན་ན་དེ་ལས་ཀྱང་ཕན་ཡོན་ཆེ་བར་སྨོས་མ་དགོས་པས་སྔོན་འགྲོའི་ཁྲིད་རིམ་སྤྱི་དང༌། ཁྱད་པར་ཕྱག་འཚལ་བའི་ཕན་ཡོན། སྤྱན་རས་གཟིགས་ཀྱི་མདོ་དང༌། འདུལ་བ་གཞི་ཐམས་ཅད་ཡོད་སྨྲ། མཆོད་པའི་ཕན་ཡོན་སྙིང་རྗེ་པད་དཀར། བཤགས་པའི་ཕན་ཡོན་ཆོས་བཞི་བསྟན་པའི་མདོ། ཡི་རང་གི་ཕན་ཡོན་ཤེར་ཕྱིན་ཁྲི་པ། ཆོས་འཁོར་བསྐོར་བར་བསྐུལ་བའི་ཕན་ཡོན་དགེ་རྩ་ཡོངས་འཛིན་གྱི་མདོ། མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པའི་ཕན་ཡོན་མདོ་སྡེ་པད་དཀར། བསྔོ་བའི་ཕན་ཡོན་ཁྲི་བརྒྱད་པ། བློ་གྲོས་རྒྱ་མཚོས་ཞུས་མདོ་ལས་གསུངས། བསྟོད་པའི་ཕན་ཡོན་མདོ་བསྐལ་བཟང་དང༌། ཟླ་བ་སྒྲོན་མེ། ཚིགས་བཅད་བཞི་པའི་མདོ་ལས་གསུངས་པ་ལྟར་ཤེས་པར་བྱས་ལ་ཚིག་རྗེས་དོན་དྲན་གྱིས་ཉམས་སུ་བླང༌། གཉིས་པ་མཎྜལ་འབུལ་བ་ནི། མཎྜལ་འབུམ་ཕྲག་བསགས་པའི་སྐབས་སྒྲུབ་པ་དང་མཆོད་པའི་མཎྜལ་གཉིས་དང༌། མཎྜལ་ཀྱང་རབ་གསེར་དངུལ། འབྲིང་ལི་དང་འཁར་བ། ཐ་མ་རྡོ་དང་ཤིང་གི་མཎྜལ་དང༌། ཚོམ་བུའི་རྒྱུ་རིན་ཆེན་འབྲུ་སྨན་རྣམས་གཙང་ཞིང་དག་པ་དང༌། དྲི་བཟང་དང་བ་བྱུང་གི་ཆུ་རྣམས་འདུ་བྱས་ཏེ་རྒྱས་པ་ཚོམ་བུ་སོ་བདུན་མ་སྔོན་དུ་འགྲོ་བས། ཨོཾ་ཨཱཿཧཱུྃ། འཁོར་འདས་སྣོད་བཅུད་དཔལ་འབྱོར་དང༔ བདག་ལུས་ཕུང་ཁམས་སྐྱེ་མཆེད་བཅས༔ གཟུང་འཛིན་རྣམ་དག་མཎྜལ་ལ༔ བླ་མ་རྒྱལ་བ་སྲས་བཅས་མཆོད༔ ཨོཾ་སརྦ་མཎྜ་ལ་པཱུ་ཛ་ཨཱཿཧཱུྃ༔ ཞེས་པ་ཉིད་གྲངས་འབུམ་བསགས། ཚོགས་བསགས་ཀྱི་སྙིང་པོ་མཎྜལ་ལ་དམིགས་པ་གཙོ་ཆེ་ཞིང༌། སྐབས་འདིར་ཚིག་གི་དངོས་བསྟན་བཞིན་སྟོང་གསུམ་མི་མཇེད་ཀྱི་ཞིང་གཅིག་གིས་མཚོན་པའི་ཕྱོགས་བཅུ་སྤྲུལ་སྐུའི་ཞིང་རེ་རེ་ལ་སྟེང་ལྷ། འོག་ཀླུ། བར་མི་ཡི་སྣོད་བཅུད་ཀྱི་དཔལ་འབྱོར་དང༌། རང་གི་བློས་གཅེས་པར་བཟུང་བའི་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་དང༌། རྒྱལ་བ་སྲས་བཅས་ཀྱི་སྨོན་ལམ་དང་ཏིང་འཛིན་གྱིས་སྤྲུལ་པའི་དག་པའི་ཞིང་གི་རྟེན་བརྟེན་པ། རྡོ་རྗེའི་ཁམས་དྲུག་ལྡན་གྱི་ཕུང་ཁམས་སྐྱེ་མཆེད་ཡེ་ཤེས་ཀྱི་རྩ་རླུང་ཐིག་ལེའི་དྭངས་མའི་སེམས་སྤྲིན་དང་བཅས་རྣམ་པ་ཕྱི་ནང་གསང་བའི་མཎྜལ་གྱི་བཀོད་པ་ཐམས་ཅད་ངོ་བོ་གཟུང་འཛིན་རྣམ་དག་དབང་ཡུལ་ཤེས་པའི་སྲེད་ལེན་ལས་འདས་པའི་ཡེ་ཤེས་གཅིག་གི་རོལ་པར་ཐག་བཅད་པས་འཁོར་གསུམ་ཡོངས་དག་གི་མཎྜལ་འབུལ་ཞིང༌། མཐར་བསགས་སྦྱངས་ཀྱི་རྣལ་འབྱོར་ཟབ་མོའི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་ཐར་བཞིན་རང་གཞན་ཡིད་ཅན་ཀུན་གྱིས་སྤྱོད་པའི་སྨོན་ལམ་དུ་བྱའོ། །གསུམ་པ་སྡིག་སྒྲིབ་སྦྱོང་བ་ནི། ཐུགས་ཀར་ཟླ་སྟེང་མཱུྃ་ཡིག་མཐར༔ སྔགས་ཀྱི་ཕྲེང་བས་བསྐོར་བ་ལས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་རྒྱུན༔ ཆར་ལྟར་བབས་ཏེ་རང་ལ་ཐིམ༔ ནད་གདོན་སྡིག་སྒྲིབ་ཉམས་ཆགས་སྦྱངས༔ བདེ་ཆེན་ཡེ་ཤེས་རྒྱས་པར་གྱུར༔ ཨོཾ་ཝཱ་གཱི་ཤྭ་རི་ཡ་མཱནྟ་ཀ་མཱུྃ་ཧཱུྃ༔ ཞེས་འཇམ་དཔལ་ཞི་ཁྲོའི་སྔགས་སྦྲེལ་མ་ཅི་ནུས་སུ་བཟླ། དམིགས་པ་ནི་སྡིག་ལྟུང་སྦྱོང་བའི་གཉེན་པོ་གཙོ་བོ་སྟེ། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་གྱི་སྒྲིབ་བྱེད་ལས་ཉོན་ཐམས་ཅད་ཀྱི་རྩ་བ་མ་རིག་པ་སྟེ། དེའི་གཉེན་པོ་ཟླ་མེད་པ་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་སྐུ་གཅིག་པུ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་ལས་གཞན་དུ་མེད་པས་དེའི་ལྷ་སྔགས་ལ་བརྟེན་པས་སྡིག་ལྟུང་སྦྱང་པ་ནི་ཤིན་ཏུ་ཟབ་པ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དག་པར་བྱེད་ཅིང་སྡིག་སེལ་བ། ཞེས་གསུངས་པ་ལྟར་ཉམས་སུ་ལེན་པ་ལ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་ཉིད་ཟུང་འཇུག་གིས་བླ་མེད་བྱང་ཆུབ་ཀྱི་གོ་འཕང་མངོན་བྱེད་ཀྱི་རྒྱུ་མ་ནོར་བ་གསུངས་པ་དང་ཆོས་མཚུངས་པ། ཐབས་ཞི་བ་འཇམ་དཔལ་ངག་གི་དབང་ཕྱུག་དང༌། ཤེས་རབ་ཁྲོ་བོ་གཤིན་རྗེ་གཅིག་དྲིལ་གྱི་རྩ་སྔགས་ཐུགས་སྲོག་མཱུྃ་ཧཱུྃ་དང་བཅས་པ་བཟླས་ཤིང་སྤྱི་བོར་ལྷའི་སྐུ་ལས་བྱུང་བའི་བདུད་རྩིས་དངོས་གྲུབ་སྒྲུབ་པའི་མི་མཐུན་ཕྱོགས་ནད་གདོན་སྡིག་ལྟུང་དང་བཅས་པ་སྦྱངས་ཏེ་མཁྱེན་གཉིས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སྣང་བ་ལ་འདོད་དགུར་སྤྱོད་པར་བསམས་ཏེ་སྔགས་འབུམ་ཕྲག་ཉུང་མཐའ་བྱས་པ་བཟླ། བཞི་པ་གསོལ་བ་གདབ་པ་ནི། གསོལ་བ་གདབ་བྱའི་ཡུལ་འཇམ་དཔལ་དབྱངས་ཉིད། འཇམ་དཔལ་རྩ་བའི་རྟོགས་པ་ལས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སངས་རྒྱས་བཅོམ་ལྡན་འདས་རྣམས་མ་གཏོགས་འཇམ་དཔལ་གྱི་ཆེ་བ་སུས་ཀྱང་ཤེས་མི་ནུས་པར་གསུངས་ཤིང་དེ་དང་བླ་མ་དབྱེར་མེད་དུ་གསོལ་བ་གདབ་པ་འདི་ནི་བླ་མའི་རྣལ་འབྱོར་གཞན་ལས་ཀྱང་ཟབ་ཅིང་བྱིན་རླབས་མྱུར་ཏེ། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་ཀླུ་སྒྲུབ། སྒེག་པའི་རྡོ་རྗེ། པཎྜི་ཏ་མ་ཏི། རྒྱལ་སྲས་ཞི་བ་ལྷ། འཇམ་དཔལ་བཤེས་གཉེན། བི་མ་ལ་མི་ཏྲ། གུ་རུ་རིན་པོ་ཆེ། རིགས་ལྡན་འཇམ་དཔལ་གྲགས་པ། བོད་དུ་ཆོས་རྒྱལ་ཁྲི་སྲོང༌། ལོ་ཆེན་བཻ་རོ། གཉགས་ལོ་ཙཱ་བ་ཛྙཱ་ན་ཀུ་མཱ་ར་སོགས་སྐྱེས་ཆེན་ཀུན་ཀྱང་འཇམ་དཔལ་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་སྤྲུལ་པར་ཞལ་གྱིས་བཞེས་པ་དང༌། བླ་མ་དང་འཇམ་པའི་དབྱངས་གཉིས་སུ་མེད་པའི་རྣལ་འབྱོར་ཟབ་མོ་སྟེ་རྒྱུ་མཚན་དེ་ལྟར་ཤེས་པའི་ཡིད་ཆེས་ཀྱི་དད་པ་དང་མོས་གུས་ཀྱིས་ཐུགས་རྒྱུད་བསྐུལ་བའི་གསོལ་འདེབས་ནི། བརྒྱུད་འདེབས་རྒྱས་པ་མཐུ་སྟོབས་མེ་འབར་གཏེར་ཆེན་མཆོག་གླིང་གི་གསུང་སྔོན་དུ་འགྲོ་བས། དངོས་གཞིའི་གསོལ་འདེབས། ཧཱུྃ་ཧཱུྃ་ཧཱུྃ། ཆོས་དབྱིངས་སྐྱེ་བ་མེད་པ་ལས༔ རིག་པ་ཡེ་ཤེས་གཟུགས་ཀྱི་སྐུ༔ བླ་མ་འཇམ་དཔལ་ཞི་ཁྲོའི་ལྷ༔ སྐྱབས་ཀུན་འདུས་པའི་བདག་ཉིད་ལ༔ སྙིང་ནས་གུས་པས་གསོལ་འདེབས་ཤིང་༔ ཐུགས་དམ་ཟབ་མོའི་རྒྱུད་བསྐུལ་ན༔ བྱིན་གྱིས་རློབས་ཤིག་བླ་མ་རྗེ༔ དངོས་གྲུབ་སྩོལ་ཅིག་ཡི་དམ་ལྷ༔ བདེ་ཆེན་དབང་བསྐུར་མཁའ་འགྲོའི་ཚོགས༔ སྒོ་གསུམ་སྨིན་ཅིང་གྲོལ་བ་དང༔ འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་མོས་གུས་གདུང་ཤུགས་དྲགས་པོས་ཡང་ནས་ཡང་དུ་གསོལ་བ་གདབ་པར་བྱ་སྟེ། དངོས་གཞིའི་ཉམས་རྟོགས་སྐྱེ་བ་འདི་ལ་རག་ལས་པའི་ཕྱིར་གསོལ་འདེབས་ཀྱང་གྲངས་འབུམ་བསགས་པར་བྱའོ། །ལྔ་པ་དབང་བླང་བ་ནི། སྤྱི་བོའི་བླ་མ་ལ་མོས་གུས་ཀྱིས་ཐུགས་རྒྱུད་བསྐུལ་བས་བྱིན་རླབས་དགོངས་པའི་རྩལ་གཡོས་ཏེ་རིགས་ཀྱི་བདག་པོ་འཇམ་དཔལ་ཞི་ཁྲོ་ཡབ་ཡུམ་བདེ་བ་ཆེན་པོའི་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་སྦྱོར་མཚམས་ནས་བྱུང་བ་རང་གི་ཚངས་བུག་ནས་ཞུགས་སྤྱི་མགྲིན་སྙིང་ག་ལྟེ་བའི་གནས་བཞིར་བབ་པས་བུམ་པ། གསང་བ། ཤེས་རབ་ཡེ་ཤེས། ཚིག་གི་དབང་བཞི་པ་ཐོབ། ལུས། ངག །ཡིད་གསུམ་ཆ་མཉམ་གྱི་སྒྲིབ་པ་བཞི་དག །བསྐྱེད་རིམ་དབྱིབས་ཀྱི་ལམ། རྫོགས་རིམ་སྔགས་ཀྱི་ལམ། གསང་བ་རྩ་ཡི་ལམ། ཀ་དག་ལྷུན་གྲུབ་ཀྱི་སྣང་བའི་ལམ་བཞི་སྒོམ་པ་ལ་དབང༌། སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ། ངོ་བོ་ཉིད་སྐུ་དབྱེར་མེད་པ་བཞིའི་གོ་འཕང་མངོན་དུ་གྱུར་པར་དམིགས་པ་དང་བཅས། རིགས་ཀུན་ཁྱབ་བདག་ཞི་ཁྲོའི་ལྷ༔ སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་རྒྱུན༔ སྤྱི་བོ་ནས་བརྒྱུད་གནས་བཞིར་བབས༔ དབང་བཞིའི་ཡེ་ཤེས་འཕེལ་བར་གྱུར༔ ཞེས་བརྗོད་ཅིང་བསམ་ལ་སེམས་བཟུང༌། དྲུག་པ་དེ་ཁོ་ན་ཉིད་ལ་བློ་བཞག་པ་ནི། ཐུན་བསྡུ་བའི་ཚེ་བླ་མ་ཞི་ཁྲོ་ཡབ་ཡུམ་དགྱེས་པ་ཆེན་པོའི་འོད་དུ་ཞུ་ནས་རང་ལ་ཐིམ། རང་གི་ལུས་ངག་ཡིད་གསུམ་དང་བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པར་མོས་ཏེ་ཐུགས་ཡིད་བསྲེས་ལ། རིག་པའི་གཤིས་དམིགས་མེད་དུ་རྗེན་ནེ། གདངས་བརྗོད་བྲལ་དུ་ལམ་མེ། དེ་གཉིས་དབྱེར་མི་ཕྱེད་པ་ཟུང་འཇུག་གཉུག་མའི་ངང་བསྐྱངས་ཞིང་ལམ་དུ་ཁྱེར་བ་ལ་བསླབ་པར་བྱའོ། །དེ་དག་ནི་གཏེར་ཆེན་བླ་མ་ཀུན་གཟིགས་འཇམ་པའི་དབྱངས་དངོས་ཀྱི་གསུངས་སྔོན་འགྲོའི་རྣལ་འབྱོར་སྙིང་པོ་ལྟར་དམིགས་པའི་རིམ་པ་ཅུང་ཟད་རྒྱས་པར་སྤྲོས་པ་ཙམ་མོ། །གཉིས་པ་འཁོར་ལོ་བཞིའི་དགོངས་པས་གྲུབ་མཐའ་དབྱིངས་སུ་བསྐྱལ་བ་ལ་མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ནི། སྣོད་དུ་གྱུར་ནས་རྣལ་འབྱོར་ནི༔ འཁོར་ལོ་རྣམ་པ་བཞི་ཡིན་ཏེ༔ ཞེས་གསུངས་པ་ལྟར་འཇམ་དཔལ་གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་རིགས་ཀྱི་ཁྱབ་བདག་ཏུ་གསུངས་ལ། དེའི་རྒྱུད་མཐའ་དག་ཉམས་སུ་ལེན་པ་ཉིད་དགོངས་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་འཁོར་ལོ་བཞིར་བསྡུས་ནས། དེ་ཐམས་ཅད་ཡ་མཱནྟ་ཀའི་སྐུ་གཅིག་ལ་ཚང་བར་བསྟན་པའི་ཚུལ་གྱིས་གཤེད་རྒྱུད་ཀྱི་དགོངས་པ་གསལ་བར་མཛད་པ་སྟེ། འཁོར་ལོ་གསང་བའི་མཛོད་ཅེས་བྱ་བའི་ལུང་ལས། འཇམ་དཔལ་ཐུགས་ཀྱི་ཡེ་ཤེས་འཁོར་ལོ་ཡིས། །སྲིད་གསུམ་འཁོར་བའི་རྨོངས་པ་རྩད་ནས་ཆོད། །ཅེས་གསུངས་པ་ལྟར་འཁོར་ལོ་ཞེས་བྱ་བ་ནི་འཇམ་དཔལ་གྱི་ཐུགས་ཡང་དག་པའི་ཡེ་ཤེས་དེ་ལྟ་བུ་མཐའ་གང་དུའང་མ་ངེས་པས། ཆོས་ཐམས་ཅད་དགག་སྒྲུབ་རིས་ཆད་མེད་པར་སྣ་ཚོགས་སུ་འཕྲུལ་ཞིང་རྒྱུན་མ་ཆད་པ་འཁོར་བས་འཁོར་ལོ་ཞེས་བྱ་སྟེ། གཞི་ལྟ་བ་ཡེ་ཤེས་ཀྱི་འཁོར་ལོས་འཁོར་འདས་མཉམ་ཉིད་དུ་རྟོགས་པས་སྲིད་ཞི་གཉིས་ཀའི་སྲོག་ལ་དབང་བསྒྱུར། ལམ་བསྒོམ་པ་ལྷ་སྔགས་ཀྱི་འཁོར་ལོས་ཐབས་ཤེས་ཟུང་དུ་འཇུག་པའི་བསྐྱེད་རྫོགས་གཉིས་ཀའི་སྲོག་ལ་དབང་བསྒྱུར། འབྲས་བུ་རྩོལ་མེད་ཆོས་ཀྱི་འཁོར་ལོ་དོན་གཉིས་ལྷུན་གྲུབ་ཀྱི་སྤྱོད་པས་ཐབས་ཆེན་བསམ་མི་ཁྱབ་པའི་སྲོག་ལ་རང་དབང་བསྒྱུར་བས་གསང་ཆེན་རྡོ་རྗེ་ཐེག་པ་ཞེས་སྤྱིར་གྲགས་པ་ལྟར་དང༌། བྱེ་བྲག་ཏུ་དཔེས་མཚོན་ན། མཚོན་ཆའི་འཁོར་ལོས་ཐམས་ཅད་འཇོམས་ཤིང་གཅོད་པ་དང༌། ལས་ཀྱི་འཕྲུལ་འཁོར་གྱི་འཁོར་ལོས་སྒོ་གསུམ་དཀའ་ངལ་གྱི་རྩོལ་བས་བསྒྲུབ་པའི་གནས་ཀྱང་ཡུད་ཙམ་གྱིས་སྒྲུབ་པར་བྱེད་པ་དང༌། རྒྱལ་སྲིད་བདུན་གྱི་འཁོར་ལོ་རིན་པོ་ཆེས་དཔུང་ཚོགས་བཞི་ལྡན་གྱི་འཁོར་ལོའི་བསྒྱུར་བའི་རྒྱལ་པོའི་སྣ་འདྲེན་པ་དང༌། འཁོར་ལོ་མཐོང་བ་ཙམ་གྱིས་གླིང་བཞི་སོགས་མངའ་རིས་ཀུན་ལ་འདོད་དགུར་དབང་བསྒྱུར་བར་བྱེད་པའི་ནུས་པ་དང་ལྡན་པ་ལྟར། དོན་གྱི་དབང་དུ་བྱས་ན་འཇམ་དཔལ་གཤིན་རྗེའི་དགོངས་པ་འཁོར་ལོ་བཞིའི་དོན་གཞི་ལམ་འབྲས་བུའི་གནས་སྐབས་གང་ལྟར་བཤད་ཀྱང་ཡེ་ཤེས་ཀྱི་དབྱིངས་ནི་འཁོར་འདས་གང་གི་ཡང་ཕྱོགས་སུ་མ་ལྷུང་བ་དང༌། དེའི་རོལ་རྩལ་ནི་དག་མ་དག་སྣ་ཚོགས་སུ་སྣང་བའི་ཆ་འགག་པ་མེད་པ་ཤར་བའི་གོ་མ་འགགས་པ་དང༌། འཁོར་ལོ་བཞི་ཀས་རང་རང་གི་མི་མཐུན་པའི་ཕྱོགས་གཅོད་པ་དང༌། ནུས་པ་སྟོབས་སུ་གྱུར་པའི་ལས་ཐོགས་མེད་མྱུར་དུ་བྱེད་ནུས་པ་དང༌། རང་རང་གི་མཐུན་ཕྱོགས་ཀྱི་དཔུང་གི་སྣ་འདྲེན་ཅིང་དབང་བསྒྱུར་བ་ནི་སྤྱིར་ཤེས་པར་བྱ་དགོས་ལ། བྱེ་བྲག་ཏུ་དང་པོ་གནས་པའི་འཁོར་ལོ་འཇམ་དཔལ་ཡ་མཱནྟ་ཀའི་ཐུགས་ཡང་དག་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་འབྱུང་བའི་ངོ་བོར་གནས་ཤིང་ཡེ་ནས་རྣམ་དག་འཕོ་འགྱུར་མེད་པའི་ཕྱིར། ཆོས་ཐམས་ཅད་ཡ་མཱནྟ་ཀའི་ཐུགས་ཀ་ན་གནས་པ་ཞེས་བྱ། དེ་མཐའ་གང་དུའང་མ་ངེས་པས་ཆོས་ཐམས་ཅད་མཉམ་པར་དགག་སྒྲུབ་རིས་ཆད་མེད་པར་སྣ་ཚོགས་སུ་འཕྲུལ་ཞིང་རྒྱུན་མ་ཆད་པར་འཁོར་བས་ན་འཁོར་ལོ་ཞེས་བྱ། དེ་ནི་སེམས་ལ་འདུས་ཏེ་ལྟ་བ་ཡིན། གཉིས་པ་སྲིད་པའི་འཁོར་ལོ་ནི་ཡ་མཱནྟ་ཀའི་ལྟེ་བ་ན་གནས་པ་ཞེས་བྱ་སྟེ་ཕྱི་ལྟར་ན་ལས་ཀྱི་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ལྟོ་བ་ན་སྲིད་པ་གསུམ་གནས་པས་ཁམས་གསུམ་གྱི་སེམས་ཅན་རྣམས་ཚེའི་དུས་བྱས་པའི་ཚེ་ན་རྣམ་ཤེས་ཁོའི་ལག་ཏུ་མི་འགྲོ་མི་སྲིད་པས་སྲིད་པ་གསུམ་གྱི་སྲོག་དབུགས་ཀྱི་བདག་པོ་ཡིན་ཞིང༌། གཤིྃན་པོ་རྣམས་ཀྱི་རྗེྃ་བོར་གྱུར་བ་དེ་དག་ཀྱང༌། རྟགས་ཀྱི་ཕྱག་རྒྱ་བསྟན་པའི་སྐུ་གང་གི་ལྟོ་བར་གནས་ཤིང་ཐ་མལ་གྱི་གཤིན་རྗེའི་གཤེད་དུ་གྱུར་པ་འཁོར་འདས་ཐམས་ཅད་ཀྱི་བདག་པོ། དེའི་གོང་ན་གཞན་མེད་པའི་ཡང་དག་པའི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡ་མཱནྟ་ཀ་ཡིན་པའི་ཕྱིར་རོ། །ནང་ལྟར་ན་མངལ་ལས་སྐྱེས་པའི་སེམས་ཅན་རྣམས་དང་པོ་ལྟེ་བ་ནས་ཆགས་ཏེ། ལས་རླུང་འཕོ་བའི་གཞི་ལྟེ་བ་ལ་རྟེན་ཆགས་ཤིང་ལྟེ་བའི་འཕོ་བ་བཅུ་གཉིས་ཀྱི་རྒྱུ་དུས་སྦྱོར་ཁྱིམ་བཅུ་གཉིས། ནང་དུ་འཕོ་བ་བཅུ་གཉིས། གཞན་དུ་བདེན་དོན་རྟེན་འབྲེལ་བཅུ་གཉིས་རྣམས་འཆར་ཞིང་ལྟོ་བ་ནི་བཙོན་རའམ་ཟོ་ཆུའི་ཁྱུད་མོ་དང་འདྲ་བས་དེར་རྣམ་ཤེས་ཆགས་ནས་མི་འཆོར་བར་འཛིན་ཅིང༌། ནང་གི་འཕོ་བའི་དུས་ཀྱིས་སེམས་ཅན་རྣམས་རིམ་གྱིས་འཕོ་ཞིང་འཇོམས་པར་བྱེད་པ་ཡིན་ལ། གསང་བ་ལྟར་ན་ཡང་དག་པའི་ཡེ་ཤེས་དང་ཡེ་ཤེས་ཀྱི་རླུང་དབུ་མར་འཇུག་པའི་སྒོ་ལྟེ་བ་ནས་བྱེད་པས་དུས་ཀྱི་སྒྲ་དེ་དག་འཕོ་མེད་དུ་འཇོམས་པ་ནི་དཔལ་ཡ་མཱནྟ་ཀ་སྟེ། མདོར་ན་སྲིད་པ་གསུམ་གྱི་ཆོས་ཐམས་ཅད་ལ་འཇམ་དཔལ་ཡ་མཱནྟ་ཀའི་ལོངས་སྤྱོད་རྫོགས་པའི་སྐུས་དབང་བྱེད་པའི་ཕྱིར་ཐམས་ཅད་དེའི་སྐུའི་ངང་དུ་རྫོགས་པའི་ཕྱིར་རོ། །སེམས་ཅན་རྣམས་ལོག་རྟོག་གི་འཁྲུལ་པས་འཁོར་བས་ན་འཁོར་ལོ་སྟེ། དེ་འཕུལ་བྱེད་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཡེ་ཤེས་ཀྱིས་གཅོད་པར་བྱེད་པ་ནི་དེའི་ཉམས་ལེན་ནོ། །འདི་གཙོ་བོ་ཕྱི་ནང་གི་ལུས་ཆགས་ཚུལ་དང་སྦྱར་ཏེ་གསུངས་པས་རྟགས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ལྟོ་བ་སྲིད་པ་གསུམ་གནས་པ་གསུངས་པ་ལྟར་ཁམས་གསུམ་གྱི་བྱེད་པ་ཐམས་ཅད་ལུས་གཅིག་ལ་འདུས་པར་བསྟན། གསུམ་པ་སྤྲུལ་པའི་འཁོར་ལོ་ནི་ཡ་མཱནྟ་ཀའི་ཞབས་ཀྱི་འོག་ན་གནས་ཏེ། འགྱུར་མེད་བྱང་ཆུབ་སེམས་ཀྱི་དབྱིངས་ལས་རྩལ་སྣང་རིགས་དྲུག་རྒྱུད་དྲུག་སོགས་མ་འགག་པར་འཆར་ཡང་དོན་འཇམ་དཔལ་ཡ་མཱནྟ་ཀའི་ཐུགས་ཉིད་ལས་མ་གཡོས་པའི་རྟགས་སུ་དེ་མངོན་དུ་གྱུར་ན་སྲིད་ཞི་ཀུན་ལ་དབང་བསྒྱུར་བར་མཚོན་བྱེད་གཤིན་རྗེའི་སྐུའི་ཞབས་འོག་ཏུ་རིགས་དྲུག་མནན་པའི་ཚུལ་སྣང་བ་སྤྲུལ་པ་ཞེས་བྱ་ཞིང༌། རིགས་དྲུག་ལས་དབང་གིས་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འཁོར་བའི་འཁྲུལ་འཁོར། དེའི་རྒྱུད་དུག་ལྔ་འཇོམས་པའི་འཕྲུལ་འཁོར་བསྐྱེད་རྫོགས་ཀྱི་ལམ་གྱིས་མངོན་དུ་འབྱིན་པ་ནི་ཉམས་སུ་ལེན་ཚུལ་ལོ། །འདི་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་ཞེས་གྲགས་པ་ལྟར་སྣང་སྲིད་འཁོར་འདས་ཀྱི་བླ་ན་གྱུར་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོས་དེ་དག་ཟིལ་གྱིས་མནན་ཅིང་དབང་བསྒྱུར་བའི་བརྡས་ཞབས་ལ་འདུས་ཞེས་གསུངས། བཞི་པ་གཅོད་པའི་འཁོར་ལོ་ཕྱག་མཚན་ཏེ། ཡ་མཱནྟ་ཀའི་ཕྱག་མཚན་གྱི་འཁོར་ལོས་ཕྲིན་ལས་རྣམ་པ་བཞིའི་འགལ་ཟླ་གཅོད་ཅིང་ཚར་གཅོད་རྗེས་འཛིན་གྱི་མཛད་པ་སྣ་ཚོགས་སུ་འཕྲུལ་ཞིང་འཁོར་བའི་འཁོར་ལོ། འདི་ཕྱག་མཚན་ལ་འདུས་པས་ཕྱི་མ་གསུམ་སྤྱོད་པ་སྟེ། ལྟ་སྤྱོད་དེ་ལྟ་བུ་ཡ་མ་བྲལ་ན་གསང་སྔགས་ཀྱི་དོན་ཁོང་དུ་ཆུད་པ་འཇམ་དཔལ་ཤིན་རྗེ་གཤེད་ཀྱི་རྒྱུད་མཐའ་དག་གི་དགོངས་པ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་བཀྲལ་བ་ལྟར་ལ། སྐབས་འདིར་སྙན་བརྒྱུད་གཤིན་རྗེའི་ཐུགས་ཏིག་གི་དགོངས་པ་བཀྲལ་ཚུལ་ལ་གནས་པའི་འཁོར་ལོ་གནས་ལུགས་ངོ་བོ་ཉིད་ཀྱི་གཞི། སྲིད་པའི་འཁོར་ལོ་འཁྲུལ་པ་བཏགས་པའི་གཞི། སྤྲུལ་པའི་འཁོར་ལོ་སྦྱོང་བྱེད་ཀྱི་ལམ། གཅོད་པའི་འཁོར་ལོ་མཐར་ཐུག་གི་འབྲས་བུ། ཞེས་གསུངས་པ་དེ་གཉིས་དགོངས་པའི་གནད་དོན་གཅིག་ཏུ་བབས་ཏེ་སྔ་མས་ནོར་བུ་ལས་དགོས་འདོད་འབྱུང་བ་ལྟར་ཡ་མཱནྟ་ཀའི་ཐུགས་ཡང་དག་པའི་ཡེ་ཤེས་ལས་ནི་ཆོས་ཐམས་ཅད་འབྱུང་བའི་ངོ་བོར་གནས་ཤིང་ཡེ་ནས་རྣམ་དག་འཕོ་འགྱུར་མེད་པ་ནི་གཞིའི་གནས་ཚུལ་སྒྲ་ཇི་བཞིན་པ་དང༌། དེ་མངོན་སུམ་དུ་གྱུར་པ་ནི་འཇམ་དཔལ་དང་པོའི་སངས་རྒྱས་ཀྱི་ཡེ་ཤེས་གཟིགས་པ་རྣམ་པར་དག་པའི་ཐུགས་ཏེ། དེ་ལ་སྐུ་གསུམ། ཡེ་ཤེས་བཞི། འཁོར་འདས། བདེན་གཉིས། ལྟ་སྤྱོད། ཐབས་ཤེས། ཞི་ལྷག །ཤེར་ཏིང་སོགས་ཆོས་ཐམས་ཅད་འདུས་ཤིང་འུབ་ཆུབ་པའི་ཕྱིར་རོ། །སྲིད་པའི་འཁོར་ལོ་སེམས་ཅན་རྣམས་མ་རིག་ལོག་རྟོག་གི་འཁྲུལ་པས་གཟུང་འཛིན་བག་ཆགས་དང་བཅས་པས་བརྒྱུད་མར་འཁོར་བ་ནི་འཁྲུལ་པས་བཏགས་པའི་གཞི་མ་དག་པའི་སྣང་ཚུལ་ཡིན་ལ། ཡ་མཱནྟ་ཀ་ལོངས་སྤྱོད་རྫོགས་སྐུའི་དག་པའི་བཞུགས་ཚུལ་མངོན་དུ་བྱས་ན་ས་མདོའི་མཁར་བཙན་པོ་ཟིན་པས་དགྲས་མི་ཚུགས་པ་ལྟར་སྲིད་པ་གསུམ་གྱི་ཕྱིའི་སྒོ་གསུམ། ནང་གི་རྩ་རླུང་ཐིག་ལེ་ཐམས་ཅད་ལ་འཇམ་དཔལ་བདེ་བ་ཆེན་པོའི་ཡེ་ཤེས་གཅིག་གིས་དབང་བྱེད་པས་སྲིད་པའི་འཁོར་ལོ་ཡ་མཱནྟ་ཀའི་སྐུ་ལ་རྫོགས་ཞེས་གསུངས། སྤྲུལ་པའི་འཁོར་ལོ་ནི། དེ་ལྟར་རྟོགས་ནས་དུག་ལྔ་འཇོམས་པའི་ཆོ་འཕྲུལ་མངོན་དུ་འབྱིན་པ་ཉམས་ལེན་གྱི་ལམ་སྟེ་སྒྱུ་མ་མཁས་པས་སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཅི་བྱས་ཀྱང་དེའི་རྣམ་པར་སྣང་ཞིང་བྱ་བ་བྱེད་པས་དབང་བསྒྱུར་བ་ལྟར་ཡ་མཱནྟ་ཀའི་ཞབས་འོག་ཏུ་གནས་ཞེས་གསུངས། དེ་མཐར་ཕྱིན་པའི་ཕྲིན་ལས་ཚར་གཅོད་རྗེས་འཛིན་གྱི་རོལ་པས་གདུལ་བྱའི་དོན་མཛད་པ་ནི་གཅོད་པའི་འཁོར་ལོའམ་ཡེ་ཤེས་ཀྱི་འཁོར་ལོ་སྟེ། མཚོན་ཆ་རྣོན་པོ་གང་ལ་བཏབ་པ་ཐོགས་མེད་དུ་གཅོད་པ་ལྟར་གདུལ་བྱའི་ཡུལ་དུ་ཐོགས་མེད་དུ་འཇུག་ཅིང་འགྲོ་ཀུན་སྒྲོལ་ནུས་ཀྱི་སྟོབས་དང་ལྡན་པར་གསུངས་ལ་གནད་དོན་རྒྱས་པ་ནི་རིམ་བཞིན་འཆད་པར་འགྱུར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། སྦྱང་གཞི་གནས་པའི་འཁོར་ལོ་འོད་གསལ་སྙིང་པོའི་གནས་ལུགས་ཐོབ་པའི་ལྟ་བས་གཏན་ལ་འབེབས། སྦྱང་བྱ་སྲིད་པའི་འཁོར་ལོ་རྩ་རླུང་བྱང་ཆུབ་ཀྱི་སེམས་ལ་བསམ་པའི་ཤེས་རབ་ཀྱིས་སྒྲོ་འདོགས་བཅད། སྦྱོང་བྱེད་འདུལ་ཐབས་སྤྲུལ་པའི་འཁོར་ལོ་དབང་བཞིའི་ལམ་བསྒོམ་པས་ཉམས་སུ་ལེན། སྦྱངས་འབྲས་གདོད་ནས་བཞུགས་པའི་འཇམ་དཔལ་ཡེ་ཤེས་ཀྱི་འཁོར་ལོ་མངོན་དུ་བྱེད་པའི་ཚུལ་བཤད་པའོ། །དང་པོ་ནི། རང་བཞིན་འོད་གསལ་བྱང་ཆུབ་སེམས༔ སྟོང་ཉིད་འཇམ་དཔལ་གསལ་བའི་དཔལ༔ ཟུང་འཇུག་ཡེ་ཤེས་སེམས་དཔའ་ནི༔ གནས་པའི་འཁོར་ལོ་གཞི་ཡི་རྒྱུད༔ འགྲོ་བ་ཀུན་ལ་ཁྱབ་པར་བཞུགས༔ ཞེས་གསུངས་པའི་དོན་ངེས་པ་དོན་གྱི་འཇམ་དཔལ་དབྱངས་དེ་ནི་འཁོར་འདས་ཀུན་གྱི་རང་བཞིན་ནམ་མཚན་ཉིད་དེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། རྣམ་པ་བཅུ་པོ་དོན་བཅུའི་དོན། །ཞེས་གསུངས་པ་ལྟར་ཟག་བཅས་ཀྱི་ཆོས་ཀུན་གྱི་རང་བཞིན་འཇམ་དཔལ་དུ་རྒྱུ་མཚན་རྣམ་པ་བཅུ་རོང་ཟོམ་ཆོས་ཀྱི་བཟང་པོས་གསུངས་ཏེ། འདུས་བྱས་ཀྱི་མཚན་ཉིད་མི་རྟག་པ་ཡིན་ཀྱང༌། །མི་རྟག་པའི་མཚན་ཉིད་འདུས་བྱས་མ་ཡིན་པ་བཞིན་དུ་འཇམ་དཔལ་གྱི་ཡེ་ཤེས་ཆོས་ཉིད་ཅི་ཡང་མ་ཡིན་པ་ཅིར་ཡང་འཆར་བས། ཟག་པ་དང་བཅས་པའི་ཆོས་ཀུན་གྱི་རང་བཞིན་དུ་བྱིན་གྱིས་བརླབས་ཤིང་གནས་ཀྱང༌། ཟག་བཅས་ཀྱི་ཆོས་རྣམས་འཇམ་དཔལ་དུ་མ་ཡིན་པ་དང༌། ༡ ཆོས་ཀུན་གྱི་ཆོས་ཉིད་སྟོང་པའི་དབྱིངས་འཇམ་དཔལ་དང་གཅིག་པ་དང༌། ཆོས་ཅན་རང་རིག་པའི་ཡེ་ཤེས་ཀྱང་འཇམ་དཔལ་ཡིན་པ་དང༌། ༢ དབྱིངས་དང་ཡེ་ཤེས་ཟུང་འཇུག་གི་ཐུགས་རྗེ་གདུལ་བྱའི་ཡུལ་ལ་རྒྱུན་མི་ཆད་པ་དང༌། གདུལ་བྱའི་མོས་པ་དང༌། སྐལ་བ་བཞིན་སངས་རྒྱས་རྣམས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ཐམས་ཅད་འཇམ་དཔལ་གྱི་ཕྲིན་ལས་ཡིན་པ་འཇམ་དཔལ་གྱིས་ཆོས་ཀུན་ལ་ཁྱབ་པ་དང༌། ༣ ཇི་ལྟར་འགྲོ་བ་འདུལ་བའི་དབང་གིས་སྣོད་བཅུད་ཀྱི་གཟུགས་ཉོན་མོངས་དང་བཅས་པ་དང༌། ཟག་པ་ཟད་པ་ལ་སོགས་པའི་གཟུགས་བརྙན་དུ་འཇམ་དཔལ་གྱིས་མི་འཕྲུལ་པ་མེད་པ་དང༌། ༤ སྙིང་རྗེའི་དབང་གིས་སྲིད་པ་ལ་ཆགས་ཤིང་དགའ་བ་དང༌། ཤེས་རབ་ཀྱི་དབང་གིས་སྟོང་ཉིད་ལ་ཆགས་ཤིང་དགའ་བ་དང༌། ༥ ཆོས་ཀུན་གྱི་མཚན་ཉིད་ཐམས་ཅད་མཁྱེན་པ་དང༌། ༦ ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་སྟོན་པའི་མངའ་བདག་ཡིན་པ་དང༌། ༧ ཟག་མེད་ཀྱི་ཆོས་མཐར་ཕྱིན་པས་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་དུ་སྟོན་པ་དང༌། ༨ ཆོས་ཀུན་ལ་ཡེ་ཤེས་འདོད་རྒུའི་དབང་བསྒྱུར་ཞིང་གཙོ་བོར་གྱུར་པས་མངའ་བརྙེས་པ་དང༌། ༩ ཐབས་ཤེས་ཀྱི་དབང་གིས་སངས་རྒྱས་ཐམས་ཅད་བསྐྱེད། འདུལ་བའི་དབང་གིས་སྤྲུལ་པ་ཐམས་ཅད་བསྐྱེད། ཆོས་ཐམས་ཅད་དབྱེར་མེད་པའི་མཚན་ཉིད་ལས་ཀུན་སྐྱེས་པས་ཆོས་ཐམས་ཅད་ལས་སྐྱེས་པ་༡༠ སྟེ། རྒྱུ་མཚན་དེའི་ཟག་བཅས་ཆོས་ཀུན་འཇམ་དཔལ་གྱི་མཚན་གཞི་ཡིན་ཅིང་ཟག་མེད་ཀྱི་ཆོས་ཀུན་གྱི་མཚན་ཉིད་ཡིན་པ་དང༌། ཟག་མེད་འབྲས་བུའི་ཆོས་ཉིད་དེ་ལ་བརྟེན་པ་དང༌། མཚན་མཚོན་གཞི་གསུམ་བླ་ན་མེད་པའི་ཆོས་ཀྱི་ཁམས་རྣམས་ནི་བྱིན་གྱིས་བརླབས་པས་འཇམ་དཔལ་གྱི་མཚན་ཏེ། མཚན་དེའི་དོན་ནི། རྫོགས་ཆེན་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། འཇམ་དཔལ་ཡང་དག་བདེ་བའི་སྐུ། །ཡང་དག་ཡེ་ཤེས་འོད་ལྔ་ལྡན། །ཆོས་སྐུ་ཁ་དོག་མ་འདྲེས་འཇམ། །དཀྱིལ་འཁོར་འདུ་འབྲལ་མེད་པའི་འབྲས་བུའི་མཚན་དོན་དཔལ། སྣང་བ་རང་གདངས་འོད་ཕྱིར་འཇམ། །མ་རིག་མུན་པ་སངས་ཕྱིར་གཞི་དཔལ། །སྒྲོན་མེའི་འོད་ཀྱིས་ཁྱབ་ཕྱིར་འཇམ། །དེ་ལ་དུས་མེད་ལམ་གྱི་མཚན་དོན་འཆར་ཕྱིར་དཔལ། །ཞེས་གསུངས་པའི་འོད་གསལ་བྱང་ཆུབ་སེམས་དེ་ནི་ངོ་བོ་སྟོང་པའི་ཆས་གཞལ་ན་འཁོར་འདས་སྤང་བླང་ཡོད་མེད་ཡིན་མིན་སོགས་དངོས་མཚན་ཀུན་ལས་འདས་པའི་རྣམ་ཐར་སྒོ་གསུམ་གྱི་སྟོང་བཞིན་རྣམ་ཀུན་མཆོག་ལྡན་གྱི་དབྱིངས་ཤིན་ཏུ་ཞི་བ་ལ་འཇྃམ། །དེའི་ཆོས་ཉིད་སྟོང་རྐྱང་མེད་དགག་མ་ཡིན་པ་རང་བཞིན་གྱི་འོད་གསལ་བའི་ཁམས་བདེ་གཤེགས་སྙིང་པོ་ཟག་མེད་ཀྱི་ཆོས་ཐམས་ཅད་དང་འདུ་འབྲལ་མེད་པ་ཏིལ་ལ་མར་བཞིན་དུ་བཞུགས་པས་དཔྃལ། །དེ་གཉིས་ཀྱང་ཡུལ་སྔོན་ལ་ཡོད་པ་ཡུལ་ཅན་རིག་པས་གཟོད་རྟོགས་པ་ལྟ་བུ་མིན་པ་གདོད་ནས་དབྱིངས་ཡེ་ཟུང་འཇུག་ཆེན་པོར་རྟོགས་བྱ་རྟོགས་བྱེད་ལས་འདས་པའི་ཡེ་ཤེས་ཀྱི་དགོངས་པ་ལས་ནམ་ཡང་མི་འགྱུར་བར་བཞུགས་པ་ལ་ཡེ་ཤེས་སེམས་དཔའ་སྟེ། གནས་ལུགས་དེ་ཉིད་སེམས་ཅན་རྣམས་ཀྱི་སེམས་ཀྱི་ཆོས་ཉིད་དུ་གདོད་ནས་བཞུགས་པས་གནྃས་པྃ་འཁོར་འདས་ཀུན་གྱི་གཞི་རུ་གྱུར་ཅིང༌། དེ་མངོན་དུ་བྱེད་པའི་ཐབས་ལ་ལམ། ཡིན་ལུགས་ཚུལ་བཞིན་གྱུར་པ་ལ་འབྲས་བུའི་ཐ་སྙད་དུ་བཏགས་ནས་ཐེག་པ་ཆེན་པོའི་འཁོར་ལོ་བར་ཐའི་མདོ་དང་སྔགས་རྒྱུད་རྒྱ་མཚོའི་བསྟན་བྱའི་མཐར་ཐུག་གི་གསང་བ་ཟབ་མོ་སྟེ། འདི་ནི་རྡོ་རྗེ་ཅན་གྱི་རྡོ་རྗེའི་ཚིག་ཏུ་སྦས་པའི་དོན་སངས་རྒྱས་རིན་ཆེན་ཟ་མ་ཏོག་ཁ་འབྱེད་པའི་མན་ངག་ཅེས་གསུངས་པའི་དོན་ལ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ནས་མཐའ་གཅིག་ཏུ་ངེས་པར་འཛིན་པའི་ལྟ་བ་སྟེ། དེའི་མཚན་ཉིད་ལ་ཁྱབ་བྱ་ཁྱབ་བྱེད་གཉིས་སུ་མེད་ཀྱང་འཁོར་འདས་ཀྱི་ཆོས་ཐམས་ཅད་དེ་ཡི་ངང་ལས་གཞན་དུ་མ་གྱུར་པའི་ཆ་ནས་ཁྱབ་བྱེད་དང༌། རང་གི་ངང་ཚུལ་ལས་གཞན་དུ་མི་འགྱུར་བ་རྟག་པ་ཆེན་པོ་དང༌། འདུས་བྱས་འདུས་མ་བྱས་གཉིས་ཀྱི་མཐའ་ལ་མི་གནས་པས་འདུས་མ་བྱས་ཆེན་པོ་སོགས་ཚིག་གི་ཐ་སྙད་ཀྱིས་སངས་རྒྱས་རྣམས་ཀྱི་མཐར་ཐུག་གི་དེ་ཁོ་ན་ཉིད་དེ་བསྟན་པར་མཛད་པ་འདི་ནི་གནས་ལུགས་གཞི་ཡི་འཇམ་དཔལ་ཞེས་ཐམས་ཅད་མཁྱེན་གཟིགས་མི་ཕམ་རིན་པོ་ཆེའི་གསུངས་ལ། དེ་ཉིད་ཀྱི་དོན་ལ་དང་པོ་ངེས་པ་མ་རྙེད་ན་བསྒྲུབ་བྱའི་ལམ་ཐམས་ཅད་ནོར་ཏེ་འགྲོ་བས་མདོ་རྒྱུད་ཀུན་གྱི་ཟབ་དོན་མན་ངག་གི་རིམ་པ་ལ་ཐོས་པའི་ཤེས་རབ་ཀྱིས་ཡིད་ཆེས་རྙེད། མན་ངག་གི་གནད་ངེས་པ་རྒྱུད་དོན་གཟིགས་པའི་བླ་མ་ལས་ཚོལ། དེའི་ཚིག་དོན་ཇི་བཞིན་ཁོང་དུ་ཆུད་པས་རང་གི་བསམ་བྱུང་གིས་ཤེས་རབ་ཀྱིས་ཡིད་ཆེས་ངེས་པ་འདྲོངས་བ་ནི་རྣམ་གྲོལ་ལམ་གྱི་རྩ་བ་མེད་དུ་མི་རུང་བ་ཡིན། འདི་ཡང་དག་པར་རྟོགས་ན་ཐོག་མེད་སྒྲིབ་པའི་ཚོགས་ཐམས་ཅད་རྒྱུན་གཅོད་པའི་རྩིབས་རྣོ་ཞིང༌། ཡང་དག་ལམ་གྱི་ཡོན་ཏན་ལ་འདོད་དགུར་དབང་བསྒྱུར་ནུས་པའི་བདག་ཉིད་ཅན་གྱི་འཁོར་ལོ་སྟེ། ཕྱོགས་ལས་རྣམ་པར་རྒྱལ་བའི་པཎྜི་ཏ་ཆེན་པོ་ཨ་ཛི་ཏས། ཕྱོགས་དུས་འགྲོ་བའི་སྣང་ངོ་རུ། །མཐུན་པར་སྒྱུ་མའི་གར་མཛད་ཀྱང༌། །བརྟགས་ན་ཤེས་བྱ་གང་ལ་ཡང༌། །མི་གནས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །སྤྱིར་བསྒྲུབ་བྱའི་ལྷ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སྐུ་འཇམ་དཔལ་ཡོངས་སུ་དག་པ་ཞེས་གསུངས་པ་ཉིད། སྒྲུབ་བྱེད་ཀྱི་ཐབས་ཀྱང་ཐོས་བས་མ་སྒོམ་པའི་ཤེས་རབ་ཟབ་མོའི་མདོ་སྔགས་དྲང་ངེས་ཀྱི་ཆོས་ཐམས་ཅད་ཀྱི་གནད་དོན་གཏིང་ཕྱིན་པར་རྟོགས་པར་བྱས་ནས་དེ་དང་མཐུན་པར་ཉམས་སུ་བླངས་བས་འཕྲུལ་འཁོར་མཁས་པས་གསང་ཐག་བཀྲོལ་བ་བཞིན་ཐབས་མང་དཀའ་བ་མེད་ཅིང་དབང་རྣོན་ཆོས་རྗེས་འབྲང་བའི་ཚུལ་ཡིན་པས་ན་འབྲས་བུའི་ས་ལ་ཡུད་ཙམ་གྱིས་སྦྱོར་བའི་སྔགས་བླ་མེད་ཀྱི་གསེང་ལམ་གྱི་ཐུས་ཀ་རུ་གསུངས་པས་གནས་པའི་འཁོར་ལོ་གཞིའི་དོན་ལ་ངེས་པ་འདྲོངས་བའི་ཐོས་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་པས་བསམ་སྒོམ་གྱི་ལམ་ཐམས་ཅད་ཀྱང་དེའི་རྗེས་སུ་འབྲང་བས་ན་ཐོག་མ་ཉིད་དུ་བསྟན་པའོ། །གཉིས་པ་སྦྱང་བྱ་སྲིད་པའི་འཁོར་ལོ་རྩ་རླུང་བྱང་ཆུབ་ཀྱི་སེམས་ལ་བསམ་པའི་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་པ་ནི། དེ་ཉིད་མ་རྟོགས་གཟུང་འཛིན་གྱི༔ སྲིད་པའི་འཁོར་ལོ་སྣ་ཚོགས་པ༔ རྩ་དང་རླུང་དང་བྱང་ཆུབ་སེམས༔ ཀུན་གཞི་ཡེ་ཤེས་ཅིར་ཡང་སྣང༔ ཞེས་གསུངས་པའི་གནས་ལུགས་གཞི་ཡི་ཆོས་གང་གི་བཞུགས་ཚུལ་དེ་སྒྲ་ཇི་བཞིན་དུ་མ་རྟོགས་ན། གཞི་སྣང་ལྷུན་གྲུབ་ཀྱི་རིག་རྩལ་ཕྱིར་ཤར་བ་ལ་རང་གི་རིག་པའི་རྩལ་སྣང་དུ་མ་ཤེས་པའི་ཁ་ཕྱིར་བལྟས་ཀྱི་ང་བདག་ཏུ་ཞེན་ནས་ཐག་ཁྲ་ལ་སྦྲུལ་དུ་མཐོང་བ་བཞིན་རང་ངོ་མ་མཐོང་བའི་ལྷན་སྐྱེས་ཀྱི་མ་རིག་པ་དང༌། གཟུང་འཛིན་གཉིས་སུ་ཞེན་པའི་ཀུན་བཏགས་ཀྱི་མ་རིག་པ་གཉིས་ཀྱི་འཁྲུལ་གཞི་བྱས་ནས་གནས་དོན་ལུས་གསུམ་མམ་སྣོད་བཅུད་རྒྱུད་གསུམ་དུ་ཤར་ཏེ་འཇིགས་རུང་འཁོར་བའི་གྲོང་ཁྱེར་རྒྱ་ཆེན་པོ་འདི་ཆུ་ཟླ་དང་འཇའ་ཚོན་ལྟར་མེད་པ་གསལ་སྣང་ཙམ་དུ་བཀོད་ཅིང་སྣང་བ་ཡང་ཕྱི་འབྱུང་ལྔ་རི་རབ་རྒྱ་མཚོ་དང་བཅས་པའི་འདོད་ཁམས་ལ་དམྱལ་བ་ཡི་དྭགས་དུད་འགྲོ་ལྷ་མིན་མི་འདོད་ལྷ། དེའི་སྟེང་གི་མཁར་གཟུགས་ཁམས་གནས་རིས་བཅུ་བདུན། གཟུགས་མེད་བཞི་བཅས་སྣོད་ཀྱི་འཇིག་རྟེན་མས་ནས་ཡར། བཅུད་ཀྱི་སེམས་ཅན་གཞི་ལུང་མ་བསྟན་ལས་ཡས་ནས་མར་ཆགས་པར་སྣང་བར་ཡང༌། ནང་སེམས་རང་རང་གི་ལུས་ལ་ཕྱིའི་སྣོད་བཅུད་དེ་དང་མཚུངས་པར་རྫོགས་པར་ཡོད་དེ་དུས་འཁོར་རྩ་རྒྱུད་ལས། །ཇི་ལྟར་ཕྱི་རོལ་དེ་བཞིན་ལུས། །ཇི་ལྟར་ལུས་ལ་དེ་བཞིན་གཞན། །ཞེས་པ་ལྟར་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས་ལྟེ་བ་ནས་མས་རིམ་གྱིས་མ་དག་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་འགྱུར་བ་སྐྱེད་བྱེད་ཀྱི་ནང་ལུས་ལ་གནས་པའི་ལས་ཀྱི་རྩ་ཐིག་རླུང་གསུམ་གྱི་འཕོ་བའི་དབང་གིས་ལུས་སྣང་བ་འདོད་ཁམས། ངག་ཕྱེད་སྣང་གཟུགས་ཁམས། སེམས་མི་སྣང་གཟུགས་མེད་ཀྱི་ཁམས་ཐ་མལ་སྒོ་གསུམ་གྱི་འཁྲུལ་པའི་བྱ་སྤྱོད་ལོ་ཟླ་ཞག་དུས་སུ་སྣང་བ་དང༌། དེ་ཉིད་དབུ་མའི་དབྱིངས་སུ་འགྱུར་མེད་ཡེ་ཤེས་ཀྱི་སྣང་ཆའི་རྩ་རླུང་ཐིག་ལེའི་ཆ་ཐམས་ཅད་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་རྟེན་བརྟེན་པའི་ཡེ་ཤེས་ལྷའི་འཁོར་ལོ་རྫོགས་པར་བཞུགས་པ་སྟེ། མངའ་རིས་པཎ་ཆེན་རིན་པོ་ཆེའི་ཟབ་གཏེར་ལས། གཞི་བརྟན་གཡོ་འཁོར་འདས་ཀྱི་ཆོས་ཀུན་ལ་བདེ་བ་ཆེན་པོའི་ཕྱག་རྒྱ་སྡུག་བསྔལ་དང་ཀུན་འབྱུང་སྲིད་པའི་འཁྲུལ་སྣང་ཐམས་ཅད་ཟིལ་གནོན་པའི་ཡེ་ཤེས་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟུང་དུ་འཇུག་པའི་སྒྱུ་འཕྲུལ་ཆེན་པོའི་གནས་སྣང་འབྱེད་པ་ལ་མཁས་པ་ངོ་བོ་སྟོང་ཉིད་ཡིན་པས་གང་དུའང་མི་གནས་པ། རང་བཞིན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཅིར་སྣང་སྐུ་དང༌། ཡེ་ཤེས་སུ་འཆར་བས་ཆོས་ཀྱི་དབྱིངས་ཁྱབ་པའི་སྒྱུ་འཕྲུལ་ཆེན་པོ་འཆང༔བ་དེའི་དོན་རྟོགས་ན་སྲིད་ཞི་ཅིར་ཡང་སྣང་བའི་སྒྱུ་འཕྲུལ་ཆེན་པོ་སྟོན་ཀྱང་གང་གི་ཕྱོགས་སུ་མ་ལྷུང་ཞིང་ཟུང་འཇུག་གི་འབྲས་བུ་མངོན་དུ་བྱེད་ནུས་པའི་དོན་སྒྲུབ་པ༔རོལ་པ་མ་འགགས་པའི་རྩལ་སྣང་སྒྱུ་འཕྲུལ་ཆེན་པོ་ཇི་ལྟར་ཤར་ཡང་དོན་དམ་བདེ་ཆེན་ཡེ་ཤེས་མཆོག་ལས་ནམ་ཡང་ཉམས་པ་མེད་པའི་འཕོ་མེད་ཀྱི་དགའ་བས་རྟག་ཏུ་དགའ༔ཞིང་རྡོ་རྗེ་ནང་གི་ས་ལམ་གྱི་སྤང་རྟོགས་བསམ་མི་ཁྱབ་པའི་སྒྱུ་འཕྲུལ་ཆེན་པོའི་སྒོ་གསུམ་ངལ་དུབ་དང་ཡུན་རིང་གི་དུས་ལ་མ་ལྟོས་པར་མིག་འཕྲུལ་ཅན༔ལྟར་བགྲོད་པའི་ཡེ་ཤེས་དེའི་ཕྱི་ལྟར་བརྟན་དང་གཡོ་བའི་ཆོས་རྣམས་ཀུན༔ནང་དུ་རྡོ་རྗེའི་ལུས་ཀྱི་རྟེན་མི་འགྱུར་གནས་པ་རྩ་སྟེ་རྩ་ནང་དུ་རྒྱུ་ཞིང་འགྲོ་བའི་འཕོ་བ་གཡོ་བ་རླུང༔གསང་བའམ་དུས་ཀྱི་འཁོར་ལོ་སོགས་ལས་གཞན་ཞེས་བརྡར་བཏགས་པ་དེའི་རྩ་ཁམས་ཀུན་ལ་ཁྱབ་པ་ཀུན་ཏུ་བཀོད་པ་བྱང་ཆུབ་སེམས༔ཀྱི་ཚུལ་དུ་བཞུགས་པ་སྟེ་དེ་ཉིད་ལ་བུམ་དབང་དབྱིབས་ཀྱི་ལམ་བྱེད་གསང་དབང་ལམ་བྱེད་སྔགས་ཀྱི་ཐབས་དང་ཤེར་དབང་གི་ལམ་གསང་རྩའི་གནད་ཚིག་དབང་གི་ལམ་ཀ་ལྷུན་གྱི་དགོངས་གནད་ལྡན་པ་ལ༔ འབྲས་བུ་འཇམ་དཔལ་ཡེ་ཤེས་ཀྱི་འཁོར་ལོའི་བྱང་ཆུབ་ཆེན་པོའི་དངོས་གྲུབ་ཐོབ༔ ཅེས་གསུངས་པ་ལྟར་ཚེ་བདག་ཟླ་གསང་འདུས་པའི་ཏནྟྲ་ལས། རྡོ་རྗེ་ལུས་ཀྱི་རྩ་ཡི་གནས་ཚུལ་བསྟན་པའི་སྐབས་རྩ་སུམ་ཅུ་རྩ་གཉིས་གཤེད་པོ་སོ་གཉིས་སུ་གསུངས་པ་བཞིན། ཙིཏྟ་གྲུ་གསུམ་གྱི་དབུས་ན་རྣམ་ཤེས་ནམ་མཁའ་ཡིད་ཆོས་དག་པ་ཟིལ་གནོན་ཡབ་ཡུམ། སེམས་བྱུང་དག་པ་རྒྱན་གྱི་ལྷ་བརྒྱད་དང་བཅས་པ། རྩ་བ་ཟླུམ་པོའི་ཚུལ་གྱིས་ཟླ་གམ་གསུམ་ལ་སྐུ་སྤྲུལ། འཆི་བདག་བྱེ་བ་གསུང་སྤྲུལ་སྲོག་བདག་དམར་པོ། ཐུགས་ཀྱི་སྤྲུལ་པ་ཚེ་བདག་མགོ་དགུ་གསུམ། སྙིང་རྩ་ལས་བཞིའི་གཞལ་ཡས་སུ་ཕུང་པོ་བཞི་དག་པའི་ཡབ་ལ་འབྱུང་བ་དག་པའི་ཡུམ་གྱིས་འཁྱུད་པ་ནི། མདུན་ཡེ་ཤེས་ཀྱི་རྩ་ལ་ཡ་མཱ་རཱ་ཛ། གཡས་ཆོས་ཉིད་ཀྱི་རྩ་ལ་མྱོས་བྱེད་འབར་བ། རྒྱབ་ཡོན་ཏན་གྱི་རྩ་ལ་ཨཱརྻ་དམར་པོ། གཡོན་རང་རྒྱུད་ཀྱི་རྩ་ལ་རལ་པ་ཚར་དགུ་བཞི་ཡུམ་དང་བཅས་པ། དེའི་ཕྱི་རོལ་རྣམ་ཤེས་དང་དབང་པོ་བརྒྱད། ཡུལ་དུས་བརྒྱད་དག་པ་མོན་བདུད་ཡབ་ཡུམ། ལྟེ་བར་འཕོ་བ་བཅུ་གཉིས་ཀྱི་རྩ་ལ་ཁམས་བཅུ་གཉིས་དག་པ་འཆི་བདག་བཅུ་གཉིས། ལྟེ་བ་ཁྲག་ཁྱམས་ལ་འོབས་སྲུང་བཅུ་དྲུག་དང་ཤ་ཟ་ཀིང་ཀང་མ་མོ་ལ་སོགས་པའི་འཁོར་ཚོགས་བཅས་དང༌། ཡན་ལག་བཞིའི་ལག་པ་གཡས་ལ་དཀར་པོ་སྙིང་འབྱིན། གཡོན་མགོན་པོ་ནག་པོ། རྐང་གཡས་དང་མཐིལ་ལ་ཡབ་རྗེ་ནག་པོ། གཡོན་སྐུ་མཆོག་དམར་པོ་སྟེ་མདོར་ན་སྣང་ཆ་ཕྱོགས་དུས་ཀྱིས་བསྡུས་པའི་ཕྱི་ནང་གཞན་གསུམ་གྱི་སྣང་བ་ཇི་སྙེད་པ་འདི་རྣམས་ནི་རང་རང་གི་རྒྱུ་རྐྱེན་ཚོགས་པ་ལས་སྣང་ཞིང་སྐྱེ་འགག་བྱེད་པ་ཡིན་ལ། དེ་ཡང་གཅིག་ཏུ་མི་གནས་པ་འཕོ་བའི་དབང་ལས་བྱུང་ཡང༌། དོན་ལ་གནས་ཚུལ་གྱི་དབང་དུ་བྱས་ན་སྐྱེ་འགག་འཕོ་འགྱུར་སོགས་གཉིས་ཆོས་ཀྱི་ནམ་ཡང་འབྱེད་པ་མེད་པའི་འགྱུར་མེད་ཀྱི་བདེ་བ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དབྱེར་མེད་པ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཆོས་ཉིད་ལས་མ་གཡོས་པ་སྟེ། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། ཕྲ་མོ་ས་བོན་ཟག་པ་མེད། །ཅེས་གསུངས་པའི་དོན་འཇམ་དཔལ་གཤིན་རྗེའི་མཚན་ལ་དུས་ཀྱི་དགྲ་ཞེས་གྲགས་པ་ཕྲལ་ན་དུས་ནི་ཀུན་ཏུ་འཕོ་ཞིང་འགྱུར་བ་སྲིད་པའི་ཆོས་སྐྱེ་འགག་གནས་པར་སྣང་བས་སེམས་ཅན་རྣམས་སྐྱེ་འཆི་བར་དོའི་འཁྲུལ་སྣང་ཤར་བས་སྡུག་བསྔལ་བ་སྟེ། དེ་འཕོ་མེད་རྡོ་རྗེའི་དབྱིངས་སུ་ངལ་འཚོ་བའི་གནས་ནི་དོན་གྱི་གཤིན་རྗེ་གཤེད་ཡིན་པས་དུས་གསུམ་དུས་མེད་དུ་མཉམ་པ་རྡོ་རྗེའི་དུས་མི་འགྱུར་བའི་བདེ་བ་ཆེན་པོའི་མཚན་ཉིད་ཅན་དོན་རྟོགས་པས་འདུས་བྱས་ཀྱི་འཁྲུལ་རྟོག་གི་བཅོས་པས་རྫུན་ཕུག་བྱེ་མའི་ཁང་བུ་ལྟར་རྡིབ་ནུས་པའི་ཕྱིར་གནད་དེ་རྟོགས་བྱ་མཐར་ཐུག་ཡིན་པས་དུས་ཀྱི་དགྲ་ཞེས་གཤིན་རྗེའི་གཤེད་ཀྱི་མཚན་སྒྲ་ངེས་དོན་དུ་བཤད་པ་སྟེ། དེར་མ་ཟད་གཤིན་ཞེས་པ་ལུས་སེམས་བྲལ་ནས་ཤི་བའི་རོ་ལ་འཇུག་པ་ལྟར་སྐུ་དང་ཡེ་ཤེས་ཀྱི་ཆོས་རང་ལ་ལྷུན་གྲུབ་ཏུ་བཞུགས་ཀྱང་ཟག་བཅས་ལས་ཉོན་གྱི་སྦུབས་སུ་འཐུམས་པས་བཞུགས་པ་ཙམ་ཡང་མི་ཤེས་པས་གཤིྃན། འཁྲུལ་ཆོས་ལས་ཉོན་དེ་མ་བརྟགས་ཉམས་དགའ་སྲིད་པའི་འཁྲུལ་སྣང་ཐམས་ཅད་ཡོད་ཡོད་བདེན་བདེན་ལྟར་སྤྱོད་ཅིང་འཛིན་པ་སྒྲིབ་བྱེད་དུ་ཤར་བ་ལ་རྗེྃ། དེའི་རྒྱུ་འབྲས་འཇོམས་བྱེད་རང་གནས་སྐུ་དང་ཡེ་ཤེས་ཀྱི་བཞུགས་ཚུལ་མངོན་དུ་བྱས་པས་སངས་རྒྱས་ཀུན་གྱི་རྣམ་ཐར་རྫོགས་པའི་འབྲས་བུ་མངོན་དུ་གྱུར་པས་གཤེྃད་ཅེས་གྲགས་པ་བཀའ་བརྒྱད་བདེ་འདུས་ཀྱི་གཤིན་རྗེ་འདུས་པ་རྩ་བའི་རྒྱུད་ལས་གསུངས་པ་ལྟར་སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་ཀྱི་གནད་རྒྱུད་སྡེའི་གསང་མཛོད་ཆེན་པོ་རྣམས་ནས་ཇི་ལྟར་བསྟན་པའི་དོན་རིག་འཛིན་བརྒྱུད་པའི་མན་ངག་ལ་ངེས་པ་རྙེད་པའི་བསམ་པའི་ཤེས་རབ་ཀྱི་སྒྲོ་འདོགས་མ་བཅད་པར་སྒོམ་ལོ་བྱས་ཀྱང་དངོས་གྲུབ་མཆོག་གི་དགའ་སྟོན་ལ་གནད་དུ་ཕིགས་པ་མི་འབྱུང་བས་མདའ་འཕེན་པ་ལ་འབེན་ངོས་ཟིན་དགོས་པ་ལྟ་བུ་སྟེ་གཤིན་རྗེ་འཆི་བདག་ཟིལ་གནོན་ལས། ཁམས་དྲུག་ལྡན་པའི་ལུས་ཀྱི་རྟེན༔ རྡོ་རྗེ་བཞི་ཡི་གོ་འཕང་ལ༔ སྦྱོར་བ་རྡོ་རྗེའི་ཏནྟྲ་ལས༔ རྒྱུ་འབྲས་དག་གྲོལ་ལམ་གྱིས་མིན༔ ཞེས་སོ། །གསུམ་པ་སྦྱོང་བྱེད་འདུལ་ཐབས་སྤྲུལ་པའི་འཁོར་ལོ་ལ་མདོར་བསྟན་དང༌། རྒྱས་བཤད་གཉིས། དང་པོ་ནི། འདུལ་ཐབས་སྤྲུལ་པའི་འཁོར་ལོ་ནི༔ ཞེས་གསུངས་ཏེ་གླང་པོ་ཆེ་འདུལ་སྦྱོང་གིས་བཏུལ་ན་ཁུར་ཐེག་ཆེ་ཞིང་ངལ་བཅས་ཀྱི་ས་ལ་བདེ་བར་ཕྱིན་པ་བཞིན་གཞི་འོད་གསལ་སྙིང་པོའི་གནས་ལུགས་རྡོ་རྗེ་བཞི་དབྱེར་མེད་དུ་དག་ཅིང་མཉམ་པ་ཉིད་ཀྱི་རྒྱལ་སར་བདེ་བར་ངལ་འཚོ་བ་ལ། ཀུན་བརྟགས་སྲིད་པའི་འཁོར་ལོས་སྒོ་གསུམ་གྱི་འཁྲུལ་སྣང་གི་མཚང་བརྟོལ་ཏེ་མ་དག་པའི་བྱེད་ལས་རྒྱུན་གཅོད་དགོས་པས་འཁྲུལ་པའི་རྒྱུ་འབྲས་དེ་འདུལ་བྱེད་ལ་འཇམ་དཔལ་ཞི་ཁྲོའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་རྣམ་པ་ལམ་བྱེད་ཀྱིས་སངས་རྒྱས་ཀུན་གྱིས་གསང་བ་མི་ཟད་རྒྱན་གྱི་འཁོར་ལོའི་སྒྲོམ་ཆེན་པོ་མངོན་དུ་གྱུར་ན་ཡེ་ཤེས་དེའི་གོང་ན་གཅིག་ཀྱང་མི་གནས་པས་ཕྱག་རྒྱ་ཟིལ་གནོན་དུ་གྲགས་པ་སྟེ་དེའི་རྣམ་བཞག་རྒྱས་པར་བཤད་པ་ནི་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། བུམ་དབང་ལམ་བྱེད་དབྱིབས་ཀྱི་ལམ་ལ་བརྟེན་ནས་འཁྲུལ་པའི་སྣང་བ་སྦྱང༌། གསང་དབང་ལམ་བྱེད་སྔགས་ཀྱི་ལམ་ལ་བརྟེན་ནས་ཀུན་བརྟགས་ཀྱི་ཞེན་པ་སྦྱང༌། ཤེར་དབང་ལམ་བྱེད་གསང་རྩའི་གནད་ལ་བརྟེན་ནས་ཉོན་མོངས་ཀྱི་རྩ་བ་གཅོད། ཚིག་དབང་ལམ་བྱེད་ཀ་དག་གི་དགོངས་པ་དང་ལྷུན་གྲུབ་སྣང་བའི་གདངས་ལ་བརྟེན་ནས་ཆོས་ཐམས་ཅད་ཟད་སར་སྐྱེལ་བའི་ཚུལ་རྒྱས་པར་བཤད་པའོ། །དང་པོ་ལ་སྒྲུབ་པའི་ཐབས་དང༌། མན་ངག་ངེས་པའོ། །དང་པོ་ལ་མདོར་བསྟན་པས་བསྐྱེད་རིམ་སྤྱིའི་གོ་དོན་བཤད། རྒྱས་བཤད་ཀྱིས་ཕྲིན་ལས་སྒོམ་དོན་ཞིབ་པར་བཀྲལ་བའོ། །དང་པོ་ནི། སྣང་བ་སྦྱོང་བྱེད་དབྱིབས་ཀྱི་ལམ༔ ཟིལ་གནོན་ཁྲག་འཐུང་ཕྱག་རྒྱར་བསྒོམ༔ ཞེས་པ་སྟེ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་སྣང་སྟོང་གཉིས་ལས་མ་འདས་ཤིང༌། དེ་གཉིས་ལམ་དུ་བྱེད་པའི་ཐབས་ལ་བསྐྱེད་རྫོགས་སམ་ཐབས་ཤེས་ཀྱི་རྣལ་འབྱོར་དུ་མ་གསུངས་པ་ལས་སྐབས་འདིར་བཤད་བྱ་རྡོ་རྗེ་ཐེག་པའི་ལམ་རིམ་བསྐྱེད་རྫོགས་གཉིས་ལས་དང་པོ་སྟེ་བསྒྲུབ་བྱའི་ལྷ་ཆོས་དབྱིངས་རང་བཞིན་རྣམ་པར་དག་པའི་ལྷ་དང༌། ཡེ་ཤེས་ཀྱི་བདག་ཉིད་ཀྱི་ལྷ་དང༌། དེ་དག་གིས་བྱིན་གྱིས་བརླབས་པའི་མཚན་མའི་ལྷ་བརྡ་དོན་རྟགས་གསུམ་རྫོགས་པའི་འཇམ་དཔལ་ཁྲག་འཐུང་དབང་པོ་གང༌། སྒྲུབ་བྱེད་ཀྱི་ཐབས་སྔོན་དངོས་རྗེས་གསུམ་ཚང་བའི་ལས་རིམ་གྱིས། སྒྲུབ་ཚུལ་ཕྱག་རྒྱ་གཅིག་སྤྲོས་ཚོམ་བུ་ཚོགས་སྒྲུབ་རྣམས་ཀྱིས། བསྒྲུབས་འབྲས་རིག་འཛིན་བཞི་འགྲུབ་པར་བྱེད་དགོས་པའི་གནད་ཀྱིས་ཟླ་གསང་མན་ངག་ཐུན་མོང་མ་ཡིན་པའི་རྒྱུད་ལས། སྣང་སྲིད་གཞི་ཡི་འཁོར་ལོ་ནི། །སྣོད་བཅུད་གཉིས་འདུལ་འཁོར་ལོ་ལྡན། །ཕྱི་སྣོད་འཇིག་རྟེན་འཁོར་ལོ་སྟེ། ནང་བཅུད་སེམས་ཅན་ཡིག་འབྲུ་ཤར། །ཞེས་གསུངས་པ་ལྟར་ཀུན་རྫོབ་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྨོངས་པས་ཐ་མལ་དུ་ཞེན་ན་ལས་ཉོན་འཁྲུལ་པ་ལྟར་སྣང་བའི་ལུས་ངག་ཡིད་གསུམ་གང༌། སྦྱོང་བྱེད་ལྷ་སྔགས་ཡེ་ཤེས་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་དུ་ཤེས་ན་དེད་དཔོན་མཁས་པས་ནོར་བུ་བྱི་དོར་བྱས་ཤིང་མཆོད་པས་ཡོན་ཏན་གྱི་ཁྱད་པར་མཐོང་ནས་དགོས་འདོད་འབྱུང་བ་ལྟར་སྣང་ཆའི་ཆོས་དང་མཐུན་པར་ལྷ་དང་གཞལ་ཡས་ཞིང་ཁམས་སོགས་དབྱིབས་དང་མཚན་མ་ཅན་དུ་བློས་བཅོས་ཤིང་བཏགས་པ་ཀུན་རྫོབ་འཇིག་རྟེན་སྐྱེ་བའི་རིམ་པ་དང་མཐུན་པ་རྗེས་སུ་དཔག་པའི་ལམ་གནས་ལུགས་ལ་འཇུག་པའི་སྔོན་འགྲོའི་ཚུལ་དུ་བསྒོམ་པར་བྱའོ། །གཉིས་པ་དེ་ཉིད་རྒྱས་པར་བཤད་པ་ལ་སྦྱོར་བ་སྔོན་འགྲོའི་ཆོས། དངོས་གཞི་བསྐྱེད་བཟླས་གཉིས་ལས། དང་པོ་ལའང་ཆོ་གར་མ་གཏོགས་པ་དང༌། ཆོ་གར་གཏོགས་པའི་སྔོན་འགྲོའོ། །དང་པོ་ནི། སྒྲུབ་པ་པོ་རྟེན་གྱི་གང་ཟག་དབང་གིས་རྒྱུད་སྨིན་ཅིང་དམ་ཚིག་སྲོག་གི་ཕྱིར་མི་གཏོང་ཞིང་སྔགས་ཀྱི་ལྟ་སྤྱོད་ལ་རང་བྱན་ཚུད་ཅིང་བསྙེན་སྒྲུབ་ཀྱི་ལས་རིམ་ལ་ཚུལ་བཞིན་འཇུག་ནུས་པས། ལུང་ལས་བཤད་པ་བཞིན་འགལ་སྤོང་མཐུན་འཛོམས་ཀྱི་གནས་སུ་ལས་བཞིའི་བསྒྲུབ་བྱ་དང་མཐུན་པའི་ལོ་ཟླ་ཞག་དུས་གཟའ་སྐར་སོགས་དགེ་ཞིང་ཤིས་པ་ནས་འཇུག་ཅིང༌། བསྙེན་སྒྲུབ་ལས་གསུམ་གྱི་སྐབས་ཐོབ་ཡོ་བྱད་རྣམས་མ་ཚང་པ་མེད་པར་འདུ་བྱས་ལ། ཆོས་མཐུན་གྱི་གྲོགས་དང་བཅས་པའམ་གཅིག་པུས་ཀྱང་རུང་ཞིང༌། ཆོ་གའི་ཡན་ལག་ཚང་ལ་མ་ནོར་བས་སྔགས་སྒྲུབ་པའི་མཐུན་རྐྱེན་ཐབས་ཀྱི་མན་ངག་རྣམས་ཚོགས་ཤིང་འགལ་རྐྱེན་སྤངས་བས་སྒྲུབ་པ་ལ་འཇུག་པའི་རྒྱུ་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པས། ཐོག་མར་ལམ་འདིའི་སྔོན་འགྲོའི་རྣལ་འབྱོར་སྙིང་པོ་ལྟར་ངེས་འབྱུང་གིས་རྒྱུད་བསྐུལ་བ་དང༌། སྐྱབས་སེམས་བསགས་སྦྱང་རྣམས་རབ་འབུམ་ཕྲག་དང་གང་ལྕོགས། ཁྱད་པར་བླ་མའི་རྣལ་འབྱོར་གྱི་བསྙེན་པ་འབུམ་བཞིའམ་གཅིག་སོགས་གནད་དུ་འགྲོ་ངེས་ཉམས་སུ་ལེན་ཅིང༌། བསྙེན་སྒྲུབ་དངོས་ལ། སྒྲུབ་ཁང་བྱི་དོར་བྱས་པའི་ཕུག་ལོགས་སུ་གཤིན་རྗེའི་སྐུ་རབ་གནས་ཅན་བཀྲམ་པའི་མདུན། སྟེགས་བུར་རས་བཟང་པོས་བཀབ་པའི་ཁར་འབྱོར་ན་གཞུང་མཐུན་དཀྱིལ་འཁོར་དང༌། མ་བྱུང་ཚེ་མེ་ཏོག་སིལ་མ་བཀྲམ། རིན་པོ་ཆེའམ་ཐོད་པའི་སྣོད་དུ་སྒྲུབ་པ་དང༌། མཆོད་པའི་དཔལ་གཏོར་རྒྱན་ལྡན་སྐུ་རྟེན་དར་ནག་གི་གདུགས་ཕུབ་པ་དང༌། སྒྲུབ་པ་དང༌། མཆོད་པའི་བཾ་དང༌། ལས་གཤིན་སོགས་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་སྨན་རཀ་ཕྱི་ནང་གི་མཆོད་པ་སོགས་བཟང་ཞིང་རྒྱ་ཆེ་བར་བཤམས། སྤྱིར་འཇམ་དཔལ་ཚེ་བདག་གི་གཏོར་མ་རྡོར་སྨིན་མཆོག་གླིང་སོགས་རང་གང་མོས་ལུགས་ལ་བསྟེན་ཀྱང་འགལ་བ་མེད་ཅིང་སྙན་བརྒྱུད་རིགས་མཐུན་ཕུར་པའི་གནད་ཏིག་གི་གཏོར་མ་དང་ཕྱག་བཞེས་སོགས་སྨིན་ལུགས་ལྟར་བྱ་བ་འཇམ་མགོན་གུ་ཎའི་ཟིན་བྲིས་སུ་གསུངས་པ་ལྟར་ལ། རང་ཉིད་སྐུ་རྟེན་དང་ཞལ་སྤྲོད་ཀྱི་ཚུལ་དུ་ཁ་ལྷོར་ཕྱོགས་པའི་གདན་ནང་ཚང་ཅན་འཇམ་ཞིང་བདེ་བའི་འོག་ས་དཀར་རམ་འབྲས་ཀྱི་གཡུང་དྲུང་ཆོས་སྐོར་དུ་བྲི། མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་སོགས་དང༌། གཞན་ཡང་ཚོགས་ཀྱི་ཡོ་བྱད་སོགས་གང་དགོས་ཐམས་ཅད་ཚང་ཞིང་བདེ་བར་བཤམས་ལ། ཉིན་དང་པོའི་དགོང་ཐུན་ནས་མགོ་འཛིན་དགོས་པས་བདེ་བའི་སྟན་ལ་འདུག་ནས། ཨྱཻ། ཨེ་ཉིད་སྟོང་པ་སོགས་ཚིགས་བཅད་ཀྱིས་སྐད་ཅིག་གིས་གཤིན་རྗེ་གཤེད་པོའི་ང་རྒྱལ་ལ་གནས་པས་གཞི་བགེགས་ལ་གཏོར་མ་བཏང༌། སྒོ་དྲུང་གི་རྒྱལ་ཐོ་རྒྱལ་ཆེན་བཞིར་མོས་པས་མཆོད་གཏོར་ཕུལ་ལ་བར་ཆད་སྲུང་བའི་ཕྲིན་ལས་བཅོལ་ཞིང་སྲུང་འཁོར་བརྟན་པོར་བསྒོམ། སྲུང་འཁོར་འདི་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་ཚེ་མ་གཏོགས་མི་བསྡུ། ཐུན་ཐམས་ཅད་ཀྱི་མགོར་ཡང་གསལ་འདེབས་བྱས་པས་བར་ཆད་མི་འཇུག་པའི་དགོས་པ་ཡོད་གསུངས། །གཉིས་པ་ཆོ་གར་གཏོགས་པའི་སྔོན་འགྲོ་ནི། བརྒྱུད་འདེབས་ནས་བརྩམས་སྐྱབས་སེམས་ཚོགས་བསགས། གཞི་བགེགས་ཀྱི་གཏོར་མ་བསྔོ་ཞིང་མཚམས་གཅོད་སྲུང་འཁོར་བྱིན་དབབ་དང་མཆོད་རྫས་བྱིན་རླབས་རྣམས་ཚིག་རྗེས་དོན་དྲན་འཁྲུལ་རྟོག་གིས་བར་མ་ཆད་པར་བསྒོམ། བར་ཆོད་ན་སླར་ཡང་དྲན་འདུན་གྱིས་བཟུང་བར་བྱའོ། །སྲུང་འཁོར་ནི། རང་ཉིད་གཤིན་རྗེ་གཤེད་དུ་གསལ་བའི་ཐུགས་ཀར་གཙུག་ཏོར་འཁོར་ལོས་སྒྱུར་བ་ཞི་ཉམས་ཅན་འཁོར་ལོ་དང་པདྨ་བསྣམས་ཤིང་དུར་ཁྲོད་ཀྱི་ཆས་ཅན་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་འཁོར་ལོ་རྩིབས་བཅུ་པ་རྩེ་མོ་སྟེང་འོག་ཕྱོགས་མཚམས་སོ་སོར་བསྟན་པའི་སྦུབས་ནང་རྩིབས་རྩེ་སོ་སོར་ཕྱོགས་སྐྱོང་བཅུ་དང་ཉི་མའི་གདན་རེའི་ཁར་ཧཱུྃ་ནག་པོ་བཅུ་ལས་ཁྲོ་བོ་བཅུ་བེ་ཅོན་དང་ཞགས་པ་བསྣམས་པ། དེའི་ནང་ཐབས་ཤེས་ཨཱ་ལི་ཀཱ་ལི་ལས་གྲུབ་པའི་ཉི་ཟླའི་འོད་ཀྱི་གུར་ཁང་ཡངས་ཤིང་རྒྱ་ཆེ་གོ་སྐབས་བྲལ་བ། འཁོར་ལོའི་ཕྱི་རོལ་རྡོ་རྗེའི་གུར་དང་དེ་རྒྱབ་རལ་གྲི་མདའ་མདུང་ཕུར་པ་སོགས་རྣོ་ངར་གཅོད་པའི་མཚོན་རྩེ་གཟིངས་བའི་མཐར་ཡེ་ཤེས་ཀྱི་མེ་ཁ་དོག་ལྔ་འུར་འུར་ཆེམ་ཆེམ་འཁྲུགས་པའི་རྩེ་མོ་ནས་ཁྲོ་བོ་འཁྱོལ་བ་དང༌། མཚོན་ཆའི་ཚྭ་ཚྭས་ནད་གདོན་སྡིག་སྒྲིབ་དགྲ་བགེགས་རྫས་སྔགས་ཏིང་འཛིན་གྱིས་ངན་སྦྱོར་སོགས་བར་གཅོད་ཐམས་ཅད་མྱལ་མྱལ་གཅོད་པར་བསམ་ལ། ཨོཾ་ཨཱཿཨུཥྞཱི་ཥ་བཛྲ་ཙཀྲ་ཝརྟི་སརྦ་ལོ་ཀཱི་ཀ་ལོཏྟ་ར་ཡནྟྲ་མནྟྲ་ཏནྟྲ་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་ཀུ་རུ་ཀུ་རུ་མུ་རུ་ཨ་བེ་ཤ་ཡ་ཨ་བེ་ཤ་ཡ་ཨ་ཨཿ གནོད་བྱེད་ཨ་མུ་ཀ་མཱ་ར་ཡ་མཱ་ར་ཡ༔ ཧྲཱིཾ་ཧྲཱིཾ་ཧྲཱིཾཿ ཛཿཛཿཛཿ ཟློག་ཟློག་ཟློག༔ ཕཊ྄་ཕཊ྄་ཕཊ྄༔ ཀོ་ར་རྦད་རྨུག་ནན་ཆུམ་རིལ་གནོད་བྱེད་མཱ་ར་ཡ་རྦད༔ ཅེས་བཟླ། སྤྲོ་ན་ཁྲོ་བཅུའི་སྔགས་ཀྱང་བཟླ། འདི་ནི་ཨུཥྞི་ཥའི་ཕྱིར་བཟློག་གི་གྲི་ཐོག་ཤན་པ་ཁ་བསྒྱུར་ཞེས་ཤིན་ཏུ་ཟབ་པར་གསུངས་པས་གལ་ཆེ་སྙམ་བྲིས་པའོ། །ཆོ་གའི་ཡན་ལག་ཐོག་མཐའ་གཞན་རྣམས་སྨིན་གཏེར་གཤིན་རྗེ་དྲེགས་འཇོམས་ཀྱི་ལས་བྱང་གི་འགྲེལ་བ་ལོ་ཆེན་རིན་པོ་ཆེའི་གསུངས་སོགས་ལས་རྟོགས་པར་བྱ་དགོས་སོ། །གཉིས་པ་དངོས་གཞི་བསྐྱེད་བཟླས་གཉིས་ལས། དང་པོ་བསྐྱེད་པའི་རིམ་པ་ལ་གཉིས། བསྐྱེད་རིམ་དངོས་དང༌། ལས་ཀྱི་ཡན་ལག་གོ །དང་པོ་ལའང༌། བསྒྲུབ་གཞི་ངེས་དོན་གྱི་གཤིན་རྗེ་སྣང་མེད་ཆོས་སྐུའི་བསྐྱེད་རིམ་དང༌། སྒྲུབ་བྱེད་དྲང་དོན་སྣང་བཅས་ཀྱི་གཟུགས་སྐུའི་བསྐྱེད་རིམ་གཉིས་ལས། དང་པོ་ནི། གཟུང་འཛིན་དྲེགས་པའི་གཤིན་རྗེ་ཡི༔ གཤེད་པོ་སེམས་ཉིད་འོད་གསལ་བ༔ རོལ་པ་འགགས་མེད་ལྷ་སྐུར་ཤར༔ དེ་ཉིད་སྒྲུབ་པའི་རྣལ་འབྱོར་ནི༔ ཞེས་པ་སྟེ་སེམས་ཉིད་འོད་གསལ་གྱི་དབྱིངས་ང་མེད་ལ་ང་རུ་གཟུང་ཞིང༌། དེའི་སྤྱོད་ཡུལ་བདག་གི་ལུས། ཡོ་བྱད་ཀྱི་མཐུན་ཕྱོགས་ལ་ཆགས། འགལ་ཟླ་ལ་སྡང༌། བཟང་རྐྱེན་གྱིས་ང་རྒྱལ། དེ་ལས་ལྷག་པ་ལ་ཕྲག་དོག་རྣམས་དོན་གྱི་ཡིན་ལུགས་ལ་སྒྲིབ་བྱེད་དུ་ཤར་བའི་མ་རིག་པ་སྟེ། དུག་ལྔ་རང་རྒྱུད་དུ་ཞེན་པས་ལས་བསགས་ནས་སྲིད་པའི་འཁྲུལ་སྣང་གི་འཁོར་ལོ་རྒྱ་ཆེར་བསྐྱེད་པ་ནི་གཟུང་འཛིན་ཐ་མལ་གྱི་རྟོག་པའི་རང་གཟུགས་ཀྱི་དྲེགས་པའི་གཙོ་བོ་གཤིན་རྗེ་སྟེ། དེ་འདུལ་བའི་ཕྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྐྱེད་སྡུད་ཀྱི་མཐའ་ལས་འདས་པས་དབྱིངས་སུ་བསྡུ་བའི་སྟོང་ཉིད་ཀྱི་སྟོབས་ཆེན་པོ་ནི་གཤིན་རྗེ་ཞེས་གྲགས་པ་སྟེ། དེ་གཞོམ་མེད་ཡེ་ཤེས་ཀྱི་ཕྱག་རྒྱ་ལྷག་པའི་ལྷ་ཡི་དཀྱིལ་འཁོར་དུ་བཀོད་པ་དང་ཆེ་བ་ཉིད་དོན་གྱི་དབྱིངས་ཆོས་ཐམས་ཅད་ཀྱི་འབྱུང་གནས་རྣམ་ཐར་གསུམ་གྱི་བདག་ཉིད་ཅན་མཚོན་པ་ཨེ་ཞེས་ཤེས་རབ་སྟོང་པ་ཉིད་རྣམ་ཀུན་མཆོག་ལྡན་གྱི་དེ་ཁོ་ན་ཉིད་ཆོས་ཀྱི་དབྱིངས་ཡང་དག་པའི་ཡེ་ཤེས་ཡིན་ལ། ཨ་ཡི་གདངས་ཨེར་ཤར་བའི་ཐུགས་སྲོག་ས་བོན་ལས་བྱུང་བའི་གཟུགས་སྐུ་འཇམ་དཔལ་ཁྲོ་བོ་ཕྱག་རྒྱ་ཟིལ་གནོན་ནི་དུག་ལྔ་རང་རྒྱུད་དུ་ཞེན་པའི་རུ་ཏྲའི་གཤེད་དུ་བཞེངས་པས་མཚན་གྱི་སྒྲས་ཀྱང་ནག་ཕྱོགས་བདུད་ཀྱི་ཚོགས་འཛོམས་ཤིང་ཟིལ་གྱིས་གནོན་ནུས་པའི་མཁྱེན་བརྩེའི་ནུས་སྟོབས་རྨད་དུ་བྱུང་བའི་སྐུ་དང་ཞིང་ཁམས་ཡེ་ཤེས་ཀྱི་རོལ་པ་ཚད་མེད་པའི་རྣལ་འབྱོར་དུ་བྱ་བའི་ཚུལ་བསྟན་པའོ། །ཁྲོ་བོའི་ནང་ན་གཤིན་རྗེ་གཤེད། །དེ་མཐོང་ན་ནི་ཁྲོ་བོ་གཞན། །འདར་ཞིང་ལག་ཆ་ཤོར་བར་འགྱུར། །ཞེས་སོ། །གཉིས་པ་སྒྲུབ་བྱེད་དྲང་དོན་སྣང་བཅས་གཟུགས་སྐུའི་བསྐྱེད་རིམ་དངོས་དང༌། མན་ངག་གཉིས་ལས། དང་པོ་ནི། ཨ། རང་བཞིན་གདོད་ནས་མཉམ་པ་ཉིད༔ སྐྱེ་བ་མེད་པའི་ཡེ་ཤེས་ལས༔ སྐྱེ་བའི་གཟུགས་བརྙན་ཡི་གེ་ཨ༔ སྣོད་བཅུད་བརྟན་གཡོ་ཀུན་གྱི་སྲོག༔ ཅེས་སོགས་ཏེ། གདོད་ནས་མ་སྐྱེས་པའི་སྟོང་པ་དང༌། མ་འགག་པའི་གསལ་བ་དབྱེར་མེད་པའི་ངང་ཚུལ་དུ་གནས་པ་ཆོས་དབྱིངས་སྣང་སྲིད་ཀྱི་ཆོས་ཀུན་གྱི་འབྱུང་གནས་སུ་གྱུར་པ་སྟེ། གདོད་ནས་རྣམ་པར་དག་པ་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཐིག་ལེ་ཉག་གཅིག་གི་ཀློང་དུ་འདུས་བྱས་འདུས་མ་བྱས་པའི་ཆོས་ཐམས་ཅད་རྫོགས་ཤིང་འུབ་ཆུབ་པར་རྟོགས་པས་ལྷུན་གྱིས་གྲུབ་པའི་རོལ་པ་ཆེན་པོའི་སྐུ་རུ་ཤར་བས་རྟེན་དང་བརྟེན་པ་གསལ་འདེབས་པ་སྟེ། སྡིག་པ་སྙིང་འཛིང་གི་རྒྱུད་ལས། སྣང་སྟོང་གཉིས་མེད་ཡེ་ཤེས་སྒྱུ་མའི་སྐུ། །རྟག་ཆད་མཐའ་ལས་འདས་པའི་ཡེ་ཤེས་ཉིད། །ཁོ་ན་ཉིད་དུ་གཉུག་མ་རྡོ་རྗེའི་སྐུ། །ཕྱག་རྒྱ་ཆེན་པོར་ཟིལ་གྱིས་གནོན་པར་གནས། །ཞེས་གསུངས་པ་ལྟར་འཁོར་འདས་ཀུན་དབྱིངས་སུ་ཟ་བ་ངེས་པ་དོན་གྱི་བཅོམ་ལྡན་དུས་དགྲའི་དབང་པོའི་རང་ཞལ་མངོན་དུ་གྱུར་པ་ནི་ལྟ་བའི་རྫོང་ཆེན་པོ་སྟེ། གདིང་དེས་ཟིན་པའི་བསྐྱེད་རིམ་རྣམས་ཀྱང་ལྷུན་གྲུབ་སྣང་སྟོང་ཟབ་མོའི་བསྐྱེད་རིམ་ཞེས་རྫོགས་རིམ་དང་རོ་གཅིག་ཏུ་གྱུར་པའི་ཕྱིར་ལྷུན་གྱིས་གྲུབ་པའི་ཕྱག་རྒྱ་འདིས་ཟིན་པའི་ངང་ནས་རྟེན་དང་བརྟེན་པ་གསལ་བ་ལ། འབྱུང་བཞི་རི་རབ་སྣ་ཚོགས་པདྨ་ཉི་མ་རྡོ་རྗེ་རྒྱ་གྲམ་གྱི་དབུས་སུ་ནམ་མཁའ་དང་མཉམ་པ་དྲག་པོའི་གཞལ་ཡས་ཁང་ཕྱི་དང་ནང་མེད་པ་ཀུན་ཏུ་ཡང་ནང་དུ་གྱུར་པ། གྲུ་བཞི་སྒོ་བཞི་རྟ་བབ་བརྒྱད་ལྡན་ཐོད་པ་དང་རིན་པོ་ཆེས་བཅིངས་པའི་སྟེང་ནས་ཐོད་པའི་དབྱིབས་ཅན་གྱི་ཕ་གུ་འཕྱར་ཐབས་ལས་སྦྲུལ་གྱིས་བརྒྱུས་པའི་ཐོད་ཕྲེང་གི་དྲྭ་བ་དྲྭ་ཕྱེད། རྒྱུ་མའི་ལྡ་ལྡི། ཙིཏྟའི་ཕོ་ལོང༌། རོ་རས་ཀྱི་མདའ་ཡབ། རུས་ཆེན་གྱི་མཆོད་རྟེན་མི་མགོའི་ཏོག་ཅན་བསྒྲིགས་པའི་པུ་ཤུ། རྩིག་འགྲམ་ལ་མཆོད་པའི་ལྷ་མོ་གར་བྱེད་པ། ནང་ཞིང་ཆེན་གྱི་ཀ་བ། ལྷ་བརྒྱད་ཀྱི་གདུང་མ། ཉི་ཟླའི་ཀ་ཞུ། ཀླུ་བརྒྱད་ཀྱི་ཕྱམ། རྒྱུ་སྐར་དྲལ་མ། བ་དན་གྱི་ཀ་རྒྱན། རུས་སྦལ་ཀ་གདན། བདུད་རྩི་ལྔས་ཐོག་བྱས་པ། ཞིང་ཆེན་གྱི་སྒོ་འགེང༌། སྦྲུལ་གྱི་སྒོ་ཡི་སྐྱེས་བུ། ཁྱུང་གི་ཡ་ཕུབ། ཆུ་སྲིན་གྱི་མ་ཐེམ། གནམ་ལྕགས་ཀྱིས་གཟེར་བཏབ་པ། དབུས་ཀྱི་གཙང་ཁང་ཕྱུར་བུ་རྩེ་མོ་མཐོ་བར་གྱུར་པ་སོགས་རྒྱན་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་ཐོད་ར་ཟླུམ་པོར་བསྐོར་བའི་ལྟེ་བར་གྲུ་གསུམ་མཐིང་ནག་ནི་ཨེ་ཡི་ཕོ་བྲང་སྟེ། གཙོ་བོའི་གནས་དང༌། གྲུ་གསུམ་གྱི་ཟུར་གཅིག་མདུན་དུ་བསྟན་པ། དེའི་ཕྱོགས་ཀྱི་ཟླ་གམ་གསུམ་ལ་སྤྲུལ་པ་གསུམ། རྡོ་རྭའི་ཕྱི་རོལ་དུ་ཕྱོགས་བཞིར་ཐོད་མཁར་བཞི་ལ་གཤེད་ཆེན་བཞི། འཁོར་ལོའི་རྩིབས་བརྒྱད་ལ་ལྕགས་མཁར་བརྒྱད། ལྕགས་མཁར་བརྒྱད་དུ་མོན་བདུད་ཡབ་ཡུམ། དེའི་ཕྱི་རོལ་ལྕགས་མཁར་བཅུ་གཉིས་ལ་འཆི་བདག་བཅུ་གཉིས། ཕོ་བྲང་གི་བར་ཁྱམས་སུ་ཕོ་གཤེད་མོ་གཤེད་ལ་སོགས་པ་བཀའ་སྡོད་ཀྱི་ཚོགས། སྒོ་བཞིར་སྒོ་སྲུང་བཞི། ཕྱི་རོལ་དུ་འོབས་སྲུང་བཅུ་དྲུག་སྟེ་འོབས་འདི་དག་འོག་གཞི་ལ་ཐུར་དུ་དོང་གྲུ་གསུམ་ཟུར་ཕྱིར་བསྟན་བྲུས་པ་ནང་ཁྲག་མཚོས་གང་བ་ལ་འོབས་སྲུང་གནས་སོ། །དེའི་ཕྱི་རོལ་དུ་དུར་ཁྲོད་བརྒྱད་དང་རྡོ་རྗེ་སྲུང་བའི་གུར་ཁང་དང་བཅས་པའོ། །དེ་ཡང་ཕོ་བྲང་གི་དབུས་སུ་ཀླུ་མཐོང་བའི་དུག་ཅན་སྦྲུལ་འབུམ། གཉན་རྭ་ཡི་དུག་ཅན་ལྕོང་མོ་ཁྲི། ས་བདག་མཆེ་བའི་དུག་ཅན་སྦལ་པ་ནག་པོ་སྟོང་སྟེ་དུག་གསུམ་རང་གནད་ཀྱི་ཁྲི། དྲེགས་པ་སྡེ་བརྒྱད་དང་བཅས་པའི་སྟེང་དུ་ཕྱོགས་སྐྱོང་བཅུ་མགོ་རང་གི་ཕྱོགས་སུ་བསྟན་ཅིང་རྐང་པ་དབུས་སུ་བསྣོལ་བ་དེའི་སྟེང་དུ་རུ་ཏྲ་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ་མ་ཧེ་བཞི་དང་གླང་རྒོད་བཞི་སྟེ་བརྒྱད་ཀྱིས་བརྫིས་པ། དེ་སྟེང་པདྨ་ཉི་མ་ཟླ་བའི་གདན་ལ་དཀྱིལ་འཁོར་གྱི་གཙོ་བོ་ཕྱག་རྒྱ་ཟིལ་གནོན་ཞལ་ཕྱག་རྒྱན་ཆས་སོགས་ལས་བྱང་ལྟར་བསྒོམ། སྤྱིར་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་བསྒྲུབ་བྱའི་ལྷ་ཐམས་ཅད་དེ་བཞིན་གཤེགས་པ་རིགས་དྲུག་ལ་འདུ། དེ་ཐམས་ཅད་ཡེ་ཤེས་གཅིག་གིས་ཁྱབ་པས་བཅོམ་ལྡན་འདས་འཇམ་དབྱངས་ནི་རིགས་ཀུན་གྱི་ཁྱབ་བདག་ཏུ་གསུངས་པ་བཞིན་འདིར་ཟིལ་གནོན་གཅིག་གི་སྐུ་ལ་རིགས་དྲུག་གི་དཀྱིལ་འཁོར་ཐམས་ཅད་རྫོགས་པར་གོ་ན་རུང་ངམ་སྙམ། དབུ་ལ་བདུད་སྲིན་བཙན་རྒྱལ་མུ་སྟེགས་ལྔའི་ཐོད་པ་སྐམ་པོ་ལྔས་བརྒྱན་པར་རིགས་ལྔའི་ཁྲག་འཐུང་ཡབ་ཡུམ་བཞུགས་པ། གཙོ་བོའི་ཐུགས་ཙིཏྟ་རིན་པོ་ཆེ་གུར་ཕུབ་པ་ལྟ་བུའི་ནང་དུ་ཉི་གདན་ལ་ཞེ་སྡང་མེ་ལོང་ཡེ་ཤེས་སུ་དག་པ་ཡ་མ་རཱ་ཛ་སྨུག་ནག་འཁོར་ལོ་ཙིཏྟ་བསྣམས་པ། ཡ་མའི་ཐུགས་ཀར་ཟླ་གདན་ལ་ང་རྒྱལ་མཉམ་ཉིད་ཡེ་ཤེས་སུ་དག་པ་ཕྱག་རྡོར་ལྗང་ནག་རྡོ་རྗེ་སྙིང་ཕྲེང་འདྲེན་པ། ཕྱག་རྡོར་ཐུགས་ཀར་པད་གདན་ལ་ཕྲག་དོག་བྱ་གྲུབ་ཡེ་ཤེས་སུ་དག་པ་འཇིགས་བྱེད་རུས་སྦལ་སེར་པོ་རྒྱབ་ལ་དུག་ཁྲག་གི་སྨེ་བའི་ཐིག་ལེ་དང༌། ཡན་ལག་དྲུག་ལ་མཆོད་རྟེན་དྲུག་བཀྲ་བ། བ་སྤུ་མཚོན་ཆ་དང་སྡེར་མོ་ལྕགས་ཀྱུ་གཟིངས་པ། ཉི་ཟླའི་སྤྱན་བགྲད་ནས་ཐུར་དུ་བལྟ་བ། ཐུགས་ཀར་འཁོར་འདས་ཀྱི་ཚེ་སྲོག་འཆང་བ། སྤྱི་བོར་འདོད་ཆགས་སོར་རྟོག་ཡེ་ཤེས་སུ་དག་པ་བྱ་ཁྱུང་དཀར་པོ་ཞེས་སྙིང་ཐིག་གི་དཔལ་ཆེན་འདུས་པའི་སྒོས་བཀའ་དང༌། ཕྱག་རྒྱ་རྒྱས་པའི་བསྐྱེད་ཆོག་གི་སྐབས་སུ་གསུངས་པ་དང༌། ཕྲག་གོང་གཉིས་སུ་ཁྱུང་སྨུག་ནག །སོག་ཁར་སྟག་མོ། ནུ་ཁར་སེང་གེ །སྟ་ཟུར་དུག་སྦྲུལ། སྤྱི་བོར་ཧཱུྃ་མཛད་དང༌། ལྟག་པར་རྣམ་རྒྱལ་ནས། མགྲིན་པ། དཔུང་གཡོན་འཁྱིལ་པ་ལྔ་མཐིང་ནག་ཞལ་ནང་བསྟན། བརླ་གཡས་པ་དབྱུག་སྔོན་ནས། གཡོན། ལྟེ་བ། དཔྱི་གཉིས་གསང་གནས་རྣམས་སུ་མཚམས་དང་འོག་གི་ཁྲོ་བོ་ལྔ་ལྗང་ནག་ཞལ་ཕྱིར་གཟིགས་ནས་ཕ་རོལ་གྱིས་བྱད་བཤིག་མཛད་པ་ཐམས་ཅད་འཁོར་ལོ་དང་སྡིགས་མཛུབ་དུར་ཁྲོད་ཀྱི་ཆས་ཅན། སྙིང་དབུས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་ཞི་ཆས་ཅན་འཁོར་ལོ་དང་པདྨ་བསྣམས་པས་སྒོ་གསུམ་བྱིན་གྱིས་བརླབས་པ། མགུལ་ནས་ཞབས་ཀྱི་ལོང་བུའི་བར་ཁྲོ་ཆུང་གིས་གཏམས་པ། གཙོ་བོའི་གཡས་ཀྱི་ཟླ་གམ་ལ་སྐུ་སྤྲུལ་འཆི་བདག་བྱེ་བ་དགུ་རིང༌། གཡོན་དུ་གསུང་སྤྲུལ་སྲོག་བདག་དམར་པོ། རྒྱབ་ཏུ་ཐུགས་སྤྲུལ་ཚེ་བདག་མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད། ཐོད་མཁར་བཞི་ལ་ཡ་མ་རཱ་ཛ། མྱོས་བྱེད་འབར་བ། ཨཱརྻ་མེ་རུ། རལ་པ་ཚར་དགུ། དེའི་ཕྱི་རྩིབས་བརྒྱད་ལ་ཕྱོགས་མཚམས་སུ་མོན་བདུད་བརྒྱད། ལྕགས་མཁར་བཅུ་གཉིས་ལ་བེ་བ་ས་ཏྭ་སོགས་འཆི་བདག་བཅུ་གཉིས་སྒོ་བཞིར་རྒྱལ་པོ་མགོན་པོ་བདུད་གནོད་སྦྱིན་བཞི་རྣམས་དང༌། དཀྱིལ་འཁོར་གྱི་ཁྱམས་དང་ཕྱི་རོལ་དུར་ཁྲོད་སོགས་ལ་གནས་པའི་ཕོ་གཤེད་མོ་གཤེད་ཤ་ཟ་ཀིང་ཀཾ་མ་མོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་བསྒོམ་པ་སྟེ། དེ་དག་ཀྱང་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ལས། རྒྱན་དང་སྤྲུལ་པའི་ལྷ་རྣམས་ཀུན༔ ཉི་མ་དང་ནི་འོད་ཟེར་བཞིན༔ མ་བསྐྱེད་རང་བྱུང་རོལ་པའི་རྩལ༔ འཁོར་འདས་ཡོངས་རྫོགས་ཆེན་པོར་གསལ༔ ཞེས་གསུངས་པས་གཙོ་འཁོར་ཐམས་ཅད་འཇམ་དཔལ་ཡེ་ཤེས་སེམས་དཔའ་གཅིག་གི་ཡོན་ཏན་དང་ཕྲིན་ལས་ཀྱི་རོལ་པ་ལས་མ་འདས་པའི་གནད་ཀྱིས་དག་པ་དྲན་པས་ཉི་མ་དང་འོད་ཟེར་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་རོལ་པ་ཡིན་པར་ཤེས་པས་ཆོ་ག་འདོན་ཚིག་གི་སྤྲོས་པ་དང་སེམས་འཛིན་མང་པོ་མ་བྱས་ཀྱང་རུང་ཞེས་རྗེ་བླ་མ་དྷརྨ་མ་ཏིའི་ཞལ་ཁྲིད་དུ་བསྩལ་བ་ལྟར་ཡིན་ཀྱང་གཙོ་འཁོར་གྱི་རྣམ་གྲངས། བཞུགས་ཚུལ་ཙམ་མ་ཤེས་ན་མོས་སྒོམ་ཙམ་ཡང་མི་ཤེས་པས་མདོ་ཙམ་བཀོད་པའོ། །གཉིས་པ་ལས་ཀྱི་ཡན་ལག་རྣམས་ཀྱི་དོན་ནི། དོན་དམ་བྱང་ཆུབ་སེམས་ཀྱི་རང་རྩལ་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་ཀུན་གདན་གསུམ་ཚང་བ་ལྷ་ཡི་འཁོར་ལོར་ཡེ་ནས་གནས་པ་ལྷག་པ་ཀུན་རྫོབ་ཀྱི་བདེན་པ་ཉིད་གནས་ལུགས་ཡང་དག་དང་མཐུན་པར་བསྒོམ་པ་ནི་དམ་ཚིག་སེམས་དཔའ་དང༌། དབྱིངས་ཡེ་དབྱེར་མེད་ཟག་མེད་འབྲས་ཆོས་ལྔ་དང་ཡེ་ནས་འདུ་འབྲལ་སྤང་བ་ལྷག་པ་དོན་དམ་གྱི་བདེན་པ་ཉིད་ཡེ་ཤེས་སྟོང་པའི་སྲོག་ཏུ་བཞུགས་པ་ནི་ཡེ་ཤེས་སེམས་དཔའ། དེ་ལྟ་བུའི་ལྷག་པའི་བདེན་པ་གཉིས་པོ་ཡང༌། སོ་སོ་མ་ཡིན་ཐ་མི་དད་པའི་རང་རིག་ཏིང་ངེ་འཛིན་གྱི་ངོ་བོར་སྣང་བ་ནི་ཏིང་འཛིན་སེམས་དཔའ་སྟེ། དེ་གསུམ་ཀའང་ཆོས་ཉིད་དེ་བཞིན་ཉིད་ཀྱི་ཀློང་དུ་དབྱེར་མེད་རོ་མཉམ་དུ་རྟོགས་པའི་བློ་ཆེན་རྣམས་ནི་དབང་བསྐུར་རྒྱས་གདབ་སོགས་ཀྱི་སྤྲོས་པ་མ་བྱས་ཀྱང་རུང་བ་ལ་དགོངས་ནས་སྙན་བརྒྱུད་ཀྱི་སྐོར་འདི་རྣམས་ཚིག་ཉུང་ངུ་ཤས་ཆེ་ཞིང༌། རྒྱུན་གྱི་རྣལ་འབྱོར་སོགས་ལ་ལས་རིམ་མེད་ཀྱང་སྐྱོན་དུ་མི་འགྱུར་ཡང༌། ལྷ་བདག་ཐ་དད་དུ་འཛིན་པའི་ཞེན་རྟོག་སྦྱང་ཕྱིར་དབང་སྐུར་རྒྱས་གདབ་སྤྱན་དྲངས་བཞུགས་བསྟིམ་ཕྱག་མཆོད་བསྟོད་པ་རྣམས་རྒྱས་བསྡུས་གང་རིགས་བྱས་བཟླས་པ་ལ་འཇུག་པའོ། །གཉིས་པ་མན་ངག་གི་ངེས་པ་ལ། རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པའོ། །དང་པོ་ནི། འདུལ་ཐབས་སྤྲུལ་པའི་འཁོར་ལོ་ནི༔ སྣང་བ་སྦྱོང་བྱེད་དབྱིབས་ཀྱི་ལམ༔ ཟིལ་གནོན་ཁྲག་འཐུང་ཕྱག་རྒྱར་བསྒོམ༔ ཞེས་པའི་དོན་སྤྱིར་བསྐྱེད་རིམ་ཞེས་པ། སྦྱང་བྱ་འཆི་བར་སྐྱེ་གསུམ་གྱི་བག་ཆགས་ཀྱི་འཁྲུལ་སྣང་སྦྱོང་ཞིང་དགྃ་པ། སྦྱངས་འབྲས་སྐུ་གསུམ་གྱི་ཡོན་ཏན་གཞི་ལ་རྫོགྃས་པར་བྱེད་ཅིང་ལམ་གོང་མའི་རྫོགས་རིམ་གྱི་སྨིནྃ་བྱེད་དུ་འགྱུར་ཚུལ་སོགས་ལ་གོ་མྱོང་ཅི་རིགས་དང་ལྡན་པས། སྦྱོང་བྱེད་རྒྱུ་ཏིང་འཛིན་གསུམ་གྱིས་ཁོག་ཕུབ་པ། རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྐྱེད་པ། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབས་པས་གཞིའི་འཁྲུལ་རྟོག་རང་མཚན་པ་རྣམ་པ་དེ་དང་མཐུན་པའི་ངོ་བོ་སངས་རྒྱས་ཀྱི་མཛད་པ་གཟུགས་སྐུ་སྣང་བའི་ཆ་དབྱིབས་དང་མཚན་མའི་ཚུལ་ལམ་དུ་བྱས་ནས་གྲོལ་ནུས་པ་གསང་སྔགས་ཀྱི་ཁྱད་ཆོས་ཏེ། སྟོང་དང་སྙིང་རྗེ་ཟུང་དུ་འཇུག་པའི་རིག་རྩལ་མ་འགག་ལྷ་སྐུ་ཕྱག་རྒྱའི་རྣམ་པ་གཙོ་འཁོར་ཞལ་ཕྱག་རྒྱན་ཆ་ལུགས་བཞུགས་ཚུལ་སོགས་ལྷ་ཁྲིད་ཀྱི་གཞུང་སྤྱི་ནས་གསུངས་པ་ལྟར་སྒོམ། དེ་དག་ཀྱང་སྣང་ལ་རང་བཞིན་མེད་པ། གསལ་ལ་རྟོག་པ་མེད་པ། བདེ་ལ་ཞེན་འཛིན་མེད་པ། ཆོས་སྐུའི་ངོ་བོ། ལོངས་སྐུའི་རྣམ་པ། སྤྲུལ་སྐུའི་ཕྲིན་ལས་དང་དབྱེར་མེད་པའི་བདག་ཉིད། ཟུང་འཇུག་ཆུ་ཟླའི་འཇའ་ཚོན་ལྟ་བུར་མ་འདྲེས་ཡོངས་རྫོགས་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་སྐུ་དེ་བཞིན་གཤེགས་པའི་རིགས་ཀུན་གྱི་ཁྱབ་བདག་ཏུ་བསྒོམ་པའི་གནད་དང་ལྡན་པར་བྱའོ། །གཉིས་པ་ནི། སྟོང་ཉིད་མ་སྐྱེས་རང་བཞིན་ལ༔ ཨེ་ཡིག་ལྷུན་གྲུབ་གཟུགས་སྐུ་བཞེངས༔ རྣམ་ཐར་དབུ་ལ་ཕར་ཕྱིན་ཕྱག༔ ཚད་མེད་ཞབས་ལྡན་འབྱུང་བ་ལྔ༔ འདུས་པའི་ཡེ་ཤེས་ཆེན་པོ་ཡི༔ འཁོར་འདས་ཐམས་ཅད་ཁྱབ་ཅིང་གནོན༔ གཞི་ལམ་འབྲས་གསུམ་རང་ལ་རྫོགས༔ དག་པ་དྲན་པ་གནད་ཀྱིས་གཟེར༔ ཞེས་པ་ལྟར་ཆོས་ཀུན་གྱི་གནས་ལུགས་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་ནི་དངོས་མེད་ཀུན་གྱི་མཐའ་ལས་འདས་པའི་བདེན་པ་དབྱེར་མེད་ཆོས་སྐུ་ཆེན་པོ་ལ་སྐྱེ་འགག་གནས་གསུམ་འཕོ་འགྱུར་བྲི་གང་དང་བྲལ་ཡང༌། ཆོས་ཉིད་དེའི་ངང་ནས་ཡུལ་བེམ་པོ། ཡུལ་ཅན་ཤེས་པ། འདུས་མ་བྱས་ཐམས་ཅད་སྣང་ཡང་དེ་དག་གང་གི་ཕྱོགས་སུ་མ་ལྷུང་བའི་དབྱིངས་ཡེ་གཉིས་མེད་ཀྱི་རང་གདངས་ལས་འཁོར་འདས་ཀྱི་སྣང་བ་སྣ་ཚོགས་སྐྱེ་འགག་གནས་པ་ལྟར་སྣང་བ་ནི་རྟེན་ནས་འབྱུང་བའི་ཚུལ་གྱིས་བསླུ་བ་མེད་པར་སྣང་ཞིང༌། སྣང་དུས་ཉིད་ནས་སྐྱེ་འགག་མེད་པའི་དབྱིངས་མཉམ་པ་ལས་ཅུང་ཟད་ཀྱང་གཞན་དུ་འགྱུར་བ་མེད་པ་རྣམ་པར་དག་པ་སྐུ་དང་ཡེ་ཤེས་ཀྱི་ཆོས་སུ་འགྱུར་བ་མེད་ཀྱང་སྣང་བ་མི་འགག་པ་དབྱིངས་ཀྱི་རོལ་པར་ཤར་བ་བརྡ་མཚོན་ཕྱིར། མཚན་བརྗོད་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཅེས་གསུངས་པ་ལྟར་ཨ་ཡིག་སྐྱེ་མེད་ཀྱི་གདངས་ཨེར་གྲུབ་པས་རོལ་པའི་འཆར་ཚུལ་མཚོན་པའི་སྒྲར་སྣང་བ་སྟེ་ཡི་གེ་འདི་གཉིས་ཀྱི་དབྱིབས་དང་གདངས་གཉིས་ཀས་ཆོས་ཀུན་གྱི་གནས་ལུགས་མཚོན་ཅིང་འཁོར་འདས་ཡོངས་ཀྱི་སྤྱི་སྲོག་གི་ས་བོན་ཀྱང་ཡིན། དྲག་པོའི་ཡི་གེར་ཡིན་ལ། གཞི་ལྟར་ན་སྟོང་པ་སྣང་བ་ཟུང་འཇུག་གསུམ། ལམ་ཏིང་འཛིན་གསུམ། འབྲས་བུ་སྐུ་གསུམ་ཐམས་ཅད་འདིས་མཚོན་པ་ལྟར་ཆོས་ཉིད་གཅིག་ལ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་རྫོགས་ཤིང་དེ་ལས་མི་འདའ། དེ་ལས་གཞན་དུ་འགྱུར་བ་རྡུལ་ཙམ་མེད་པས་ན། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་བ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཞེས་གསུངས་པ་དང༌། ཨེ་ཀ་ཞེས་གཅིག་གི་མིང་ཡིག་དང་པོ་ཡང་ཨེ་ཡིན་པའི་བརྗོད་བྱས་མཚོན་པ་ལྟར་དོན་དམ་གྱི་ཡིན་ལུགས་རྟོགས་མི་ནུས་པའི་གདུལ་བྱ་རྗེས་སུ་འཛིན་ཕྱིར་ཟག་མེད་འབྲས་བུའི་ཡོན་ཏན་བསམ་མི་ཁྱབ་པས་ཆོས་དབྱིངས་རྣམ་ཐར་སྒོ་གསུམ་ཁྱབ་པར་མཚོན་པའི་དབུ་གསུམ། ཕར་ཕྱིན་དྲུག་གི་རྫོགས་སྨིན་སྦྱངས་པ་མཐར་སོན་པས་ཕྱག་དྲུག །ཚད་མེད་བཞིས་འགྲོ་ཕན་ཕྲིན་ལས་མཐར་ཕྱིན་པས་ཞབས་བཞི། ཡེ་ཤེས་ཆེན་པོ་ལྔ་ཡི་ཁྱབ་བདག་ཏུ་གྱུར་པས་ཕྱི་ནང་གི་འབྱུང་བ་ལྔ་ཡི་དྭངས་མ་འདུས་པའི་མཁའ་ཁྱབ་ཡེ་ཤེས་རྡུལ་བྲལ་ནམ་མཁའ་ལྟ་བུའི་སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མེད་པ་དང་འཁོར་འདས་ཐམས་ཅད་ལ་སྐུ་གཅིག་གིས་ཁྱབ་ཅིང་དེ་ཐམས་ཅད་གང་གིའང་མཚན་ཉིད་དུ་མི་གནས་པས་བླ་རུ་འཕགས་ཤིང་ཟིལ་གྱིས་གནོན་པའི་ཁྲག་འཐུང་ཆེན་པོའི་དཀྱིལ་འཁོར་རྟེན་བརྟེན་པ་གཙོ་འཁོར་ཞལ་ཕྱག་རྒྱན་ཆས་སོགས་ཐ་མལ་རང་མཚན་ལས་ཉོན་སྡུག་བདེན་གྱི་རང་བཞིན་ཁ་མིག་རྣམ་པ་ཅན་དང༌། གཞིའི་ཕུང་ཁམས་མ་དག་རང་རྒྱུད་པ་ལ་དག་པ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་རྒྱས་འདེབས་པ་དང༌། གནས་སྣང་དག་པ་མ་ཡིན་པ་ལ་དག་པ་ཡིན་ནོ་སྙམ་པའི་དོན་མི་འགྱུར་གྱི་ང་རྒྱལ་གྱི་རྣམ་པ་ཙམ་མ་ཡིན་པར་འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་ལ་གཞི་ལམ་འབྲས་བུའི་ཡོན་ཏན་གྱི་ཆོས་ཐམས་ཅད་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གདོད་ནས་འདུ་འབྲལ་སྤང་བ་ཉིད་རྟགས་ཀྱི་ཕྱག་རྒྱ་དེ་དང་དེར་ཤར་བར་ཤེས་པ་ནི་རྣམ་དག་དྲན་པའི་མཆོག་སྟེ། དེ་ལྟ་བུའི་གསལ་དག་བརྟན་གསུམ་ཚང་བའི་ལྷའི་སྐུ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པས་སྔགས་ཀྱི་ཞི་གནས་སྒྲུབ་པ་ཏིང་འཛིན་ལྷྃ་ཡིྃ་གཟེྃར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་རྣམ་པ་ཐམས་ཅད་པ་འཆར་བས་ལས་དང་དངོས་གྲུབ་ཐོགས་མེད་དུ་སྒྲུབ་པའི་མཐུ་བསམ་གྱིས་མི་ཁྱབ་པ་ལ་ཡིད་ཆེས་པས་སེམས་དཔའ་སུམ་བརྩེགས་ཀྱི་སྔགས་ཕྲེང་དང་བཅས་པ་ལ་དམིགས་པ་གཏད་པས་ཡིད་རླུང་ངག་བཟླས་སོགས་བྱ་བ་སྙིང་པོ་སྔགྃས་ཀྱིྃ་གཟེྃར། དོན་གྱི་སེམས་སྟོང་དང་སྙིང་རྗེ་ཟུང་འཇུག་གི་རང་རྩལ་སྟངས་ཀྱི་སེམས་ཞི་བ་དང་སྤྲོ་བ་ཆགས་པ་ཁྲོས་པའི་ལས་བཞི་སོ་སོ་དང་མཐུན་པའི་ལྷ་སྔགས་འོད་ཟེར་སྤྲོ་བསྡུས་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་ཤེས་པས་ལས་བཞི་རབ་འབྱམས་གང་འདོད་དུ་དམིགས་པའི་མདེའུ་ཁ་བསྒྱུར་ནས་སྒྲུབ་པ་འཕྲོ་འདུ་ཕྲིནྃ་ལསྃ་ཀྱིྃ་གཟེྃར། བསྐྱེད་བཟླས་རྫོགས་གསུམ་ཐམས་ཅད་འདུས་བྱས་བློས་སྤྲུལ་གྱི་བཀོད་པ་མ་ཡིན་པར་དོན་དམ་ཆོས་ཉིད་དག་མཉམ་ཆེན་པོའི་རང་རྩལ་སྣང་སྲིད་གཞིར་བཞེངས་རང་བྱུང་གི་དཀྱིལ་འཁོར་ཆེན་པོར་གནས་པ་ལ་བདག་གཞན། དམ་ཡེ། བསྒྲུབ་བྱ་སྒྲུབ་བྱེད། དག་མ་དག་གི་གཉིས་ཆོས་མཚན་མ་རྡུལ་ཙམ་མ་གྲུབ་པ་གཉིས་མེད་མཉམ་པའི་ཀློང་དུ་འཁོར་འདས་ཡེ་སངས་རྒྱས་པར་ལྟ་བས་ཐག་བཅད་ནས་གོམས་འདྲིས་བྱེད་པ་དགོངས་པ་མིྃ་འགྱུྃར་བའི་གནྃད་ཀྱིྃགཟེྃར་བཞིས་ཟིན་ན་རང་གི་ལུས་ངག་ཡིད་གསུམ་དང་ལྷའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་ཤེས་པས་བསྐྱེད་རྫོགས་ཟུང་འཇུག་གི་མཆོག་གི་དངོས་གྲུབ་ཀྱི་ཉེ་རྒྱུ་བླ་ན་མེད་པའོ། །གསུམ་པ་ནི། ཡུལ་གསུམ་གསལ་བར་གྱུར་པ་དང༔ ཞེས་པ་ལྟར་སྣང་ཆ་འཇམ་དཔལ་དྲག་པོའི་དཀྱིལ་འཁོར་ཡོངས་རྫོགས་དང་ཁྱད་པར་གཙོ་བོ་ཡབ་ཡུམ་གྱི་སྐུ་ཞལ་ཕྱག་རྒྱན་སྤྲུལ་གོ་ཆའི་ལྷ་སོགས་མ་འདྲེས་འཇའ་ཚོན་ལྟར་གསལ་ཡང་གདོད་མའི་གཤིས་ལུགས་ཀ་དག་སྤྲོས་བྲལ་ཆེན་པོ་འཆིང་གྲོལ་ལས་འདས་པ་རང་རིག་ཀུན་བཟང་འཇམ་དཔལ་དབྱངས་ཉིད་རང་བྱུང་གདོད་མའི་མགོན་པོ་ཁྱབ་བདག་བདེ་བ་ཆེན་པོ་ཡེ་ནས་གནས་པ་ལ། དེ་ལྟར་ཡིན་པའི་ངེས་ཤེས་ཟབ་མོ་ཐ་མལ་རྐྱེན་གྱིས་མི་འཕྲོག་པ་རྡོ་རྗེ་ལྟར་བརྟན་པ་ནི་ང་རྒྱལ་བརྟན་པ་སྟེ། ཚུལ་དེ་དག་ལ་གོམས་པས་ཉམས་ལྔ་རིམ་གྱིས་མཐར་སོན་ཏེ་ཏིང་འཛིན་གྱི་གཟེར་ཁོ་ན་ལ་བརྟེན་ནས་ཀྱང༌། ཡུལ་གསུམ་གྱད་དུ་གྱུར་ཏེ་ལུས་ཐ་མལ་གྱི་མངོན་ཞེན་ལྷའི་སྐུར་རྫོགས་པར་འགྱུར་ཏེ། དང་པོ་ལྷ་སྐུ་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པ་གསལ་ལ་མ་འདྲེས་པ་མེ་ལོང་གི་གཟུགས་བརྙན་ལྟར་ཡིད་ཀྱི་ཡུལ་དུ་འཆར་བའི་གསལ་སྣང་རྫོགས། གཉིས་པ་སེམས་ཤིན་ཏུ་སྦྱངས་བའི་མཐུ་ལས་ཡིད་དཔྱོད་མ་ཡིན་པ་མིག་ལ་སོགས་དབང་པོའི་སྤྱོད་ཡུལ་དུ་ལྷའི་ཕྱག་རྒྱ་མངོན་སུམ་ཤར། གསུམ་པ་སེམས་ཀྱིས་ལུས་འབྱོངས་ཏེ་ལྷ་ཉིད་རེག་པ་ལུས་ཀྱི་ཡུལ་དུ་གསལ་བས་ལུས་ཤིན་སྦྱངས་ཐོབ་པའི་ལྟས་གཞན་གྱི་སྣང་བ་ཟིལ་གྱིས་གནོན་ཅིང་རང་དབང་དུ་བསྒྱུར་བ་དང༌། ལས་དང་དངོས་གྲུབ་ཐོགས་མེད་དུ་སྒྲུབ་ནུས་པ་སོགས་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་ཆེན་པོ་ཅིར་ཡང་འཆར་ནུས་པ་འབྱུང་ངོ༌། །གཉིས་པ་གསུང་བཟླས་པ་སྔགས་ཀྱི་བོགས་འབྱིན་ནི། ཞེན་པ་སྦྱོང་བྱེད་སྔགས་ཀྱི་ཐབས༔ རླུང་ལམ་རྡོ་རྗེའི་བཟླས་པ་སྦྱར༔ ཞེས་པ་སྟེ་འདི་ལ་རགས་པ་ངག་བཟླས་དང༌། ཕྲ་བ་རྡོར་བཟླས་གཉིས་ལས། དང་པོ་ལའང་ཞི་བར་བསྙེན་པ་དང༌། ཁྲོ་བོར་སྒྲུབ་པ་གཉིས་སུ་གསུངས་པའི་སྔགས་ནི། ལྷ་སྐུའི་ཏིང་འཛིན་བརྟན་པ་ན༔ ཐུགས་ཀར་འཇམ་དཔལ་ཡེ་ཤེས་སེམས༔ ཞི་བར་བསྙེན་པ་འབུམ་ཕྲག་དྲུག༔ བཟླས་ཏེ་ཞེས་པས། སྤྱིར་ཡི་དམ་ཁྲོ་བོའི་རིགས་གང་ལ་ཡང་ཞི་བར་བསྙེན་པ་སྔོན་དུ་སོང་ན་བར་ཆད་མེད་པ་དགེ་ཞིང་ཤིས་པར་གསུངས་པས་ཐོག་མར་ཞི་བསྙེན་དང༌། དེ་ནས་ཁྲོ་བོའི་སྒྲུབ་ཚུལ་སོ་སོར་མཛད་པ་ཡང་ཡོད་མོད། འདིར་ཕྲིན་ལས་གཅིག་གི་ཁོངས་སུ་ཞི་ཁྲོ་གཉིས་བསྙེན་སྒྲུབ་ཀྱི་ཚུལ་དུ་གསུངས་པས་དོན་དུ་ཞི་ཁྲོ་སྦྲགས་སྒྲུབ་བྱ་སླ་ལ་ཤིན་ཏུ་ཟབ་པ་སྟེ། སྤྱིར་ཡུལ་གཉན་པོ་ལ་འདྲིས་གདགས་པ་ལྟ་བུ་བསྙེན་པ། རང་ཉིད་གོང་མ་དེའི་ལས་དང་བྱ་བ་བྱེད་པ་ལ་དབང་བ་སྒྲུབ་པ། གཞན་དག་ལ་ཕན་འདོད་དང་གནོད་བྱེད་ནུས་པ་ལས་སྦྱོར་དང༌། དེ་ལས་ཞིབ་ཏུ་དབྱེ་ན་བསྙེན་སྒྲུབ་ཡན་ལག་བཞིའི་རྣམ་དབྱེ་སོགས་གསུངས་མོད་དངོས་དོན་ཞི་བའི་བསྙེན་དམིགས་ནི། བསྐྱེད་རིམ་གྱི་ཏིང་འཛིན་གྱིས་དུབ་པའམ། དངོས་གྲུབ་ཀྱི་གནས་ལ་ཡང་ཡང་བསྐུལ་བའི་བོགས་འབྱིན་པའི་སླད་དུ་བཟླས་པ་ལ་འཇུག་དགོས་པས་འཇམ་དཔལ་ཁྲོ་བོ་རོལ་པ་སྐུ་འབར་ཁྲོ་རྔམས་པའི་ཆ་བྱད་ཀྱིས་བདུད་སྲིན་མ་རུངས་བའི་བསམ་སྦྱོར་ཅན་གྱི་གདུལ་དཀའི་གཤེད་དུ་སྟོན་ཀྱང་ཐུགས་ཞི་བ་ཡེ་ཤེས་ཀྱི་དབྱིངས་ལས་མི་གཡོ་བ་མཚོན་ཕྱིར་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཞི་བ་སྒོམ་པ་སྟེ། ཟིལ་གནོན་གྱི་ཐུགས་ཀར་ཡ་མ་རཱ་ཛ་སོགས་ཀུན་གྱི་ཐུགས་ཀའི་སྦུབས་སུ་སྣོད་ལ་སྣོད་བཅུག་པ་ལྟ་བུའི་ཡངས་དོག་དང་གུ་དོགས་སུ་མི་བྱ། ཡ་མ་རཱ་ཛ་སོགས་ཐུགས་ཀྱི་ལྷ་རྣམས་འཇམ་དཔལ་ཞི་བར་གནས་བསྒྱུར་སོགས་ཨ་འཐས་ཀྱི་བསམ་བློ་མི་བྱ་བར་བཟླས་པའི་སྐབས་གཙོ་བོ་ཡེ་ཤེས་སེམས་དཔའ་ལ་དམིགས་པ་གཏོད་པར་གསུངས་པས་འཇམ་དཔལ་ཞི་བའི་ཐུགས་ཙིཏྟ་རིན་པོ་ཆེའི་གུར་ཁང་དྭངས་གསལ་འོད་ཀྱི་གོང་བུའི་ནང་དུ་ཉི་དཀྱིལ་ལ་ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་མཐིང་ནག་སྟོན་ཀའི་ནམ་མཁའ་དྭངས་པ་ལྟ་བུ་འོད་ཟེར་ཁ་དོག་ལྔ་འཕྲོ་བའི་རྩེ་མོའི་ནཱ་ད་ལས་རྣམ་པ་རྡོ་རྗེའི་སྲོག་སྔགས་ཡི་གེ་དྲུག་པ་ངོ་བོ་རིགས་དྲུག་ཡེ་ཤེས་ཀྱི་ཕྱག་རྒྱ་གློག་གི་ཕྲེང་བ་ལྟ་བུ་འཕྲོས། ཡེ་ཤེས་སེམས་དཔའ་དང་ཟིལ་གནོན་གྱི་ཞལ་ལས་མཁའ་ཁྱབ་ཏུ་འཕྲོས། ཕྱོགས་དུས་དག་པའི་ཞིང་རབ་འབྱམས་སུ་འཕྲོས། ཐམས་ཅད་ལ་སྐུ་གསུང་ཐུགས་མཉེས་པའི་མཆོད་སྤྲིན་ཕུལ་བས་དགྱེས་མཉེས་ཚིམས་ཏེ་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཀུན་བསྡུས་ནས་ཐུགས་སྲོག་ཧཱུྃ་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་ཆེས་ཆེར་གསལ་ཞིང་འབར་བའི་འོད་ཟེར་གྱིས་ལྷ་དང་གཞལ་ཡས་ཐམས་ཅད་མུན་ཁང་དུ་སྒྲོན་མེ་བཏེགས་པ་བཞིན་ལྷག་པར་གསལ་བར་བྱས་པའི་འོད་ཟེར་མཁའ་ཁྱབ་དུ་བརྡལ་བས་ཡིད་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་ལྷག་མེད་དུ་བཅོམ། སྣོད་བཅུད་ཐམས་ཅད་འཇམ་དཔལ་ཡེ་ཤེས་སེམས་དཔའི་ལྷ་སྔགས་ཡེ་ཤེས་དབྱེར་མེད་ཀྱི་བཀོད་པ་འབྱམས་ཀླས་སུ་སད་པས་མཆོག་ཐུན་གྱི་ཕྲིན་ལས་རབ་འབྱམས་ཐོགས་པ་མེད་པ་རྡོ་རྗེའི་སྟོབས་དང་ལྡན་པའི་ལྟ་གདིང་གིས་ཟིན་པ་གལ་ཆེའོ། །ཞི་བསྙེན་འདི་ཉིད་འཇམ་དཔལ་གསུང་རྡོ་རྗེ་ངག་གི་དབང་ཕྱུག་གི་བསྙེན་སྔགས་ཏེ་འདི་ཁོ་ནས་ཀྱང་དངོས་གྲུབ་མཐའ་དག་སྒྲུབ་ནུས་པའི་ཕན་ཡོན་ཚད་མེད་པ་མདོ་རྒྱུད་དུ་མ་ནས་རྒྱས་པར་གསུངས་སོ། །གཉིས་པ་ནི། ཁྲོ་བོར་སྒྲུབ་པ་ནི། ཧཱུྃ་མཐར་རྡོ་རྗེའི་སྔགས་ཕྲེང་ལས་སོགས་ནས་ས་མ་ཡ༔ ཞེས་པ་སྟེ་སྔར་ཞི་བའི་བསྙེན་པ་ལྷ་དང་ཐུགས་ཉེ་བའི་དབང་གིས་དོན་གཉིས་སྒྲུབ་པ་ཁྲོ་བོའི་བསྙེན་བཟླས་ཀྱི་དམིགས་པ་ནི། རང་ཉིད་འཇམ་དཔལ་དྲག་པོའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཞི་བའི་ཐུགས་སྲོག་ཧཱུྃ་གི་མཐར་དྲག་པོའི་སྔགས་ཕྲེང་འཇམ་དཔལ་ཕྱག་རྒྱ་ཟིལ་གནོན་གྱི་སྐུ། གསུང་རྡོ་རྗེ་སྔགས་ཕྲེང་གི་རྣམ་པ། ཐུགས་ཡེ་ཤེས་ཀྱི་བྱིན་རླབས་རྡོ་རྗེ། འཁོར་ལོ། རལ་གྲི། བེ་ཅོན། གཏུན་ཤིང་ལ་སོགས་པའི་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་འབར་བའི་མེ་མཚོན་གྱི་ཟེགས་མ་འཕྲོ་བཞིན་པ་མཁའ་ཁྱབ་ཏུ་སྤྲོས་པའི་འོད་ཀྱིས་མ་དག་པའི་སྣོད་བཅུད་ཐམས་ཅད་སྦྱངས། སྣོད་གཞལ་ཡས་ཁང་དང་བཅུད་ཕྱག་རྒྱ་ཟིལ་གནོན་གྱི་དཀྱིལ་འཁོར་ལྷའི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེ་གཉིས་སུ་མེད་པའི་སྣང་གྲགས་རིག་པའི་ཆོས་ཐམས་ཅད་དག་ཆེན་ཡེ་ཤེས་ཀྱི་འཁོར་ལོར་སད། གཙོ་འཁོར་ཐམས་ཅད་ཀྱིས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་སྒྲོགས་པས། རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་དྭངས་མ་ཐམས་ཅད་ཐིམ་པས་གཟི་བརྗིད་དཔལ་དུ་འབར་བར་བསམ། དམིགས་པ་དེ་དག་གང་བྱས་ཀྱང་དཔལ་ཆེན་པོའི་བདེ་སྟོང་རང་བྱུང་གི་ཡེ་ཤེས་ཀྱི་རྩལ་ལས་ཤར་ཞིང་དེའི་ངང་དུ་མཐར་ཕྱིན་པས་ན་མཆོག་ཐུན་གྱི་དངོས་གྲུབ་ཕྲིན་ལས་རབ་འབྱམས་ལ་ཐོགས་པ་མེད་པའི་རྡོ་རྗེའི་སྟོབས་དང་ལྡན་པའི་གདིང་གིས་ཟིན་པར་གཅེས་སོ། །སྤྱིར་འཇམ་དཔལ་གཤིན་རྗེ་ལ། སྤྱི་བསྙེན་ཨ་ཀྲོ་འབྲུ་བཅུ་བདུན་པ། ཕྱི་སྐོར་སྐུ་ཡི་དྲག་སྔགས་འབྲུ་བཅུ་གཉིས། ནང་སྐོར་གསུང་གི་དྲག་སྔགས་སྲོག་དམར་ལེན་འབྲུ་བརྒྱད། གསང་སྐོར་ཐུགས་ཀྱི་དྲག་སྔགས་འབྲུ་བཞི། ཡང་གསང་ཨེ་རིང་འཇམ་དཔལ་ཞི་ཁྲོའི་ལྷ་རྒྱུད་ཡོངས་སུ་རྫོགས་པའི་དྲག་སྔགས་རྣམས་སུ་ཡོད་པ་ལས། སྐབས་འདིར་སྐུ་ཡི་སྔགས་ཞལ་གྱི་དམོད་པ་དྲག་པོ་མངོན་དུ་བྱུང་བ། གསང་ཆེན་རིགས་གཅིག་ཏུ་དྲིལ་བའི་སྔགས་ཐམས་ཅད་ཀྱི་རྩ་བ་ཀུན་གྱི་མགོ་བགྲང་དགོས་པར་གསུངས་པ་སྟེ། ཇི་སྐད་དུ། ཀུན་ཀྱང་ཆོས་ཉིད་མ་བཅོས་པའི། །མ་འགགས་རང་སྣང་རོལ་པའི་རྩལ། །ཆོས་ཀུན་སྙིང་པོར་གྱུར་པ་ཡི། །འཇམ་དཔལ་གཞོན་ནུ་ཡིན་པར་བཤད། ཅེས་གསུངས་པ་ལྟར་དང་པོའི་དུས་སུ་བསྒྲུབ་བྱའི་ལྷ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་རྡོ་རྗེའི་རིགས་སྔགས་གྲུབ་པ་བཞི་ལྡན་གྱི་རྣམ་པར་བཞེངས་པ་ཉིད་དད་མོས་ཏིང་འཛིན་རྩེ་གཅིག་པས་བཟླས་པའི་མཐུས་ནམ་ཞིག་སྔགས་ཉིད་ལྷ་ཡི་ཚུལ་དུ་གནས་གྱུར་ནས་མཆོག་ཐུན་གྱི་དངོས་གྲུབ་མཐའ་དག་སྟེར་བའི་གནད་ཤེས་པ་གལ་ཆེ་བས་ལྷ་སྔགས་གཉིས་སུ་མི་ཕྱེད་པར་གསུངས། གཉིས་པ་ཕྲ་བ་རྡོར་བཟླས་ནི། ཞེན་པ་སྦྱོང་བྱེད་སྔགས་ཀྱི་ཐབས༔ རླུང་ལམ་རྡོ་རྗེའི་བཟླས་པ་སྦྱང༔ ཞེས་པ་སྟེ། ལུས་ངག་ཡིད་གསུམ་ཐ་མལ་དུ་ཤར་བའི་འཁྲུལ་སྣང་གི་ཞེན་པ་སྦྱོང་བའི་ཕྱིར་དག་པ་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པའི་གཉིས་མེད་མཉམ་པ་ཉིད་རྡོ་རྗེའི་དབྱིངས་སུ་སྦྱང་བའི་ཕྱིར་རླུང་གི་རྒྱུ་བ་དབུ་མར་ཞུགས་གནས་ཐིམ་གསུམ་དུ་རྫོགས་པའི་ཐབས་ཟབ་མོ་རྡོ་རྗེའི་བཟླས་པ་ལམ་དུ་བྱ་སྟེ། རང་འཇམ་དཔལ་གཤིན་རྗེའི་ཐུགས་སྲོག་ཡེ་ཤེས་སེམས་དཔའི་ཐུགས་ཀར་ཙིཏྟ་གུར་ཁང་དུ་དབུས་ཧཱུྃ་ཡིག་བཅས་གསལ་བཏབ། རླུང་རོ་དགུ་ཕྲུག་གམ་སུམ་ཕྲུག་ཏུ་བསལ་ནས། རླུང་ཕྱིར་ཕྱུང་བ་དང་སྦྲགས་ཐུགས་སྲོག་ཧཱུྃ་ལས་ཞི་ཁྲོ་གང་འདོད་སྔགས་ཀྱི་ཕྲེང་བ་བར་མ་ཆད་པ་རྒྱུ་སྐར་བཞིན་དུ་བྱུང༌། སྣ་བུག་གཡས་ནས་ཕྱིར་ཐོན་མདུན་གྱི་བར་སྣང་དུ་སོང༌། རླུང་ནང་དུ་འཇུག་པ་ན་སྔགས་ཕྲེང་སྣ་བུག་གཡོན་ནས་ལུས་ནང་ཞུགས་ཏེ་ཐུགས་སྲོག་ཧཱུྃ་ལ་ཐིམ། སྔགས་ཕྲེང་བར་མ་ཆད་པར་འཁོར་བའི་འོད་ཟེར་གྱིས་དོན་གཉིས་སྒྲུབ་ཅིང༌། ཁྱད་པར་སངས་རྒྱས་བྱང་ཆུབ་སེམས་དཔའ་ཉན་རང་སོ་སྐྱེ་རྣམས་ཀྱི་གཟུངས་སྤོབས་བློ་གྲོས་མཁྱེན་གཉིས་ཡེ་ཤེས་ཀྱི་སྣང་བ་ཐམས་ཅད་དང་བརྟན་གཡོའི་དྭངས་བཅུད་མ་ལུས་པ་བསྡུས་ཏེ་སྙིང་གའི་ཐུགས་སྲོག་ལ་ཐིམ་པར་མོས་ལ་རླུང་རིག་བསྲེས་ཏེ་བུམ་ཅན་བཟུང༌། སྔགས་ཀྱི་སྒྲ་དང་འོད་ཟེར་ཞི་ཁྲོ་གང་འདོད་པ་ལྟར་སྦྱར་ཞིང་སྣོད་བཅུད་བདེ་སྟོང་ཡེ་ཤེས་ཀྱི་རོལ་པ་སྒྱུ་མ་དང་ཆུ་ཟླ་ལྟ་བུའི་དམིགས་པ་རྩེ་གཅིག་དང་སྦྲགས་རླུང་ཁུག་བརྒྱ་དང་བདུན་ཅུ་སོགས་གང་འདོད་བཟུང་བས་ཇི་ལྟར་འདོད་པའི་དངོས་གྲུབ་ཐོབ་པའི་ཐབས་ཟབ་མོ་སྟེ། སྤྱིར་རླུང་འབྱུང་འཇུག་གནས་གསུམ་འབྲུ་གསུམ་རྡོ་རྗེའི་བཟླས་པ་ལྟར་བྱ་བ་ཀུན་ལ་གྲགས་མོད་འདི་ནི་ཀུན་མཁྱེན་བླ་མ་ཟིལ་གནོན་དགྱེས་པའི་མན་ངག་ལྟར་སྦྱར་བ་ལེགས་སྙམ་བྲིས་པའོ། །གཉིས་པ་གསང་དབང་ལམ་བྱེད་སྔགས་ཀྱི་ཐབས་ལ་བརྟེན་ནས་ཀུན་བརྟགས་ཀྱི་ཞེན་པ་སྦྱངས་བའི་ལམ་ནི། རྩོམ་འཕྲོས་ལུས་པ་ལགས།}} | |||
</onlyinclude> | </onlyinclude> | ||
{{TsagliCall}} | {{TsagliCall}} |
Revision as of 11:32, 6 December 2022
🚧 This website is under continued development. We appreciate your patience!
Wylie title | ' | |
---|---|---|
Location | dil mgo mkhyen brtse bka' 'bum Volume 14, Text 5, Pages (Folios 1a to ) | |
Author | དིལ་མགོ་མཁྱེན་བརྩེ་བཀྲ་ཤིས་དཔལ་འབྱོར་ | |
Less details More details | ||
Tertön | འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po) | |
Associated People | འཇམ་དཔལ་བཤེས་གཉེན་ (Mañjuśrīmitra) | |
Citation | Khyentse, Dilgo. '. In Skyabs rje dil mgo mkhyen brtse rin po che'i bka' 'bum, Vol. 14: . Delhi: Shechen Publications, 1994. | |
Genre | Detailed Explanation - rnam bshad | |
Cycle | འཇམ་དཔལ་གཤིན་རྗེའི་ཐུགས་ཏིག་ ('jam dpal gshin rje'i thugs tig) | |
Deity | 'jam dpal gshin rje |