དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལསཿ ཡང་དག་སངས་རྒྱས་མཉམ་སྦྱོརཿ

From Khyentse Lineage - A Tsadra Foundation Project
JLKO-KABUM-10-THA-055
Wylie title dpal chen bka' 'dus rgya mtsho las: yang dag sangs rgyas mnyam sbyor:
Location 'jigs gling bka' 'bum
Volume 10, Text 55, Pages 655-662 (Folios 1a1 to 4b4)
Author འཇིགས་མེད་གླིང་པ་
Less details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Citation 'jigs med gling pa. Dpal chen bka' 'dus rgya mtsho las yang dag sangs rgyas mnyam sbyor. In Kun mkhyen rig 'dzin 'jigs med gling pa'i gsung 'bum, Vol. 10: 655-662. New Delhi: Shechen Publications, 2025.
Genre Activity Manual - las byang
Cycle རིག་འཛིན་ཐུགས་སྒྲུབ་དཔལ་ཆེན་འདུས་པ་ (rig 'dzin thugs sgrub dpal chen 'dus pa)
Parent Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity yang dag he ru ka
[edit]

འུྃཿ དཔལ་ཆེན་བཀའ་འདུས་རྒྱ་མཚོ་ལསཿ ཡང་དག་སངས་རྒྱས་མཉམ་སྦྱོར་བཞུགསཿ

༄༅། །སངས་རྒྱས་མཉམ་སྦྱོར་ལྷ་ལ་འདུདཿ ཡིད་ནི་ཡེ་ཤེས་ལ་སྦྱོར་བཿ ཡང་དག་ཐུགས་ཀྱི་སྒོས་སྒྲུབ་ནིཿ ཁྲག་འཐུང་གལ་པོའི་ཏནྟྲའོཿ དཀྱིལ་འཁོར་གཞུང་བཞིན་བཅས་པའམཿ བྷནྡྷ་དགུ་དང་མར་མེ་དགུཿ སྒྲུབ་པའི་རྟེན་དུ་ངེས་བྱས་ནསཿ བསྐྱེད་རིམ་བསྒྱུར་ཚུལ་འདི་ལྟའོཿ འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེཿ ལྟེ་བ་ཟླ་གམ་དམར་པོ་སྒོ་གཅིག་ནངཿ གསེར་འཁོར་རྩིབས་བརྒྱད་ཐབས་ཤེས་ཟླ་གམ་སྟེངཿ པཾ་ལས་པདྨ་ཨ་ལས་ཟླ་བ་དངཿ མ་ལས་ཉི་སྟེང་དབང་ཕྱུག་ཁྱོ་ཤུག་བཀུགཿ དེ་སྟེང་དབྱིངས་ནས་རྒྱུ་ཡི་ཧེ་རུ་བབསཿ ཞུ་བ་གླུས་བསྐུལ་སྒྲ་ཡིས་འོད་དུ་ཞུཿ གོང་བུའི་བདག་ཉིད་ཡོངས་སུ་གྱུར་པ་ལསཿ འབྲས་བུའི་ཡང་དག་སངས་རྒྱས་མཉམ་སྦྱོར་ནིཿ སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པཿ གཡས་དཀར་བཞད་དང་གཡོན་དམར་གཤེ་བའི་ཞལཿ རྩ་ཞལ་རྔམ་བརྗིད་ཧཱུྃ་ཕཊ་གད་རྒྱངས་སྒྲོགཿ ཐོད་སྐམ་དབུ་རྒྱན་ཁྲག་འཐུང་རིགས་ལྔས་མཚནཿ སྤྱན་དགུ་སྡང་མིག་རྫི་སྨིན་ཨག་ཚོམ་འབརཿ གཡས་གསུམ་གནམ་ལྕགས་རྡོ་རྗེ་ཁ་ཊྭཱཾ་དངཿ རུ་ཏྲའི་དཔྱི་ལས་གསང་བའི་རྔེའུ་ཆུངཿ རྒྱུད་ལས་བཤད་པའི་རྔེའུ་ཆུང་འདི་བཞིན་ཡིན་ཏེ། བསྟན་པ་སྔ་དར་གྱི་ཚེ་བོན་ཤས་ཤོར་བས་བྲིས་འབུར་ཚོར་དེ་ལྟར་སྣང་ཞིང་། དེས་གསར་མ་འགའ་ཞིག་སྔ་འགྱུར་ལ་བརྟག་དཔྱད་མེད་པའི་ལོག་རྟོག་དངཿ རིང་ལུགས་དར་མ་ཐག་གི་ལོ་པཎ་གཉིས་སྐད་བརྡ་མ་འཕྲོད་པའི་ཚིག་དང་། ཡུལ་སྐད་དང་ཤན་མ་ཕྱེ་བ་འགའ་རེ་སྣང་བ་ལ་བསྟིང་ཚིག་ཏུ་སྨྲ་ཡང་རྒྱུད་ཀྱི་རྡོ་རྗེའི་གནས་ཆེན་པོ་ལ་ངོ་མཚར་དུ་མཐོང་བའི་མིག་ལྡོངས་པའོ། །གཡོན་གསུམ་དུང་དམར་རྒྱུ་ཞགས་ཁྱུང་ཁྲ་འགྱེདཿ ཞབས་བརྒྱད་གཡས་བསྐུམ་གཡོན་བརྐྱང་དོར་སྟབས་བགྲདཿ རྡོ་རྗེའི་ཁྱུང་གཤོག་ལ་སོགས་དཔལ་ཆས་དངཿ དུར་ཁྲོད་ཆས་རྫོགས་གར་དགུའི་རོལ་པས་བརྗིདཿ ཀྲོ་ཏི་ཤྭ་རཱི་གཡས་པ་ཡབ་ལ་འཁྱུདཿ གཡོན་པ་ཐོད་ཁྲག་ཁྲོ་མོའི་ཆས་ཀུན་རྫོགསཿ ཧཱུྃ་ལས་ཡབ་ཀྱི་རྡོ་རྗེ་ནོར་བུའི་དབྱིངསཿ ཟླ་བར་ཨོཾ་མཚན་ཨ་ལས་ཡུམ་གྱི་མཁའཿ རྣམ་ཐར་གསུམ་ལྡན་ཟེའུ་འབྲུའི་ཉི་མར་མཱུཾཿ ས་མ་ཧོཿཡིས་ཡབ་ལ་བརྡ་སྦྱར་བསཿ ས་མ་ཡ་སྟྭཾ་ལན་གྱིས་དགྱེས་པ་བསྐྱེདཿ སླར་ཡང་རཱ་ག་ཧཾ་གིས་བརྡས་བསྐུལ་བསཿ རཱ་ག་ཡ་མིས་རྗེས་སུ་གནང་བ་བྱིནཿ ཕྱག་རྒྱ་བཞི་ལྡན་ཛཿཧཱུྃ་བཾ་ཧོཿའི་སྒྲསཿ སྟོད་སྨད་སྐེད་སྐབས་དབང་པོའི་སྒོ་རྣམས་སྤྲདཿ དགའ་བ་བཞི་ལྡན་བྱང་ཆུབ་སེམས་ཀྱི་སྤྲིནཿ ཨོཾ་གྱིས་ཕབ་ནས་ཧཱུྃ་གིས་དྷཱུ་ཏིར་དྲངསཿ ཕཊ་ཀྱིས་འཕངས་པས་ཡུམ་མཁར་རྡུལ་དང་འདྲེསཿ བདེ་སྟོང་ངང་ལས་མ་ཏྲཾ་ཛཿསྤྲོས་པསཿ རྩིབས་བརྒྱད་ཟླ་གམ་ཉི་གདན་རོ་ཡིས་མཚནཿ ཤར་དུ་གཾ་ལས་གཽ་རཱི་སྔོན་མོ་ནིཿ གཡས་པ་ཞིང་དབྱུག་གཡོན་པ་དུང་ཁྲག་འཛིནཿ སྡུག་བསྔལ་བདེན་པ་འཁོར་བ་ལུགས་ལྡོག་སྦྱོརཿ ལྷོ་རུ་ཙཾ་ལས་ཙཽ་རཱི་ཧ་སེར་མོཿ ཐབས་ཤེས་མཉམ་པར་སྦྱོར་བའི་མདའ་གཞུ་བཀངཿ ཀུན་འབྱུང་རྒྱུ་འབྲས་ཆོས་ཀྱི་དབྱིངས་སུ་འབིགསཿ ནུབ་ཏུ་པཾ་ལས་པྲ་མོ་ཧཱ་དམར་མོཿ རྣ་ལྟག་ཕག་ཞལ་རྡོ་རྗེ་དུང་ཁྲག་བསྣམསཿ ཆགས་སྡང་རྣམ་གཉིས་ཡེ་ཤེས་དབྱིངས་སུ་སྦྱོརཿ བྱང་དུ་བཾ་ལས་བཻ་ཏཱ་ལཱི་ནག་མོཿ ཕྱག་གཡས་རྡོ་རྗེ་གཡོན་པར་བ་དན་འཛིནཿ གཟུང་འཛིན་རྣམ་རྟོག་བག་ལ་ཉལ་ཀུན་འཇོམསཿ ཤར་ལྷོར་པུ་ལས་པུཀྐ་སཱི་དམར་སེརཿ འཁོར་བ་མྱ་ངན་འདས་ལ་སྦྱོར་བའི་ཕྱིརཿ ཕྱག་གཉིས་ཞིང་གི་རྒྱུ་མ་འདྲེན་ཅིང་གསོལཿ ལྷོ་ནུབ་གྷཾ་ལས་གྷསྨ་རཱི་སེར་ནགཿ རྡོ་རྗེས་ཐོད་ཁྲག་དཀྲུགས་ཤིང་འཐུང་བ་ཡིསཿ རྗེས་ཆགས་གདངས་ཀྱིས་ཆོས་སྐུ་ཞེ་ལ་གནོནཿ ནུབ་བྱང་སྨཾ་ལས་སྨེ་ཤ་ནི་མཐིང་ནགཿ བམ་ཆུང་རེངས་པའི་རྐང་པ་ནས་བཟུང་སྟེཿ དོན་སྙིང་ཟ་བས་རྟོག་མེད་དོན་ལ་སྦྱོརཿ བྱང་ཤར་ཙཾ་ལས་ཙཎྜ་ལཱི་སེར་སྐྱཿ གཡས་པ་རྩེ་གསུམ་གཡོན་པ་བམ་ཆེན་འདྲལཿ སྐུ་གསུམ་མཚོན་ཆས་འཁོར་བའི་རྒྱུ་འབྲས་གཅོདཿ ཀུན་ཀྱང་ཚོགས་བརྒྱད་ལ་སྡང་ཁྲོས་པའི་ཚུལཿ ཞལ་གདངས་མཆེ་གཙིགས་སྨིན་མ་སྨ་ར་དངཿ དབུ་སྐྲ་དམར་སེར་ཕྱག་རྒྱ་ལྔ་ཡིས་བརྒྱནཿ ཐོད་ཕྲེང་མི་ལྤགས་གཡང་གཞི་སྟག་ཤམ་དཀྲིསཿ མེ་འབར་དབུས་ན་གཡོན་བརྐྱང་སྟབས་ཀྱིས་འགྱིངཿ གཙོ་འཁོར་ཀུན་གྱི་དབང་པོའི་སྒོ་རྣམས་ལཿ ཁཾ་ཏྲཱཾ་ཧྲཱི་ཧ་ཧཱུྃ་ཧི་ཡོངས་གྱུར་ལསཿ སྤྱན་ལ་རྣམ་སྣང་དཀར་པོ་འཁོར་ལོ་འཛིནཿ རྣ་བར་རྡོ་རྗེ་ཉི་སེར་རིན་ཆེན་བསྣམསཿ ཞལ་ལ་པདྨ་གར་དབང་དམར་རང་རྟགསཿ ཤངས་ལ་རྟ་མཆོག་རོལ་པ་ལྗང་རལ་གྲིཿ ཡིད་ལ་རྡོ་རྗེ་སེམས་དཀར་རྡོར་དྲིལ་འཛིནཿ ལུས་ལ་ཁྲག་འཐུང་མཐིང་ནག་ཁ་ཊྭཱཾ་དྲིལཿ མ་འདྲེས་ཡོངས་རྫོགས་ཆེན་པོར་ལམ་གྱིས་གསལཿ དབང་བསྐུར་བ་ནིཿ ཧཱུྃ་རང་ལས་ཤར་བའི་དཔལ་ཆེན་ལྷཿ ལ་སོགས་དཔལ་ཆེན་གཞུང་ལྟར་་་སྔགས་རང་གནས་རིགས་བདག་མི་བསྐྱོད་པ།་་་ལཿ སྤྱན་འདྲེན་གྱི་ནི་མལ་དག་ཏུཿ ཧཱུྃ་དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པའི་སྐུཿ སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱངཿ ཐུགས་རྗེའི་བདག་ཉིད་ཆོས་སྐུ་དག་པ་ལསཿ ཡེ་ཤེས་སྒྱུ་མར་རོལ་བཞིན་གཤེགས་སུ་གསོལཿ ཧཱུྃ་ཐུགས་རྗེའི་ལྕགས་ཀྱུས་རྒྱུད་བསྐུལ་ཞིངཿ བྱམས་པའི་ཞགས་པས་སྤྱན་ཡང་འདྲེནཿ ལྕགས་སྒྲོག་བཀའ་ཡི་ཕོ་ཉས་བཏབཿ བདེ་གཤེགས་དྲིལ་བུས་དགྱེས་པ་བསྐྱེདཿ རང་སྣང་དབྱེར་མེད་དཀྱིལ་འཁོར་ལཿ ཐུགས་རྗེའི་མགོན་གྱུར་མ་ལུས་རྣམསཿ མི་ཕྱེད་དབྱིངས་ལ་འགོད་མཛད་པཿ བདག་ལ་དགྱེས་ཤིང་ཐིམ་པར་བཞུགསཿ ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝཱནཿ ཞེས་པད་རྒྱ་གཡོན་བསྐོར་དང་བཅས་སེ་གོལ་གཏོགས་པ་གསུམ་དངཿ ཛཿཧཱུྃ་བྃ་ཧོཿ རུ་ལུ་རུ་ལུ་ཛཿཧཱུྃ་བྃ་ཧོཿ ཨེ་ཧྱེ་ཧི་་་་ཏྲྀ་་་་ཤྱ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾཿ ཨེ་ཨ་ར་ལི་ཧོཿ ཧྲིཾ་ཧྲིཾ་ཧྲིཾཿཛཿ ཕྱག་འཚལ་ལ་སོགས་གཞུང་ལྟར་ལཿ མི་སྡུག་སྲིན་པོའི་ཤློ་ཀ་ཡི་རྗེསཿ བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིངཿ བྱམས་དང་སྙིང་རྗེར་དགྲ་ཟུན་མི་མངའ་ཡངཿ གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའིཿ འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོདཿ མི་གནས་མི་དམིགས་ཆོས་སྐུར་དག་པ་ལསཿ བདུད་འདུལ་ཁྲོ་བོ་མཆོག་གི་སྐུར་སྤྲུལ་པཿ ཐུགས་རྗེའི་གཟི་ལྡན་གདུག་པ་ཐབས་ཀྱིས་འདུལཿ སངས་རྒྱས་ཀུན་དང་མཉམ་པར་སྦྱོར་ལ་བསྟོདཿ ཁྲོ་མོ་དབང་ཕྱུག་སྐུ་ལ་ཉེར་གནས་ཤིང་ཿ ཐབས་དང་ཤེས་རབ་འབྲེལ་བའི་དཀྱིལ་འཁོར་འདིརཿ མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་བཿ གདུག་པ་འདུལ་མཛད་ཡུམ་ལ་ཕྱག་འཚལ་བསྟོདཿ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེདཿ འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེཿ མ་སྲིང་བྱམས་པའི་ཚུལ་གྱིས་གྲོགས་མཛད་པཿ ཀཽ་རཱི་ལ་སོགས་བརྒྱད་ལ་ཕྱག་འཚལ་བསྟོདཿ དེ་ནས་འཛབ་ཀྱི་དགོངས་པ་ནིཿ ཧཱུྃཿ དཔལ་ཆེན་བཛྲ་ཧེ་རུ་ཀཿ དུང་ཁང་དཀར་པོའི་གཞལ་ཡས་ཁངཿ མགྲིན་པ་པདྨའི་གསང་ཆེན་དངཿ ཐུགས་ཀ་གསང་བའི་དཀྱིལ་འཁོར་དུཿ རང་སེམས་བྱང་ཆུབ་འབྲུ་བརྒྱད་ཉིདཿ རུ་ལུ་གསེར་ཕྲེང་རིན་པོ་ཆེཿ གསེར་གྱི་བ་དག་འཛིངས་པ་དངཿ མགལ་མེ་ཀླད་ལ་བསྐོར་བ་དངཿ ལྕགས་ཀྱི་ཚྭ་ཚྭ་གཏམས་པ་ལྟརཿ ཕར་འཕྲོས་པས་ནི་ཐུགས་དམ་བསྐུལཿ ཡེ་ཤེས་ལྷ་ལ་བསྙེན་པ་ཕུལཿ སླར་འདུས་ཐུགས་ཀྱི་དཔལ་བེར་ཐིམཿ གཽ་རཱི་ལ་སོགས་བརྒྱད་རྣམས་ལཿ དཔལ་བེ་རིན་ཆེན་ཟུར་བརྒྱད་སྟེངཿ རུ་ལུ་འབྲུ་བརྒྱད་འཕྲོ་ཞིང་འདུཿ དངོས་གྲུབ་མཆོག་གི་གཏེར་དུ་བསམསཿ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃཿ འདི་ནི་ཐུགས་ཀྱི་སྒྲུབ་པ་སྟེཿ དག་པ་ཐམས་ཅད་ཆོས་སྐུ་ལཿ སྦྱོར་བས་མཆོག་གི་དངོས་གྲུབ་མྱུརཿ ཁྲག་འཐུང་གལ་པོའི་བཅུད་དུམ་ཡིནཿ རྗེས་ཀྱི་ལས་རིམ་གཞུང་ལྟར་བྱཿ ས་མ་ཡཿ རྒྱ་རྒྱ་རྒྱཿ