ཀློང་ཆེན་སྙིང་གི་ཐིག་ལེ་ལས་མན་ངག་རྫོགས་པ་ཆེན་པོའི་རྒྱུད་ཕྱི་མཿ

From Khyentse Lineage - A Tsadra Foundation Project
JLKO-KABUM-12-NA-009
Wylie title klong chen snying gi thig le las man ngag rdzogs pa chen po'i rgyud phyi ma
Location 'jigs gling bka' 'bum
Volume 12, Text 9, Pages 83-91 (Folios 1a1 to 5a3)
Author འཇིགས་མེད་གླིང་པ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation 'jigs med gling pa. Klong chen snying gi thig le las man ngag rdzogs pa chen po'i rgyud phyi ma. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 12: 83-91. New Delhi: Shechen Publications, 2025.
Genre Tantras - rgyud
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Colophon

དཔལ་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ལས་རང་ཤར་བ་པཎ་ཆེན་དྲི་མེད་འོད་ཟེར་གྱིས་བརྡས་བརྒྱུད་དེཿ ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སྒྲ་རང་འགྱུརཿ དོན་དགོངས་བསྒྱུརཿ མན་ངག་གནད་བསྒྱུར་གྱི་ཚུལ་དུ་གཏན་ལ་ཕབ་པ་རྫོགས་སོཿ དཔལ་ལྡན་སྔགས་ཀྱི་སྲུང་མས་དམ་ཉམས་བཀའ་རྐུན་གྱི་ལག་ཏུ་མ་བཏང་ཞིགཿ

dpal kun tu bzang po'i dgongs pa'i klong las rang shar ba paN chen dri med 'od zer gyis brdas brgyud de: klong chen nam mkha'i rnal 'byor gyis sgra rang 'gyur: don dgongs bsgyur: man ngag gnad bsgyur gyi tshul du gtan la phab pa rdzogs so: dpal ldan sngags kyi srung mas dam nyams bka' rkun gyi lag tu ma btang zhig:

[edit]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལས་མན་ངག་རྫོགས་པ་ཆེན་པོའི་རྒྱུད་ཕྱི་མ་བཞུགསཿ

འུྃཿ རྒྱ་གར་སྐད་དུཿ མ་ཧཱ་སནྡྷི་ཨུ་པ་དེ་ཤ་ཏནྟྲ་ནཱ་མཿ བོད་སྐད་དུཿ མན་ངག་རྫོགས་པ་ཆེན་པོའི་རྒྱུད་ཅེས་བྱ་བཿ མ་བཅོས་རིག་པའི་ཀློང་ལ་ཕྱག་འཚལ་ལོཿ ཐོག་མའི་མགོན་པོ་ཀུན་ཏུ་བཟངཿ སངས་རྒྱས་ཀུན་གྱི་མེས་པོ་ངསཿ ཅི་ཡང་མ་ཡིན་འོད་གསལ་ངངཿ ཉེ་བར་ལེན་པའི་མ་རིག་ཀུནཿ དབྱིངས་སུ་བཅོམ་ནས་སངས་རྒྱས་ཏེཿ འཁོར་བར་འཁྱམ་དུ་མ་མྱོང་བསཿ ང་ལ་ཐོག་མའི་མགོན་དུ་གྲགསཿ དེ་ཚེ་དབྱིངས་ལས་རིག་པའི་རྩལཿ ལྷུན་གྲུབ་ཐུགས་རྗེའི་སྤྲིན་བཀོད་ཚེཿ སྙིང་རྗེས་འཁོར་བའི་སེམས་ཅན་རྣམསཿ མ་བཟོད་ང་ཡི་གོ་འཕང་ལཿ འགོད་ཕྱིར་འགགས་མེད་རང་བྱུང་རྩལཿ གཞི་ལམ་འབྲས་བུའི་རྒྱུད་དུ་བཤདཿ གཞི་ནི་འཁོར་འདས་འདུས་མ་བྱསཿ ལམ་ནི་གསལ་དྭངས་ཕྱེད་པར་ཤརཿ འབྲས་བུ་མ་བཙལ་ལྷུན་གྲུབ་སྦུབསཿ བཅིངས་གྲོལ་མེད་པར་བུདྡྷའོཿ ས་མ་ཡཿ རྒྱུ་རྐྱེན་ལས་འདས་སྟོང་པ་ཉིདཿ འོད་དུ་གསལ་བའི་བདག་ཉིད་ཅནཿ སེམས་ཅན་ཀུན་གྱི་རང་རྒྱུད་ལཿ གནས་ཀྱང་རང་ངོ་རང་གིས་བསྒྲིབསཿ ལས་དང་བག་ཆགས་མུན་ཀློང་འཐུམསཿ སྣ་ཚོགས་སྡུག་བསྔལ་ལས་ལ་སྤྱོདཿ དེ་དག་སྙིང་རྗེས་དྲང་བའི་སླདཿ ང་ཡི་གནས་ལུགས་ཆེན་པོ་ལཿ བཞུགས་ཚུལ་ངོ་བོ་བརྟག་པའི་ཕྱིརཿ སྐྱེ་མེད་ཀློང་ནས་ཚིག་གི་རྒྱུདཿ འགགས་མེད་རྡོ་རྗེའི་རོལ་མོར་བསྒྱུརཿ ས་མ་ཡཿ སེམས་ཞེས་སྣ་ཚོགས་སྣང་བའི་སྒོཿ མི་དྲན་དགུ་དྲན་འཁོར་བ་དངཿ མྱ་ངན་འདས་པ་ཀུན་གྱི་གཞིཿ བྱུང་ནི་དང་པོ་གང་ནས་བྱུངཿ སྣང་བ་ས་རྡོ་རི་བྲག་དངཿ སྟོང་པ་ཅང་མེད་ནམ་མཁའི་དབྱིངསཿ དེ་ལ་སོགས་ཏེ་སྣང་བརྟགས་ཀྱིཿ ཤེས་བྱས་ཁྱབ་པའི་ཡུལ་ཀུན་ལཿ བརྟག་དཔྱད་གཞིག་འབྲེལ་ཅི་བྱས་ཀྱངཿ ངོ་བོས་སྟོང་པའི་ཆོས་ཉིད་ལཿ བྱུང་ས་སྟོར་བས་བྱུང་མཁན་མེདཿ རྒྱུ་ཡིས་དཔྱད་དུ་མེད་པའི་ཕྱིརཿ ངོ་བོ་སྟོང་པར་ང་ཡིས་བཤདཿ དེ་བཞིན་ལམ་གྱི་གནས་སྐབས་སུཿ བག་ཆགས་ལས་གྲུབ་སེམས་ཅན་གྱིཿ སྤྱི་བོའི་གཙུག་ནས་རྐང་མཐིལ་ཡནཿ གང་དུ་གནས་པའི་ཡུལ་བཙལ་བསཿ འཚོལ་བའི་མཁན་པོ་སྟོང་པར་ཤརཿ རྐྱེན་ལ་བལྟོས་པ་མེད་པའི་ཕྱིརཿ རང་བཞིན་གསལ་བར་ང་ཡིས་བསྟནཿ ཐ་མ་འཁོར་བ་སྟོངས་གྱུར་ནསཿ སྣོད་བཅུད་མིང་ཡང་མི་གྲགས་ཚེཿ ཡུལ་དང་ཡུལ་ཅན་ལ་སོགས་ཏེཿ རང་བཞིན་ཅི་ཡི་གནས་སུ་འགྲོཿ བརྟགས་ཀྱང་འགྲོ་མཁན་རྣམ་དག་པསཿ འགྲོ་སའི་ཁུངས་དང་བྲལ་བའི་ཕྱིརཿ ཐུགས་རྗེ་ཀུན་ཁྱབ་ཆེན་པོའོཿ ས་མ་ཡཿ དེ་ལྟར་བྱུང་གནས་འགྲོ་གསུམ་གྱིསཿ དཔྱད་དུ་མེད་པའི་སེམས་ཉིད་འདིཿ དངོས་པོ་ཅན་ནམ་དངོས་མེད་ཅནཿ གསལ་བ་ཅན་ནམ་སྟོང་པ་ཅནཿ འབྲས་བུ་ཅན་ནམ་འབྲས་མེད་ཅནཿ དོན་ལ་ཡོད་དམ་མེད་པ་སོགསཿ ཇི་ལྟར་གཞིགས་ཤིང་བློས་དཔག་ཀྱངཿ བྱ་ལོང་ནམ་མཁའི་མཐའ་འཚོལ་བཞིནཿ ཤེས་བྱས་ཐུག་པར་མི་ནུས་ཤིངཿ སྟོང་པའི་ངང་ལས་རིག་པར་ཤརཿ རིག་པའི་ངོ་བོ་སྟོང་པ་ཉིདཿ རིག་སྟོང་གཉིས་སུ་མི་ཕྱེད་ལཿ གཅིག་ཀྱང་མ་ཡིན་ཀུན་གྱི་སྲོགཿ སངས་རྒྱས་བཟང་པོས་མ་བཅོས་ཤིངཿ སེམས་ཅན་ངན་པས་མ་བསྒྱུར་བའིཿ ད་ལྟའི་རིག་པ་བཟོ་མེད་པཿ གཅེར་ཡན་དྲི་མེད་རང་གསལ་ནིཿ གདོད་མའི་མགོན་པོ་ང་ཉིད་དོཿ དེ་ཉིད་མ་རིག་སེམས་ཅན་རྣམསཿ དེ་ལ་གཟུགས་སུ་རྟོག་པར་བྱེདཿ བསྐལ་པར་བསྒྲུབས་ཀྱང་ང་མི་མཐོངཿ ང་ལ་སྒྲ་རུ་རྟོག་པར་བྱེདཿ རིག་པ་བགྲད་ཀྱང་ང་མི་འགྲུབཿ ང་ལ་ཐུགས་རྗེའི་ཡེ་ཤེས་རྟོགཿ དེ་ཡང་གཉིས་འཛིན་རྣམ་རྟོག་སྟེཿ དགེ་སྡིག་ལས་དང་དེ་འབྲས་ཀྱིསཿ ཕན་གནོད་བཟང་ངན་མེད་པའི་དབྱིངསཿ སྤང་བླང་བྱ་རྩོལ་དག་པའི་ཀློངཿ གནས་ལུགས་དོན་གྱི་ཀུན་བཟང་ངཿ དུས་བཞི་མཉམ་པ་ཉིད་དུ་བཞུགསཿ མི་གསུང་རང་གནས་ཆེན་པོར་བཞུགསཿ མི་འགྱུར་གཡུང་དྲུང་ལྟ་བུར་བཞུགསཿ སྤྲོས་པའི་ཚིག་གིས་བཅོས་པ་ལཿ ང་ཡི་དགོངས་པར་ཉེ་མི་སྲིདཿ མངོན་སུམ་གནད་དུ་ཕེབས་པ་དེཿ ང་དང་གཉིས་སུ་མེད་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དེ་ལྟར་དགོངས་པ་དོན་རྒྱུད་ལཿ ཚིག་རྒྱུད་རྣམ་པ་གསུམ་དུ་བྱུངཿ སེམས་ཀློང་མན་ངག་སྡེ་གསུམ་མོཿ དང་པོ་སེམས་སྡེའི་ངོ་བོ་ནིཿ མིག་གཉིས་ནམ་མཁའི་ཁམས་སུ་བལྟཿ འགྱུ་བའི་དབུགས་ཀྱང་རང་སོར་གློདཿ སྐྱིལ་ཀྲུང་མཉམ་གཞག་ལྷོད་ཆ་ཅནཿ ཡང་ན་ལག་གཉིས་པུས་མོར་བཀབཿ ཆོས་ཀུན་བྱང་ཆུབ་སེམས་ཀྱི་ངངཿ གསལ་དྭངས་ཕྱེད་པའི་རིག་པ་ལཿ འདུ་ཤེས་གྲུང་པོས་མི་ལྟ་བརཿ བལྟ་བྱ་ལྟ་བྱེད་གཉིས་མེད་པའིཿ གནས་ལུགས་ཡེ་གཞག་ཆེན་པོ་ལཿ སྒྲིམ་པོའི་བློ་ཡིས་མི་འཆོས་སོཿ དྲན་པའི་གཟེབ་ཀྱིས་མི་འཆིང་ངོཿ གཉེན་པོའི་ལྷད་ཀྱིས་མི་བསླད་དོཿ དེ་ཚེ་དྲན་བསམ་ཅི་ཤར་ཡངཿ སེམས་ལས་བྱུང་ཞིང་སེམས་ཀྱི་ངངཿ འཁོར་འདས་མ་ལུས་སེམས་སུ་རྫོགསཿ དེ་ལྟར་གནས་པའི་ཆོས་ཉིད་ལཿ ཐ་སྙད་ཚིག་གིས་སྨྲ་མ་ཤེསཿ བཅོས་མའི་མིག་གིས་མཐོང་མ་གྱུརཿ ཀ་དག་གཏིང་གསལ་ཆེན་པོའོཿ ས་མ་ཡཿ གཉིས་པ་ཀློང་སྡེའི་ངོ་བོ་ནིཿ ཕྱོགས་རིས་མེད་པ་ལྟ་བའི་ཀློངཿ དམིགས་གཏད་མེད་པ་སྒོམ་པའི་ཀློངཿ རེ་དོགས་མེད་པ་སྤྱོད་པའི་ཀློངཿ ཐེ་ཚོམ་མེད་པ་འབྲས་བུའི་ཀློངཿ བཟང་ངན་མེད་པ་ཆོས་སྐུའི་ཀློངཿ དྲན་འཛིན་མེད་པ་ལོངས་སྐུའི་ཀློངཿ རྟག་ཆད་མེད་པ་སྤྲུལ་སྐུའི་ཀློངཿ སྒོམ་དུ་མེད་པ་འོད་གསལ་ཀློངཿ གཉེན་པོ་མེད་པ་དྲན་པའི་ཀློངཿ བདེ་ཆེན་ཀུན་ཏུ་བཟང་མོ་ཡིཿ བྷ་ག་ཡངས་པའི་ཀློང་ཆེན་མོརཿ བཅོས་མའི་ཆོས་རྣམས་རྫོགས་སངས་རྒྱསཿ དེ་ཕྱིར་ང་ཡི་མཁའ་ཀློང་དུཿ རྒྱལ་བ་ཀུན་གྱི་ཐུགས་རྡོ་རྗེཿ འདུ་འབྲལ་མེད་པ་ཨེ་མ་ཧོཿ ས་མ་ཡཿ གསུམ་པ་འོད་གསལ་མན་ངག་སྡེཿ གནད་ཀྱི་ཡང་ཟབ་ཐིག་ལེའི་སྐོརཿ དཔྲལ་བའི་མིག་ལས་གཅེས་པ་སྟེཿ སྙིང་གི་ཁྲག་ལས་ཕངས་པའི་དོནཿ ཅི་ཕྱིར་བློ་ཡིས་བྱས་པའི་ཆོསཿ ཐེག་བརྒྱད་ཚིག་གི་གྲུབ་མཐའ་དངཿ རྟོག་པས་བརྟགས་པའི་སྟོང་པ་ཉིདཿ རྩོལ་བས་གཅུན་པའི་ཤེས་ཉམས་ལཿ གནས་ལུགས་ཡིན་དུ་མི་རེ་བརཿ ཁྲེགས་ཆོད་གདེང་དུ་གྱུར་པ་ལསཿ ནང་དུ་སྟོང་པའི་ཉམས་ཤར་བསཿ ཕྱི་རུ་གསལ་བའི་ཡེ་ཤེས་ནིཿ སྙིང་ནས་མིག་ཏུ་འབྲེལ་པ་ཡིཿ རང་བྱུང་གསང་བ་ཆེན་པོའི་རྩཿ ཀ་ཏི་ཤེལ་གྱི་སྦུ་གུ་ཅནཿ དར་དཀར་སྣལ་མ་ལྟ་བུའི་ལམཿ བརྒྱུད་དེ་དབང་པོའི་མངོན་སུམ་པརཿ ལྷག་མཐོང་རྡོ་རྗེ་ལུ་གུ་རྒྱུདཿ མུ་ཏིག་བསྟར་ལ་བརྒྱུས་པ་ལྟརཿ གསལ་འཚེར་དྭངས་སྙིགས་ཕྱེད་པར་འཆརཿ འདི་ནི་སངས་རྒྱས་ཐམས་ཅད་ཀྱིཿ ཡེ་ཤེས་ཆེན་པོའི་ལམ་ཡིན་པསཿ མཐོང་ཞིང་གནད་ལ་སུས་ཕེབས་པཿ ཁམས་གསུམ་ལྡོག་པ་མ་ཡིན་ནོཿ དེ་ཕྱིར་ལྷག་མཐོང་རིག་པ་དེཿ སྐུ་གསུམ་བཞུགས་སྟངས་གཟིགས་སྟངས་དངཿ སྒོ་ཡུལ་རླུང་གི་གནད་བསྟུན་ཏེཿ སྒྲོན་མ་རྣམ་བཞིར་གཅུན་པ་ལསཿ ནང་དབྱིངས་རྣམ་དག་སྒྲོན་མའི་ཀློངཿ རིག་པ་བཅུད་དུ་སྨིན་པ་ལཿ ཕྱེད་སྐུར་འཆར་བ་ཉམས་གོང་འཕེལཿ རིགས་ལྔའི་ཚོམ་བུ་ཚད་ཕེབས་ཉམསཿ དེ་ཡང་སྣང་དང་མི་སྣང་གིཿ འཛིན་པའི་ཆོས་ཉིད་ལས་འདས་ཤིངཿ རགས་པའི་ལུས་དང་དབང་པོའི་ཡུལཿ ཐམས་ཅད་དབྱིངས་སུ་དག་པ་ལསཿ ཆོས་ཉིད་ཟད་ཅེས་ང་ཡིས་བཤདཿ ཡིད་དཔྱོད་ཐེག་པའི་སྐུ་གསུམ་གྱིཿ འབྲས་སྣང་འདི་ཡི་ལམ་སྣང་དུཿ སྐད་ཅིག་ཙམ་ལ་རྩལ་རྫོགས་པསཿ སྟོང་ཆེན་གཞོན་ནུ་བུམ་པའི་སྐུཿ ནང་གསལ་ཐིམ་ལ་མ་རྨུགས་པའིཿ དབྱིངས་སུ་མངོན་པར་སངས་རྒྱས་ཚེཿ སྤངས་རྟོགས་མཐའ་རུ་ཕྱིན་པའོཿ ང་དང་གཉིས་སུ་མེད་པའོཿ ཆོས་སྐུ་རང་གསལ་ཆེན་པོའོཿ དེ་ཕྱིར་ཤིན་ཏུ་གསང་ཆེན་གྱིཿ ལམ་མཆོག་བླ་ན་མེད་པ་འདིའིཿ ལམ་གྱི་ཁྲིད་ཚུལ་རྒྱ་ཆེན་རྒྱུདཿ འོད་ཀྱི་ཡང་ཞུན་བཅུ་བདུན་གྱིཿ གནས་རྣམས་འདས་རྗེས་གསུམ་དུ་བསྡུསཿ དེ་ཉིད་ལྟར་དུ་རིག་པར་བྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ དཔལ་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ལས་རང་ཤར་བ་པཎ་ཆེན་དྲི་མེད་འོད་ཟེར་གྱིས་བརྡས་བརྒྱུད་དེཿ ཀློང་ཆེན་ནམ་མཁའི་རྣལ་འབྱོར་གྱིས་སྒྲ་རང་འགྱུརཿ དོན་དགོངས་བསྒྱུརཿ མན་ངག་གནད་བསྒྱུར་གྱི་ཚུལ་དུ་གཏན་ལ་ཕབ་པ་རྫོགས་སོཿ དཔལ་ལྡན་སྔགས་ཀྱི་སྲུང་མས་དམ་ཉམས་བཀའ་རྐུན་གྱི་ལག་ཏུ་མ་བཏང་ཞིགཿ