ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུདཿ

From Khyentse Lineage - A Tsadra Foundation Project
JLKO-KABUM-12-NA-008
Wylie title klong chen snying gi thig le las: rdzogs pa chen po kun tu bzang po ye shes klong gi rgyud:
Location 'jigs gling bka' 'bum
Volume 12, Text 8, Pages 63-82 (Folios 1a1 to 10b4)
Author འཇིགས་མེད་གླིང་པ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation 'jigs med gling pa. kKong chen snying gi thig le las rdzogs pa chen po kun tu bzang po ye shes klong gi rgyud. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 12: 63-82. New Delhi: Shechen Publications, 2025.
Genre Tantras - rgyud
Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Colophon

རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ནི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲའི་གསང་བ་གསུམ་གྱི་སྒྱུ་འཕྲུལ་རྡོ་རྗེའི་བཀོད་པསཿ ཐ་སྙད་དང་ཚིག་ལ་མ་བརྟེན་པར་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ནས་འགག་པ་མེད་པར་བཤད་ཅིངཿ རིག་འཛིན་འཇིགས་མེད་གླིང་པས་སྐད་གཉིས་ཤན་སྦྱར་གྱི་རྟོག་ཆོས་ལ་མ་ལྟོས་པར་པུ་རི་དཀར་པོ་ཀློང་སྒྲོམ་འབར་བའི་མཁའ་འགྲོའི་ཡི་གེ་ལས་པར་གྱིས་བཏབ་པ་བཞིན་དུ་སྐད་ཅིག་ཉིད་ལ་གཏན་ལ་དབབ་པའོཿ ཤིན་ཏུ་ཟབ་ཅིང་བཀའ་གཉན་པས་དབྱིངས་ཀྱི་མཁའ་འགྲོ་རྣམས་མཁྲེན་པའི་རྒྱུསཿ ཉིན་ཞག་གཅིག་ཏུ་བཙན་ཐབས་ཀྱི་འདུ་འཁྲུགས་དྲག་པོའང་བྱུངཿ བུད་མེད་ཞིག་གིས་བྷོ་དྷི་ཙི་དངཿ རཀྴའི་ཕྲེང་བ་སྨུག་པོ་རྒྱན་ལྡན་ལུ་གུ་རྒྱུད་དུ་སྦྲེལ་བ་གཉིས་ལས་རཀྴ་དང་ཆུ་དར་སྔོན་པོའི་རྒྱ་མདུད་ལྷན་ཅིག་པར་སྤྲད་ནས་གསང་བར་གདམས་པ་ཡིན་པས་རེ་ཞིག་གསུམ་རྒྱུད་དུ་གུ་ཧྱཿ

rgyud kyi rgyal po chen po 'di ni rgya gar gyi paN+Di ta chen po bi ma la mi tra'i gsang ba gsum gyi sgyu 'phrul rdo rje'i bkod pas: tha snyad dang tshig la ma brten par kun tu bzang po'i dgongs pa'i klong nas 'gag pa med par bshad cing: rig 'dzin 'jigs med gling pas skad gnyis shan sbyar gyi rtog chos la ma ltos par pu ri dkar po klong sgrom 'bar ba'i mkha' 'gro'i yi ge las par gyis btab pa bzhin du skad cig nyid la gtan la dbab pa'o: shin tu zab cing bka' gnyan pas dbyings kyi mkha' 'gro rnams mkhren pa'i rgyus: yin zhag gcig tu btsan thabs kyi 'du 'khrugs drag po'ang byung: bud med zhig gis b+ho d+hi tsi dang: rak+sha'i phreng ba smug po rgyan ldan lu gu rgyud du sbrel ba gnyis las rak+sha dang chu dar sngon po'i rgya mdud lhan cig par sprad nas gsang bar gdams pa yin pas re zhig gsum rgyud du gu h+ya:

[edit]

འུྃཿ ཀློང་ཆེན་སྙིང་གི་ཐིག་ལེ་ལསཿ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་བཞུགསཿ

འུྃཿ རྒྱ་གར་སྐད་དུཿ མ་ཧཱ་སནྡྷི་ས་མནྟ་བྷ་དྲ་ཛྙཱ་ན་དྷརྟུ་ཏནྟྲ་ནཱ་མཿ བོད་སྐད་དུཿ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ཅེས་བྱ་བཿ བཅོམ་ལྡན་འདས་བདེ་གཤེགས་སྙིང་པོ་ལ་ཕྱག་འཚལ་ལོཿ ཆོས་ཉིད་མ་འཁྲུལ་པའི་དབྱིངས་རང་སྣང་དག་པའི་འོག་མིན་ཆེན་པོ་ནཿ གདོད་ནས་མངོན་སངས་རྒྱས་པའི་རིག་པ་ཀུན་ཏུ་བཟང་པོ་ཉིདཿ བཅོམ་ལྡན་འདས་གཟུགས་ཀྱི་རྒྱལ་པོ་དངཿ ཚོར་བའི་རྒྱལ་པོ་དངཿ འདུ་ཤེས་ཀྱི་རྒྱལ་པོ་དངཿ འདུ་བྱེད་ཀྱི་རྒྱལ་པོ་དངཿ རྣམ་པར་ཤེས་པའི་རྒྱལ་པོ་དངཿ ས་ཆུ་མེ་རླུང་ནམ་མཁའ་ལ་སོགས་པའི་འབྱུང་བ་ཆེན་པོ་ལྔ་དངཿ དབང་པོ་ཡུལ་དུས་དག་པའི་སེམས་དཔའ་སེམས་མའི་ཚོགས་དང་ཐབས་གཅིག་གོཿ དེའི་ཚེ་རྟོག་པའི་རྡོ་རྗེ་ཞེས་བྱ་བའི་སེམས་དཔའ་ཆེན་པོ་སྟན་ལས་ལངས་ཏེ་འདི་སྐད་ཅེས་གསོལ་ཏོཿ ཀུན་གཞི་དང་ཡེ་ཤེས་ཆེན་པོའི་ཁྱད་པར་ལས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐ་དད་དུ་རྒྱབ་གྱེས་པར་སྟོན་པ་ཁྱོད་ཀྱིས་ཡང་ནས་ཡང་དུ་བཀའ་སྩལ་ནཿ དེ་དང་དེའི་མཚན་ཉིད་སོ་སོར་ཕྱེ་བ་ནི་གངཿ སེམས་དང་སེམས་ཉིད་ཅེས་པའི་གདགས་གཞི་དང་ངོ་བོ་ཇི་ལྟ་བུ་ལགསཿ བཀའ་སྩལ་པཿ ཀུན་གཞི་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་སྤྱི་གཞི་ཆེན་པོ་དབང་པོ་ཡུལ་ལ་མ་སད་པ་གཉིད་དུ་སོང་བའི་སྐབས་ལྟ་བུ་སྟེཿ སེམས་མེད་པའི་གནས་སྐབས་ལྔའི་དུས་ནའང་སེམས་དང་སེམས་ཉིད་ཀྱི་རྟེན་དང་བརྟེན་པའི་རང་བཞིན་བག་ལ་ཉལ་དུ་གནས་སོཿ འོག་མ་རྣམས་སུ་འདི་ཉིད་བདེ་གཤེགས་སྙིང་པོའི་རང་བཞིན་དུ་བསྟན་པ་ནིཿ རེ་ཞིག་ཆོས་དབྱིངས་དྲི་མེད་ལ་ཐེ་ཚོམ་ཟ་བའི་བྱིས་པ་རྣམས་དྲང་བའི་སླད་དུའོཿ དེའི་ཕྱིར་འདིའི་གོ་ན་དག་པ་ཡེ་ཤེས་ཀྱི་སྒོ་མྱ་ངན་ལས་འདས་པའི་ལམ་དངཿ ཐིག་ལེ་ཆེན་པོའི་སྣང་བ་དངཿ འབྲས་བུའི་ཆོས་རྒྱ་མཚོ་ལྟ་བུ་དངཿ མ་དག་པ་འཁོར་བའི་སྒོ་ལས་དངཿ ཉོན་མོངས་པ་དངཿ རྣམ་པར་རྟོག་པའི་ཚོགས་བསམ་གྱིས་མི་ཁྱབ་པ་ལྟར་མི་མངོན་པ་བག་ལ་ཉལ་གྱི་ཚུལ་དུ་ཡོད་པས་ནཿ སེམས་ཅན་དངཿ སངས་རྒྱས་དངཿ ལམ་གྱི་ཡེ་ཤེས་དངཿ སེམས་ཉིད་གང་ཡང་མ་ཡིན་ཏེ་ཀུན་གྱི་སྣོད་དམ་འཆར་གཞིར་གྱུར་པས་ནཿ ཀུན་གཞི་ཞེས་བྱའོཿ དབྱེ་ན་རྣམ་པ་བཞི་ཡོད་དེཿ གདོད་མ་གཞིའི་ཀུན་གཞིཿ སྦྱོར་བ་དོན་གྱི་ཀུན་གཞིཿ བག་ཆགས་ལུས་ཀྱི་ཀུན་གཞིཿ བག་ཆགས་སྣ་ཚོགས་པའི་ཀུན་གཞིའོཿ དེ་དག་གི་ངོ་བོ་མདོར་བསྡུ་ནཿ ཀུན་གཞིའི་ཁམས་ནི་ཅི་ཡང་མི་སེམས་པ་སྒོ་ང་ལྟ་བུའོཿ རྩལ་སྣོད་དུ་མའི་འཆར་གཞིར་ལངས་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་དོཿ དེ་ལས་དགེ་མི་དགེ་ཆགས་སྡང་བར་མ་གསུམ་གྱིས་ཉེ་བར་ལེན་པའི་རླུང་གཡོས་པ་ནི་སེམས་ཀྱི་མཚན་ཉིད་དོཿ འདི་ལྟར་དབང་པོ་དྲུག་གི་ཡུལ་ལས་སད་པའི་ལས་གཟུང་འཛིན་གྱི་ཡིད་གཡོསཿ ཉོན་མོངས་པའི་ཡིད་ང་ཡིར་འཛིན་པ་དང་འགྲོགས་ནས་རྩ་བའི་ཉོན་མོངས་པ་ལྔཿ ཉེ་བའི་ཉོན་མོངས་ཉི་ཤུཿ སེམས་བྱུང་ལྔ་བཅུཿ རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་ལྡང་འདུག་གི་ཚུལ་དུ་ཁྲིད་དེ་ཁམས་གསུམ་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་རྫོགས་པར་བྱའོཿ ཀྱེ་རྟོགས་པའི་རྡོ་རྗེ་རིག་པའི་ཡེ་ཤེས་ནི་ཀུན་གཞིའི་ཁམས་ལས་རྒྱུན་ཆགས་ཀྱི་ཆ་ནས་རྫས་འགལ་བ་མ་ཡིན་ཀྱངཿ ངོ་བོ་གནས་འགྱུར་བ་ཞེས་བྱ་སྟེ་གཉིད་དུ་སོང་བ་དེ་ལས་སད་པ་ལྟ་བུའོཿ འདི་ལྟར་དབང་པོ་ཡུལ་ལ་སད་ཀྱང་ཡུལ་གྱི་སྣང་བས་ནི་མ་གོསཿ ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བཏགས་པའི་མ་རིག་པ་གཉིས་ཀྱི་སྦུབས་སུའང་མ་ཆུདཿ རྣམ་པར་མི་རྟོག་པ་ཙམ་གྱི་གཤིས་སུ་སེམས་དང་སེམས་ཉིད་གཉིས་མཚུངས་པ་ལྟར་སྣང་ནའངཿ སེམས་ནི་འཛིན་པ་དང་བཅས་ཤིང་ཡུལ་གྱི་བག་ཆགས་དང་བལྟར་མི་མངོན་པར་འགྲོགས་ལཿ སེམས་ཉིད་ནི་ངོ་བོ་སྤྲོས་པ་དང་བྲལཿ རང་བཞིན་ཟང་ཐལཿ རྣམ་པ་ཐམས་ཅད་པའི་ཤེས་རབ་ཡུལ་དང་བྱིང་རྒོད་ཀྱིས་བརྫི་བར་མི་ནུས་པས་མྱ་ངན་ལས་འདས་པའི་རྟེན་ཅིང་འབྲེལ་འབྱུང་ཐམས་ཅད་རྫོགས་པའོཿ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ཅེས་བྱ་བ་ལསཿ གཞི་དང་འཁོར་འདས་ཀྱི་སྒོ་བཤད་པའི་ལེའུ་སྟེ་དང་པོའོཿ ཡང་རྟོགས་པའི་རྡོ་རྗེས་གསོལ་པཿ འཁོར་བ་དང་མྱ་ངན་ལས་འདས་པའི་གྱེས་མཚམས་ལས་སྔ་ཕྱི་དང་དུས་ཚོད་ཀྱི་གཏན་ཚིགས་བཞག་ཏུ་རུང་ངམ་མི་རུངཿ སྟོན་པ་ཀུན་ཏུ་བཟང་པོ་ཡང་གཞན་སྣང་དགེ་བའི་ངོར་སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་པ་ལགས་སམཿ རྒྱུད་གཞན་གྱིས་བསྡུས་པའི་དངོས་སྣང་བདེན་གྲུབ་ཇི་ལྟར་ལགས་སྟོན་པས་གསུང་དུ་གསོལཿ བཀའ་སྩལ་པཿ སྤྲུལ་པའི་སྐུའི་སྣང་ཆ་ལ་འདས་པ་དངཿ མ་འོངས་པ་དངཿ ད་ལྟ་བ་ཞེས་དུས་གསུམ་དུ་རྣམ་པར་གཞག་གིསཿ ང་ཀུན་ཏུ་བཟང་པོ་ནི་ཆོས་ཉིད་བརྗོད་པ་དང་བྲལ་བ་ཡིན་པས་བསམ་གྱིས་མི་ཁྱབ་པའི་དུས་ཀུན་ཏུ་བཟང་པོ་ལ་ཐོག་མར་བྱས་ནས་ཐོག་མའི་མགོན་པོ་ཞེས་ཚིག་བླ་དྭགས་སུ་བཏགས་པ་ཙམ་མོཿ རྒྱུ་དེས་གང་དུ་འཁོར་བ་དང་མྱ་ངན་ལས་འདས་པའི་རྟོག་དཔྱོད་ཀྱི་ཤེས་རབ་ཤར་བ་ཙམ་ནས་འཁོར་འདས་རྒྱབ་གྱེས་པ་ཞེས་བྱ་སྟེཿ གཞི་གཅིག་ལ་ལམ་གཉིས་སུ་ཤར་བའི་ཕྱིར་རོཿ ཀྱེ་རྟོགས་པའི་རྡོ་རྗེཿ སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཅན་ཐོག་མའི་མགོན་པོ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཉིད་སེམས་ཅན་གྱི་ཁམས་རྒྱ་མཚོ་ལྟ་བུ་ལས་རྒྱུད་གཞན་གྱིས་བསྡུས་པར་སེམས་ནཿ འཁོར་བ་དང་མྱང་འདས་འབྲེལ་ལ་མ་འབྲེལ་བར་གནས་པའི་ལྟེ་ཆད་དེཿ སེམས་ཅན་ལ་སངས་རྒྱས་ཀྱི་ས་བོན་དང་བྲལ་བས་ཚོགས་གཉིས་ཀྱི་ལམ་རྒྱ་མཚོ་ལྟ་བུ་བསྟན་པ་དེ་དག་ཀྱང་ཚི་ཆད་པར་འགྱུར་རོཿ རྒྱུ་དེས་ངའི་རང་བཞིན་རྫོགས་པ་ཆེན་པོ་ལ་གཞི་ཐོག་ནས་གྲོལ་བ་དངཿ འཁྲུལ་པའི་ལམ་གཉིས་ཀ་ཡོད་པས་གཞིའི་བཞུགས་ཚུལ་ལ་མཁས་པར་གྱིས་ཤིགཿ འདི་ལྟར་རང་ངོའི་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་བ་དངཿ ལས་དང་ཉོན་མོངས་པས་ཀུན་ནས་དཀྲིས་པའི་ཆ་གཉིས་ལས་སངས་རྒྱས་དང་སེམས་ཅན་གྱི་ཁམས་སུ་རང་ཤར་བའི་ཆོས་ཤེས་པར་གྱིས་ལ་ང་ཀུན་ཏུ་བཟང་པོ་རྒྱུད་གཞན་གྱིས་བསྡུས་པའམཿ སྒྱུ་མ་ལྟར་སྣང་ཆ་ལ་འཕྲུལ་པ་བཅོས་མའི་སངས་རྒྱས་ལ་རེ་བ་མ་ཚོལ་ཅིགཿ ཅེས་གསུངས་སོཿ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལསཿ འཁོར་འདས་ཀྱི་གྱེས་མདོ་བསྟན་པའི་ལེའུ་སྟེ་གཉིས་པའོཿ ཡང་རྟོགས་པའི་རྡོ་རྗེས་གསོལ་པཿ རྣམ་པར་ཤེས་པའི་ཚོགས་དང་ཡིད་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་བྱེ་བྲག་ཇི་ལྟར་འབྱེད་པ་ལགསཿ བཀའ་སྩལ་པཿ ཀུན་གཞི་ལས་རང་གི་རྩལ་སྣང་གཡོས་ཏེ་ཤེས་པ་ཡུལ་ལ་འཇུག་པར་རྩོམ་པ་ན་ཀུན་གཞིའི་རྣམ་པར་ཤེས་པ་ལྡང་སྟེཿ དཔེར་ན་ཀུན་གཞིའི་ཁམས་གཉིད་འཐུག་པོ་ལྟ་བུ་ལས་ནི་སདཿ ཡུལ་ལྔའི་གཟུང་ཡུལ་ལ་དངོས་སུ་ནི་མ་ཤརཿ འཛིན་བྱེད་ཀྱི་ཤེས་པ་ཤིན་ཏུ་ཕྲ་བ་ཞིག་ལངས་པ་དེས་ཀུན་ཏུ་རྟོག་པའི་གཟུགས་བརྙན་འཛིན་པའི་རྟེན་འབྲེལ་རང་ཆས་སུ་སློང་སྟེ་མེ་ལོང་བཞིན་ནོཿ དེ་སྒོ་ལྔ་སོ་སོའི་རྩ་རླུང་གི་བྱེད་པས་ཤེས་པ་ཡུལ་ལ་ཁྲིད་དེཿ མིག་གི་ཡུལ་དུ་གཟུགས་དངཿ རྣ་བའི་ཡུལ་དུ་སྒྲ་དངཿ སྣའི་ཡུལ་དུ་དྲི་དངཿ ལྕེའི་ཡུལ་དུ་རོ་དངཿ ལུས་ཀྱི་ཡུལ་དུ་རེག་བྱ་སྟེ་རྣམ་པར་ཤེས་པའི་ཁམས་ལྔ་ལྡང་ངོཿ དེ་ཉོན་མོངས་པ་ཅན་དང་ཡིད་ཀྱི་ངོ་བོས་ཆགས་སྡང་རྨོངས་གསུམ་ལ་སོགས་པར་བཟུང་ནས་འཁོར་བའི་རྒྱུ་མ་རིག་པ་དངཿ ལས་དངཿ བག་ཆགས་དངཿ འབྲས་བུ་ཐམས་ཅད་དུ་འདུ་བྱེད་པའོཿ མདོར་བསྡུ་ནཿ དེ་ཐམས་ཅད་ཀྱི་སྣོད་དམ་གཞི་ལྟ་བུར་གྱུར་བས་ན་ཀུན་གཞིཿ གོ་འབྱེད་པའི་ཆ་ནས་ཀུན་གཞིའི་རྣམ་པར་ཤེས་པཿ དེ་ཁ་ཕྱིར་བལྟས་ཏེ་ཡུལ་ལ་སད་པའི་ཆ་ནས་སྒོ་ལྔཿ རང་ས་ནས་ཉོན་མོངས་ཉེ་བར་ལེན་པའི་ཆ་ནས་ཉོན་ཡིདཿ སྣ་ཚོགས་སུ་འབྱེད་པའི་ཆ་ནས་ཡིད་ཤེས་ཏེཿ རྣམ་པར་ཤེས་པའི་ཚོགས་བརྒྱད་ཅེས་བྱའོཿ ཡང་གསོལ་པཿ དེ་ལྟར་ན་སྣང་བའི་ཁམས་འདི་དག་འཁྲུལ་སྣང་ཡིན་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཡུལ་ཁྱིམ་ལ་སོགས་པའི་དངོས་གཅིག་ཏུ་སྣང་བའི་རྒྱུ་ཇི་ལྟར་ལགསཿ བཀའ་སྩལ་པཿ རྟོགས་པ་རྣམས་ཀྱི་སྣང་ངོར་ནི་འཁྲུལ་བའི་སྣང་བ་ཡེ་ནས་ཡོད་མ་མྱོང་སྟེཿ མ་རྟོགས་པ་རྣམས་ལའང་སྤྱི་ཚན་དུ་རིགས་དྲུག་སོ་སོའི་སྣང་བསཿ ཆུ་གཅིག་པུ་ཉིད་ལའང་ལྷས་བདུད་རྩིཿ དམྱལ་བས་མེ་འདགཿ ཡི་དྭགས་ཀྱིས་རྣག་ཁྲག་ལ་སོགས་པའི་རིགས་དྲུག་གིས་སྣང་ཚུལ་ཐ་དད་དེཿ གནས་རིགས་དེ་དང་དེའི་ལས་སྣང་དང་རྩལ་གཟུགས་ཀྱིས་བསྡུས་པ་དག་ནི་ཁམས་དང་དབང་པོ་དང་བསམ་པའི་སྣང་ཚུལ་ཡང་རགས་པ་ཙམ་དུ་གཅིག་པའི་འཁྲུལ་སྣང་ལ་ལྷན་གཅིག་ཏུ་སྤྱོད་པའི་ཕྱིར་རོཿ རྟོགས་མ་རྟོགས་ཀྱི་ཆ་ནས་གཞལ་ན་དེ་ལྟར་སྣང་བ་ཡང་མི་རིགས་ཏེཿ དཔེར་ན་ཆོས་ཉིད་ལ་མཉམ་པར་གནས་པའི་རྣལ་འབྱོར་པ་ལ་རི་དངཿ ཁང་ཁྱིམ་ལ་སོགས་པ་སྣང་ངོ་ལ་མ་འགགས་ཀྱངཿ རིག་ངོ་ལ་དེ་དང་དེར་འཛིན་གྱི་འདུ་ཤེས་མེད་པས་སྣང་སེམས་དུ་མ་རོ་གཅིག་གི་ངང་ནསཿ ནམ་མཁའ་ལ་མཁའ་ལྡིང་བཞིན་བྱ་བ་དངཿ ཆུ་ལ་ངང་པ་ལྟ་བུ་དངཿ རི་བྲག་ལ་ཐལ་བྱུང་དུ་འགྲོ་བ་ལ་སོགས་ཀྱང་སྣང་བ་ལ་དེར་འཛིན་མེད་པ་ལས་བྱུང་བའོཿ དེའི་ཕྱིར་ཀུན་བྱེད་རྒྱལ་པོ་སེམས་ཀྱི་གནས་ལུགས་ཉིད་ཀུན་གཞིའི་ཀློང་ན་བལྟར་མི་མངོན་པར་གབ་ནས་འཁོར་འདས་ཐམས་ཅད་ཀྱི་གཞིར་གནས་པ་དངཿ གཞི་ཐོག་ནས་གཞི་སྣང་བ་ཆེན་པོའི་འོད་གསལ་མུ་མཐའ་མེད་པར་ཤར་ཀྱངཿ ཡུལ་དང་མ་འབྲེལཿ རང་སར་མ་རྨུགསཿ འཛིན་པས་མ་བསླདཿ བཟུང་བས་མ་བཅིངསཿ ཤེས་དང་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་ཏེ་ཆོས་སྐུའི་དབྱིངས་ལ་བྱང་ཆུབ་པ་དངཿ གཞི་ལས་ཤེས་པ་གཡོས་ཏེ་ཡིད་ཀྱི་རྣམ་ཤེས་སུ་གནས་འགྱུརཿ གཟུང་འཛིན་གྱི་གདོན་ཆེན་པོ་དང་འགྲོགས་ནས་ལས་དང་བག་ཆགས་ཀྱི་རྟེན་བྱེད་པའི་མཚང་ཆེན་པོ་འདི་ཤེས་ནས་ང་ཀུན་ཏུ་བཟང་པོས་ཟག་བཅས་ཀྱི་དགེ་བ་རྡུལ་ཙམ་ཡང་མ་བྱས་པར་སངས་རྒྱས་ཐམས་ཅད་ཀྱི་མེས་པོར་སངས་རྒྱས་པའོཿ ཞེས་གསུངས་སོཿ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལསཿ རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་རང་བཞིན་བཤད་པའི་ལེའུ་སྟེ་གསུམ་པའོཿ དེའི་ཚེ་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་སྟན་ལས་ལངས་ཏེཿ རང་གི་སྟོན་པ་ལ་ཆོས་ཉན་ཅིང་རང་གི་ཉེ་འཁོར་ལ་བགྲོ་བ་མཛད་པའི་ངང་ནས་འདི་སྐད་ཅེས་གསོལ་ཏོཿ ཀྱེ་བཅོམ་ལྡན་འདས་ཀ་དག་ཞེས་བྱ་བ་ནི་རིག་པའི་སྟོང་ཆ་སྤྲོས་མཚན་དང་བྲལ་བ་འདི་ཁོ་ན་ལགས་སམཿ དེ་ལས་འོད་གསལ་མ་བུའི་རྣམ་པར་དབྱེ་བ་ནི་གངཿ རང་བཞིན་རྫོགས་པ་ཆེན་པོ་ཡེ་ཇི་བཞིན་གནས་ལུགས་བཤད་དུ་གསོལཿ བཀའ་སྩལ་པཿ ངའི་སྙིང་ཏིག་གི་དགོངས་པ་གདོད་ནས་འཁྲུལ་མ་མྱོང་བའི་ཡེ་ཤེས་སངས་རྒྱས་བཟང་པོས་མ་བཅོསཿ སེམས་ཅན་ངན་པས་མ་བསླད་པའི་ངང་དུ་སྣང་སྲིད་ཡེ་སངས་རྒྱས་པ་ལ་ཀ་དག་ཞེས་ཚིག་བླ་དྭགས་སུ་བཏགས་པ་ཙམ་སྟེཿ ངོ་བོའི་ཆ་ནས་སྣང་བ་དང་སྟོང་པའི་ཕྱོགས་གང་དུའང་ལྷུང་བ་མེད་པས་རྒྱུ་འབྲས་དང་བཅས་པའི་བསྐྱེད་བྱ་སྐྱེད་བྱེད་ལ་སངས་རྒྱས་སུ་རེ་བ་མ་འཚོལ་ཅིགཿ ཅིའི་ཕྱིར་ཞེ་ནཿ ངས་བྱ་རྩོལ་ལས་འདས་པའི་ཐེག་པར་གཞི་དང་ལམ་གྱི་འོད་གསལ་དངོས་གཅིག་ཏུ་བཤད་པ་ལསཿ མ་དང་བུའི་བྱེ་བྲག་འབྱེད་པའི་རྟོག་ཆོས་གཙོ་བོར་བསྟན་པ་ནི་མེད་དོཿ འོན་ཏེ་གཉིས་སུ་མེད་པའི་དོན་ལ་གཉིས་སུ་བྱ་བའང་གདུལ་བྱ་ཁ་དྲང་བའི་སླད་དུ་ཡིན་ན་གདོད་མའི་གཞི་དབྱིངས་མཐར་ཐུག་གི་གྲོལ་ས་ཆེན་པོ་ནམ་མཁའི་དབྱིངས་ལྟ་བུ་ལ་འོད་གསལ་མའི་ཐ་སྙད་ཙམ་གདགས་སུ་རུང་ངོཿ ད་ལྟ་ལམ་གྱི་གནས་སྐབས་ན་རྣམ་པར་ཤེས་པའི་ཚོགས་དང་བཅས་ཤིངཿ ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་དབུས་ན་བུམ་པ་ནང་གི་ནམ་མཁའ་གུད་དུ་བཅད་པ་བཞིན་བདེ་གཤེགས་སྙིང་པོ་རང་བཞིན་གྱི་འོད་དུ་གསལ་བའི་བདག་ཉིད་ཅན་ལ་གོམས་པར་བྱེད་པ་ལ་བུའི་ཐ་སྙད་ཙམ་དུ་མཚོན་ཏེཿ འདི་དག་ཀྱང་དོན་དམ་པར་ནི་མ་ཕྱིར་བཞགཿ བུ་ནང་དུ་བསྐྱིལ་བ་ལྟ་བུའི་གོ་མྱོང་ཡོད་ན་དེ་ཡང་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ཞེས་ང་སྨྲའོཿ ཀྱེ་ཡེ་ཤེས་རྡོ་རྗེཿ ང་ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་ཀློང་ནིཿ ངོ་བོ་ལ་མཚན་ཉིད་མེད་པས་རྟག་པ་མ་ཡིན་ནོཿ རང་བཞིན་ལ་གསལ་འགྲིབ་སྤངས་པས་ཆད་པ་མ་ཡིནཿ ཐུགས་རྗེ་ལ་ཕྱོགས་རིས་མེད་པས་མུ་དང་མཐས་མ་གཏུགསཿ ནམ་མཁའི་ཁམས་སུ་གྱུར་ཡང་སྟོང་པས་དཔེར་མ་བཏུབཿ ཉི་ཟླའི་འོད་དང་འདྲ་སྟེ་རིག་པས་གོ་ཕྱེདཿ ངའི་སྣང་བ་ལ་བཟུང་བའི་ཡུལ་མེད་པས་ཕྱི་སྟོང་པ་ཉིད་དོཿ ངའི་སྟོང་པ་ལ་འཛིན་པའི་སེམས་མེད་པས་ནང་སྟོང་པ་ཉིད་དོཿ རིག་པའི་ཀློང་ན་ཡེ་ཤེས་རྒྱ་མ་རལ་བས་དོར་བ་མེད་པ་སྟོང་པ་ཉིད་དོཿ མདོར་ན་ཁས་ལེན་གྱི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་རྫོགས་པས་གཞི་ཀ་དག་ཆེན་པོཿ ལམ་ལྷུན་གྲུབ་ཆེན་པོཿ འབྲས་བུ་རང་གྲོལ་ཆེན་པོཿ བསྒོམས་པས་སངས་རྒྱས་མ་ཐོབཿ མ་བསྒོམ་པས་འཁོར་བར་མ་འཁྱམསཿ སོ་མ་རང་གྲོལ་རྒྱ་ཡན་ལྷུན་འབྱམས་ངང་གཞག་ཆེན་པོ་སྟེ་ཆོས་ལྔ་དང་ལྡན་པ་ཀ་ནས་དག་པའི་ཡེ་ཤེས་ཆེན་པོ་དུས་གསུམ་འཕོ་འགྱུར་མེད་པ་ཞེས་བྱའོཿ དེའི་ངང་ལས་གཞི་སྣང་བ་ཆེན་པོ་འོད་གསལ་ལོངས་སྤྱོད་རྫོགས་པའི་སྐུ་ཐོད་རྒལ་གྱི་སྣང་བ་བཀོད་དེཿ ཤེས་རབ་རང་བྱུང་གི་སྒྲོན་མས་འཆར་བའི་གཞི་བྱས་སོཿ རྒྱང་ཞགས་ཆུའི་སྒྲོན་མས་འཆར་བྱེད་ཀྱི་སྒོ་བྱས་སོཿ དག་པ་དབྱིངས་ཀྱི་སྒྲོན་མས་ཤར་བའི་རྒྱན་བྱས་སོཿ ཐིག་ལེ་སྟོང་པའི་སྒྲོན་མས་ཤར་བའི་མཚན་ཉིད་བྱས་སོཿ དེ་ལྟར་སྒྲོན་མ་རྣམ་པ་བཞིའི་རྟེན་དེ་ཡང་བརྟེན་པ་རིག་པའི་གདངས་ཆེན་པོ་རྡོ་རྗེ་ལུ་གུ་རྒྱུད་ཆོས་ཉིད་མངོན་སུམ་པའི་སྣང་བ་དང་འགྲོགས་པ་ལསཿ ཉམས་གོང་འཕེལ་དངཿ རིག་པ་ཚད་ཕེབས་དངཿ ཆོས་ཉིད་ཟད་པ་སྟེ་སྣང་བ་ཆེན་པོ་བཞི་མཐར་ཐུག་པས་འབྲས་བུའི་ཆོས་ལམ་གྱི་སྣང་བ་ལ་རྫོགས་པ་ནི་ཀུན་ཏུ་བཟང་པོའི་གསང་བ་བསམ་གྱིས་མི་ཁྱབ་པའོཿ རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ལསཿ གཞི་སྣང་བ་ཆེན་པོའི་ལམ་བཤད་པའི་སྐབས་ཏེ་ལེའུ་བཞི་པའོཿ ཡང་སངས་རྒྱས་ཀུན་དང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེས་གསོལ་པཿ ཀྱེ་སྟོན་པ་དགོངས་ཤིགཿ ངོ་བོ་ཉིད་ཀྱི་སྐུ་འབྲས་བུའི་ལོངས་སྐུ་ཆེན་པོ་དངཿ ངོ་བོ་ཉིད་ཀྱི་སྣང་བ་ཆོས་ཉིད་ཀྱི་ལོངས་སྐུའི་ཁྱད་པར་གསུང་དུ་གསོལཿ བཀའ་སྩལ་པཿ ལོངས་སྤྱོད་རྫོགས་པའི་སྐུའི་འཆར་གཞི་ནི་ཆོས་ཀྱི་སྐུའི་རྩལ་སྣང་སྟེཿ དེའི་མཚན་ཉིད་ནི་རྣམ་པ་ཐམས་ཅད་པའི་མཆོག་དང་ལྡན་པའོཿ ངོ་བོ་ནི་ཆོས་སྐུའི་རང་བཞིན་ལས་གཡོ་བ་མེད་པའོཿ ངེས་ཚིག་ནི་སྐུ་གསུམ་དང་ཡན་ལག་བདུན་གྱི་རྒྱུ་དང་འབྲས་བུའི་ཆོས་མ་ལུས་ཤིང་ལུས་པ་མེད་པའི་སྣང་བ་ལ་རྟག་པ་རྒྱུན་གྱི་འཁོར་ལོར་ལོངས་སྤྱོད་པས་ན་བཅུ་གཅིག་ཀུན་ཏུ་འོད་ཀྱི་སའི་སྣང་བ་སྟེ་འབྲས་བུའི་ལོངས་སྐུ་ཞེས་བྱའོཿ དེ་ལས་གདུལ་བྱའི་སྣང་ཚུལ་གྱི་སྐུའམཿ གཟུགས་བརྙན་ལོངས་སྐུའི་སྟོན་པ་ནི་ངེས་པ་ལྔ་ལྡན་འབྲས་བུའི་སྐུ་ལས་བྱད་དང་མེ་ལོང་གི་གཟུགས་བརྙན་བཞིན་སྟོན་པ་རྡོ་རྗེ་འཆང་གི་ཐུགས་རྗེ་ལས་རང་བཞིན་དུ་སྤྲུལ་པ་མངོན་པར་དགའ་བ་དངཿ དཔལ་ལྡན་བརྩེགས་པ་དངཿ པདྨ་བརྩེགས་པ་དངཿ ལས་རབ་གྲུབ་པ་དངཿ མེ་རི་འབར་བ་ལ་སོགས་ཏེ་ཕྱོགས་བཅུ་སྤྲུལ་པའི་ཞིང་དུ་རྣམ་པར་འཕྲུལ་ལོཿ འདི་ལྟར་གསང་བ་མཆོག་གི་ཐེག་པ་འདིའི་ལམ་གྱི་སྒོ་མཐོང་ཞིང་དམ་ཚིག་ཆེན་པོའི་གནས་ལ་བསླབ་པ་དག་ནི་གལ་ཏེ་སྐྱེ་བ་འདི་ལ་སྣང་བཞི་ཚད་དུ་མ་ཕྱིན་ཀྱངཿ ཁམས་བདེ་གཤེགས་སྙིང་པོའི་ཁྱབ་བྱེད་རང་གི་སྙིང་ག་ན་གཞི་སྣང་བ་ཆེན་པོའི་འོད་གསལ་ཆོས་ཀྱི་དབྱིངས་དངཿ མེ་ལོང་ལྟ་བུ་དངཿ མཉམ་པ་ཉིད་དངཿ སོ་སོར་རྟོག་པ་དངཿ བྱ་བ་གྲུབ་པ་དང་ལྔའི་ཡེ་ཤེས་རང་བཞིན་ལྷུན་གྲུབ་ཆེན་པོའི་འཆར་གཞིར་བཞུགས་པས་ལམ་སྣང་དུ་རིག་པ་ཚད་ཕེབས་ཀྱི་མཚན་དཔེ་འགོད་ཅིངཿ ཆོས་ཉིད་ཀྱི་ལོངས་སྐུས་བར་དོའི་ལམ་དུའང་གདུལ་བྱའི་དོན་རྨི་ལམ་ལྟར་བྱེད་པའི་ཕྱིར་ཕྱེད་སྤྲུལ་ལོངས་སྐུ་ཞེས་བྱ་སྟེཿ རང་སྣང་ལ་འབྲས་བུའི་ལོངས་སྐུ་དང་ངོ་བོ་ཐ་དད་པ་མ་ཡིན་ཀྱངཿ ཞིང་ཁམས་དང་འཁོར་ལ་སོགས་པ་སྤྲུལ་པའི་སྣང་བས་བསྡུས་པའི་ཕྱིར་རོཿ དེའི་ཕྱིར་ཞིང་ཁམས་འདི་དག་ཏུ་དབུགས་ཕྱུང་བ་དག་ནི་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་ཡིན་ལཿ དབྱིངས་ཀྱི་ལོངས་སྐུ་ཆེན་པོ་ནི་སངས་རྒྱས་ཉིད་ཀྱི་སྣང་ཆར་སྟོང་གཟུགས་རྟག་པ་རྒྱུན་གྱི་འཁོར་ལོའི་ཆོས་ཉིད་ལ་སྤྱོད་ཅིངཿ རྒྱུད་གཞན་དུ་ས་བཅུའི་དབང་ཕྱུག་གིས་ཀྱང་མི་མཐོང་བའི་ཁྱད་པར་རོཿ ཞེས་གསུངས་པསཿ འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་རང་སྣང་ཉིད་ལ་རང་སྣང་དུ་སྤྱོད་པའི་སྐལ་བ་ཆེན་པོ་ལ་རྗེས་སུ་ཡི་རང་བའི་ངང་ནས་གསོལ་པཿ ཀྱེ་སྟོན་པ་ཀུན་ཏུ་བཟང་པོཿ ཉིད་ཀྱི་དགོངས་པ་ལ་གཅིག་དང་ཐ་དད་པའི་མཚན་མ་མི་དམིགས་ནཿ ངོ་བོ་ཉིད་ཀྱི་ཡེ་ཤེས་ངོ་བོ་ཉིད་ཀྱི་ཀློང་ན་འཁྱིལ་བ་ཆོས་དབྱིངས་གཞོན་ནུ་བུམ་པའི་སྐུའི་གནས་ལུགས་གསུང་དུ་གསོལཿ ཞེས་ཞུས་པསཿ བཅོམ་ལྡན་འདས་དཔལ་གདོད་མའི་མགོན་པོས་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་དོན་ལ་དགོངས་པ་ཙམ་ནས་ཅང་མི་གསུང་བའི་གནས་སྐབས་སུ་གྱུར་ཏེ་ཅང་མ་གསུང་བའི་དོན་གྱིས་ལན་བཏབ་ནས་ཞལ་ཕྱག་མཚན་དཔེར་སྟོན་པའི་སྤྲོས་པ་ཐམས་ཅད་ཀྱང་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་རྡོ་རྗེཿ མངོན་པར་བྱང་ཆུབ་པའི་དབྱིངས་སུ་ཐིམ་པར་གྱུར་ཏོཿ དེའི་ཚེ་སངས་རྒྱས་ཀུན་དང་གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་དེ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེས་བསྐུལ་ཏེ་ངོ་བོའི་བཞུགས་ཚུལ་ཚིག་གི་ལམ་དུ་སྟོན་པའི་སྤོབས་པའི་གཏེར་ཆེན་པོ་ཡོངས་སུ་གྲོལ་ནས་བཀའ་སྩལ་པཿ ཨེ་མ་ཧོཿ རྟག་པ་མ་ཡིན་ཡེ་ཤེས་སྐུཿ ཆད་པ་མ་ཡིན་གསལ་བའི་གདངསཿ གཉིས་ཀ་མ་ཡིན་ཟུང་འཇུག་སྦུབསཿ སོ་སོ་རང་རིག་ངོ་བོའི་སྐུཿ མཐའ་དང་དབུས་མེད་ནམ་མཁའི་ངངཿ ཆོས་ཉིད་གསལ་བའི་གཞལ་ཡས་ནཿ སྐུ་ལྔ་ཡེ་ཤེས་ལྔ་ཡི་བདགཿ ནང་གསལ་གཞོན་ནུ་བུམ་པའི་སྐུཿ བགྲེས་རྒུད་མེད་པའི་གཞོན་ནུ་ལཿ མཁྱེན་ཆ་ནང་གསལ་བུམ་པའི་སྐུཿ འགྱུར་བ་མེད་པའི་ཡེ་ཤེས་དངཿ འགག་མེད་ཐབས་ཀྱི་ཤེས་རབ་རྩལཿ ངང་དང་རང་བཞིན་ཆོས་ཉིད་ཀློངཿ ཐིམ་ལ་མ་རྨུགས་ཕྲ་བའི་སྐུཿ གནམ་སྟོང་དག་གི་ཟླ་བ་བཞིནཿ གཟུགས་སྐུ་གཉིས་ཀྱི་ཡོན་ཏན་ཀུནཿ སྣང་ཆར་མི་གསལ་དབྱིངས་སུ་འཁྱིལཿ གདུལ་བྱའི་དོན་ལ་སོ་སོར་སྣངཿ ཆོས་སྐུའི་ཀློང་ན་གཅིག་ཏུ་འདྲེསཿ ལོངས་སྐུའི་ངང་ནས་མཚན་དཔེར་རྫོགསཿ སྤྲུལ་པས་གདུལ་བྱ་དཔག་མེད་འདྲེནཿ མདོར་ན་དེ་བཞིན་གཤེགས་པ་ཡིཿ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱིཿ གསང་བ་བསམ་གྱིས་མི་ཁྱབ་པའིཿ ཡེ་ཤེས་ཆེན་པོ་གང་ཡིན་པཿ ངོ་བོ་ཉིད་ཀྱི་ཀློང་ནའོཿ ཀུན་ཏུ་བཟང་པོ་ཡེ་ཤེས་ཀློང་གི་རྒྱུད་ཅེས་བྱ་བ་ལསཿ འབྲས་བུའི་གྲོལ་ས་ཆེན་པོ་བཤད་པའི་ལེའུ་སྟེ་ལྔ་པ་སྐུ་དང་ཡེ་ཤེས་ཀྱི་ངེས་བརྗོད་བསྟན་པ་རྫོགས་སོཿ རྒྱུད་འདི་སོར་མོ་དྲུག་པའི་ཚདཿ རིན་ཆེན་དང་པོའི་ཁུ་བས་བྲིསཿ འདི་ནི་ཆོས་སྐུའི་རིང་བསྲེལ་དངོསཿ གཞན་གསུམ་དག་ཀྱང་ལྡན་པར་བྱཿ སེལ་མེད་བདུད་རྩི་ཨ་མྲྀ་ཏཿ བདེ་བསྐྱེད་མ་ཡི་ལྕང་ལོར་བཅསཿ སྤྱི་ལ་གླེགས་བམ་ཚུལ་དུ་བྱསཿ མགུལ་དུ་དྲོད་དང་མ་བྲལ་བཅངཿ རྣལ་འབྱོར་ལྡན་ལ་ཙན་དན་གྱིཿ དྲིལ་ཤིང་བཅས་ཏེ་ཞབས་ནས་དྲིལཿ དར་སྣ་ལྔ་ཡིས་རྒྱ་ཆིང་གདབཿ མཁའ་འགྲོ་ཚོགས་ཀྱིས་མཉེས་བྱས་ལཿ ཐོད་རྒལ་རིག་པའི་རྩལ་དབང་དངཿ འབྲེལ་བར་བདེ་ཆེན་འཁོར་ལོར་བཟུངཿ ཆོས་ཕུང་བརྒྱད་ཁྲི་བཅངས་དང་མཉམཿ འཁོར་འདས་ལམ་གསུམ་ཀུན་གྱི་མཚངཿ རིག་འཛིན་དཔའ་བོ་མཁའ་འགྲོ་ཡིཿ བླ་རྡོ་ཡིན་པས་དད་གུས་བསྐྱེདཿ རྩ་གསུམ་ལྷ་ཚོགས་སྤྲིན་བཞིན་འདུཿ ཉམས་དང་རྟོགས་པ་ཤུགས་ལ་འབརཿ བགྲོད་པ་གཉིས་དང་ས་གཡོ་སོགསཿ རྣལ་འབྱོར་རང་ཉམས་འབར་བའི་ཚེཿ རྒྱུད་འདི་ཀླག་ཅིང་དོན་ལ་བསམཿ འདི་དོན་བདེ་བླག་སུས་རྟོགས་པཿ ཐོག་མའི་ཀུན་ཏུ་བཟང་པོ་དངཿ སྐལ་པ་མཉམ་པར་འགྱུར་བས་ནཿ ལྟ་སྒོམ་དམན་དང་ཐེག་དམན་ལཿ གཙུག་གིས་མི་འདུད་ལག་གི་བརྡཿ འདི་ནི་རྒྱུད་ཀུན་སྙིང་པོ་སྟེཿ དད་དང་ངེས་ཤེས་སུ་ལྡན་པཿ དེ་ལ་སྦྱོར་བའི་དངོས་གྲུབ་ཡོདཿ ཐེ་ཚོམ་ཅན་ལ་སྐལ་བ་ཆདཿ དེ་ཕྱིར་འབྲས་བུ་གསང་སྔགས་ཀྱིཿ ལམ་ལ་ཡིད་གཉིས་མེད་པ་དངཿ མོས་པ་བརྟན་པ་ཁག་ཆེ་བསཿ ཐབས་ཀྱི་ལམ་མཆོག་དམ་པའོཿ ས་མ་ཡཿ རྒྱ་རྒྱ་རྒྱཿ གཏེར་རྒྱཿ སྦས་རྒྱཿ དམ་རྒྱཿ ཟབ་རྒྱཿ རྒྱུད་ཀྱི་རྒྱལ་པོ་ཆེན་པོ་འདི་ནི་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་བི་མ་ལ་མི་ཏྲའི་གསང་བ་གསུམ་གྱི་སྒྱུ་འཕྲུལ་རྡོ་རྗེའི་བཀོད་པསཿ ཐ་སྙད་དང་ཚིག་ལ་མ་བརྟེན་པར་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ནས་འགག་པ་མེད་པར་བཤད་ཅིངཿ རིག་འཛིན་འཇིགས་མེད་གླིང་པས་སྐད་གཉིས་ཤན་སྦྱར་གྱི་རྟོག་ཆོས་ལ་མ་ལྟོས་པར་པུ་རི་དཀར་པོ་ཀློང་སྒྲོམ་འབར་བའི་མཁའ་འགྲོའི་ཡི་གེ་ལས་པར་གྱིས་བཏབ་པ་བཞིན་དུ་སྐད་ཅིག་ཉིད་ལ་གཏན་ལ་དབབ་པའོཿ ཤིན་ཏུ་ཟབ་ཅིང་བཀའ་གཉན་པས་དབྱིངས་ཀྱི་མཁའ་འགྲོ་རྣམས་མཁྲེན་པའི་རྒྱུསཿ ཉིན་ཞག་གཅིག་ཏུ་བཙན་ཐབས་ཀྱི་འདུ་འཁྲུགས་དྲག་པོའང་བྱུངཿ བུད་མེད་ཞིག་གིས་བྷོ་དྷི་ཙི་དངཿ རཀྴའི་ཕྲེང་བ་སྨུག་པོ་རྒྱན་ལྡན་ལུ་གུ་རྒྱུད་དུ་སྦྲེལ་བ་གཉིས་ལས་རཀྴ་དང་ཆུ་དར་སྔོན་པོའི་རྒྱ་མདུད་ལྷན་ཅིག་པར་སྤྲད་ནས་གསང་བར་གདམས་པ་ཡིན་པས་རེ་ཞིག་གསུམ་རྒྱུད་དུ་གུ་ཧྱཿ ཿ