JKCL-KABUM-08-NYA-010: Difference between revisions

From Khyentse Lineage - A Tsadra Foundation Project
JKCL-KABUM-08-NYA-010
(Created page with "{{Khyentse Metadata |classification=Tibetan Publications |subclass=Tibetan Texts |collectiontitle=chos kyi blo gros bka' 'bum |collectiontitletib=ཆོས་ཀྱི་བ...")
 
No edit summary
Line 2: Line 2:
|classification=Tibetan Publications
|classification=Tibetan Publications
|subclass=Tibetan Texts
|subclass=Tibetan Texts
|citation=[['jam dbyangs mkhyen brtse chos kyi blo gros]]. ''''. In ''Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum'', Vol. 8: . Bir, H.P.: Khyentse Labrang, 2012.
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|collectiontitle=chos kyi blo gros bka' 'bum
|collectiontitle=chos kyi blo gros bka' 'bum
|collectiontitletib=ཆོས་ཀྱི་བློ་གྲོས་བཀའ་འབུམ་
|totalvolumes=12
|author='jam dbyangs mkhyen brtse chos kyi blo gros
|author='jam dbyangs mkhyen brtse chos kyi blo gros
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|authortib=འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
|tibgenre=Notes - zin bris
|terma=No
|jkcloutline=Eight
|language=Tibetan
|language=Tibetan
|pagestatus=Temporary stub only
|volumenumber=008
|volumenumber=NYA
|volnumtib=
|volyigtib=ཉ་
|totalvolumes=12
|beginfolioline=1a1
|textnuminvol=010
|textnuminvol=010
|pdflink=File:JKCL-KABUM-08-NYA-010.pdf
|pdflink=File:JKCL-KABUM-08-NYA-010.pdf

Revision as of 15:19, 15 December 2021

Wylie title JKCL-KABUM-08-NYA-010.pdf
Location chos kyi blo gros bka' 'bum
Volume 8, Text 10, Pages (Folios 1a1 to )
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. '. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: . Bir, H.P.: Khyentse Labrang, 2012.
Genre Notes - zin bris

21 Texts in this Section (sde tshan or chos tshan)

11
257-258
ཀླུ་ལྡིང་ཞབས་དྲུང་ལ་གནང་བའི་ཞལ་གདམས།
klu lding zhabs drung la gnang ba'i zhal gdams
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
9
249-252
གདམས་ངག་གནད་དྲིལ་སོགས་རིགས་ལྡན་གྱི་དགེ་མ་པད་ལུ་ལ་གནང་བ།
gdams ngag gnad dril sogs rigs ldan gyi dge ma pad lu la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
7
247-248
གདམས་ངག་དམར་ཁྲིད་ནི་བླ་མ་གོང་མའི་གསུང་ལས་སོགས།
gdams ngag dmar khrid ni bla ma gong ma'i gsung las sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
17
269-271
ཆབ་གཙང་རྗེ་བཙུན་སྐུ་ཞབས་ལ་གདམས་པ་དད་པའི་ས་བོན།
chab gtsang rje btsun sku zhabs la gdams pa dad pa'i sa bon
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
13
259-260
ཐོས་པས་བློ་གྲོས་རབ་ཏུ་རྒྱས་པ་ལས་སོགས་རབ་བརྟན་དགོན་གྱི་མཁན་པོ་ཤེས་རབ་འབྱུང་གནས་ལ་གནང་བ།
thos pas blo gros rab tu rgyas pa las sogs rab brtan dgon gyi mkhan po shes rab 'byung gnas la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
8
248-249
དཔལ་ལྡན་བླ་མའི་ཞབས་པདྨོར་སོགས་ནུབ་བླ་ཀུན་བཟང་ཆོས་འཕེལ་ལ་གནང་བ།
dpal ldan bla ma'i zhabs pad+mor sogs nub bla kun bzang chos 'phel la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
20
283-284
ཕ་བླ་མའི་ཞབས་ལ་སོགས།
pha bla ma'i zhabs la sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
12
258-259
བླ་མའི་ཞབས་ལ་ཕྱག་བཙལ་ནས་སོགས།
bla ma'i zhabs la phyag btsal nas sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
1
238-240
བླ་མའི་ཞབས་ལ་སོགས་གཞི་ཆེན་རྒྱལ་སྲས་ཀུན་ཉི་ལ་གནང་བ།
bla ma'i zhabs la sogs gzhi chen rgyal sras kun nyi la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
2
240-243
ཞལ་གདམས་དགོས་གསུངས་པ་སོགས་རྒ་རྗེ་ཁམས་དབུས་སྤྲུལ་སྐུ་ལ་གནང་བ།
zhal gdams dgos gsungs pa sogs rga rje khams dbus sprul sku la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
10
252-257
ཞལ་གདམས་ཕན་བདེའི་འཁྲི་ཤིང་ཞེས་བྱ་བ་སོགས་གཡག་ཟེ་ཚེ་དབང་འགྱུར་མེད་ལ་གནང་བ།
zhal gdams phan bde'i 'khri shing zhes bya ba sogs g.yag ze tshe dbang 'gyur med la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
14
260-263
ཞལ་གདམས་བསིལ་སྦྱིན་བདུད་རྩི་ཞེས་བྱ་བ་རྫོགས་ཆེན་དྲུག་པ་རིན་པོ་ཆེའི་གསོལ་དཔོན་པད་རབ་བུ་དགེ་ཆུང་རྒྱལ་ལ་གནང་བ།
zhal gdams bsil sbyin bdud rtsi zhes bya ba rdzogs chen drug pa rin po che'i gsol dpon pad rab bu dge chung rgyal la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
18
271-272
ཞལ་གདམས་མུ་ཏིག་ཕྲེང་བ།
zhal gdams mu tig phreng ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
237-284
ཞལ་གདམས་སྐོར་ཕྱོགས་བསྡུས།
zhal gdams skor phyogs bsdus
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
19
272-283
རང་གཞན་ལ་གདམས་པ་ཕན་བདེའི་འཁྲི་ཤིང་།
rang gzhan la gdams pa phan bde'i 'khri shing
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
15
263-267
རང་གི་སློབ་བུ་མཆོག་གསུམ་སྐྱབས་ལ་སྤྲིང་ཡིག།
rang gi slob bu mchog gsum skyabs la spring yig
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
16
267-269
རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ་ཞེས་ལ་དཀར་ཨ་ནེ་སྐལ་ཆོས་ལ་ཆོས་ཀྱི་བློ་གྲོས་པས་གདམས་པ།
rje bla ma rnams la phyag 'tshal lo zhes la dkar a ne skal chos la chos kyi blo gros pas gdams pa
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
3
243
རྗེ་བླ་མའི་ཞབས་ལ་ཕྱག་འཚལ་ལ་སོགས་དཔག་བསམ་རྒྱ་མཚོའི་ངོར་གསུངས་པ།
rje bla ma'i zhabs la phyag 'tshal la sogs dpag bsam rgya mtsho'i ngor gsungs pa
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
5
245-246
སེམས་ཞེས་བྱ་བ་མི་དྲན་དགུ་དྲན་བྱེད་མཁན་འདི་ཡིན་སོགས།
sems zhes bya ba mi dran dgu dran byed mkhan 'di yin sogs
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
6
246-247
ཨ་ཧོ་ཡེ། ཀ་དག་གི་གནས་ལུགས་བསམ་བརྗོད་བྲལ་སོགས་དད་ལྡན་གྱི་སློབ་མ་ཨོ་བསམ་ལ་གནང་བ།
a ho ye/ ka dag gi gnas lugs bsam brjod bral sogs dad ldan gyi slob ma o bsam la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
4
243-245
ཨོཾ་སྭསྟི། དཔལ་ལྡན་བླ་མ་འཇམ་པའི་རྡོ་རྗེ་ཡ་སོགས་རྒ་རྗེ་ཁམས་དབུས་སྤྲུལ་སྐུ་ལ་གནང་བ།
oM swasti/ dpal ldan bla ma 'jam pa'i rdo rje ya sogs rga rje khams dbus sprul sku la gnang ba
Text page
View PDF
[[|འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ()]]
[edit]
༄༅། སོཔདེཤམེཀདིཀྵཾགྲྀཧབིཧརཏིསྨ།

༄༅། ཞལ་གདམས་སྐོར་ཕྱོགས་བསྡུས་བཞུགས་སོ། །

བླ་མའི་ཞབས་ལ་ཕྱག་བཙལ་ནས། །དལ་དང་འབྱོར་པའི་རྟེན་བཟང་འདི། །ད་རེས་ཙམ་ལས་ཐོབ་པར་དཀའ། །མི་ཚེ་ཉི་མ་སོས་དལ་དུ། །མདོ་མེད་སྟོང་ལོག་མི་བྱེད་པ། །དམ་ཆོས་སྒྲུབ་ལ་བརྩོན་པར་ཞུ། །ཚེ་ནི་མི་རྟག་སྐད་ཅིག་གིས། །འཛད་པར་འགྱུར་ལ་དགེ་སྡིག་གི །ལས་བསགས་ཕྱི་བཞིན་འབྲང་བས་ན། །རྒྱུ་འབྲས་སྤངས་བླང་བྱ་བ་དང་། །འཁོར་བའི་སྡུག་བསྔལ་དྲན་པར་གྱིས། །ཆོས་ཀུན་སྔོན་དུ་སེམས་བསྐྱེད་དང་། །དངོས་གཞི་དགེ་བ་གང་བསགས་པ། །དམིགས་མེད་འཛིན་བྲལ་ངང་དུ་བཞག། འཁོར་གསུམ་དག་པའི་བསྔོ་བ་ཡིས། །རྒྱས་འདེབས་སྨོན་ལམ་རྣམ་དག་ཐོབ། །དུས་ཀུན་དྲན་དང་ཤེས་བཞིན་གྱིས། །རང་གི་སེམས་འདི་བསྲུང་བ་དང་། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །རང་འདོད་འཁྲི་བ་ཀུན་ཐོངས་ལ། །གཞན་ཕན་དང་དུ་བླང་བ་གཅེས། །ཉེས་ཀུན་རྩ་བ་བདག་འཛིན་གྱི། །འདྲེ་ཆེན་འདི་ཡིས་ཕུང་བས་ན། །ཆོས་ཀུན་འདི་ཡི་ཐོག་ཏུ་སྤུངས། །འགོང་པོ་རྩད་ནས་བརླགས་པར་རེམ། །བྱིན་རླབས་དངོས་གྲུབ་རྩ་བ་ནི། །དཔལ་མགོན་བླ་མར་རག་ལས་པས། །དད་དང་དམ་ཚིག་གཞི་བཟུང་པས། །མོས་གུས་བསྐྱེད་ན་བྱིན་བརླབ་འཇུག། དེ་མེད་དངོས་གྲུབ་ཤིན་ཏུ་ཕྲ། །དེ་ཕྱིར་བླ་མ་སྒྲུབ་པར་བརྩོན། །རང་གི་སེམས་འདི་ཡོངས་སུ་འདུལ། །བསྟན་པའི་སྙིང་པོ་ངེས་དོན་གྱི། །རིག་སྟོང་འོད་གསལ་རྫོགས་པ་ཆེའི། །ཉམས་ལེན་གནད་དུ་ཁེལ་བ་དང་། །སྔ་འགྱུར་བསྟན་ལ་སྒོ་གསུམ་གྱི། །བསྟན་པའི་བྱ་བ་ཅི་ནུས་སྒྲུབས། །རོང་ཀློང་མངའ་རིས་པཎ་ཆེན་དང་། །སྨིན་གཏེར་འཇིགས་གླིང་མི་ཕམ་སོགས། །རིག་འཛིན་བརྒྱུད་པའི་བཞེད་གཞུང་ལ། །རྟོག་གེའི་ངན་སྐྱག་དྲི་མ་ཡི། །བསླད་མིན་དྲི་བྲལ་རང་གཞུང་རྣམས། །བཤད་དང་སྒྲུབ་པས་དར་རྒྱས་སྨོན། །དེ་སྐད་མྱང་གི་གདུང་བརྒྱུད་ནི། །གཞི་ཆེན་རྒྱལ་སྲས་ཀུན་ཉི་ཡི། །བཞེད་ངོར་ཆོས་ཀྱི་བློ་གྲོས་པས། །གང་ཤར་ཉིད་དུ་བྲིས་པ་དགེ། །། ༈ཞལ་གདམས་དགོས་གསུངས་པ། སྐྱབས་དམ་པ་རྩ་བའི་བླ་མ་མཁྱེན། །མི་ང་ལ་ཞལ་གདམས་མ་མཆིས་ཀྱང་། །རྗེ་གོང་མ་རྣམས་ཀྱི་ཞལ་ལུང་ལ། །སྲིད་འཁོར་བ་འདི་ལས་ངེས་འབྱུང་ཐབས། །བློ་ལྡོག་པ་རྣམ་བཞིའི་བློ་སྦྱོངས་མཛོད། །ལས་དཀར་ནག་ཆེ་ཕྲ་བསགས་པ་ཀུན། །ཆུད་མི་ཟ་དུས་སུ་སྨིན་པས་ན། །རྒྱུ་དགེ་སྡིག་སྤངས་བླང་མ་ནོར་བྱ། །ཆོས་ཀུན་གྱི་སྲོག་ཤིང་བྱང་ཆུབ་སེམས། །ཚད་མེད་པ་བཞི་དང་བདག་གཞན་གྱི། །སྡུག་བསྔལ་དང་བདེ་བ་བརྗེ་བ་དེ། །དུས་ཡང་ནས་ཡང་དུ་སྒོམ་པར་ཞུ། །གཞི་བདེ་གཤེགས་སྙིང་པོ་རྟོགས་པ་ལ། །སྒྲིབ་སྦྱངས་དང་ཚོགས་བསགས་རྒྱུན་དུ་འབད། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལ། །དད་མོས་དང་དམ་ཚིག་གཙང་མས་སྒོམ། །བླ་མ་དེ་རང་སེམས་ཡིན་པར་གོ །སེམས་འཁྲུལ་རྟོག་སྐྱེ་མེད་དུ་ཤེས་ན། །དོན་གནས་ལུགས་རིག་པ་གཅེར་བུར་བུད། །དེ་སྐུ་གསུམ་འདུ་འབྲལ་མེད་པ་ཡི། །གསལ་རིག་དང་སྟོང་པ་དབྱེར་མི་ཕྱེད། །གནས་འགྱུ་དང་རིག་པ་མཉམ་པར་ཞོག། རེ་དོགས་དང་དགག་སྒྲུབ་ཀུན་དོར་ལ། །གཞི་མ་བཅོས་སྤྲོས་དང་བྲལ་བ་ལ། །ལམ་འཛིན་མེད་སྒོམ་མེད་ངང་དུ་བཞག། འབྲས་ཕྱག་རྫོགས་ཆོས་སྐུའི་རང་ཞལ་མཇལ། །ཁམས་གསུམ་གྱི་གྲོང་ཁྱེར་སྟོང་པར་འགྱུར། །ཚིག་དེ་སྐད་དཔག་བསམ་རྒྱ་མཚོའི་ངོར། །མདོ་མེད་ཀྱི་དྲེད་པོ་སྙོམས་ལས་པ། །ཆོས་ཀྱི་བློ་གྲོས་ཞེས་བྱས་ཕུལ། །དགེ་འདི་ཡིས་བྱང་ཆུབ་མཆོག་ཐོབ་ཤོག། ། ༈ ཨོཾ་སྭསྟི། །སྐྱབས་ཀྱི་མཆོག་གྱུར་བླ་མ་རྗེའི། །ཞབས་མཐིལ་སྤྱི་བོའི་རྒྱན་དུ་བཀོད། །བསྟན་འཛིན་སྐྱེས་མཆོག་ཁྱེད་ཉིད་ཀྱི། །ཉམས་བཞེས་གནད་བསྡུས་འབྲི་དགོས་པའི། །བཀའ་ལུང་ཕེབས་ཀྱང་བདག་རང་ལ། །ཉམས་ལེན་གདིང་ཁེལ་མ་མཆིས་སྟབས། །ཐུགས་བསྐྱེད་འདོན་འོས་མི་འདུག་ཀྱང་། །དམ་པའི་ཞལ་ལུང་ཅུང་ཟད་བྲི། །ཡིད་དཔྱོད་སེམས་ཀྱི་ཁང་བུ་བཤིག། གཞི་མེད་རྩ་བྲལ་གཏན་འབེབས་ནས། །བློ་འདས་ཆོས་སྐུའི་རིག་པ་ནི། །ངོ་བོ་མེད་ཅིང་ངོས་བཟུང་བྲལ། །གཏད་མེད་ཟང་ཐལ་བཅིང་གྲོལ་དང་། །ཡོད་མེད་རྟག་ཆད་ལ་སོགས་པ། །མི་གནས་མི་དམིགས་རིག་པ་འདི། །སྟོང་པ་ཕྱང་ཆད་མ་ཡིན་པ། །སྐུ་གསུམ་ལྷུན་གྱིས་རྫོགས་པ་ཆེ། །འོད་གསལ་སྙིང་པོའི་བདག་ཉིད་ཅན། །གཞིར་གནས་ཆོས་སྐུ་ཆེན་པོ་ལ། །རང་བཞིན་བབ་ཀྱིས་བཞག་པ་ལས། །བཅོས་མའི་ལམ་གྱིས་དགོས་པ་མེད། །བསྐྱེད་དང་རྫོགས་པ་ཐམས་ཅད་ཀྱང་། །འདི་ཡི་ངང་ལས་མ་གཡོས་ན། །འདི་ཡིན་འདི་ལས་གཞན་དུ་མེད། །འོན་ཀྱང་དང་པོའི་ལས་ཅན་གྱི། །ཡེངས་པ་ཕྱལ་བར་མ་ཤོར་བ། །ངང་གནས་དྲན་པས་རིག་པ་སྐྱོངས། །མཐར་ནི་དྲན་པ་དབྱིངས་སུ་ཐིམ། །ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ལ། །དྲན་པས་བཟུང་དང་མ་བཟུང་མེད། །དག་དང་མ་དག་རྩལ་སྣང་ཀུན། །ཐུགས་རྗེ་རིག་པའི་རྩལ་ཤར་ལ། །དགག་སྒྲུབ་སྤྲོ་བསྡུ་བྲལ་བར་བཞག། ལྟ་བ་རི་བོ་ལྟར་བརྟན་ཞིང་། །སྒོམ་པ་རྒྱ་མཚོ་མི་གཡོ་ཞིང་། །སྤྱོད་པ་སྣང་བ་རྒྱ་ཡན་དང་། །འབྲས་བུ་རིག་པ་ཅོག་གེར་བཞག། ཚོགས་དྲུག་སྣང་བ་ཐམས་ཅད་ལ། །སྔོན་བསུ་རྗེས་དཔྱོད་མི་བྱ་བར། །འཛིན་མེད་རང་གྲོལ་འགྲོ་བ་གནད། །གནས་སྐབས་ཀུན་ཏུ་མོས་གུས་དང་། །ངེས་འབྱུང་བྱམས་དང་སྙིང་རྗེ་དང་། །བྱང་ཆུབ་སེམས་མཆོག་སྒོམ་པ་དང་། །ཡི་དམ་ལྷ་ཡི་བསྙེན་སྒྲུབ་གཅེས། །དེ་ལྟར་གདམས་པ་ཉུང་ངུ་འདི། །དམ་པ་མཆོག་གི་བཞེད་ངོ་རུ། །ཆོས་ཀྱི་བློ་གྲོས་ཞེས་བྱས་ཕུལ། །དགེ་བས་འཁོར་བ་དོང་སྤྲུགས་ཤོག། །རྒ་རྗེ་ཁམས་དབུས་སྤྲུལ་སྐུ་ལ་གནང་པའོ། ། ༈ རྗེ་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །བུ་སྣོད་ལྡན་མཆོག་གསུམ་སྐྱབས་ཁྱོད་ཉོན། །དད་པ་དང་བློ་གྲོས་རབ་ཏུ་བརྟན། །ངེས་འབྱུང་དང་སྐྱོ་ཤས་སྙིང་རྗེ་ལྡན། །ཁྱོད་འདྲ་ལ་ལམ་གྱི་ཡོན་ཏན་རྣམས། །ཟླ་བ་བཞིན་གོང་འཕེལ་འགྲོ་བར་འགྱུར། །ངེད་འདྲ་བའི་དཀོར་ཟན་རྒྱལ་པོ་ལ། །བྱིན་རླབས་དང་ཐུགས་རྗེ་ཆེས་ཕྲ་ཡང་། །སྐལ་ལྡན་གྱི་སློབ་མའི་ཤེས་རྒྱུད་ཀྱི། །མེ་ལོང་ནི་དྭངས་པའི་ངོས་ཡངས་པར། །བྱིན་རླབས་ཀྱི་གཟུགས་བརྙན་འཆར་བར་ངེས། །སེམས་གདོད་ནས་ཀ་དག་སྟོང་པའི་དབྱིངས། །ལྷུན་གྲུབ་ཀྱི་འོད་གདང་རང་ཆས་རྫོགས། །རང་རིག་གི་རང་ཞལ་བལྟ་བ་ལ། །གཟུང་འཛིན་གྱི་དྲི་མའི་སྐྱོན་དང་གྲལ། །དེ་མ་བཅོས་རང་བཞག་སྒོམ་པ་དང་། །གང་ཤར་གྱི་སྤྱོད་པར་རེ་དོགས་མེད། །ཅིར་སྣང་དང་གང་ཤར་རང་སར་གྲོལ། །དེ་རྫོགས་པ་ཆེན་པོའི་གདམས་པ་ལགས། །ཚིག་དེ་སྐད་ཆོས་ཀྱི་བློ་གྲོས་པས། །གང་དྲན་ཤར་མར་བྲིས་པ་འདིས། །ང་དང་འཕྲད་པར་ཁྱད་མེད་སྨོན།། །། ༈ ཨོཾ་སྭ་སྟི། དཔལ་ལྡན་བླ་མ་འཇམ་པའི་རྡོ་རྗེ་ཡི། །ཞབས་ལ་བཏུད་དེ་གདམས་པའི་མགྲིན་གསོས་སྤེལ། །ཤིན་ཏུ་རྙེད་དཀའི་རྟེན་འདི་ད་ཕྱིན་ནས། །ཐོབ་པར་དཀའ་བས་དལ་འབྱོར་དོན་ཡོད་མཛོད། །ཚེ་ནི་མི་རྟག་ཆུ་ཡི་ཆུ་བུར་འདྲ། །འཆི་བདག་བདུད་ནི་དགོང་ཁའི་གྲིབ་སོ་བཞིན། །འཁོར་བའི་སྡུག་བསྔལ་བཟོད་པར་དཀའ་བ་ལ། །བསམ་ནས་རྒྱུ་འབྲས་སྤངས་བླང་ཤིན་ཏུ་གཅེས། །བླ་མ་མཆོག་གསུམ་སྐྱབས་ཀྱི་སྙིང་པོར་ཟུངས། །འགྲོ་ཀུན་ཕ་མར་ཤེས་པས་སྙིང་རྗེ་སྒོམ། །ཚོགས་བསགས་སྒྲིབ་སྦྱོངས་ལམ་ལ་འབད་པ་དང་། །བླ་མར་མོས་གུས་གསོལ་འདེབས་རྟག་ཏུ་བརྩོན། །ལུས་ལྷ་ངག་སྔགས་སེམས་གྱི་འཕྲོ་འདུ་ཀུན། །ཡེ་ཤེས་ཆེན་པོར་ལམ་དུ་ཁྱེར་བ་དང་། །ཟག་བཅས་ཟག་མེད་དགེ་ཚོགས་འགྲོ་ལ་བསྔོ། །སྨོན་ལམ་རྒྱལ་པོ་བཟང་སྤྱོད་འདོན་ལ་རེམ། །སེམས་ཀྱི་གནད་འདི་མ་ཤེས་གྱི་ནར་འཕྱན། །དེ་ཡང་འཁྲུལ་པའི་སེམས་ཀྱི་རྩར་བཅད་པས། །ལུས་ངག་ཡིད་གསུམ་གཞི་མེད་རྩ་བྲལ་དུ། །གཏན་ལ་དབབ་ཅིང་ད་ལྟའི་རིག་པ་ནི། །རང་གསལ་འགག་མེད་དབྱིངས་དང་འདུ་འབྲལ་མེད། །གསལ་རིག་སྟོང་གསུམ་སྐུ་གསུམ་དབྱེར་མེད་པའི། །རང་བྱུང་ཡེ་ཤེས་མཚན་མའི་སྤྱོད་ཡུལ་བྲལ། །གཟུང་འཛིན་རྟོག་པས་མ་བསླད་རང་བབ་ཞོག། རྣམ་རྟོག་གང་ཤར་གདམ་ང་མེད་པར་གྲོལ། །དེ་ལྟར་ཉམས་བླངས་ཡེངས་མེད་བརྩོན་བྱས་ན། །ཚེ་འདིའམ་ནི་བར་དོར་གྲོལ་བ་སྟེ། །གདོད་མའི་ས་ལ་གཏན་སྲིད་ཟིན་པར་འགྱུར། །དེ་སྐད་སྨྲ་བ་བླུན་རྨོངས་ཆོས་བློ་ལ། །དད་པ་ལྡན་པས་བསྐུལ་བ་མ་གཅོག་ཙམ། །མདོར་བསྡུས་ཉིད་དུ་ཕུལ་བའི་དགེ་བ་ཡིས། །སེམས་རྒྱུད་གྲོལ་ཞིང་དོན་གཉིས་ལྷུན་གྲུབ་ཤོག། །མངྒ་ལཾ།། །། ༈ སེམས་ཞེས་བྱ་བ་མི་དྲན་དགུ་དྲན་བྱེད་མཁན་འདི་ཡིན། འདིའི་རང་བཞིན་ནམ་ངོ་བོ་ལ་བརྟགས་པས་བྱུང་གནས་འགྲོ་གསུམ་རྣམ་རྟོག་སྐད་ཅིག་མ་རེ་རེ་སྐྱེ་བ་ག་ལ་ཡོད། དེའང་བྱུང་ས་བྱུང་ཁུངས། གནས་ས་གནས་མཁན། འགྲོ་བ་སྟེ། འགག་མཁན་འགགས་ཡུལ་རྣམས་ངོ་བོ་ཅི་འདྲ་འདུག་བལྟས་པས། དངོས་པོར་གྲུབ་པ་རྡུལ་ཙམ་མེད། མེད་ཀྱང་བཟང་ངན་ཤེས་མཁན་རིག་མཁན་ཞིག་མ་འགགས་པར་ཡོད་པ་དེ་ལ་སྔོན་བསུ་རྗེས་དཔྱོད་སོགས་རྣམ་རྟོག་གིས་བཟོ་བཅོས་མི་བྱེད་པར་རང་བབས་སུ་བཞག་པས་གསལ་རིག་སྟོང་གསུམ་དབྱེར་མི་ཕྱེད་པའི་གནས་ལུགས་བརྗོད་པ་ཐམས་ཅད་དང་བྲལ་བ་ཞིག་རང་མྱོང་གིས་ཤེས་ན་དེ་གའི་རྒྱུན་བསྐྱང་བ་ལ་སེམས་ངོ་བལྟ་ཟེར་བ་ཡིན་ཀྱང་། སྔོན་འགྲོ་སྒྲིབ་སྦྱོང་དང་། བླ་མ་ལ་མོས་གུས་གཏིང་ཚུགས་པས་གསོལ་འདེབས། དབང་བླང་ལ་བརྩོན་པ་གལ་ཆེ་བ་ཡིན། སེམས་ངོ་འདི་ལེགས་པར་ཤེས་ན་དགྲ་གཉེན་ཆགས་སྡང་ཚོར་བ་བདེ་སྡུག་སོགས་ལ་རེ་དོགས་ཆེར་མེད་པ་ཞིག་འབྱུང་རྒྱུ་ཡིན་འདུག། དེ་འདྲ་རང་གཞན་སུས་ཀྱང་རྟོགས་དཀའ་མོ་རེད། སྐུ་ངོ་མ་ལྡོག་ཙམ་དུ་ཆོས་ཀྱི་བློ་གྲོས་པས་ཕུལ།། །། ༈ ཨ་ཧོ་ཡེ། ཀ་དག་གི་གནས་ལུགས་བསམ་བརྗོད་བྲལ། །ཡོད་མེད་ཀྱི་མཐའ་ལས་རབ་འདས་ཤིང་། །མེད་སྟོང་ནི་མ་ཡིན་རང་བཞིན་གྱི། །འོད་གསལ་བའི་རང་གདང་ངང་གི་གསལ། །ལྷུན་གྲུབ་ཀྱི་སྣང་བ་འོད་པོ་ཆེ། །སྒྲོན་མ་བཞིའི་ཉམས་ལེན་ལ་བརྟེན་ནས། །ཆོས་ཅན་གྱི་སྣང་བ་ནང་དབྱིངས་སུ། །ཐིམ་ལ་མ་རྨུགས་ཀྱི་ཡེ་ཤེས་ངང་། །གཡོ་མེད་དགོངས་པའི་བཙན་ས་ཟིན། །སྲིད་གསུམ་དོང་ནས་སྤྲུགས་པར་ཤོག། ། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས། །ཁམས་གསུམ་གྱི་འཁོར་བའི་སྡུག་བསྔལ་ལ། །ཡང་ཡང་བསམ་སྟེ་ངེས་འབྱུང་བསྒོམ། །རྙེད་དཀའི་དལ་འབྱོར་རིན་ཆེན་འདི། །མྱུར་དུ་འཇིག་པར་ངེས་པས་ན། །སྙིང་ནས་དམ་པའི་ལྷ་ཆོས་སྒྲུབས། །དགེ་མི་དགེའི་ལས་ནི་ཅི་སྤྱད་ཀྱང་། །འབྲས་མི་བསླུ་ངེས་པར་སྨིན་པས་ན། །རྒྱུ་འབྲས་སྤང་བླང་མ་ནོར་གཅེས། །སྐྱབས་བླ་མ་དཀོན་མཆོག་རྣམ་གསུམ་ལ། །ཡིད་ཆེས་ཀྱི་དད་པ་དྲག་པོ་བསྐྱེད། །མ་ནམ་མཁའི་མཐའ་མཉམ་སེམས་ཅན་ལ། །ཕན་འདོགས་ཀྱི་བསམ་པ་བཟང་པོ་མཛོད། །ཤེས་རྒྱུད་ཀྱི་སྡིག་སྒྲིབ་མ་དག་ན། །ཡེ་ཤེས་ཀྱི་སྣང་བ་མི་འཆར་བས། །བསགས་སྦྱོང་གཉིས་ལ་ནན་ཏན་མཛོད། །བླ་མ་ལ་མོས་གུས་མེད་གྱུར་ན། །མཆོག་ཐུན་གྱི་དངོས་གྲུབ་མི་ཐོབ་པས། །དམ་ཚིག་ངོས་ལྐོག་མེད་པ་ཡིས། །ལམ་ཟབ་མོ་བླ་མའི་རྣལ་འབྱོར་བརྩོན། །གསང་སྔགས་ཀྱི་དབང་བསྐུར་ཐོབ་བྱས་ནས། །ཡི་དམ་གྱི་བསྙེན་སྒྲུབ་བྱེད་པ་དང་། །རིམ་གཉིས་ཀྱི་རྣལ་འབྱོར་བསྒོམ་པ་གཅེས། །སེམས་མ་བཅོས་གཉུག་མའི་རང་བཞིན་འདི། །སྒྲིམ་ཞིང་བསྒྲིམས་པས་སླར་ཡང་སྒྲིབ། །རང་བབས་སུ་ལྷོད་དེ་བཞག་པ་ན། །རང་བབས་ཀྱི་གནས་ལུགས་མཐའ་དབུས་བྲལ། །ནམ་མཁའ་ལྟར་ཡངས་ཤིང་སྟོང་པ་ཆེ། །གཟུང་འཛིན་གྱི་མཚན་མས་མ་གོས་པའི། །རང་བྱུང་འོད་གསལ་གྱི་སྣང་བ་ཆེ། །མཚན་མཚོན་བརྗོད་ལས་འདས་པ་འཆར། །ཡེངས་མེད་བསྒོམ་མེད་དུ་སྐྱོང་བ་ལས། །འཁྲུལ་རྟོག་ཀུན་རང་སར་གྲོལ་བར་འགྱུར། །ཚིག་དེ་སྐད་གདམས་པ་ཉུང་ངུ་འདི། །དད་ལྡན་གྱི་སློབ་མ་ཨོ་བསམ་ནས། །རིང་ནས་བསྐུལ་བའི་བཞེད་སྐོང་དུ། །མདོ་མེད་པའི་དྲེད་པོ་ཆོས་བློས་བྲིས། དགེའོ།། །། ༈ གདམས་ངག་དམར་ཁྲིད་ནི་བླ་མ་གོང་མའི་གསུང་ལས་འབྱུང་བ་རྣམས་གཟིགས་ཁྱབ་ལས་གསར་དུ་ཅིའང་མི་དགོས་ཀྱང་། ཞལ་ངོ་མི་ལྡོག་ཙམ་དུ་འདི་ལྟར། བླ་མའི་ཞབས་ལ་ཕྱག་བཙལ་ནས། །འོད་གསལ་རྡོ་རྗེ་རྩེ་མོ་ཡི། །གདམས་ངག་གནད་ཀྱི་ཉིང་ཁུ་ནི། །མོས་གུས་ལམ་གྱི་གཞི་འདིང་ནས། །འཁྲུལ་པའི་སེམས་ཀྱི་གཞི་རྩ་བཅད། །གཞི་མེད་རྩ་བ་བྲལ་བ་ཡི། །རིག་པ་གསལ་སྟོང་བརྗོད་བྲལ་འདི། །མ་བཅོས་རང་བབ་བསྐྱང་བ་དང་། །གཟུང་འཛིན་རྟོག་ཚོགས་རང་གྲོལ་གྱི། །གནད་དེ་ཤེས་པས་འཆིང་བ་མེད། །དེ་ཡི་བོག་འདོན་ཕྱི་ནང་གི །ནམ་མཁའ་གཅིག་ཏུ་བསྲེས་ལ་གཏད། །འཛིན་མེད་ཁྱབ་བརྡལ་ངང་དུ་བཞག། ངེས་འབྱུང་སྙིང་རྗེ་བྱང་སེམས་སྒོམ། །རྒྱུ་འབྲས་སྤངས་བླངས་བརྩོན་པ་གཅེས། །དེ་སྐད་གདམས་པ་ཉུང་ངུ་འདི། །ཆོས་ཀྱི་བློ་གྲོས་ཞེས་བྱས་ཕུལ།། །། ༈ དཔལ་ལྡན་བླ་མའི་ཞབས་པདྨོར། །གུས་བཏུད་གདམས་པ་ཉུང་ངུར་དབྱེ། །མི་རྟག་འཆི་བ་དྲན་པ་དང་། །ལས་འབྲས་བླང་དོར་ལ་བརྩོན་ཞིང་། །འཁོར་བའི་ཉེས་དམིགས་བསམ་བྱས་ཏེ། །སྲིད་ལས་ངེས་འབྱུང་སྐྱེ་བ་ཡི། །དལ་འབྱོར་རྟེན་འདི་དོན་ཡོད་པ། །བརྩོན་འགྲུས་དྲག་པོས་ཆོས་ལ་འབད། །ཐེག་ཆེན་ལམ་གྱི་རྩ་བ་ནི། །བྱང་ཆུབ་སེམས་ལ་བློ་སྦྱོང་ཞིང་། །བདག་ཏུ་འཛིན་པའི་རྟོག་པ་བཅོམ། །སེམས་ཅན་དོན་དུ་བཀོལ་བར་བྱ། །རྟག་པར་སྨོན་ལམ་བཟང་པོ་གདབ། །རྡོ་རྗེ་ཐེག་པའི་བླ་མ་ལ། །དད་མོས་དྲག་པོ་བསྐྱེད་པ་དང་། །དམ་ཚིག་ཤིན་ཏུ་གཙང་བ་གཅེས། །མོས་གུས་དྲག་པོས་གསོལ་བ་ཐོབ། །དབང་བླངས་ཐུགས་ཡིད་བསྲེ་བྱས་ཏེ། །རང་སེམས་འཁྲུལ་པ་གྱ་གྱུར་འདིའི། །སྐྱེ་འགགས་གནས་གསུམ་རྩ་བདར་ཆོད། །གཞི་རྩ་བྲལ་བར་གཏན་ལ་དབབ། །སྐྱེ་བ་མེད་པ་ཆོས་ཀྱི་སྐུ། །གནས་པ་མེད་པ་ལོངས་སྤྱོད་རྫོགས། །འགགས་མེད་རང་རྩལ་སྤྲུལ་པའི་སྐུ། །སེམས་ཀྱི་གཤིས་ལ་ལྷུན་གྱིས་གྲུབ། །སྟོང་གསལ་ཟུང་འཇུག་དབྱེར་མི་ཕྱེད། །རྟོག་པས་མ་བསླད་གཟུང་འཛིན་བྲལ། །མ་བཅོས་མ་བསྒྱུར་རང་བབ་བཞག། སྤྲོས་མཐའ་བྲལ་བ་ལྟ་བའི་གནད། །ཡེངས་མེད་འཛིན་བྲལ་སྒོམ་པའི་གནད། །གང་ཤར་རང་གྲོལ་སྤྱོད་པའི་གནད། །གཞིར་རྫོགས་མངོན་གྱུར་འབྲས་བུའི་གནད། །དེ་ལྟར་ལྟ་སྒོམ་སྤྱོད་འབྲས་བཞི། །དབྱེར་མེད་གཅིག་ཏུ་དྲིལ་བའི་ངང་། །ལྷ་བསྒོམ་སྔགས་བཟླས་ལ་སོགས་པ། །མཉམ་པར་བཞག་དང་མ་བཞག་ཀུན། །འདི་ཡི་ཀློང་དུ་བསྲེ་ཤེས་ན། །འཁོར་འདས་དབྱེར་མེད་དོན་རྟོགས་ཤིང་། །གྲུབ་མཐའ་རྫོགས་ནས་ལམ་མཐར་ཕྱིན། །རྡོ་རྗེ་འཛིན་ས་ཐོབ་པར་འགྱུར། །དེ་སྐད་བསླབ་པ་གསུམ་ལྡན་པ། །ནུབ་བླ་ཀུན་བཟང་ཆོས་འཕེལ་གྱིས། གསུང་གིས་བསྐུལ་ངོ་མ་ལྡོག་ཙམ་ཆོས་ཀྱི་བློ་གྲོས་ཞེས་བྱས་བྲིས།། །། ༈ གདམས་ངག་གནད་དྲིལ་བཞུགས་སོ། །སྐྱབས་མཚུངས་མེད་ཨོ་རྒྱན་རྗེ་ལ་འདུད། །རྟེན་ཁྱད་འཕགས་དལ་འབྱོར་མི་ལུས་འདི། །རྙེད་དཀའ་བ་ད་རེས་ཐོབ་དུས་འདིར། །བར་མ་དོར་ཆུད་ཟོས་མ་ཤོར་བ། །སྙིང་པོ་ལེན་པའི་ཐབས་ལ་འབད། །ཆོས་ཀུན་གྱི་རྩ་བ་རང་གི་སེམས། །མ་བརྟགས་ན་ཉམས་དགའ་བསླུ་བྲིད་མཁས། །བརྟགས་ཤིང་དཔྱད་ན་གཞི་རྩ་བྲལ། །བྱུང་གནས་འགྲོ་གསུམ་གྱི་ངོ་བོས་སྟོང་། །འཁོར་འདས་ཀྱི་ཆོས་ཀུན་རང་སེམས་ནི། །དག་མ་དག་གི་ཆོ་འཕྲུལ་ཙམ་དུ་ཟད། །གཤིས་ལུགས་ལ་འཁོར་འདས་གྲུབ་པ་མེད། །གདོད་མ་ནས་ཡེ་སྟོང་ཀ་ནས་དག། སྟོང་པ་དེ་ཕྱང་ཆད་མ་ཡིན་པ། །རང་བཞིན་འོད་གསལ་དུ་ལྷུན་གྱིས་གྲུབ། །ཐུགས་རྗེ་ཡི་རིག་པ་འཆར་གཞིར་གནས། །རིག་པ་ལ་མིང་འདོགས་མཚན་མ་བྲལ། །རྩལ་དེ་ལས་འཁོར་འདས་སྣ་ཚོགས་ཤར། །ཤར་ས་དང་ཤར་མཁན་གཉིས་སུ་མེད། །གཉིས་མེད་ཀྱི་ངང་དེར་མ་བཅོས་ཞོག། ལུས་འགྲོ་འདུག་བསྒུལ་བསྐྱོད་བྲལ་བར་བཞག། ངག་རླུང་གི་འབྱུང་འཇུག་རང་བབ་བཞག། སེམས་ཞེན་རྟོག་རྗེས་སུ་མི་འབྲང་བཞག། ཁོངས་ཡངས་ཤིང་སོས་དལ་ལྷུག་པར་བཞག། སྐྱེ་མེད་ཆོས་སྐུའི་རིག་པ་དེ། །རྐྱེན་གྱིས་མ་བསྐྱེད་རང་བྱུང་ཞིང་། །ཧྲིག་གེ་སོ་མ་ལྗེན་ནེ་བ། །གཟུང་འཛིན་གྱི་རྟོག་པས་མ་བསླད་ཅིང་། །ཡིད་དཔྱོད་ཀྱི་གོ་བས་མ་བསླད་པར། །རང་བབ་ཀྱི་བསམ་གཏན་ངང་དེར་ཞོག། ཞོག་ཅེས་བྱ་བའང་ཚིག་ཙམ་སྟེ། །དོན་ཡིན་ལུགས་ལ་བཞག་བྱ་བཞག་བྱེད་མེད། །རིག་སྟོང་ཆོས་སྐུའི་རང་ཞལ་དེ། །དུས་རྟག་ཏུ་རང་ངོ་ཡེངས་མེད་བསྐྱངས། །འཁོར་བའི་ལས་ལ་ཟད་པ་མེད། །ཇི་ཙམ་ཞིག་འབད་ཀྱང་ཕྱི་ཕྱིར་འཕེལ། །དགྲ་གཉེན་གྱི་རྟོག་པ་ཇེ་མང་འགྲོ། །ངན་སོང་གི་རྒྱུ་ནི་གྲུབ་ནས་འོང་། །དེ་བས་ན་བློ་སྣ་ཆོས་ལ་བསྒྱུར། །ཆོས་དང་སྒོ་གསུམ་འདྲིས་བྱས་ན། །ཐར་པ་བྱང་ཆུབ་ཀྱི་ལམ་སྣ་ཟིན། །འཆི་ཁ་འགྱོད་པ་མེད་པ་འོང་། །ཚེ་འདི་དང་ཕྱི་མ་ཐམས་ཅད་དུ། །བདེ་བ་ནས་བདེ་བའི་ལམ་དུ་འགྲོ། །རང་ཉིད་ལ་བཀའ་དྲིན་ཆེ་བ་ཡི། །བླ་མ་དང་ཨོ་རྒྱན་ཆེན་པོ་ནི། །དབྱེར་མེད་དུ་སྤྱི་གཙུག་སྙིང་གར་བསྒོམ། །མོས་གུས་ཀྱི་གདུང་ཤུགས་དྲག་པོ་བསྐྱེད། །རྐྱེན་བཟང་ངན་སྐྱིད་སྡུག་ཅི་བྱུང་ཡང་། །ཕ་བླ་མ་རྗེ་ལ་གསོལ་བ་ཐོབ། །རང་སེམས་དང་དབྱེར་མེད་བསྲེས་ཏེ་ཞོག། ནམ་འཆི་བའི་དུས་ན་ཆགས་སྡང་སྤངས། །རྗེ་ཨོ་རྒྱན་གུ་རུ་སྤྱི་གཙུག་སྒོམ། །རྣམ་ཤེས་ཐིག་དཀར། ལེ་ཧྲཱིཿདམར། ས་མཚན་གསལ། །དཔལ་ཨོ་རྒྱན་ཆེན་པོའི་ཐུགས་ཀར་བསྟིམ། །དེ་ད་ལྟ་རྒྱུན་དུ་སྒོམ་བྱས་ན། །འཆི་དུས་སུ་གསལ་ཐེབས་སླ་བར་འོངས། །དཔལ་རིའི་སྨོན་ལམ་གདབ་པར་བྱ། །མདོར་ན་ཆོས་ཀྱི་ཉམས་ལེན་ནི། །འཁོར་བ་ལ་ཞེན་པ་བཅད་པ་དང་། །འགྲོ་དྲུག་ལ་བྱམས་དང་སྙིང་རྗེ་སྒོམ། །རང་སེམས་འདི་ཡོངས་སུ་འདུལ་བ་ལ། །དུས་རྟག་པར་ཉམས་ལེན་མཛད་འཚལ་ལོ། །དེ་སྐད་ཀྱི་གདམས་པ་ཉུང་ངུ་འདི། །རང་རྒྱུད་ལ་ཉམས་ལེན་མ་མཆིས་ཀྱང་། །རྗེ་དམ་པ་གོང་མའི་གསུང་བཞིན་དུ། །རིགས་ལྡན་གྱི་དགེ་མ་པད་ལུ་ཡི། །གསུང་གིས་བསྐུལ་བ་མ་ལྡོག་ཙམ། །ཆོས་མེད་ཀྱི་དྲེད་པོ་དཀོར་ཟན་མཁན། །ཆོས་ཀྱི་བློ་གྲོས་ཞེས་བྱས་བྲིས།། །། ༈ ཞལ་གདམས་ཕན་བདེའི་འཁྲི་ཤིང་ཞེས་བྱ་བ་ནི། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཕན་བདེའི་འབྱུང་གནས་སྲིད་ཞི་ཀུན་གྱི་བདག། རང་རིག་འོད་གསལ་ཀུན་བཟང་བདེ་བ་ཆེ། །ཡེ་གྲོལ་དང་པོའི་སངས་རྒྱས་བླ་མ་རྗེར། །བཏུད་ནས་གདམས་པའི་རིམ་པ་ཅུང་ཟད་དབྱེ། །གྲོགས་དག་སྲིད་པའི་ཕུན་ཚོགས་ཇི་སྙེད་པ། །མི་རྟག་མི་བརྟན་སྒྱུ་མའི་རང་བཞིན་དང་། །རྨི་ལམ་སྐབས་སུ་འབྱོར་རྒུད་སྣང་བ་ལྟར། །རང་བཞིན་བདེན་མེད་འཇིག་པའི་ངང་ཚུལ་སོམས། །ཤིན་ཏུ་ཐོབ་དཀའི་དལ་འབྱོར་རིན་ཆེན་འདི། །རྙེད་པ་ད་རེས་ཙམ་ཡིན་འདི་ཉིད་ཀྱང་། །ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །ནམ་འཆི་ཆ་མེད་སོམས་ལ་བློ་སྣ་བསྟུངས། །ལས་ཀྱི་བསགས་པ་ཆུ་ཡི་གཉེར་མ་བཞིན། །རྒྱུན་མི་ཆད་པ་གར་སྐྱེས་གར་གནས་ཀྱང་། །ཆུད་མི་ཟ་ཞིང་རང་ཐོག་སྨིན་ངེས་པས། །རྒྱུ་འབྲས་བླང་དོར་འདི་ལ་གཟབ་པ་གཅེས། །མ་དག་འཁོར་བའི་འཁྲུལ་སྣང་རྒྱ་རེ་ཆེ། །སྡུག་བསྔལ་བརྒྱ་ཕྲག་མང་པོའི་མཚོན་གཟིངས་ཤིང་། །མེ་ཡི་འོབ་དང་སྤུ་གྲིའི་སོ་མཚུངས་པའི། །འཇིག་རྟེན་གསུམ་ན་བདེ་བ་ཅུང་ཟད་མེད། །མནོག་ཆུང་ཉེས་པའི་སྒོ་མང་གནས་འདི་ལས། །མྱུར་དུ་ཐར་ཕྱིར་སྐྱབས་སུ་འགྲོ་བ་དང་། །བདེན་བཞི་རྟེན་འབྲེལ་དོན་ལ་གོམས་པར་མཛོད། །བསླབ་པའི་ཚུལ་ཁྲིམས་སྲིད་པའི་ཆུ་ལོན་འགོག། བསྟན་པའི་རྩ་བ་སོ་སོར་ཐར་འདི་ཡིན། །སྟོན་པ་མཆོག་ཀྱང་ཁྱིམ་སྤང་རབ་ཏུ་བྱུང་། །དེ་རྗེས་འཇུག་ཕྱིར་དེ་ཡི་ཚུལ་ལ་སློབ། །དེ་ལས་ཡོན་ཏན་དཔག་མེད་འཕེལ་བ་དང་། །ཏིང་ངེ་འཛིན་དང་ཟག་མེད་ཤེས་རབ་སོགས། །ཚུལ་ཁྲིམས་ཕུང་པོ་འདི་ལས་འབྱུང་བའི་ཕྱིར། །དྲན་ཤེས་བག་ཡོད་ལྡན་པས་བསྲུང་བར་མཛོད། །དེང་སང་ཐུབ་པའི་བསྟན་པ་ཉམས་དམའ་ཞིང་། །རང་གཞན་འཆོལ་བར་སྤྱོད་པས་སེམས་འདི་སྐྱོ། །འདོད་ལ་ཆགས་པས་ཉེས་པ་ཀུན་གྱི་སྒོ། །སྲེད་པ་འདི་ལས་ཆེ་བ་མེད་ཕྱིར་ན། །སྲེད་སྲིད་མ་རིག་གཞོམ་པའི་ཐབས་ལ་བརྩོན། །ཐེག་ཆེན་ལམ་གྱི་གཙོ་བོ་ངེས་འབྱུང་དང་། །བྱང་སེམས་སྟོང་ཉིད་སྒོམ་པ་འདི་གསུམ་ཡིན། །ངེས་འབྱུང་གཞི་ཐེངས་འགྲོ་ཀུན་ཕ་མར་ཤེས། །བྱམས་དང་སྙིང་རྗེའི་བློ་སྦྱོང་ཟབ་མོ་ལ། །རང་འདོད་ཕྱོགས་རིས་མེད་པར་ཡང་ཡང་སྒོམ། །བདག་གཞན་མཉམ་བརྗེ་ཀུན་རྫོབ་བྱང་ཆུབ་སེམས། །བདག་བས་གཞན་གཅེས་རྒྱུད་ལ་མ་འབྱོང་བར། །ལུང་རིགས་མན་ངག་གསུམ་གྱིས་བསྒོམ་པ་གཅེས། །རྒྱུ་དང་མི་རྒྱུའི་འགྲོ་བ་འདི་ཀུན་ཀྱང་། །བདག་དང་ཕུང་པོ་རྣམ་རིག་སྤྲོས་ཀུན་གྱི། །བདེན་དང་མཚན་འཛིན་རྣམས་ཀྱིས་རབ་སྟོང་པའི། །གདོད་ནས་སྐྱེ་མེད་རབ་ཞི་མཉམ་པ་ཉིད། །མཚན་ཉིད་ཆད་པའི་ཀུན་ཏུ་བཏགས་པ་ཙམ། །མེད་སྣང་སྟོང་པའི་རང་གཟུགས་ཙམ་ཤེས་ནས། །ཇི་སྲིད་གཉིས་སྣང་ཡོད་པ་དེ་སྲིད་དུ། །སྣང་སྟོང་སྒྱུ་མའི་ཚུལ་འདི་འགོག་པ་མེད། །དེ་ཕྱིར་རྒྱུ་འབྲས་མེད་ཅེས་མ་བརྗོད་ཅིག། མཐར་ཐུག་ལྟ་བའི་རྟོགས་པ་ཚད་ཕེབས་དུས། །སྟོང་དང་མི་སྟོང་ཟུང་འཇུག་ལ་སོགས་པ། །ཚིག་ཏུ་བརྗོད་པ་ཐམས་ཅད་བློ་ཡི་ཆོས། །མཁའ་ལྟར་དག་པའི་གནས་ལུགས་ཟབ་མོ་ལ། །བློ་ཡི་སྤྲོས་པ་ཐམས་ཅད་ཉེར་ཞི་བ། །དབུ་མ་ཆེན་པོའི་རང་བཞིན་མངོན་དུ་གྱུར། །དེ་ཡི་གནས་ལུགས་ཇི་བཞིན་མངོན་བྱེད་ལ། །རྒྱུ་ཡི་ཐེག་པའི་ལུང་རིགས་ལ་བརྟེན་ནས། །སྒྲོ་འདོགས་བཅད་པ་དོན་སྤྱིའི་ལྟ་བ་ཙམ། །རྡོ་རྗེ་ཐེག་པར་དབང་གི་ཡེ་ཤེས་དང་། །བསྐྱེད་རྫོགས་ལ་བརྩོན་ཆུ་ཟླར་ལྟ་བ་བཞིན། །དཔེ་ཡི་ཡེ་ཤེས་མངོན་དུ་གྱུར་པ་ལས། །རིམ་གྱིས་དོན་གྱི་ཡེ་ཤེས་རྟོགས་པར་བྱེད། །མཆོག་ཏུ་གསང་བ་ཟབ་མོའི་རྩེ་རྒྱལ་ནི། །འོད་གསལ་རྡོ་རྗེ་རྩེ་མོའི་ཐེག་པ་འདིར། །རང་གི་སྔོན་སྦྱངས་ལས་འཕྲོ་སད་པ་དང་། །དད་དང་དམ་ཚིག་མོས་གུས་རྣམ་པར་དག། རང་བཞིན་དང་ནི་སྦྱངས་པའི་ཤེས་རབ་ཅན། །གསང་བའི་རྒྱལ་པོ་འདི་ཡི་སྣོད་དུ་གྱུར། །སྒོ་གསུམ་འཁྲུལ་བའི་རུ་ཤན་ཕྱེད་པ་དང་། །ཁྱད་པར་སེམས་ཀྱི་རྩ་གདར་ལེགས་བཅད་པས། །འཁྲུལ་པའི་བརྫུན་ཕུག་ཐམས་ཅད་གཏིབ་པ་དང་། །ཡེ་གྲོལ་རིག་པ་གཅེར་བུ་མངོན་སུམ་མཐོང་། །དེ་ལ་བླ་མའི་མན་ངག་ཅོག་བཞག་གི །ཆོས་ཉིད་རིག་བའི་ངང་དེར་འཇོག་པ་ན། །ལྟ་སྒོམ་སྤྱོད་འབྲས་རིག་པའི་ཀློང་དུ་གཅིག། བསལ་བཞག་མེད་པའི་ཀློང་དེར་བབ་ཀྱིས་ཞོག། བཞག་ཅེས་བྱ་བ་ཚིག་གི་བླ་དྭགས་ཙམ། །ཕྱི་ནང་བར་མེད་ཟང་ཐལ་རྒྱ་ཡན་པ། །བཅིང་གྲོལ་ལས་འདས་ནམ་མཁའ་ལྟ་བུའི་ངང་། །རང་བཞིན་འོད་གསལ་ལྷུན་གྲུབ་འདུས་མ་བྱས། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་རང་བྱུང་བ། །དངོས་མཚན་སྤྲོས་པའི་ཆོས་ལས་རབ་ཏུ་འདས། །ཚོགས་བརྒྱད་བློ་ཡི་དྲི་མས་མ་བསླད་པའི། །འོད་གསལ་སེམས་ཀྱི་རྡོ་རྗེའི་གནས་ལུགས་ནི། །ཐོག་མཐའ་མེད་པའི་ཀུན་ཁྱབ་ཀུན་ཏུ་བཟང་། །རྣམ་དབྱེར་མེད་པའི་ཟག་མེད་ཡོན་ཏན་ཆོས། །ཡེ་རྫོགས་གཅིག་དང་དུ་མ་ལས་འདས་པའི། །ངོ་བོ་ཀ་དག་རང་བཞིན་འོད་དུ་གསལ། །ཐུགས་རྗེ་རིག་པའི་འཆར་གཞི་མ་འགགས་པས། །གོ་ཕྱེས་འཁོར་དང་མྱ་ངན་འདས་པའི་ཆོས། །རྩལ་དང་རོལ་པར་ཤར་བ་ངོ་ཤེས་པས། །གཉེན་པོ་གཞན་མེད་རང་སར་གྲོལ་བ་ཡང་། །བཅོས་བསྒྱུར་མི་དགོས་ཅེར་གྱིས་གྲོལ་འདི་མཚར། །ཇི་སྙེད་ལམ་བདེན་བྱ་རྩོལ་བཅས་པ་རྣམས། །དོན་མེད་ངལ་བ་ཙམ་དུ་གྱུར་པའི་ཕྱིར། །ཆོས་ཉིད་དོན་ལ་རྟོག་པའི་སྒྲོག་གིས་བཅིངས། །འདིར་ནི་བྱ་མེད་རང་གཤིས་ངང་འཇོག་པས། །གཟུང་འཛིན་རྟོག་པའི་སྤྲིན་ཚོགས་དབྱིངས་སུ་དེངས། །སྒོ་གསུམ་རྒྱ་གྲོལ་གཞིར་གནས་མངོན་དུ་གྱུར། །སྒྲོན་མ་བཞི་པོ་གནད་ཀྱི་གཅུན་པ་ལས། །ལྷུན་གྲུབ་སྣང་བ་བཞི་ཡི་ལམ་རྩལ་རྫོགས། །གདོད་མའི་ནང་དབྱིངས་ཀ་དག་ཆེན་པོར་གྲོལ། །ཡེ་ཤེས་ནང་གསལ་གཞོན་ནུ་བུམ་སྐུའི་སྦུབས། །འབྲས་བུ་རྒྱལ་པོའི་བཙན་ས་ཟིན་པ་ལས། །སླར་ཡང་ཕྱིར་གསལ་སྐུ་དང་ཡེ་ཤེས་ཀྱི། །མཛད་པ་ཕྲིན་ལས་བསམ་མི་ཁྱབ་པ་ཡིས། །ནམ་མཁའ་ཇི་སྲིད་བར་དུ་ཁྱབ་ཅིང་རྟག། དེ་ལྟའི་ཡེ་གྲོལ་རང་བཞིན་རྫོགས་པ་ཆེ། །སྲིད་པ་གསུམ་གྱི་གྲོང་ཁྱེར་རྒྱུན་གཅོད་ཅིང་། །ཐེག་པ་ཀུན་གྱི་རྩེ་མོར་ཕྱིན་པས་ན། །འདི་ཡི་རང་བཞིན་མཐོང་བས་ཆོས་ཀུན་ཤེས། །དེ་ལ་རྫོགས་པ་ཆེན་པོའི་རྒྱུད་ལུང་དང་། །ཀུན་མཁྱེན་བླ་མའི་གསུང་གི་མཛོད་ཁང་དང་། །གསང་སྔགས་སྙིང་ཐིག་ཆེན་པོའི་གཞུང་བཟང་ལ། །དད་པས་ཡང་ཡང་བལྟ་ཞིང་འདྲིས་པར་མཛོད། །རྟོག་གེའི་རིག་པ་ངན་སྐྱུགས་ལྟ་བུ་ཡིས། །སྔ་འགྱུར་རྒྱུད་ལུང་ཟབ་མོའི་དོན་རྟོགས་དཀའ། །ངེས་པའི་དོན་ལ་སྦྱོར་བའི་ཤེས་རབ་ནི། །དྲི་མ་མེད་པས་ཡང་ཡང་བལྟ་བར་མཛོད། །དེ་ལྟར་བརྩེ་བས་ལེགས་པར་འདོམས་པ་ཡིས། །སྐལ་བཟང་སློབ་མ་ཁྱོད་ལ་ཕན་པ་དང་། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་ཡི། །གོ་འཕང་ཐོབ་ནས་འགྲོ་བའི་དོན་བྱེད་ཤོག། །ཅེས་པའང་གཡག་ཟེ་ཚེ་དབང་འགྱུར་མེད་ནས་གསུང་བསྐུལ་ངོར། །ཆོས་མེད་ཀྱི་སྤྲང་པོ་བཙུན་འཆལ་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེའོ།། །། ༈ ཀླུ་ལྡིང་ཞབས་དྲུང་ལ་གནང་བའི་ཞལ་གདམས། དག་པའི་སྣང་བ་འབྱམས་ཀླས་ཤིང་། །དམ་པའི་ཡོན་ཏན་ཕུལ་བྱུང་བ། །ཆོས་ཀྱི་བཤེས་གཉེན་བླ་མ་རྗེའི། །སྐུ་ཡི་དཀྱིལ་འཁོར་ཉེ་དྲུང་དུ། །གཤམ་དུ་ཕྱག་བྲིས་གནང་འབྱོར་བྱུང་། །ཆོས་ཀུན་རྩ་བ་རང་གི་སེམས། །སྣང་བ་ཐམས་ཅད་རང་སྣང་ཡིན། །མེད་སྣང་སྒྱུ་མ་དང་མཚུངས་ཤིང་། །སེམས་ཡང་གཟུང་འཛིན་རྟོག་པ་འདི། །ཡོད་ཡོད་འདྲ་ཡང་དོན་ལ་མེད། །རྨི་ལམ་ནང་གི་སྐྱེ་ཤི་བཞིན། །དོན་ལ་གྲུབ་པ་མེད་དོ་ལགས། །ཐོག་མེད་དུས་ནས་ད་ལྟའི་བར། །གཉིས་སྣང་འཁྲུལ་པ་འདིས་བཅིང་པས། །གཟུང་འཛིན་གཉིས་བྲལ་གཉུག་མའི་སེམས། །བཅས་བཅོས་མ་བྱེད་རང་གར་ཞོག། ཆོས་དབྱིངས་རང་བཞིན་འོད་གསལ་དེ། །བདེ་བ་ཆེན་པོ་རྒྱུན་ཆད་མེད། །ན་ཚ་སྡུག་བསྔལ་དེ་ལ་མེད། །དེས་ན་རང་སེམས་འཁྲུལ་པ་རུ། །མ་ཤོར་རང་སར་ཟིན་གྱུར་ན། །དེ་ནི་བླ་མ་ཡི་དམ་དང་། །ཆོས་སྐྱོང་ཀུན་གྱི་ངོ་བོ་ཡིན། །འཁོར་བ་ཞེས་བྱ་སྤང་དུ་མེད། །མྱ་ངན་འདས་པ་ཐོབ་བྱ་མེད། །འཁོར་འདས་དབྱེར་མེད་དེ་ལ་ཟེར། །མ་རིག་འཇོམས་པའི་སྒྲོན་མེ་ཡིན། །ནད་གདོན་ཀུན་སེལ་སྨན་ཆེན་ཡིན། །དེ་ཕྱིར་དེ་ལ་ཐུགས་དམ་མཛོད། །རྟོག་པས་བཅིང་ན་གྲོལ་དུས་མེད། །རྣམ་རྟོག་ཐམས་ཅད་རང་ཤར་ཡིན། །རང་གྲོལ་སྐྱེ་མེད་ངང་དུ་ཐོངས། །དེ་སྐད་གདམས་པ་ཉུང་ངུ་ཕུལ། །ཕྲན་ལ་སྐྱབས་རྟེན་གནང་མི་དགོས་དང་ཁྱེད་ལ་སྐྱབས་འཇུག་རྟག་ཏུ་ཡིད་ལ་སྣང་འཇོག་ཞུ། ཞུ་འདེགས་བཅས་ཆོས་ཀྱི་བློ་གྲོས་པས་ཕུལ།། །། ༈ བླ་མའི་ཞབས་ལ་ཕྱག་བཙལ་ནས། །གདམས་ངག་བདུད་རྩིའི་ཐིག་པ་དབྱེ། །ཁྱོད་ཉིད་སྤྲུལ་པའི་སྐུ་ཞེས་པ། །ལས་ཀྱིས་སྤྲུལ་པ་མ་ཡིན་པར། །ཐུགས་རྗེའི་ཡས་སྤྲུལ་ཡིན་དགོས་ཀྱང་། །མངལ་གྱིས་སྒྲིབ་སོགས་ནོངས་ལྡན་ཕྱིར། །ལམ་ལ་སློབ་པ་ཤིན་ཏུ་རིགས། །དེ་ཡང་ཁས་བླངས་ཚུལ་ཁྲིམས་ཀྱི། །སྡོམ་པ་ད་ལྟ་གནས་པ་དང་། །སླད་ནས་བསྟན་རྩ་དགེ་སློང་གི །སྡོམ་ནོས་མིག་འབྲས་བཞིན་དུ་སྲུངས། །འདི་ནི་ཡོན་ཏན་ཀུན་གྱི་གཞི། །ད་ལྟ་རྣམ་རིག་བཀྲ་བའི་དུས། །ཐོས་བསམ་འབད་པ་བརྒྱ་ཕྲག་བསྐྱེད། །མདོ་སྔགས་རིས་མེད་གཞུང་ལ་བལྟ། །བློ་གྲོས་སྣང་བ་ཐོབ་པར་འགྱུར། །དེ་ནས་གཉིས་འཛིན་གཞོམ་པ་དང་། །བདག་རྒྱུད་གྲོལ་བ་ཐོབ་སླད་དུ། །བསྒོམ་པ་ལ་ནི་འབད་པར་རིགས། །དེས་ནི་ཟབ་མོའི་དོན་གནད་མཐོང་། །མདོར་ན་རང་སེམས་འདི་ཉིད་ནི། །དྲན་ཤེས་བག་ཡོད་བརྟན་པོས་སྲུངས། །སྡིག་པའི་གྲོགས་ངན་རིང་དུ་སྤོངས། །དམ་པའི་རྣམ་ཐར་བཟང་པོར་སློབས། །དེ་སྐད་གདམས་པ་ཉུང་ངུ་འདི། །ས་བོན་ཙམ་དུ་གྱུར་ནས་ཀྱང་། །རྒྱས་པ་སོ་ཐར་མདོ་དང་ནི། །སྤྱོད་འཇུག་སོགས་ལས་དགོངས་བཞེས་འཚལ། །འདེགས་བཅས་ཆོས་ཀྱི་བློ་གྲོས་པས་ཕུལ།། །། ༈ ཐོས་པས་བློ་གྲོས་རབ་ཏུ་རྒྱས་པ་ལས། །ཤེས་རབ་ཕུན་སུམ་ཚོགས་པ་འབྱུང་བར་ངེས། །དེ་ནི་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །ཐོས་དོན་བསམ་དང་བསྒོམ་པས་གཏན་འབེབས་ན། །མཚན་ཉིད་ཇི་བཞིན་རྒྱུད་ལ་མྱོང་བའི་ཕྱིར། །དེས་ན་སྙིགས་དུས་ཚེ་ཐུང་ཡུད་ཙམ་འདིར། །སྒྲུབ་ལ་ནན་དུ་བརྩོན་པ་ཤིན་ཏུ་གཅེས། །མ་སྒོམ་ཆོས་དེ་ལྟོག་གྲིར་ཤི་དང་མཚུངས། །སྒྲུབ་པས་དོན་གཉིས་ཕུན་སུམ་ཚོགས་པར་འགྱུར། །ཡི་དམ་ལྷ་ལ་བཟང་ངན་མེད་མོད་ཀྱང་། །རང་གི་རིགས་ཀྱི་ལྷ་སྐལ་གང་ཡིན་བརྟགས། །དཔལ་ལྡན་སྒྱུ་མ་བདེ་མཆོག་འཁོར་ལོ་དང་། །རྡོ་རྗེ་རྣལ་འབྱོར་མ་ལ་བརྩོན་གྱུར་ན། །མགོ་བོའི་ཐོད་པ་བོར་བས་ཆོག་པར་འོང་། །བློ་སྣ་མང་ཞིང་ལྷ་མང་སྒྲུབ་པས་ཕུང་། །མཆོག་སྒྲུབ་ལྷ་རྣམས་ངོ་བོ་གཅིག་པའི་ཕྱིར། །གཅིག་འགྲུབ་པས་ནི་ཐམས་ཅད་རྣལ་འབྱོར་བྱེད། །དེ་ཕྱིར་ལྷ་གཅིག་དག་ལ་སྒྲུབ་པ་གཅེས། །རྡོ་རྗེའི་གནས་ཆེན་གཉན་ལྡོངས་ཤིན་ཏུ་ལེགས། །ཞེས་སྨྲས་སོ། །རབ་བརྟན་དགོན་གྱི་མཁན་པོ་ཤེས་རབ་འབྱུང་གནས་ལ་གནང་བའོ།། །། ༈ ཞལ་གདམས་བསིལ་སྦྱིན་བདུད་རྩི་ཞེས་བྱ་བ་བཞུགས་སོ། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ལྷར་བཅས་འཇིག་རྟེན་གསུམ་ན་མངོན་མཐོ་བ། །སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །དེ་སྲས་བྱང་སེམས་ཉན་རང་འཕགས་པའི་ཚོགས། །ཁྱད་པར་རྩ་གསུམ་ཀུན་འདུས་མཚོ་སྐྱེས་རྗེའི། །ཞབས་པད་བདེ་ཆེན་འཁོར་ལོར་མཆོད་བྱས་ནས། །གང་ཞིག་ཐར་པ་དོན་དུ་གཉེར་བ་ལ། །ཕན་པའི་གདམས་ངག་བསིལ་སྦྱིན་བདུད་རྩི་ནི། །ལུང་བཞིན་མདོར་བསྡུས་ངག་གིས་བསྙད་པར་བྱ། །ཤིན་ཏུ་རྙེད་དཀའི་རྟེན་བཟང་དལ་འབྱོར་འདི། །ཐོབ་པར་དཀའ་བའི་ཚུལ་ལ་ལེགས་བསམ་ཏེ། །དོན་ལྡན་སྙིང་པོ་བླང་བའི་ཐབས་བཟང་པོ། །ཡང་ཡང་རྒྱུད་ལ་བསྟེན་ཅིང་གོམས་པར་བྱ། །ཚེ་འདི་མི་རྟག་ཆུ་ཡི་ཆུ་བུར་འདྲ། །ལུས་སྲོག་འདི་ནི་མྱུར་དུ་འཇིག་ཅིང་ཟད། །མི་རྟག་མི་བརྟན་སྒྱུ་མའི་ངང་ཚུལ་ལ། །ལེགས་པར་བསམ་ནས་མྱུར་དུ་དམ་ཆོས་མཛོད། །བསགས་པའི་ལས་ནི་ནམ་ཡང་ཆུད་མི་ཟ། །རང་གི་སྟེང་དུ་མྱོང་བར་ངེས་པས་ན། །རྒྱུ་འབྲས་བླང་དོར་ཕྲ་ཞིབ་བསྲུང་བ་འདི། །ཆོས་སྒོར་ཞུགས་པ་རྣམས་ཀྱི་ཉམས་ལེན་མཐིལ། །འཁོར་བ་ཐམས་ཅད་སྡུག་བསྔལ་རང་བཞིན་ཡིན། །བདེ་བའི་གོ་སྐབས་ཅུང་ཟད་ཙམ་ཡང་མེད། །མཐོ་རིས་རྒྱལ་སྲིད་བདེ་བ་ཆེ་ཐོབ་ཀྱང་། །ཡིད་སྨོན་དང་བྲལ་ངེས་འབྱུང་བསྐྱེད་པར་མཛོད། །ཀུན་འབྱུང་བདེན་པའི་ཚུལ་ལ་རབ་བསམ་ནས། །དེ་ཡི་འབྲས་བུ་སྡུག་བསྔལ་སྤང་བའི་ཐབས། །ལམ་གྱི་བདེན་པ་རྒྱུད་ལ་བསྟེན་པ་ཡིས། །ཉེ་བར་ཞི་བའི་འགོག་པ་མངོན་དུ་བྱ། །དེ་ཡང་སྐྱབས་གསུམ་བསླུ་མེད་ཡིད་ཆེས་ཀྱི། །དད་པས་ཉེར་དྲངས་གཞན་ཕན་ལྷག་བསམ་ནི། །རང་འདོད་གཡོ་སྒྱུ་མེད་པར་བསྐྱེད་པ་འདི། །རྒྱལ་སྲས་རྣམས་ཀྱི་སྙིང་ནོར་གཅིག་པུ་ཡིན། །བདེ་གཤེགས་ཆོས་ཁམས་ཡོན་ཏན་རྒྱ་མཚོའི་གཏེར། །རང་ལ་ཡོད་ཀྱང་སྒྲིབ་པའི་སྤྲིན་གྱིས་གཡོགས། །དེ་བསལ་ཚོགས་གཉིས་རྒྱ་ཆེན་བསགས་པ་ལས། །བྲལ་དང་སྨིན་པའི་འབྲས་བུ་མངོན་དུ་འགྱུར། །བདག་དང་ཕུང་པོ་རྣམ་རིག་སྒྲོ་བཏགས་ཆོས། །རིག་པའི་ལམ་ནས་ཡང་དག་དཔྱད་པ་ལས། །མཐར་འཛིན་བདག་ལྟ་དྲུང་ནས་འབྱིན་པ་ཡི། །བདག་མེད་སྤྲོས་བྲལ་ལྟ་བ་གཏན་འབེབས་མཛོད། །དེ་ནས་རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་དག་གི །བསྐྱེད་དང་རྫོགས་པའི་རིམ་པར་བརྩོན་པ་ལས། །སྒོ་གསུམ་རྡོ་རྗེ་བཞི་རུ་སྒྲུབ་པར་བྱ། །ཁྱད་པར་དྲན་པས་སྲིད་ཞིའི་འཇིགས་འཕྲོག་པ། །ཀུན་བཟང་བླ་མ་སྙིང་གི་པདྨོ་རུ། །གུས་པས་མཆོད་ན་རྡོ་རྗེའི་བྱིན་འབེབས་ཏེ། །ཡེ་ཤེས་འོད་གསལ་ཉི་མ་སྙིང་དབུས་འཆར། །སྤྲོས་བྲལ་ཀ་ནས་དག་པའི་དབྱིངས་ཆེན་པོར། །ལྷུན་གྲུབ་འོད་གསལ་སྣང་བ་རྟག་འཆར་བས། །ཆོས་ཟད་བློ་འདས་གདོད་མའི་གྲོལ་གཞི་ཆེར། །མངོན་བྱང་ཆུབ་ནས་འཁོར་བ་དོང་སྤྲུགས་བྱེད། །མདོར་ན་སྒོ་གསུམ་བྱ་བ་ཅི་བྱེད་ཀུན། །དམ་པའི་ཆོས་དང་མཐུན་པར་རབ་སྒྲུབ་ནས། །དྲན་དང་ཤེས་བཞིན་བག་ཡོད་བརྟུལ་ཞུགས་ལས། །ནམ་ཡང་ཉམས་མེད་བརྩོན་པར་ཤིན་ཏུ་གཅེས། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་མེད་དང་། །རྗེས་ལ་ཡང་དག་བསྔོ་བས་རྒྱས་བཏབ་འདི། །ཐེག་ཆེན་ལམ་གྱི་གཞུང་ཤིང་ཡིན་པས་ན། །དེ་གསུམ་སྒོམ་ནས་དགེ་ཚོགས་མཐར་ཕྱིན་མཛོད། །དེ་སྐད་གདམས་བཞིན་རང་གིས་མི་བྱེད་ཀྱང་། །གཞན་ལ་ཕན་པའི་ཤུགས་ཀྱིས་ཉེར་དྲངས་པས། །དམ་པ་རྣམས་ཀྱི་གསུང་གི་རྗེས་འབྲངས་ནས། །ལེགས་པར་འདོམས་པས་ཁྱོད་ཐུགས་གྲོལ་གྱུར་ཅིག། ཅེས་པའང་སྔ་འགྱུར་བསྟན་པའི་ཉི་མ་གྲུབ་དབང་རྫོགས་ཆེན་དྲུག་པ་རིན་པོ་ཆེའི་གསོལ་དཔོན་པད་རབ་བུ་དགེ་ཆུང་རྒྱལ་ནས་གསུང་བསྐུལ་ངོར་རྨོངས་རྒན་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། །སརྦ་ཛ་ག་ཏཾ།། །། ༈ རང་གི་སློབ་བུ་མཆོག་གསུམ་སྐྱབས་ལ་སྤྲིང་ཡིག་བཞུགས་སོ། །རྗེ་དྲན་པས་གདུང་སེལ་བླ་མ་ལ། །ཡིད་མོས་གུས་གདུང་བས་གསོལ་བ་འདེབས། །བུ་མཆོག་གསུམ་སྐྱབས་ལ་ཐུགས་རྗེས་ཟུངས། །ཐར་པའི་ལམ་སྣ་དྲང་དུ་གསོལ། །མི་ང་ལ་དག་སྣང་ཆེར་བསྐྱེད་པའི། །མཆོག་གི་མིང་ཅན་སློབ་མ་ཁྱོད། །དད་པ་དང་དམ་ཚིག་ས་གཞི་ལ། །མོས་གུས་ཀྱི་དཔག་བསམ་རབ་རྒྱས་པས། །བྱིན་རླབས་ཀྱི་འབྲས་བཟང་ཐོབ་པ་དེ། །དཀོར་རྒན་ང་བྱིན་ཆེན་མ་ལགས་ཀྱང་། །ཕ་བརྒྱུད་ལྡན་བླ་མའི་ཐུགས་རྗེ་ཡིན། །ཆོས་ཀུན་གྱི་སྔོན་འགྲོར་སེམས་བསྐྱེད་དང་། །དངོས་དམིགས་མེད་ངང་ལ་བློ་བཞག་དང་། །རྗེས་བསྔོ་བ་སྨོན་ལམ་བྱེད་པ་འདི། །བྱང་ཆུབ་སེམས་དཔའི་ཁྱད་ཆོས་ཡིན། །འཁོར་བའི་ཉེས་དམིགས་དྲན་པ་ཡིས། །རྒྱུ་འབྲས་འཇུག་ལྡོག་བྱེད་པ་དང་། །དལ་འབྱོར་རྙེད་དཀའི་འདུ་ཤེས་བསྐྱེད། །དེ་ཡུན་དུ་མི་རྟག་འཆི་བ་དྲན། །དམ་ཆོས་ལ་བརྩོན་འགྲུས་བསྐྱེད་པ་དང་། །སྲིད་འཁོར་བའི་གནས་ལ་ངེས་འབྱུང་མཛོད། །སྐྱབས་ཀུན་འདུས་རྩ་བའི་བླ་མ་དེ། །སངས་རྒྱས་ཡིན་པར་ཐག་བཅད་ནས། །མོས་གུས་ལ་ལྟེམ་རྐྱང་མ་བྱེད་ན། །དེ་ཁོ་ནས་མཆོག་གི་དངོས་གྲུབ་ཐོབ། །གཞི་བདེ་གཤེགས་སྙིང་པོ་འཕོ་འགྱུར་མེད། །ཀ་ནས་དག་པའི་ཆོས་ཉིད་ལ། །གཤིས་སྤངས་བླང་བསལ་བཞག་མེད་ལགས་ཀྱང་། །མ་འདྲེས་ཤན་འབྱེད་ཤིན་ཏུ་གཅེས། །ཀུན་རྣམ་ཀྱི་གསལ་ཆ་རྐྱེན་ལ་ལྟོས། །སྐབས་རེས་འགའ་དྭངས་གསལ་འཕེལ་འགྲིབ་ཅན། །སེམས་བརྒྱལ་སོགས་སྐབས་སུ་དེ་འགག་ལ། །མཐའ་དབུས་དང་བྲལ་བའི་རིག་པ་འདི། །རྐྱེན་བཟང་ངན་གྱིས་བརྫི་བ་མི་ནུས་ཤིང་། །ནང་དུ་བསྡམ་པ་ལྟར་མི་དགོས། །རིག་པ་རྒྱ་གྲོལ་ཕྱོགས་མེད་ཡིན། །ཧད་དེ་བ་ལ་ཟང་ཐལ་ལེར། །སྨྲ་བསམ་བརྗོད་བྲལ་གྱི་གནས་ལུགས་ཡིན། །ནམ་མཁའ་ལྟ་བུ་རྒྱ་རེ་ཡངས། །ཉི་ཟླ་ལྟ་བུ་འོད་གསལ་བ། །ཡེ་ཤེས་དེ་སྤྲོས་མཚན་དངོས་པོ་དང་། །སྤྲོས་མེད་ཀྱི་ཆོས་ལས་འདས་པ་ལ། །རང་བྱུང་གི་རིག་པ་ཞེས་སུ་གྲགས། །བུ་བློ་ཡི་ཆོས་ཀྱིས་མ་འཆིངས་ཤིག། འཆིང་ན་སྲིན་བུའི་ཁ་ཆུ་བཞིན། །རང་གིས་རང་བཅིངས་གྲོལ་དུས་མེད། །རྣམ་རྟོག་བཟང་ངན་གང་ཤར་བ། །བྱུང་ཡང་ཆོས་ཀྱི་དབྱིངས་ལས་བྱུང་། །གནས་ཀྱང་ཆོས་ཀྱི་དབྱིངས་ལ་གནས། །ཐིམ་ཡང་ཆོས་ཀྱི་ཀློང་དུ་ཐིམ། །མཉམ་ཉིད་ཀྱི་ཆོས་ལ་བཟང་ངན་མེད། །བཟང་ངན་གྱི་གདམ་ཀ་བསྐྱུར་ལ་ཐོངས། །མཁར་སྤྲིན་དེངས་བཞིན་རང་གྲོལ་ཞོག། གྲོལ་བྱེད་གཉེན་པོ་གཞན་མི་དགོས། །རྟོག་ཚོགས་དུ་མ་རོ་གཅིག་འདྲེས། །རོ་གཅིག་ངང་ལ་འཛིན་པ་མེད། །མདོར་བསྡུ་ན་གཟུང་འཛིན་གྱིས་མ་བསླད་པར། །ཆོས་ཉིད་རིག་པའི་གཤིས་ལུགས་འདི། །དུས་གསུམ་རྒྱུན་ཆད་མེད་པ་ལ། །བུ་ཡེངས་པར་མ་ཤོར་ཕྱམ་བརྡལ་ཞོག། གུ་ཡངས་བློ་བདེ་ཆེན་པོར་ཞོག། ཞོག་ཅེས་བྱ་བ་ཚིག་ཡིན་ཏེ། །དོན་སྤྱི་ལ་བཞག་བྱ་གཞག་བྱེད་བྲལ། །བསྒོམ་འདོད་ཀྱི་ཞེན་པའི་འཆིང་བ་ཤིགས། །དབྱིངས་སྟོང་པའི་ངོ་བོ་ཆོས་ཀྱི་སྐུ། །གདངས་གསལ་ཆ་ལོངས་སྤྱོད་རྫོགས་པའི་སྐུ། །རྩལ་མ་འགག་ཤར་བ་སྤྲུལ་པའི་སྐུ། །དེ་གསུམ་དུ་དབྱེ་ཡང་དོན་དབྱེར་མེད། །ད་ལྟ་ཡི་རིག་པ་སལ་ལེ་བ། །འདི་ལ་སྐུ་གསུམ་ཚང་བ་ཡིན། །འདི་མ་བཅོས་མ་ཡེངས་དང་ལྡན་ན། །དེ་གོམས་པས་སྐྱེ་ཤི་བར་དོ་ཡི། །འཁྲུལ་རྟོག་སྣང་ཐམས་ཅད་དབྱིངས་སུ་ཐིམ། །ཕྱི་ཡུལ་སྣང་ཕྱི་རུ་མི་བཟུང་ཞིང་། །རིག་པ་ནང་དུ་མ་བཅོས་པ། །སྣང་སེམས་གཉིས་མེད་ཆེན་པོ་ཤར། །དེ་རྟོགས་པས་ཅིར་སྣང་ཀུན་བཟང་རྒྱན། །རིག་པའི་ཆོ་འཕྲུལ་ཆེན་པོར་གོ །གོ་བྱ་གོ་བྱེད་གཉིས་སུ་མེད། །གཉིས་མེད་ཀྱི་ངང་ལ་གང་དགར་ཞོག། འཁོར་བ་འདི་གདོད་ནས་རྣམ་པར་དག། འཁྲུལ་སེམས་གཡའ་དྲིས་གོས་པ་འདི། །བསལ་བའི་ཕྱིར་དུ་བསགས་སྦྱང་བྱ། །བློ་ཆོས་སུ་འགྲོ་བར་ངེས་འབྱུང་བསྐྱེད། །ཆོས་ལམ་དུ་འགྲོ་ཕྱིར་བྱམས་སྙིང་རྗེ། །བྱང་ཆུབ་སེམས་མཆོག་བསྒོམ་པར་བྱ། །ལམ་འཁྲུལ་པ་ཞི་ཕྱིར་སྟོང་ཉིད་བསྒོམ། །འཁྲུལ་ཡེ་ཤེས་དག་ཅིང་ཟུང་འཇུག་གི །ཡེ་ཤེས་རྒྱུད་ལ་སྐྱེ་བའི་ཕྱིར། །རྡོ་རྗེ་ཐེག་པའི་རིམ་གཉིས་བསྒོམ། །དེ་ལས་ཀྱང་འོད་གསལ་རྫོགས་པ་ཆེའི། །ཡེ་ཤེས་རང་ལ་གཞིར་རྫོགས་དེ། །རྗེ་བླ་མའི་དྲིན་གྱིས་ངོ་སྤྲོད་ལ། །བུས་འཛིན་པས་མ་བསླད་རང་སར་ཞོག། རིག་བཟོ་མེད་པའི་རང་གསལ་འདི། །གཉུག་མའི་དྲན་རིག་ཡིན་མོད་ཀྱང་། །ཀུན་གཞིའི་རྣམ་ཤེས་གསལ་ཆ་དང་། །འཁོར་འདས་གཉིས་སུ་འཛིན་པ་འཁྲུལ། །དོན་དམ་གྱི་བདེན་པ་གཅིག་པུ་ལགས། །ཁྱོད་ཀྱི་ཐུན་མིན་ཐུན་མོངས་གི །།རྟོགས་མྱོང་གོ་བ་སྐྱོན་མེད་གསུངས། །མཆོག་འཛིན་དང་ཞེན་པ་མ་བྱེད་ཅིག། གཉིས་སྣང་དབྱིངས་སུ་མ་ནུབ་བར། །རྒྱུ་འབྲས་ཀྱི་སྤང་བླང་ཞིབ་མོར་གྱིས། །བླ་མ་ལ་མོས་གུས་བསྐྱེད་ཅིག་དང་། །དཀར་པོའི་ཚེས་ཀྱི་ཟླ་བ་བཞིན། །ཉམས་རྟོགས་ཇེ་བས་ཇེ་བཟང་འགྲོ། །ཆོས་འདུས་བྱས་ཀྱི་དགེ་ཚོགས་རྒྱ་ཆེར་བསྒྲུབས། །དེ་ལ་བསྔོ་བས་རྒྱས་བཏབ་ཡོད། །ལུས་མེ་ཡི་ཚིག་པའི་སྡུག་བསྔལ་དེས། །ཁྱོད་ཀྱི་ལས་སྒྲིབ་རྒྱ་ཆེར་དག། དེ་བླ་མ་དཀོན་མཆོག་གི་ཐུགས་རྗེ་ཡིན། །དགའ་བ་བསྒོམ་ལ་གསོལ་བ་ཐོབ། །རྣལ་འབྱོར་མ་ཡི་བསྒོམ་བཟླས་དང་། །ཚེས་བཅུའི་མཆོད་པ་མ་ཆག་ཨང་། །ཁྱོད་འདིར་ཕྱོགས་སླེབས་པར་མ་གྱུར་ཀྱང་། །ཁྱོད་དང་ང་གཉིས་འདུ་འབྲལ་མེད། །དེས་ན་ཨེ་འབྱོར་བལྟ་མི་དགོས། །ཚེ་ཐར་སྟོང་གཅིག་དགེ་བ་དང་། །དམ་ཚིག་གཙང་བའི་བདེན་སྟོབས་ཀྱིས། །ངེད་ཀྱང་རིང་དུ་འཚོ་བར་སྨོན། །ཚུལ་ཁྲིམས་ཀྱི་ས་གཞི་གཙང་མ་ལ། །བྱང་ཆུབ་སེམས་ཀྱི་དཔག་བསམ་འཁྲུངས། །མཆོག་ཐུན་གྱི་འབྲས་བུ་བཟང་པོ་དེས། །རང་གཞན་ཀུན་རྟག་ཏུ་བཀྲ་ཤིས་ཤོག། དངོས་འབུལ་འབྱོར་ལན་ཟུར་དུ་ཡོད། །ཆོས་ཀྱི་བློ་གྲོས་ངོ་མས་ཕུལ། སརྦ་མངྒ་ལཾ།། །། ༈ རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྟེན་དལ་དང་འབྱོར་པའི་ལུས་འདི་ཉིད། །ནམ་མི་རྟག་འཆི་བ་དྲན་པ་དང་། །འཁོར་བ་ཡི་ཉེས་དམིགས་ལ་བསམ་ནས། །ལས་རྒྱུ་འབྲས་སྤང་བླང་དྲན་པར་མཛོད། །སྐྱབས་བླ་མ་དཀོན་མཆོག་གཙུག་ཏུ་བསྒོམ། །ཡིད་ཆེས་ཀྱི་དད་པས་སྐྱབས་སུ་འགྲོ། །ཁམས་གསུམ་གྱི་སེམས་ཅན་ཕ་མར་ཤེས། །བྱམས་སྙིང་རྗེ་བྱང་སེམས་བསྒོམ་པ་གཅེས། །བསགས་སྦྱོང་ལ་ནན་ཏན་འབད་པ་དང་། །དྲིན་ལྡན་གྱི་བླ་མར་གསོལ་བ་ཐོབ། །བསྐྱེད་རིམ་གྱིས་ཐ་མལ་སྣང་ཞེན་སྦྱངས། །རྫོགས་རིམ་གྱིས་གྱ་ནོམ་ལྷར་ཞེན་སྦྱངས། །དེ་གཉིས་ཀྱི་གནད་འགག་ཟབ་མོ་ནི། །སེམས་མ་བཅོས་གསལ་སྟོང་ཟུང་འཇུག་ངང་། །ཡེངས་མེད་ཀྱི་འཛིན་བྲལ་འཇོག་པ་གནད། །དུས་ཀུན་ཏུ་བཟང་སྤྱོད་སྨོན་ལམ་འདོན། །དགེ་རྩ་རྣམས་བསྔོ་བས་རྒྱས་འདེབས་ཞུ། །ཚུལ་དེ་སྐད་ཆོས་ཀྱི་བློ་གྲོས་པས། །དོན་ལྡན་གྱི་སློབ་བུར་སྤྲིང་བ་དགེ། །། ༈བླ་མ་ལ་ཕྱག་འཚལ་ལོ། བློ་ལྡོག་རྣམ་བཞི་སྐྱབས་འགྲོ་དང་། །བྱམས་དང་སྙིང་རྗེ་བྱང་སེམས་བསྒོམ། །སྒྲིབ་སྦྱོང་ཚོགས་བསག་ནན་ཏན་བྱ། །བྱིན་རླབས་བླ་མའི་རྣལ་འབྱོར་བསྒོམ། །གསོལ་བཏབ་དབང་བླངས་ཐུགས་ཡིད་བསྲེ། །སེམས་ཀྱི་གཞི་རྩ་ལེགས་པར་བཅད། །ལུས་ནི་བསྒུལ་བསྐྱོད་བྲལ་བར་བཞག། ངག་གི་སྨྲ་བ་རྒྱུན་བཅད་ཅིང་། །སེམས་ཀྱིས་རྟོག་པའི་རྗེས་མི་འབྲང་། །འགྱུ་བ་རང་སར་བཞག་པ་དང་། །རླུང་ནི་དལ་ཞིང་མིག་འབྲས་ནི། །དབྱིངས་ལ་གཏད་པ་དེ་ཡི་སྐབས། །རིག་པ་དངོས་མེད་ནམ་མཁའ་ལྟར། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་རིག་པ་རྟོག་པ་མེད། །ཀུན་གྱི་འཆར་གཞི་གོ་མ་འགགས། །གསལ་དྭངས་ངང་ལ་མ་ཡེངས་བཞག། རྩལ་སྣང་རྟོག་པའི་རྗེས་མི་འབྲང་། །རང་ཤར་རང་གྲོལ་ཉིད་དུ་བྱ། །ཆོས་རྣམས་སྒྱུ་མ་ལྟ་བུར་བལྟ། །ནམ་ཞིག་འཆི་པའི་དུས་བྱེད་ཚེ། །ཞེན་ཆགས་འཁྲི་བ་ཀུན་སྤངས་ལ། །སྤྱི་བོར་རྩ་བའི་བླ་མ་བསྒོམ། །རིག་པ་ཨ་ཡིག་རྣམ་པས་ནི། །བླ་མའི་ཐུགས་ཀར་ཡང་ཡང་སྤར། །དེ་ཡི་ངང་དུ་འཆི་ནུས་ན། །དག་པའི་ཞིང་དུ་སྐྱེ་བར་འགྱུར། །དེ་ཡང་ད་ལྟ་སྦྱངས་པ་ཡི། །གོམས་པས་འཕོ་བར་ནུས་པ་ཡིན། །རྒྱུན་དུ་ཆོས་སྤྱོད་ཁ་བཏོན་དང་། །སེམས་བསྐྱེད་བསམ་པ་བཟང་པོ་ཡི། །བསྔོ་བ་སྨོན་ལམ་བྱ་བ་གཅེས། །ཞེས་པའང་ལ་དཀར་ཨ་ནེ་སྐལ་ཆོས་ལ་ཆོས་ཀྱི་བློ་གྲོས་པས་གདམས་པའོ།། །། ༈ ཆབ་གཙང་རྗེ་བཙུན་སྐུ་ཞབས་ལ་གདམས་པ་དད་པའི་ས་བོན་ཅེས་བྱ་བ་བཞུགས་སོ། །རྗེ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས། །དུས་ད་ལྟའི་སྒྱུ་ལུས་གོག་པོ་འདི། །སྐད་ཅིག་གིས་འགྱུར་ཤིང་འཆི་ལ་ཉེ། །རྐྱེན་བཟང་ངན་ཅི་འོང་མི་ཤེས་པས། །འཕྲལ་འཕྲལ་དུ་དམ་པའི་ཆོས་ལ་འབུངས། །ཚེ་འཇིག་རྟེན་འདི་ཡི་བྱ་བཞག་རྣམས། །མདང་སུམ་གྱི་རྨི་ལམ་ཇི་བཞིན་དུ། །རྟག་མི་ཐུབ་ཆུ་ཡི་ཆུ་བུར་བཞིན། །ཚུལ་དེ་ལ་བསམ་ནས་དགོས་མེད་ཀྱི། །ད་བྱ་བཞག་ཐམས་ཅད་བསྐྱུར་ལ་ཐོངས། །ནམ་འཆི་བའི་དུས་སུ་འཁོར་བསྒྱུར་གྱི། །དཔལ་མངའ་ཐང་འབྱོར་པ་ཡོད་ན་ཡང་། །ཁབ་གཅིག་ཙམ་ཁྱེར་དབང་མེད་པས་ན། །ཕན་ངེས་པ་དམ་པའི་ལྷ་ཆོས་མཛོད། །དགྲ་འཆི་བདག་ནམ་འོང་ངེས་མེད་པས། །ཆོས་སང་བྱེད་གནང་བྱེད་དབང་མ་ཤོར། །ལས་རྒྱུ་འབྲས་བླང་དོར་ལ་བརྩོན་ན། །སྒོ་གསུམ་གྱི་དགེ་བ་དེ་རང་ཡིན། །སྐྱབས་མཐར་ཐུག་བླ་མར་གསོལ་བ་ཐོབ། །དད་པ་དང་དག་སྣང་བསྐྱེད་པར་མཛོད། །བློ་གཏད་ཀྱི་ཡིད་ཆེས་སྐྱེས་གྱུར་ན། །མཆོག་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ། །ཆོས་ཀུན་གྱི་རྩ་བ་བྱང་ཆུབ་སེམས། །འགྲོ་དྲུག་གི་ཕ་མ་དྲིན་ཅན་ལ། །ཕན་འདོད་ཀྱི་ལྷག་བསམ་བརྟན་པོ་མཛོད། །གཞི་གདོད་མའི་སངས་རྒྱས་རང་ཆས་སུ། །རང་ལ་ནི་ཡོད་ཀྱང་ངོ་མ་ཤེས། །དེ་མ་རིག་སྒྲིབ་པ་ཡིན་པའི་ཕྱིར། །ཚོགས་བསག་དང་སྒྲིབ་སྦྱོང་ལ་བརྩོན་པར་ཞུ། །ལུས་སྣང་སྟོང་ལྷ་ཡི་བསྐྱེད་རིམ་བསྒོམ། །ངག་བཟླས་བརྗོད་ལ་རྒྱུན་དུ་བརྩོན་པ་དང་། །སེམས་ངོ་བོ་ཉིད་ཀྱི་གནས་ལུགས་ལ། །སྒོ་གསུམ་པོ་མ་བཅོས་རང་བབ་ཞོག། ཡིད་དཔྱོད་དང་བྲལ་བའི་རིག་པའི་གཤིས། །གསལ་སྟོང་དང་ཟུང་འཇུག་ཆེན་པོར་ཤར། །དེ་མ་ཡེངས་མ་བསྒོམ་འཛིན་མེད་ངང་། །རིག་སྟོང་དང་འོད་གསལ་རྗེན་པར་ཤར། །དེ་སངས་རྒྱས་ཀུན་གྱི་དགོངས་པ་ལགས། །དུས་གསུམ་དུ་བསགས་པའི་དགེ་ཚོགས་རྣམས། །མ་འགྲོ་དྲུག་སེམས་ཅན་རྣམས་ལ་བསྔོ། །ཚུལ་དེ་སྐད་རང་གི་སློབ་མ་ལ། །སྙིང་བརྩེ་བས་གདམས་པའི་དགེ་ཚོགས་རྣམས། །དམིགས་མེད་དུ་བསྔོ་བས་འགྲོ་བ་ཀུན། །སྐུ་གསུམ་གྱི་གོ་འཕང་མངོན་གྱུར་ཤོག། །ཅེས་པའང་རང་དང་དངོས་འཕྲད་ཀྱི་ཚབ་ཏུ་ཆོས་ཀྱི་བློ་གྲོས་པས་སྤྲིང་བའོ། །སརྦ་མངྒ་ལཾ། དགེའོ། ། ༈ ཞལ་གདམས་མུ་ཏིག་ཕྲེང་བ་བཞུགས་སོ། །བླ་མའི་ཞབས་ལ་ཕྱག་འཚལ་ལོ། །སྔོན་བསགས་བཟང་པོས་འཕེན་པ་ལས། །དལ་འབྱོར་ཡིད་བཞིན་ནོར་བུ་རྙེད། །མཚན་ལྡན་བླ་མའི་ཞབས་ལ་ཐུག། བུ་ཁྱོད་སྐལ་བ་བཟང་ངོ་སྙམ། །ཟབ་རྒྱས་ཆོས་ཀྱི་བདུད་རྩི་ལ། །ཅི་དགར་སྤྱོད་དུ་ཡོད་པའི་སྐབས། །ལེ་ལོའི་དབང་དུ་མ་ཤོར་བར། །བསྟན་པའི་སྙིང་པོ་སྒྲུབ་ལ་རེམས། །ཆོས་ཀུན་རྩ་བ་རང་གི་སེམས། །འདུལ་སྦྱང་བྱེད་ལ་རག་ལས་ཤིང་། །དེ་ཡང་སེམས་ཀྱི་རྩ་བཅད་ན། །གཟུང་འཛིན་གཉིས་མེད་རྟོགས་པར་འགྱུར། །སྐྱེ་འགགས་གནས་གསུམ་དང་བྲལ་ཞིང་། །རང་བཞིན་འོད་གསལ་སྟོང་པ་ཆེ། །འདི་ཀོ་སེམས་ཀྱི་གནས་ལུགས་ལགས། །འདི་ཉིད་རྟོགས་ན་འཆི་མེད་ཀྱི། །བཙན་ས་ཟིན་པར་ཐེ་ཚོམ་མེད། །བསྐྱེད་དང་རྫོགས་པ་ཐམས་ཅད་ཀྱི། །མཐར་ཐུག་འདི་ལ་ཐུག་པར་འགྱུར། །བླ་མ་བསྒོམ་ལ་དབང་བཞི་བླངས། །བསྐྱེད་རིམ་བསྒོམ་ལ་ཞེན་པ་ཆོད། །རྫོགས་རིམ་མཚན་བཅས་བསྒོམ་པ་ཡིས། །ཞུ་བདེ་ལྷན་སྐྱེས་ཡེ་ཤེས་འདྲེན། །མཚན་མེད་རྫོགས་རིམ་ལེགས་བསྒོམ་པས། །འོད་གསལ་ཆེན་པོར་གནས་པ་དང་། །འཁྲུལ་སྣང་ཐམས་ཅད་དབྱིངས་སུ་ཟད། །སྐུ་དང་ཡེ་ཤེས་ལ་དབང་འབྱོར། །གཞན་ཕན་ཕྲིན་ལས་མཐའ་ཡས་སོ། །མི་རྟག་ངེས་འབྱུང་ལས་འབྲས་ལ། །བསམ་ཞིང་དད་དང་མོས་གུས་བསྐྱེད། །བྱམས་དང་སྙིང་རྗེ་བྱང་སེམས་བསྒོམ། །ཅིར་སྣང་ཐམས་ཅད་བླ་མར་ལྟོས། །སྙིང་གར་བསྒོམ་ལ་ཐུགས་ཡིད་བསྲེ། །གསལ་སྟོང་ཟུང་འཇུག་སྐུ་གསུམ་དུ། །ངོ་འཕྲོད་པས་ནི་རྫོགས་སངས་རྒྱས། །སངས་རྒྱས་རང་ལ་གནས་པ་འདི། །གཞན་དུ་བཙལ་བས་རྙེད་མི་འགྱུར། །དེ་ལྟར་གདམས་པའི་ཕྲེང་བ་འདི། །ཁྱོད་ལ་ཕུལ་བས་འདི་དོན་རྙེད། །འཆི་བ་ཆོས་སྐུར་གཏན་ས་ཟིན། །རྡོ་རྗེ་འཆང་དབང་ཐོབ་པར་ཤོག། གལ་ཏེ་བརྟན་པ་མ་ཐོབ་ཀྱང་། །བླ་མ་རྣལ་འབྱོར་མ་དཔལ་གྱིས། །མཁའ་སྤྱོད་གནས་སུ་དྲོངས་གྱུར་ཅིག། དེ་ལྟར་གདམས་པའི་ཚིགས་སུ་བཅད་པ་འདི་ཡང་འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་ཤར་མར་བྲིས་ཏེ་ཕུལ་བ་སིདྡྷི་རསྟུ།། །། ༈ རང་གཞན་ལ་གདམས་པ་ཕན་བདེའི་འཁྲི་ཤིང་ཞེས་བྱ་བ་བཞུགས། དཔལ་ལྡན་བླ་མའི་ཞབས་ལ་གུས་པས་འདུད། །སྔོན་བསགས་དགེ་བའི་བསོད་ནམས་མཐུ་བརྟས་པས། །དེང་འདིར་ཆོས་ལྡན་རིགས་སྐྱེས་དལ་བའི་རྟེན། །མི་ཁོམ་བརྒྱད་ལས་གྲོལ་ཞིང་འབྱོར་བཅུ་ཚང་། །འདི་འདྲ་རྙེད་པ་རྒྱལ་བའི་ཐུགས་རྗེ་ཡིན། །དཔེ་དང་གྲངས་སོགས་གང་ལ་དཔག་གྱུར་ཀྱང་། །འདི་འདྲ་རྙེད་པ་སྲིད་མཐའ་མ་བཀག་ཙམ། །འདི་ཡང་ཡུན་དུ་གནས་པ་མ་ཡིན་ཏེ། །འགྲོ་བ་མཆོག་དམན་སྔར་བྱུང་ད་ལྟ་བ། །བརྟགས་དཀའི་འཕོ་འགྱུར་བསམ་མི་ཁྱབ་པ་དང་། །དེ་བཞིན་ཕྱི་སྣོད་འཇིག་རྟེན་འཕེལ་འགྲིབ་སོགས། །གང་ལ་བརྟགས་ཀྱང་མི་རྟག་མི་བརྟན་པ། །ཕྲ་རག་གིས་ནི་ལེགས་པར་གཏན་དབབ་ན། །ཤེས་བྱའི་ཆོས་ཀྱི་བརྫུན་ཕུག་རྡིབ་པར་འགྱུར། །ཆུ་ཡི་ཆུ་བུར་རྩ་རྩེའི་ཟིལ་པ་དང་། །ནམ་ཟླ་དུས་བཞི་དང་སྦྱར་བསྒོམ་པ་གཅེས། །གལ་སྲིད་ཆོས་མེད་དུས་མིན་འཕོས་གྱུར་ན། །སྔ་ཕྱིའི་དགེ་ཤུགས་ཆེ་ཆུང་ཅི་བསགས་པ། །ཆུད་ཟ་མི་འགྱུར་ཟིན་པའི་ཕུང་པོ་ལ། །སྨིན་ཅེས་རྒྱལ་བ་བདེན་པར་སྨྲ་བས་གསུངས། །དེ་ཡང་སྡིག་པའི་འབྲས་བུ་ལོངས་སྤྱོད་ལ། །ངན་སོང་གསུམ་པོའི་སྡུག་བསྔལ་བཟོད་བླག་མེད། །དེ་བཞིན་དགེ་སྡིག་སྤེལ་མར་བྱས་པ་དང་། །ཟག་དང་བཅས་པའི་དགེ་དང་ལུང་མ་བསྟན། །ལས་རྣམས་ཀྱིས་ནི་མཐོ་རིས་གསུམ་ཐོབ་ཀྱང་། །དེར་ཡང་སྡུག་བསྔལ་རྣམ་གྲངས་བརྗོད་མི་ལོང་། །མདོར་ན་ཁམས་གསུམ་རིགས་དྲུག་གང་སྐྱེས་ཀྱང་། །རྩ་བའི་སྡུག་བསྔལ་གསུམ་པོ་ལས་མ་འདས། །ད་ལྟ་རང་རེ་མེ་སྟག་ཕྲ་མོ་དང་། །གྲང་རེག་ཆུང་ངུའི་རེག་བྱ་མི་བཟོད་ན། །རྣམ་གྲངས་མང་ལ་ཡུན་རིང་དོས་དྲག་པའི། །སྡུག་བསྔལ་དེ་ནི་ཅི་སྟེ་བཟོད་ཐབས་ཡོད། །དེས་ན་རང་རྒྱུད་ཐ་བ་རྒོད་པོ་འདི། །ལེགས་པར་དུལ་བའི་ཐབས་མཆོག་རྨད་བྱུང་བ། །སྲིད་ལས་ངེས་པར་འབྱུང་བའི་བློ་གྲོས་འདི། །ཐར་པའི་རྩ་བ་ཡིན་པར་གསུངས་པས་ན། །སྡུག་ལ་སྐྱོ་ཡང་མྱ་ངན་འདས་ལ་དགའ། །འདི་ཉིད་ཆོས་པ་ཀུན་གྱི་གཞི་རྟེན་ཡིན། །ཡལ་བར་མ་དོར་བརྩོན་འགྲུས་དྲག་པོ་ཡིས། །ཡང་ཡང་བསྒོམ་ལ་ངེས་ཤེས་འདྲོང་བར་གྱིས། །འདི་ལ་མ་གོམས་གོང་མ་ཐོབ་མི་འགྱུར། །སངས་རྒྱས་ཆོས་དང་དགེ་འདུན་རིན་པོ་ཆེ། །ཐེག་ཆེན་ཐེག་དམན་གང་གི་རྣམ་བཞག་ལྟར། །བསྒོམ་ཡང་དད་པ་གསུམ་གྱིས་གཞི་བཟུང་སྟེ། །མོས་གུས་མྱུ་གུ་སད་ཀྱིས་མ་ཁྱེར་བས། །སྐྱབས་གནས་ཀུན་འདུས་ཉིད་དུ་ཡོངས་ཤེས་ནས། །ངེས་འབྱུང་ཐར་བ་འདོད་དང་གཞན་ཕན་བློས། །རང་གཞན་རྡུལ་སྙེད་གྲངས་ཀྱི་སྐྱབས་སུ་བསྙེན། །དེས་ནི་ཕྱི་ནང་གཉིས་ཀྱི་ཤན་འབྱེད་འགྱུར། །བསམ་པ་བཟང་པོ་རིན་ཆེན་གསེར་ལྟ་བུ། །ལ་སོགས་དབྱེ་བ་ཉེར་གཉིས་གྲངས་ལྡན་གྱི། །སེམས་བསྐྱེད་རྩ་བ་སྙིང་རྗེའི་མྱུ་གུ་ནི། །རྒྱུ་གཉིས་རྐྱེན་བཞིས་མཆོག་ཏུ་བསྐྱེད་པ་ལས། །བྱང་ཆུབ་སེམས་ཀྱི་ལོ་ཏོག་འཁྲུངས་པས་ན། །རྒྱལ་བའི་སྲས་ཞེས་དམ་པའི་གྲལ་དུ་ཚུད། །ཆོས་འདིས་གཞན་དང་གཞན་དག་འདི་གྲོགས་འགྱུར། །རང་ཉིད་ཞི་བདེ་དོན་གཉེར་དམན་པའི་ལུགས། །འདི་ལྡན་ས་ལམ་དག་ནི་བགྲོད་གྱུར་ཅིང་། །ཚོགས་གཉིས་རྒྱ་ཆེན་བསགས་ལ་འབད་བྱས་ན། །གསེར་འགྱུར་རྩི་མཆོག་ལྟ་བུའི་གདམས་ངག་དང་། །ཅང་ཤེས་རྟ་ལ་ཞོན་ཏེ་འགྲོ་དང་མཚུངས། །དེ་དག་ཀུན་གྱི་རྩ་བ་ལམ་སྟོན་པའི། །ལམ་མཁན་དེད་དཔོན་མཉན་པ་ལྟ་བུ་ཡི། །སྐྱོན་ཟད་ཡོན་ཏན་ལྡན་པའི་བླ་མ་ནི། །ལེགས་པར་བརྟགས་ནས་མ་གུས་སྤྱོད་ལམ་སྤངས། །མཉེས་པ་གསུམ་གྱིས་ཞབས་ཀྱི་པདྨོ་ནི། །སྤྱི་བོའི་གཙུག་ཏུ་བཀོད་ནས་ཞལ་སྒོ་ལས། །བྱོན་པའི་གདམས་པ་ཟབ་མོ་ལེགས་པར་ནོད། །དེ་ཡང་ལེགས་པར་བསམ་ཞིང་དངོས་བཅུད་མྱོང་། །ལུང་རིག་ཚད་མ་ལྡན་པས་ཐེ་ཚོམ་གྱི། །དྲྭ་བ་བཅད་ནས་རང་ཚུགས་ཐོན་བར་བྱ། །དཔེ་ལ་མ་ལུས་སྙིང་ལ་ཡི་གེར་བྲི། །དེ་ནས་མཉམ་འགྲོགས་བདུད་སོགས་སྤོང་བའི་ཕྱིར། །དབེན་པའི་རི་སུལ་དམ་པས་བྱིན་བརླབས་ཤིང་། །བཀྲ་ཤིས་ཡིད་འོང་གྲུབ་པའི་གནས་དེ་རུ། །མཐུན་པའི་གྲོགས་དང་ཡང་དག་འཚོ་བ་ལ། །ཆོག་ཤེས་པར་ནི་བརྟེན་ནས་ཐོས་བསམ་གྱི། །གཏན་ལ་དབབ་པའི་ལྟ་ཐོག་འཇོག་ནས་བསྒོམ། །དེ་ཡང་ཐོས་བསམ་དཔྱད་པ་རྣམ་དག་ཞིག། སྔོན་དུ་མ་སོང་རང་གར་འཇོག་པ་ནི། །མ་རིག་རྨོངས་པ་སླར་ཡང་འཕེལ་བའི་རྒྱུ། །དེ་ཕྱིར་དཔྱད་པས་གཏན་ལ་དབབ་པ་གཅེས། །འཐད་པ་བཞི་དང་བཀའ་རྟགས་ཕྱག་རྒྱ་བཞི། །བདེན་པ་བཞི་དང་རྟེན་འབྲེལ་བདེན་གཉིས་དང་། །བརྟོན་པ་བཞི་ལྡན་ཐོག་མཐའ་བར་དགེ་ཞིང་། །ཉོན་མོངས་ཟད་ཅིང་ཡང་དག་ལམ་སྟོན་ཆོས། །མ་ནོར་ཚུལ་བཞིན་བརྩོན་པས་བླང་བར་བྱ། །ཁས་བླངས་བསླབ་པའི་གནང་བཀག་སོ་མཚམས་ལ། །འདུལ་དང་བསླབ་རྒྱུད་དྲི་མས་མ་གོས་ཤིང་། །འགྱོད་མེད་སེམས་ནི་ལས་རུང་བྱ་བའི་ཕྱིར། །ཞི་ལྷག་ཏིང་ངེ་འཛིན་གྱི་སྒོ་དུ་མར། །འཇུག་ཅིང་ལྡང་བའི་བསམ་གཏན་རྩེ་གཅིག་པ། །བསྟན་དོན་སྙིང་པོར་བྱས་པ་མདོ་སྡེ་དང་། །བསྒོམ་པ་ལས་བྱུང་ཆོས་རབ་རྣམ་འབྱེད་ཀྱི། །ཤེས་རབ་ཁྱད་པར་སྒྲུབ་པའི་ལམ་དེ་ནི། །ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་ཞེས། །ཡང་ཡང་བསྔགས་པ་དེ་དག་གོ་རིམ་བཞིན། །བསླབ་པའི་ཚུལ་ཁྲིམས་སེམས་དང་ཤེས་རབ་སྟེ། །གསུམ་པོ་འདི་ནང་བསླབ་གཞི་འདུ་བ་ཡིན། །དེས་ན་དཔྲལ་བའི་མིག་ལས་གཅེས་པར་ཟུངས། །འོག་མ་འོག་མའི་ལམ་སྟེགས་ཡིན་པ་དང་། །འོག་མ་ལ་བརྟེན་གོང་མར་བགྲོད་པས་ན། །དམན་མཆོག་གཉིས་ཀྱི་ལམ་ནི་ཤེས་པར་བྱ། །སྤྱིར་ཡང་རྒྱལ་སྲས་དམ་པ་རྣམས་ཀྱིས་ནི། །མི་སློབ་པ་ཡི་ཆོས་ནི་གང་ཡང་མེད། །སློབ་རྒྱུའི་གཙོ་བོ་བདག་མེད་རྣམ་པ་གཉིས། །བདེན་གཉིས་དབྱེར་མེད་རྟོགས་པའི་ལྟ་བ་ཡིས། །ཁྱད་པར་བྱས་པའི་ལྟ་དེ་གཏན་ལ་དབབ། །ཕྱིན་དྲུག་ཀུན་གྱི་གཙོ་བོ་ཤེས་རབ་ལགས། །འཇིག་ཚོགས་ལྟ་བའི་རི་མཐོ་ཉི་ཤུ་དང་། །སུམ་བརྒྱ་དྲུག་ཅུ་ལ་སོགས་འཇིག་རྟེན་ན། །ཕྱིན་ཅི་ལོག་གི་ཕྱི་མོ་གང་ཟག་བདག། ངར་འཛིན་ལྷན་སྐྱེས་རྟག་གཅིག་རང་དབང་ཅན། །ཀུན་བརྟགས་བདག་དེ་རིག་པའི་མཚོན་རྣོན་པོ། །གཅིག་དང་དུ་བྲལ་སོགས་ཀྱིས་གཏན་ལ་དབབ། །རང་བཞིན་གྲུབ་པའི་དངོས་པོ་རྙེད་མི་འགྱུར། །དེ་ལ་ངེས་པའི་ཤེས་པ་བརྟེན་པར་བྱ། །བདག་གིར་གཟུང་བའི་ཕྱི་ནང་སྣོད་བཅུད་དང་། །ཕུང་པོ་ཁམས་སོགས་གསལ་བར་མཐོང་འདི་ཡང་། །རག་པ་རྡུལ་ཕྲན་ལུས་ལ་བདེན་མ་གྲུབ། །ཕྲ་བ་ཆ་མེད་ལས་ཡིན་དེ་ཡང་ནི། །ཕྱོགས་ཆས་དབྱེ་ན་ཆ་མེད་ཉམས་པར་འགྱུར། །བློ་ཡི་རྟོག་པས་ཕར་ལ་བརྟགས་པ་ལས། །དོན་ལ་གྲུབ་ཅིང་རང་རྐྱ་ཐུབ་པ་མེད། །དཔེ་དང་དོན་སྦྱར་དུ་མ་མང་པོས་ནི། །གཟུང་བའི་ཡུལ་ནི་གཏན་ལ་དབབ་པར་བྱ། །དེར་འཛིན་ཤེས་པ་སྣ་ཚོགས་འཆར་བ་དང་། །ཡུལ་ལ་བརྟེན་ནས་བྱུང་བས་མ་གྲུབ་བོ། །དཔེར་ན་རྨི་ལམ་སྣང་བའི་དངོས་པོ་བཞིན། །ཡུལ་དང་ཡུལ་ཅན་གཉིས་ཀ་མ་གྲུབ་པས། །དེ་ལ་དབྱིབས་དང་ཁ་དོག་བྱུང་བ་དང་། །འགྲོ་ས་གནས་ས་གང་དུ་འང་མ་རྙེད་ཅིང་། །དཔེ་དོན་དུ་མས་གཏན་ལ་དབབ་པ་ན། །ཤེས་འདི་རང་བཞིན་མེད་པ་ངེས་ཤེས་འདྲོངས། །གཉིས་མེད་ཡེ་ཤེས་རང་རིག་རང་གསལ་ཙམ། །གྲུབ་བམ་སྙམ་ན་དེ་ཡང་མ་གྲུབ་སྟེ། །དུས་གསུམ་གྲུབ་པ་མེད་པ་དེ་བས་ན། །དེ་དང་ཕྲད་མ་ཕྲད་སོགས་མི་རུང་ཕྱིར། །སེམས་བྱུང་སེམས་དང་ཞིག་དང་མ་ཞིག་སོགས། །ཇི་ལྟར་དེ་ཡི་སྒྲུབ་བྱེད་སྨྲ་ན་ཡང་། །རིགས་པས་དཔྱད་ཚེ་སྐྱོན་ཅན་ཁོ་ན་ཡིན། །སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར། །མཐར་ཐུག་དོན་ལ་འཛིན་པ་མཐའ་དག་འགལ། །བདེན་གཉིས་དཔྱོད་པའི་རིག་ཤེས་ཚད་མའི་ངོར། །མཐའ་བཞི་རེ་རེ་ནས་ཀྱང་མ་གྲུབ་ལ། །གཟོད་ནས་རང་བཞིན་མ་དམིགས་དེ་ཡི་ཕྱིར། །བཞི་ཀ་ཚོགས་པའི་སྤྲོས་པ་སྤྱི་ཙམ་ཡང་། །མ་གྲུབ་ཅི་ཕྱིར་བྱེ་བྲག་མེད་པས་སོ། །གྲུབ་དོན་སྤྲོས་བྲལ་སྤྱི་ཙམ་དེ་མ་གྲུབ། །གཟུང་དང་འཛིན་པ་ཐམས་ཅད་བྲལ་བ་ཡི། །ཆོས་ཉིད་བསམ་གྱིས་མི་ཁྱབ་དེ་ཡི་ངང་། །བློ་ཡི་སྤྲོས་པ་ཉེ་བར་ཞི་བ་ཡི། །ལམ་འདིར་འཇུག་ན་རྟག་ཆད་མཐར་མི་ལྷུང་། །མདོར་ན་སྣང་ལུགས་ཀུན་རྫོབ་ངོས་ནས་ནི། །རྟེན་འབྲེལ་ལས་སྐྱེས་མེད་པ་མ་ཡིན་ལ། །གནས་ལུགས་དོན་དམ་ངོས་ནས་རྐྱེན་ལས་སྐྱེས། །ཡོད་པ་མ་ཡིན་སྟོང་དང་རྟེན་འབྱུང་ནི། །ཟུང་དུ་འཇུག་པ་རྐང་གཉིས་གཙོ་བོའི་ལུགས། །སྤྲོས་པའི་རླབས་ཀྱིས་མ་བསྐྱོད་འཇོག་སྒོམ་མོ། །དེ་ལྟའི་ཟབ་མོའི་གནས་ལུགས་མ་རྟོགས་པ། །མཚན་མར་ཞེན་པའི་བློ་ཡིས་བཅིང་བྱས་པའི། །འགྲོ་བ་རྣམས་ལ་བྱམས་དང་སྙིང་རྗེ་དང་། །ལྷག་བསམ་ལ་སོགས་དོན་དམ་ངོར་མ་གྲུབ། །ཀུན་རྫོབ་མ་བརྟགས་ཉམས་དགའི་སྐབས་སུ་ནི། །རང་དང་གཞན་དོན་སྒྲུབ་པར་དགོས་མཐོང་ནས། །སྨོན་འཇུག་སེམས་བསྐྱེད་གཞི་ལམ་འབྲས་གསུམ་པོ། །ཟུང་དུ་འཇུག་ལས་སྐུ་གཉིས་འབྲས་ཐོབ་ཅིང་། །མདོར་ན་རྒྱལ་བའི་སྲས་པོར་ཁས་འཆེ་བས། །ཅི་བྱས་སེམས་ཅན་དོན་དུ་འགྱུར་བ་དང་། །ལྷག་པའི་བསམ་པ་ཡལ་བར་མ་དོར་ན། །བྱང་ཆུབ་སྤྱོད་པའི་སྤྱོད་པ་ཡང་དག་པས། །དོན་གཉིས་འགྲུབ་ལ་དཀའ་ཚེགས་མེད་པ་ཡིན། །ནང་གི་ཉི་མ་སྙིང་ལ་འཆར་བ་ཡི། །ཐབས་མཆོག་རྨད་བྱུང་གསང་བ་སྔགས་ཀྱི་ལམ། །དབང་པོ་ཤིན་ཏུ་རྣོན་པོའི་དབང་བྱས་ནས། །འོག་མ་ཡར་ལྡན་གནད་ཀྱིས་མི་འགལ་བ། །ཆེས་གསང་སྔགས་ཀྱི་ཐེག་པ་ཀུན་གྱི་མཆོག། དེ་ལ་སྟོང་ཉིད་ཙམ་དུ་མཚུངས་མོད་ཀྱང་། །ཁྱད་པར་བདུན་གྱིས་རྡོ་རྗེ་ཐེག་པ་འཕགས། །སྐལ་མེད་ཉན་ཐོས་རིགས་ལ་མ་ཡིན་ནོ། །དེ་ཡང་མ་སྨིན་སྨིན་པར་བྱེད་པ་ཡི། །ཐབས་ལ་དབང་བསྐུར་ཞེས་སུ་གྲགས་པ་གང་། །སྔགས་དོན་ལ་མཁས་རྡོ་རྗེ་སློབ་དཔོན་ལ། །ཐ་མལ་པ་ཡི་འདུ་ཤེས་རབ་སྤངས་ནས། །གུས་པར་བརྟེན་ལས་འོག་མར་རྒྱུད་སྦྱོང་བའི། །གང་ཟག་དེ་ལ་རྡུལ་ཚོན་རས་བྲིས་དང་། །ཚོམ་བུ་ལུས་དཀྱིལ་ཤིན་ཏུ་སྤྲོས་མེད་དེ། །ལྔ་པོ་རྣམས་ཀྱི་མཎྜལ་ལ་བརྟེན་ནས། །བུམ་གསང་ཤེར་དབང་བཞི་པ་ཡན་ལག་བཅས། །བསྐུར་བའི་གནས་ལ་ཆོ་ག་མ་འཁྲུལ་པས། །གཞི་ལ་གསོས་ཐེབ་ལམ་དུས་བསྒོམ་པ་ལས། །རྩ་རླུང་ཐིག་ལེ་བརྟེན་པ་ཡེ་ཤེས་ཏེ། །བཞི་པོའི་མ་དག་དྲི་མ་སོ་སོར་སྦྱངས། །རང་བཞིན་ཡེ་དག་མངོན་དུ་གྱུར་པ་ལས། །སྐུ་བཞིའི་འབྲས་བུ་སད་པར་བྱ་བའི་ཕྱིར། །དག་བྱ་དག་བྱེད་ངོ་སྤྲོད་སྡོམ་པ་དེ། །སྐྱེས་པའི་ངེས་ཤེས་བཅས་པ་རྒྱུ་ཡི་དབང་། །དབང་གི་ཆུ་རྒྱུན་མ་ཆད་བླ་མ་ལས། །ཡང་ཡང་བླང་ངམ་རང་ཉིད་འཇུག་པ་ལས། །བླང་བ་ལམ་གྱི་དབང་སྟེ་གཙོ་ཆེའོ། །ཅི་ཕྱིར་ཡེ་ཤེས་གོང་དུ་འཕེལ་བ་དང་། །མཆོག་ཐུན་དངོས་གྲུབ་ཀུན་གྱི་རྩ་བ་ནི། །དབང་ལས་གཞན་མེད་རྒྱུ་མཚན་བསམ་མི་ཁྱབ། །དེ་ཡང་རིམ་པ་གཉིས་ཀྱི་བདག་ཉིད་དེ། །ཐ་མལ་སྣང་བ་ཐམས་ཅད་ལྷར་བྱིན་བརླབས། །བསྙེན་དང་ཉེ་བསྙེན་སྒྲུབ་པ་སྒྲུབ་ཆེན་རྣམས། །རིམ་བཞིན་བརྩོན་ཅིང་གསལ་དག་བརྟན་གསུམ་གྱི། །དུག་དབྱུང་སྐྱེད་པའི་རིམ་པས་གཟེར་ཐེབས་པས། །གསང་སྔགས་ལམ་གྱི་ལུགས་ནི་འདི་ཡིན་ནོ། །ལྷར་སྣང་ཡེ་ཤེས་བྱིན་གྱིས་བརླབས་པའི་ཕྱིར། །རྩ་ཐིག་རླུང་ལ་གནད་བསྣུན་སྟེང་འོག་སྒོས། །ཐབས་མཆོག་ལ་བརྟེན་བདེ་བའི་རྟོགས་པ་སྦར། །དྲི་བཅས་སྦྱོང་ཞིང་ལམ་དུ་བྱས་པ་ན། །འབྲས་བུ་སྐུ་གསུམ་ཡེ་ཤེས་འདྲེན་པ་ཡི། །སྨིན་བྱེད་དུ་འགྱུར་རྫོགས་པའི་རིམ་པ་དང་། །རྩ་ཐིག་རྣལ་འབྱོར་སོགས་ལ་བརྟེན་པ་ཡིས། །བདེ་བའི་ཡེ་ཤེས་རིམ་བཞིན་སྐྱེས་པ་ན། །ཡིད་དངོས་རིག་མ་ལ་བརྟེན་སྙོམས་ཞུགས་པས། །དཔེ་དོན་ལྷན་སྐྱེས་བདེ་ཆེན་ཡེ་ཤེས་འདྲེན། །ཟག་མེད་རྣམ་པ་ཀུན་གྱི་མཆོག་ལྡན་པའི། །བདེ་སྟོང་ཟུང་འཇུག་ཤིན་ཏུ་ཕྲ་བ་ཡི། །ཡེ་ཤེས་ཉི་མ་སྙིང་ལ་འཆར་བར་འགྱུར། །མདོར་ན་བསྐྱེད་པའི་རིམ་པ་བསྒོམ་པ་ལས། །ཕྱི་ནང་ཐ་མལ་འཁྲུལ་པའི་ཆ་རྣམས་ལྡོག། འཆི་དང་བར་སྲིད་སྐྱེ་སྲིད་ཆ་དང་བཅས། །རིག་པའི་སྒོ་གསུམ་ལྷ་སྔགས་སུ་བལྟ་བའི། །གྱ་ནོམ་ལྷ་རུ་ཞེན་པའི་འཛིན་སྟངས་དག། འབྱིན་སླད་ལུས་གནད་འཁྲུལ་འཁོར་བྱེད་བཅིལ་གྱིས། །རྩ་སྦྱོང་རྡོར་བཟླས་ཁ་སྦྱོར་རྣམ་འབྱོར་གྱིས། །ལས་རླུང་དབུ་མར་བཅུག་ཅིང་གཏུམ་མོ་བསྒོམ། །དེ་ནས་ས་ལམ་རིམ་པར་བགྲོད་ཚུལ་ནི། །བསྐྱེད་པའི་རིམ་པས་ཚོགས་ལམ་ཆེན་པོ་དང་། །རླུང་དང་གཏུམ་མོ་སྦྱོར་ལམ་དྲོད་རྩེ་མོ། །རང་བཞིན་ཐབས་ལྡན་ལུས་ཀྱི་བོགས་དབྱུང་བས། །བཟོད་ཆེན་ཐོབ་པའི་ཐ་མ་ཕྱག་རྒྱ་ཡི། །ཉེ་བརྒྱུད་ལ་བརྟེན་ཡེ་ཤེས་ཕྱོགས་གཅིག་མཐོང་། །གོང་འཕེལ་ས་དགུའི་རྟོགས་པ་མངོན་བྱེད་དོ། །དེ་ལའང་ཡེ་ཤེས་ཐོག་མར་མཐོང་བ་ནས། །སྒོམ་ལམ་ཆེན་པོ་མཐའ་རུ་མ་ཕྱིན་བར། །སློབ་ལམ་སྒྱུ་མའི་སྐུ་ཡི་སྤྲོས་པ་རྣམས། །དབྱིངས་སུ་ཐིམ་ནས་ས་བཅུའི་རྒྱུན་མཐའ་ལ། །འོད་ཟེར་ཆེན་པོའི་དབང་བསྐུར་ནོད་པ་དང་། །ཤེས་བྱའི་སྒྲིབ་བཅོམ་ཀུན་གཞི་གནས་འགྱུར་ཏེ། །ཀུན་ཏུ་འོད་ཀྱི་ས་ལ་མངོན་སངས་རྒྱས། །སྔགས་ལུགས་སྣང་གསུམ་འཕོ་བའི་སྒྲིབ་པ་རྣམས། །སྦྱོང་བྱེད་འབྲས་དབང་བསྐུར་ནས་མི་སློབ་པའི། །ཟུང་འཇུག་མངོན་དུ་བརྙེས་ཤིང་རྫོགས་ཆེན་གྱི། །འོད་གསལ་དགོངས་པའི་རྩལ་ཆེན་རྫོགས་པ་དང་། །སྣང་བཞི་མཐར་ཕྱིན་འཇའ་ལུས་འཕོ་ཆེན་ཐོབ། །ཇི་ཙམ་བཞེད་པར་འགྲོ་བའི་དོན་མཛད་ནས། །སླར་ཡང་གདོད་མའི་དབྱིངས་སུ་ཐིམ་པའི་མོད། །རང་སྣང་ལོངས་སྐུའི་ཞིང་ཁམས་རྣམ་པར་བཀོད། །དེ་ལས་ཕྱེད་སྣང་དེ་ལས་སྤྲུལ་སྐུ་འཆར། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་འགྱུར། །དེ་ཕྱིར་ཚེ་འདི་ཡུན་ཐུང་སྐད་ཅིག་ཙམ། །འདི་ལ་དལ་རྟེན་སྙིང་པོ་ལེན་པའི་ཐབས། །དམ་པའི་ཆོས་ལ་བརྩོན་ཞིང་ཁྱད་པར་དུ། །བླ་མེད་རྡོ་རྗེ་ཐེག་པའི་ཉེ་ལམ་དང་། །དེ་ཡི་ཡང་སྙིང་མཆོག་གསང་རྫོགས་པ་ཆེར། །བརྩོན་ན་སྲིད་པ་ཐ་མར་བྱེད་པར་འགྱུར། །དེ་སྐད་གདམས་པའི་ཕྲེང་བ་ཉུང་ངུ་འདི། །ཆོས་ཀྱི་བློ་གྲོས་ཞེས་བྱས་སྦྱར་བའི་དགེས། །བདག་སོགས་ཁམས་གསུམ་སེམས་ཅན་མ་ལུས་པ། །ཆོས་ཀྱི་རྒྱལ་པོའི་གོ་འཕང་མྱུར་ཐོབ་ཤོག། སརྦ་མངྒ་ལཾ།། །། ༈ ཕ་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །དུས་རྣམ་པ་ཀུན་ཏུ་ཐུགས་རྗེས་ཟུངས། །ལུས་འབྱུང་བཞི་འདུས་པའི་གཡར་ཁང་འདི། །སྐད་ཅིག་གིས་མི་རྟག་མྱུར་དུ་འཇིག། ཚེ་མི་རྟག་རྩྭ་རྩེའི་ཟིལ་པ་འདྲ། །དགྲ་འཆི་བདག་བདུད་པོ་ངམ་ནག་དེས། །དུས་ད་ལྟ་མདུན་ནས་བསུ་ཡིན་འདུག། ལས་མི་དགེའི་རྣམ་སྨིན་ཁུར་ཆེན་དེ། །སེམས་རྣམ་ཤེས་ཀྱི་སྟེང་དུ་ཁྱེར་ནས་འགྲོ། །གྲོགས་མཛའ་བ་རྣམས་ཀྱང་ཤུལ་དུ་བཞག། ཕུག་གསོགས་པའི་ནོར་ཡང་ཁྱེར་དབང་མེད། །གར་འདི་འགྲོ་མེད་པའི་ཡད་ཡུད་དུ། །སྲིད་པའི་ལས་རླུང་དྲག་པོས་བདས། །གཤིན་རྗེའི་འཁྲུལ་སྣང་དཔག་ཏུ་མེད། །དུག་གསུམ་གྱི་གཡང་ས་ཡ་རེ་ང་། །ངན་སོང་གི་སྡུག་བསྔལ་བཟོད་ཐབས་མེད། །དེ་ད་ལྟ་བསམ་ན་སྙིང་རྩ་འདར། །བསམ་ཞིང་བསམ་ཞིང་བླ་མ་དྲན། །ལས་དེ་འདྲ་ཤར་ཚེ་བླ་མ་ལས། །སྐྱབས་གཞན་ན་མེད་དོ་ཐུགས་རྗེས་ཟུངས། །ཕ་གཅིག་བླ་མ་འབོད་དོ་བརྩེ་བས་དགོངས། །ལས་ངན་བདག་ལ་ཐུགས་རྗེས་གཟུང་དུ་གསོལ། །བློ་སྣ་ཆོས་ལ་འགྱུར་བར་བྱིན་གྱིས་རློབས། །བླ་མ་མཁྱེན། །ཅེས་པའང་ཆུ་ལུག་ཟླ་༤ཚེས་༡༥ཉིན་རང་གིས་རང་ལ་གསོས་བཏབ་པ་སྟེ། འཇམ་དབྱངས་ཆོས་ཀྱི་བློ་གྲོས་པས་སོ།། །།


Footnotes

Other Information