ཞལ་གདམས་ཕན་བདེའི་འཁྲི་ཤིང་ཞེས་བྱ་བ་སོགས་གཡག་ཟེ་ཚེ་དབང་འགྱུར་མེད་ལ་གནང་བ།

From Khyentse Lineage - A Tsadra Foundation Project
JKCL-KABUM-08-NYA-010-010
Wylie title zhal gdams phan bde'i 'khri shing zhes bya ba sogs g.yag ze tshe dbang 'gyur med la gnang ba JKCL-KABUM-08-NYA-010.pdf
Location chos kyi blo gros bka' 'bum
Volume 8, sde tshan 10, Text 10, Pages 252-257 (Folios 8b3 to 11a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Citation 'jam dbyangs mkhyen brtse chos kyi blo gros. zhal gdams phan bde'i 'khri shing zhes bya ba sogs g.yag ze tshe dbang 'gyur med la gnang ba. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 8: 252-257. Bir, H.P.: Khyentse Labrang, 2012.
Genre Advice - zhal gdams
Colophon

།ཅེས་པའང་གཡག་ཟེ་ཚེ་དབང་འགྱུར་མེད་ནས་གསུང་བསྐུལ་ངོར། །ཆོས་མེད་ཀྱི་སྤྲང་པོ་བཙུན་འཆལ་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེའོ།།

/ces pa'ang g.yag ze tshe dbang 'gyur med nas gsung bskul ngor/__/chos med kyi sprang po btsun 'chal chos kyi blo gros pas bris pa dge'o//

1 Texts in this Section (sde tshan or chos tshan)

[edit]
ཞལ་གདམས་ཕན་བདེའི་འཁྲི་ཤིང་ཞེས་བྱ་བ་ནི། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཕན་བདེའི་འབྱུང་གནས་སྲིད་ཞི་ཀུན་གྱི་བདག། རང་རིག་འོད་གསལ་ཀུན་བཟང་བདེ་བ་ཆེ། །ཡེ་གྲོལ་དང་པོའི་སངས་རྒྱས་བླ་མ་རྗེར། །བཏུད་ནས་གདམས་པའི་རིམ་པ་ཅུང་ཟད་དབྱེ། །གྲོགས་དག་སྲིད་པའི་ཕུན་ཚོགས་ཇི་སྙེད་པ། །མི་རྟག་མི་བརྟན་སྒྱུ་མའི་རང་བཞིན་དང་། །རྨི་ལམ་སྐབས་སུ་འབྱོར་རྒུད་སྣང་བ་ལྟར། །རང་བཞིན་བདེན་མེད་འཇིག་པའི་ངང་ཚུལ་སོམས། །ཤིན་ཏུ་ཐོབ་དཀའི་དལ་འབྱོར་རིན་ཆེན་འདི། །རྙེད་པ་ད་རེས་ཙམ་ཡིན་འདི་ཉིད་ཀྱང་། །ལུས་སྲོག་གཡོ་བ་ཆུ་ཡི་ཆུ་བུར་བཞིན། །ནམ་འཆི་ཆ་མེད་སོམས་ལ་བློ་སྣ་བསྟུངས། །ལས་ཀྱི་བསགས་པ་ཆུ་ཡི་གཉེར་མ་བཞིན། །རྒྱུན་མི་ཆད་པ་གར་སྐྱེས་གར་གནས་ཀྱང་། །ཆུད་མི་ཟ་ཞིང་རང་ཐོག་སྨིན་ངེས་པས། །རྒྱུ་འབྲས་བླང་དོར་འདི་ལ་གཟབ་པ་གཅེས། །མ་དག་འཁོར་བའི་འཁྲུལ་སྣང་རྒྱ་རེ་ཆེ། །སྡུག་བསྔལ་བརྒྱ་ཕྲག་མང་པོའི་མཚོན་གཟིངས་ཤིང་། །མེ་ཡི་འོབ་དང་སྤུ་གྲིའི་སོ་མཚུངས་པའི། །འཇིག་རྟེན་གསུམ་ན་བདེ་བ་ཅུང་ཟད་མེད། །མནོག་ཆུང་ཉེས་པའི་སྒོ་མང་གནས་འདི་ལས། །མྱུར་དུ་ཐར་ཕྱིར་སྐྱབས་སུ་འགྲོ་བ་དང་། །བདེན་བཞི་རྟེན་འབྲེལ་དོན་ལ་གོམས་པར་མཛོད། །བསླབ་པའི་ཚུལ་ཁྲིམས་སྲིད་པའི་ཆུ་ལོན་འགོག། བསྟན་པའི་རྩ་བ་སོ་སོར་ཐར་འདི་ཡིན། །སྟོན་པ་མཆོག་ཀྱང་ཁྱིམ་སྤང་རབ་ཏུ་བྱུང་། །དེ་རྗེས་འཇུག་ཕྱིར་དེ་ཡི་ཚུལ་ལ་སློབ། །དེ་ལས་ཡོན་ཏན་དཔག་མེད་འཕེལ་བ་དང་། །ཏིང་ངེ་འཛིན་དང་ཟག་མེད་ཤེས་རབ་སོགས། །ཚུལ་ཁྲིམས་ཕུང་པོ་འདི་ལས་འབྱུང་བའི་ཕྱིར། །དྲན་ཤེས་བག་ཡོད་ལྡན་པས་བསྲུང་བར་མཛོད། །དེང་སང་ཐུབ་པའི་བསྟན་པ་ཉམས་དམའ་ཞིང་། །རང་གཞན་འཆོལ་བར་སྤྱོད་པས་སེམས་འདི་སྐྱོ། །འདོད་ལ་ཆགས་པས་ཉེས་པ་ཀུན་གྱི་སྒོ། །སྲེད་པ་འདི་ལས་ཆེ་བ་མེད་ཕྱིར་ན། །སྲེད་སྲིད་མ་རིག་གཞོམ་པའི་ཐབས་ལ་བརྩོན། །ཐེག་ཆེན་ལམ་གྱི་གཙོ་བོ་ངེས་འབྱུང་དང་། །བྱང་སེམས་སྟོང་ཉིད་སྒོམ་པ་འདི་གསུམ་ཡིན། །ངེས་འབྱུང་གཞི་ཐེངས་འགྲོ་ཀུན་ཕ་མར་ཤེས། །བྱམས་དང་སྙིང་རྗེའི་བློ་སྦྱོང་ཟབ་མོ་ལ། །རང་འདོད་ཕྱོགས་རིས་མེད་པར་ཡང་ཡང་སྒོམ། །བདག་གཞན་མཉམ་བརྗེ་ཀུན་རྫོབ་བྱང་ཆུབ་སེམས། །བདག་བས་གཞན་གཅེས་རྒྱུད་ལ་མ་འབྱོང་བར། །ལུང་རིགས་མན་ངག་གསུམ་གྱིས་བསྒོམ་པ་གཅེས། །རྒྱུ་དང་མི་རྒྱུའི་འགྲོ་བ་འདི་ཀུན་ཀྱང་། །བདག་དང་ཕུང་པོ་རྣམ་རིག་སྤྲོས་ཀུན་གྱི། །བདེན་དང་མཚན་འཛིན་རྣམས་ཀྱིས་རབ་སྟོང་པའི། །གདོད་ནས་སྐྱེ་མེད་རབ་ཞི་མཉམ་པ་ཉིད། །མཚན་ཉིད་ཆད་པའི་ཀུན་ཏུ་བཏགས་པ་ཙམ། །མེད་སྣང་སྟོང་པའི་རང་གཟུགས་ཙམ་ཤེས་ནས། །ཇི་སྲིད་གཉིས་སྣང་ཡོད་པ་དེ་སྲིད་དུ། །སྣང་སྟོང་སྒྱུ་མའི་ཚུལ་འདི་འགོག་པ་མེད། །དེ་ཕྱིར་རྒྱུ་འབྲས་མེད་ཅེས་མ་བརྗོད་ཅིག། མཐར་ཐུག་ལྟ་བའི་རྟོགས་པ་ཚད་ཕེབས་དུས། །སྟོང་དང་མི་སྟོང་ཟུང་འཇུག་ལ་སོགས་པ། །ཚིག་ཏུ་བརྗོད་པ་ཐམས་ཅད་བློ་ཡི་ཆོས། །མཁའ་ལྟར་དག་པའི་གནས་ལུགས་ཟབ་མོ་ལ། །བློ་ཡི་སྤྲོས་པ་ཐམས་ཅད་ཉེར་ཞི་བ། །དབུ་མ་ཆེན་པོའི་རང་བཞིན་མངོན་དུ་གྱུར། །དེ་ཡི་གནས་ལུགས་ཇི་བཞིན་མངོན་བྱེད་ལ། །རྒྱུ་ཡི་ཐེག་པའི་ལུང་རིགས་ལ་བརྟེན་ནས། །སྒྲོ་འདོགས་བཅད་པ་དོན་སྤྱིའི་ལྟ་བ་ཙམ། །རྡོ་རྗེ་ཐེག་པར་དབང་གི་ཡེ་ཤེས་དང་། །བསྐྱེད་རྫོགས་ལ་བརྩོན་ཆུ་ཟླར་ལྟ་བ་བཞིན། །དཔེ་ཡི་ཡེ་ཤེས་མངོན་དུ་གྱུར་པ་ལས། །རིམ་གྱིས་དོན་གྱི་ཡེ་ཤེས་རྟོགས་པར་བྱེད། །མཆོག་ཏུ་གསང་བ་ཟབ་མོའི་རྩེ་རྒྱལ་ནི། །འོད་གསལ་རྡོ་རྗེ་རྩེ་མོའི་ཐེག་པ་འདིར། །རང་གི་སྔོན་སྦྱངས་ལས་འཕྲོ་སད་པ་དང་། །དད་དང་དམ་ཚིག་མོས་གུས་རྣམ་པར་དག། རང་བཞིན་དང་ནི་སྦྱངས་པའི་ཤེས་རབ་ཅན། །གསང་བའི་རྒྱལ་པོ་འདི་ཡི་སྣོད་དུ་གྱུར། །སྒོ་གསུམ་འཁྲུལ་བའི་རུ་ཤན་ཕྱེད་པ་དང་། །ཁྱད་པར་སེམས་ཀྱི་རྩ་གདར་ལེགས་བཅད་པས། །འཁྲུལ་པའི་བརྫུན་ཕུག་ཐམས་ཅད་གཏིབ་པ་དང་། །ཡེ་གྲོལ་རིག་པ་གཅེར་བུ་མངོན་སུམ་མཐོང་། །དེ་ལ་བླ་མའི་མན་ངག་ཅོག་བཞག་གི །ཆོས་ཉིད་རིག་བའི་ངང་དེར་འཇོག་པ་ན། །ལྟ་སྒོམ་སྤྱོད་འབྲས་རིག་པའི་ཀློང་དུ་གཅིག། བསལ་བཞག་མེད་པའི་ཀློང་དེར་བབ་ཀྱིས་ཞོག། བཞག་ཅེས་བྱ་བ་ཚིག་གི་བླ་དྭགས་ཙམ། །ཕྱི་ནང་བར་མེད་ཟང་ཐལ་རྒྱ་ཡན་པ། །བཅིང་གྲོལ་ལས་འདས་ནམ་མཁའ་ལྟ་བུའི་ངང་། །རང་བཞིན་འོད་གསལ་ལྷུན་གྲུབ་འདུས་མ་བྱས། །རྒྱུ་དང་རྐྱེན་གྱིས་མ་བསྐྱེད་རང་བྱུང་བ། །དངོས་མཚན་སྤྲོས་པའི་ཆོས་ལས་རབ་ཏུ་འདས། །ཚོགས་བརྒྱད་བློ་ཡི་དྲི་མས་མ་བསླད་པའི། །འོད་གསལ་སེམས་ཀྱི་རྡོ་རྗེའི་གནས་ལུགས་ནི། །ཐོག་མཐའ་མེད་པའི་ཀུན་ཁྱབ་ཀུན་ཏུ་བཟང་། །རྣམ་དབྱེར་མེད་པའི་ཟག་མེད་ཡོན་ཏན་ཆོས། །ཡེ་རྫོགས་གཅིག་དང་དུ་མ་ལས་འདས་པའི། །ངོ་བོ་ཀ་དག་རང་བཞིན་འོད་དུ་གསལ། །ཐུགས་རྗེ་རིག་པའི་འཆར་གཞི་མ་འགགས་པས། །གོ་ཕྱེས་འཁོར་དང་མྱ་ངན་འདས་པའི་ཆོས། །རྩལ་དང་རོལ་པར་ཤར་བ་ངོ་ཤེས་པས། །གཉེན་པོ་གཞན་མེད་རང་སར་གྲོལ་བ་ཡང་། །བཅོས་བསྒྱུར་མི་དགོས་ཅེར་གྱིས་གྲོལ་འདི་མཚར། །ཇི་སྙེད་ལམ་བདེན་བྱ་རྩོལ་བཅས་པ་རྣམས། །དོན་མེད་ངལ་བ་ཙམ་དུ་གྱུར་པའི་ཕྱིར། །ཆོས་ཉིད་དོན་ལ་རྟོག་པའི་སྒྲོག་གིས་བཅིངས། །འདིར་ནི་བྱ་མེད་རང་གཤིས་ངང་འཇོག་པས། །གཟུང་འཛིན་རྟོག་པའི་སྤྲིན་ཚོགས་དབྱིངས་སུ་དེངས། །སྒོ་གསུམ་རྒྱ་གྲོལ་གཞིར་གནས་མངོན་དུ་གྱུར། །སྒྲོན་མ་བཞི་པོ་གནད་ཀྱི་གཅུན་པ་ལས། །ལྷུན་གྲུབ་སྣང་བ་བཞི་ཡི་ལམ་རྩལ་རྫོགས། །གདོད་མའི་ནང་དབྱིངས་ཀ་དག་ཆེན་པོར་གྲོལ། །ཡེ་ཤེས་ནང་གསལ་གཞོན་ནུ་བུམ་སྐུའི་སྦུབས། །འབྲས་བུ་རྒྱལ་པོའི་བཙན་ས་ཟིན་པ་ལས། །སླར་ཡང་ཕྱིར་གསལ་སྐུ་དང་ཡེ་ཤེས་ཀྱི། །མཛད་པ་ཕྲིན་ལས་བསམ་མི་ཁྱབ་པ་ཡིས། །ནམ་མཁའ་ཇི་སྲིད་བར་དུ་ཁྱབ་ཅིང་རྟག། དེ་ལྟའི་ཡེ་གྲོལ་རང་བཞིན་རྫོགས་པ་ཆེ། །སྲིད་པ་གསུམ་གྱི་གྲོང་ཁྱེར་རྒྱུན་གཅོད་ཅིང་། །ཐེག་པ་ཀུན་གྱི་རྩེ་མོར་ཕྱིན་པས་ན། །འདི་ཡི་རང་བཞིན་མཐོང་བས་ཆོས་ཀུན་ཤེས། །དེ་ལ་རྫོགས་པ་ཆེན་པོའི་རྒྱུད་ལུང་དང་། །ཀུན་མཁྱེན་བླ་མའི་གསུང་གི་མཛོད་ཁང་དང་། །གསང་སྔགས་སྙིང་ཐིག་ཆེན་པོའི་གཞུང་བཟང་ལ། །དད་པས་ཡང་ཡང་བལྟ་ཞིང་འདྲིས་པར་མཛོད། །རྟོག་གེའི་རིག་པ་ངན་སྐྱུགས་ལྟ་བུ་ཡིས། །སྔ་འགྱུར་རྒྱུད་ལུང་ཟབ་མོའི་དོན་རྟོགས་དཀའ། །ངེས་པའི་དོན་ལ་སྦྱོར་བའི་ཤེས་རབ་ནི། །དྲི་མ་མེད་པས་ཡང་ཡང་བལྟ་བར་མཛོད། །དེ་ལྟར་བརྩེ་བས་ལེགས་པར་འདོམས་པ་ཡིས། །སྐལ་བཟང་སློབ་མ་ཁྱོད་ལ་ཕན་པ་དང་། །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་ཡི། །གོ་འཕང་ཐོབ་ནས་འགྲོ་བའི་དོན་བྱེད་ཤོག། །ཅེས་པའང་གཡག་ཟེ་ཚེ་དབང་འགྱུར་མེད་ནས་གསུང་བསྐུལ་ངོར། །ཆོས་མེད་ཀྱི་སྤྲང་པོ་བཙུན་འཆལ་ཆོས་ཀྱི་བློ་གྲོས་པས་བྲིས་པ་དགེའོ།། །།

Footnotes

Other Information