གྲུབ་མཐའ་བཞིའི་བདེན་གཉིས་ཀྱི་ལེགས་བཤད་སྙིང་པོའི་རྒྱན།

From Khyentse Lineage - A Tsadra Foundation Project
JKW-KABUM-06-CHA-002-003
Wylie title grub mtha' bzhi'i bden gnyis kyi legs bshad snying po'i rgyan JKW-KABUM-06-CHA-002.pdf
Location mkhyen brtse'i bka' 'bum
Volume 6, sde tshan 2, Text 3, Pages 158-165 (Folios 13b1 to 17a3)
Author འཇམ་དབྱངས་མཁྱེན་བརྩེའི་དབང་པོ་
Less details More details
Citation 'jam dbyangs mkhyen brtse'i dbang po. grub mtha' bzhi'i bden gnyis kyi legs bshad snying po'i rgyan. In 'jam dbyangs mkhyen brtse'i dbang po'i bka' 'bum, Vol. 6: 158-165. Khams sde dge rdzong sar dgon: Rdzong sar blo gros phun tshogs, 2020.
Genre Doxographies - grub mtha'  ·  Detailed Explanation - rnam bshad

1 Texts in this Section (sde tshan or chos tshan)

[edit]
གྲུབ་མཐའ་བཞིའི་བདེན་གཉིས་ཀྱི་ལེགས་བཤད་སྙིང་པོའི་རྒྱན་ཅེས་བྱ་བ་བཞུགས་སོ། །ན་མོ་མུ་ནིནྷཱ་ཡ། བདེན་པ་གཉིས་ཀྱི་རྣམ་གཞག་ཅུང་ཟད་འཆད་ན་བཞི་སྟེ། དང་པོ་བྱེ་སྨྲ་བས། མཛོད་ལས། བཅོམ་པའམ་བློས་གཞིག་པ་ན་དེར་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི་བུམ་པ་དང་བུམ་ནང་གི་ཆུ་ལྟ་བུ་སྟེ། བུམ་པ་ནི་རྡུལ་དང་བཅོམ་པ་ན་བུམ་པའི་བློ་མི་འཇུག་ལ། ཆུ་ནི་བློས་རྡུལ་རྫས་ཀྱི་ཆོས་གཞན་བསལ་བས་ནི་བློ་མི་འཇུག་པ་སྟེ། ཀ་བ་ལ་སོགས་པ་ལའང་མཚོན་ནོ། །བཅོམ་པའམ་བློས་གཞིག་པ་ན་དེར་འཛིན་གྱི་བློ་འདོར་དུ་མི་རུང་བའི་ཆོས། དོན་དམ་བདེན་པའི་མཚན་ཉིད། དེའི་མཚན་གཞི་ནི། གཟུགས་དང་། རྡུལ་ཕྲ་རབ་དང་། འདུས་མ་བྱས་ལྟ་བུ་སྟེ། གཟུགས་དེ་རྡུལ་དུ་བཤིག་ཀྱང་གཟུགས་ཀྱི་བློ་མི་འདོར་ལ། རྡུལ་ཕྲ་རབ་ནི་དེ་ལས་ཤིན་ཏུ་བཤིག་རྒྱུ་མེད་ཅིང་། འདུས་མ་བྱས་པ་ཙམ་བློས་གཞིག་ཀྱང་དེ་ལས་མ་འདས་སོ། །གཉིས་པ་མདོ་སྡེ་པས་རྣམ་འགྲེལ་ལས། དོན་དམ་བྱེད་པ་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་པས། དོན་དམ་པར་དོན་བྱེད་ནུས་པའི་ཆོས་དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི་བུམ་པ་དང་ཀ་བ་ལ་སོགས་པ་ལྟ་བུ་སྟེ། ལུགས་འདིར་དོན་དམ་བདེན་པ། མི་རྟག་པ། དངོས་པོ། འདུས་བྱས། རང་མཚན་རྣམས་དོན་གཅིག་མིང་གི་རྣམ་གྲངས། ཕན་གནོད་སོགས་ཀྱི་དོན་བྱེད་ནུས་པ་ཞིག་དོན་དམ་བདེན་པར་འདོད་དེ། དེ་ཡང་དངོས་པོ་རྣམས་བདེན་གྲུབ་ཏུ་འདོད་པའི་དབང་གིས་ཡིན་ནོ། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས། ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི། ནམ་མཁའ་དང་ཆོས་གང་ཡིན་ཀྱང་དེ་དང་གཅིག་དང་ཐ་དད་སོགས་ཀུན་བརྟགས་ཀྱི་རིགས་རྣམས་ལྟ་བུ་སྟེ། ཀུན་རྫོབ་བདེན་པ། རྟག་པ་དངོས་མེད་ཀྱི་ཆོས། འདུས་མ་བྱས། སྤྱི་མཚན་རྣམས་དོན་གཅིག་ཅིང་། ལུགས་འདིར་འདུས་མ་བྱས་མ་ཡིན་པའི་ཆོས་ཐམས་ཅད་ཀུན་རྫོབ་ཀྱི་བདེན་པ་ཡིན་པས། སྟོང་ཉིད་ཀྱང་ཀུན་རྫོབ་ཀྱི་བདེན་པའོ། །གསུམ་པ་སེམས་ཙམ་པས་ནི། བདེན་གཉིས་སོ་སོའི་མཚན་ཉིད། དབྱེ་བ་སོགས་ཕལ་ཆེར་རང་རྒྱུད་པ་དང་མཐུན་པ་ཡོད་ཀྱང་། མཚན་གཞི་ལ་མི་མཐུན་པ་ཡོད་དེ། སེམས་ཙམ་པས། གཟུགས་ཕྱི་རོལ་གྱི་དོན་གྱིས་སྟོང་པ་དང་། ངོ་བོ་དང་ཁྱད་པར་ལ་ཀུན་བརྟགས་པའི་ཀུན་བརྟགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ། དོན་དམ་བདེན་པའི་མཚན་གཞིར་འདོད་ལ། རང་རྒྱུད་པས་དེ་ལྟར་མི་བྱེད་དོ། །གཞན་ཡང་འདི་པས་དོན་དམ་བདེན་པ་ཐམས་ཅད་བདེན་གྲུབ་ཏུ་འདོད་པ་ཡིན་ཏེ། དེས་ཡོངས་གྲུབ་དང་གཞན་དབང་གང་རུང་ཡིན་ཞིང་། བདེན་གྲུབ་ཡིན་པས་ཁྱབ་པར་བཞེད་པའི་ཕྱིར། ཡོངས་གྲུབ་རྣམས་ནི་གནས་ལུགས་མཐར་ཐུག་ཡིན་པས་ན་བདེན་གྲུབ་དང་། གཞན་དབང་རྣམས་ཀྱིས་རང་གི་འབྲས་བུ་བསྐྱེད་པའི་དོན་བྱེད་ནུས་པས་ན་བདེན་གྲུབ་ཏུ་བཞེད་པའི་ཕྱིར་རོ། །བཞི་པ་དབུ་མ་པར། རང་རྒྱུད་པའི་འདོད་པ་ཕལ་ཆེར་ཐལ་འགྱུར་བ་དང་འདྲ་ཡང་། རྣམ་པ་གཅིག་ཏུ་ན། ཁྱོད་གང་གིས་རྙེད་པའི་ཚད་མ་ལ་ལྟོས་ཏེ་མཐར་ཐུག་དཔྱོད་པའི་རིག་ཤེས་ཚད་མར་སོང་བ་དོན་དམ་དང་། ཁྱོད་གང་གིས་རྙེད་པའི་ཚད་མ་ལ་ལྟོས་ཏེ་ཐ་སྙད་དཔྱོད་པའི་རིག་ཤེས་ཚད་མར་སོང་བ། ཀུན་རྫོབ་བདེན་པའི་མཚན་ཉིད་དུ་འདོད། མཚན་གཞི་ནི་གཟུགས་སོགས་བློས་གཅོད་མེད་སྣང་བའི་དབང་གིས་བཞག་ཙམ་དུ་གྲུབ་པ་དེ། ཀུན་རྫོབ་བདེན་པ་དང་། དེའི་དབང་གིས་བཞག་ཙམ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་མ་གྲུབ་པ་དེ། དོན་དམ་བདེན་པའི་མཚན་གཞིར་འདོད་ཅིང་། གཞན་ཡང་ཀུན་རྫོབ་ལ། རང་ཉིད་གཙོ་བོར་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་དེ་ལྟར་གྲུབ་པའི་ཀུན་རྫོབ་ཡང་དག་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་ནི་ཆུ་དང་། ཀ་བུམ་ལྟ་བུ་དང་། འདུས་མ་བྱས་དང་། ཤེས་པ་རྣམས་དང་། ཁ་དོག་ཐམས་ཅད་ལྟ་བུའོ། །རང་ཉིད་གཙོ་བོར་སྣང་ཡུལ་དུ་བྱེད་པའི་བློ་ལ་སྣང་བ་དེ་ལྟར་མ་གྲུབ་པར། ལོག་པའི་ཀུན་རྫོབ་ཀྱི་མཚན་ཉིད། མཚན་གཞི་ནི། སྨིག་རྒྱུའི་ཆུ། མེ་ལོང་གི་གཟུགས་བརྙན། སྒྱུ་མའི་རྟ་གླང་། རྨི་ལམ་གྱི་མི་ལྟ་བུའོ། །གཞན་ཡང་ཐལ་རང་གཉིས་ཀྱི་བདེན་པ་གཉིས་ཀྱི་ཁྱད་པར་ལ་དབྱེ་བ་ཕྲ་མོ་མང་ངོ་། །ཐལ་འགྱུར་བས་དབྱེ་གཞི་ཤེས་བྱ་ལ། དབྱེ་ངོ་བདེན་པ་གཉིས་སུ་གྲངས་ངེས་ཤིང་། དེ་ཡང་བདེན་རྫུན་གཉིས་སུ་གྲངས་ངེས་པ་གང་ཞིག །གཞི་གཅིག་གི་སྟེང་དུ་བདེན་པ་རྣམ་གཅོད་ལ་ཁེགས་ན་བརྫུན་པ་ཡིན་པ་ཡོངས་གཅོད་ལ་གྲུབ། བརྫུན་པ་ཡོངས་གཅོད་ལ་གྲུབ་ན་བདེན་པ་རྣམ་གཅོད་ལ་ཁེགས་པའི་ཕྱིར་ཏེ། དེ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་སྟེང་དུ་རང་བཞིན་གྱིས་མེད་པ་དོན་དམ་དང་། ཐ་སྙད་དུ་ཡོད་པ་ཀུན་རྫོབ་པའི་ངོ་བོ་གཉིས་ཡོད་པ་ཡིན་པས་ན། རང་ཉིད་འཇལ་བའི་མཐར་ཐུག་དཔྱོད་པའི་རིག་ཤེས་ཚད་མས་རྙེད་དོན། དོན་དམ་བདེན་པའི་མཚན་ཉིད། མཚན་གཞི་ནི་མྱུ་གུ་རང་བཞིན་གྱིས་མེད་པ་ལྟ་བུ། མཐར་ཐུག་དཔྱོད་པའི་ཚད་མ་ནི། དོན་དམ་དཔྱོད་བྱེད་ཀྱི་ཚད་མ་ཡིན་ལ། དེའང་གཟུགས་སོགས་ཀྱི་དོན་དམ་པའི་གནས་ལུགས་མཐོང་བའི་ཚད་མ་ཞིག་ལ་བྱེད་པ་སྟེ། འོན་ཀྱང་སངས་རྒྱས་འཕགས་པའི་རྒྱུད་ཀྱི་དོན་དམ་དཔྱོད་པའི་ཚད་མའི་རྙེད་དོན་ལ། སྤྱིར་དོན་དམ་དཔྱོད་པའི་ཚད་མའི་རྙེད་དོན་ཡིན་པས་མ་ཁྱབ་བྱས་ན་བདེའོ། །དོན་དམ་བདེན་པའི་ངོ་བོའམ་སྟོང་གཞིའི་སྒོ་ནས་དབྱེ་ན་གང་ཟག་གི་བདག་མེད་ཕྲ་མོ་དང་། ཆོས་ཀྱི་བདག་མེད་ཕྲ་མོ་གཉིས་སམ། སྟོང་ཉིད་བཅུ་དྲུག་གམ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རྣམ་གྲངས་པ་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་གཉིས་སོ། །ཐ་སྙད་དཔྱོད་པའི་ཚད་མའི་རྙེད་དོན་ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི་ནི་མྱུ་གུ་ལྟ་བུ། ཐ་སྙད་དཔྱོད་པའི་ཚད་མ་ནི་ཀུན་རྫོབ་དཔྱོད་བྱེད་ཀྱི་ཚད་མའོ། །དེ་ལ་དབྱེ་ན། ལུགས་འདིར་སྤྱིར་ཡང་ལོག་གི་དབྱེ་བ་མི་བྱེད་ཀྱང་། འཇིག་རྟེན་ཤེས་ངོ་ལ་ལྟོས་ནས་དབྱེ་སྟེ། དེ་ཡང་ཡུལ་ཅན་གྱི་བློ་ཕུག་འཁྲུལ་རྒྱུ་མ་རིག་པས་བསླད་པར་མཚུངས་ཀྱང་། འཕྲལ་གྱི་འཁྲུལ་རྒྱུས་བསླད་མ་བསླད་ཀྱི་དབང་གིས་དེ་ལྟར་བཞག་པའི་ཕྱིར་རོ། །སྤྱིར་དང་པོ་ནི། མཐུན་པའི་ཡུལ་དང་། ཡུལ་ཅན་དོན་དམ་བདེན་པ་གཉིས། དང་པོ་ནི། མྱུ་གུ་བདེན་སྟོང་སྒྱུ་མ་བཞིན་དུ་སྣང་བའི་ཆ་ལྟ་བུ། གཉིས་པ་ནི། དེ་རྟོགས་པའི་རྗེས་དཔག་ཚད་མ་ལྟ་བུ། འདི་གཉིས་དོན་དམ་བདེན་པ་བཏགས་པ་ཙམ་ལས་དངོས་མིན། ཕྱི་མ་ལའང་སྒྲས་བརྗོད་རིགས་ཀྱིས་དབྱེ་ན། ཡུལ་དང་ཡུལ་ཅན་དོན་དམ་བདེན་པ་གཉིས། དང་པོ་ནི། སྟོང་ཉིད་ལྟ་བུ་སྟེ། དོན་དམ་བདེན་པ། ཇི་ལྟ་བ། སྟོང་ཉིད། ཡོངས་གྲུབ། ཡང་དག་མཐའ། ཆོས་དབྱིངས་རྣམས་དོན་གཅིག །གཉིས་པ་ནི། སློབ་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་རྟོགས་པའི་ཡེ་ཤེས་ལྟ་བུ་སྟེ། འདི་རྣམ་གྲངས་མ་ཡིན་པའི་དོན་དམ་དངོས་ཡིན་ཅེས་ཁ་ཅིག་བཞེད་ཀྱང་། དོན་དམ་དངོས་ནི་མིན་ནོ། །ཀུན་རྫོབ་ལ་དབྱེ་བ་མི་བྱེད་དེ། ཀུན་རྫོབ་ལ་སྣང་བ་ལྟར་གྲུབ་མ་གྲུབ་གཉིས་ཀྱི་དབྱེ་བ་མེད་པའི་ཕྱིར་ཏེ། ཀུན་རྫོབ་ཡིན་ན་སྣང་བ་ལྟར་མ་གྲུབ་པས་ཁྱབ་པའི་ཕྱིར་རོ། །སྒྲ་དོན་ནི། བུམ་པ་བདེན་སྟོང་དེ་ལ་དོན་དམ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་བློ་དོན་དམ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་གཞག་ཡེ་ཤེས་ཀྱི་གཟིགས་ངོར་བདེན་ཅིང་དོན་དམ་པར་བདེན་པ་ན་དེ་སྐད་བརྗོད་པའི་ཕྱིར། མཉམ་གཞག་གི་ཡེ་ཤེས་དེར་ཡུལ་ཅན་དོན་དམ་ཞེས་བརྗོད་པའི༴ ཡུལ་དོན་དམ་གྱི་བདེན་པ་ཇི་ལྟ་བ་བཞིན་གཟིགས་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། བུམ་པ་དེ་ལ་ཀུན་རྫོབ་ཀྱི་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན༴ བློ་ཀུན་རྫོབ་ཀྱི་བདེན་འཛིན་ངོར་བདེན་ཡང་། དོན་དམ་གནས་ཚོད་ལ་བརྫུན་པས་དེ་ལྟར་བརྗོད་པའི་ཕྱིར། བདེན་འཛིན་ལ་ཀུན་རྫོབ་ཅེས་བརྗོད་པའི༴ དེ་ཁོ་ན་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཕྱིར། བདེན་གཉིས་ངོ་བོ་ཐ་དད་པར་མི་རུང་སྟེ་འབྲེལ་མེད་དོན་གཞན་དུ་འགྱུར་བའི་ཕྱིར། བུམ་པ་བདེན་སྟོང་བསྒོམས་པས་བདེན་འཛིན་སྤོང་མི་ནུས་པར་ཐལ། ཐ་དད་གཏན་མེད་ཀྱི་གཅིག་པ་མ་ཡིན་ཏེ། དེ་ལྟར་ན་བུམ་པ་མཐོང་བས་ཀྱང་བུམ་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པར་ཐལ། འདོད་ན། སོ་སྐྱེས་མིག་ཤེས་ཀྱིས་ཀྱང་སྟོང་ཉིད་མངོན་སུམ་དུ་རྟོགས་པར་ཐལ། འདོད་མི་ནུས་ཏེ། འཕགས་ལམ་བསྐྱེད་པ་དོན་མེད་དུ་འགྱུར་བའི་ཕྱིར་རོ། །དེས་ན་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་མེད་ཅིང་། མེད་ན་མི་འབྱུང་བའི་འབྲེལ་པར་གྲུབ་པ་ཡིན་ལ། ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དང་། དེའང་དེ་རྣམས་ཀྱི་སྟེང་ནས་འཇོག་པར་ཤེས་དགོས་སོ། །དེ་ལྟར་བདེན་གཉིས་ཀྱི་རྣམ་གཞག་ཤེས་པ་ལ་དགོས་པ་ཡོད་དེ། རྒྱལ་བའི་གསུང་རབས་ཀྱི་དགོངས་པ་ཤེས་ཏེ་ཚོགས་རྫོགས་ནས་འཚང་རྒྱ་བ་དང་། ཐ་སྙད་ཀྱི་ཀུན་རྫོབ་ཀྱི་འཇོག་ཚུལ་ལ་བརྟེན་ནས་དོན་དམ་པ་རྟོགས་པར་འགྱུར་བ་དང་། གཞི་བདེན་གཉིས་ཀྱི་རྣམ་གཞག་ཤེས་ནས་ལམ་ཚོགས་གཉིས་བསགས་པས་འབྲས་བུ་སྐུ་གཉིས་གྲུབ་པར་འབྲེལ་བའི་ཕྱིར། མ་ཤེས་པ་ལ་སྐྱོན་ཡོད་དེ། དཔལ་ལྡན་ཟླ་བས། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པས། །དེ་ནི་རྣམ་རྟོག་ལོག་པའི་ལམ་ངན་ཞུགས། །ཞེས་གསུངས་པའི་ཕྱིར། དེས་ན་བདེན་གཉིས་ཀྱི་གནས་ཚུལ་ལུང་དང་རིགས་པ་དུ་མས་གཏན་ལ་དབབ་པ་ཤིན་ཏུ་གཅེས་སོ། །ཞེས་པའང་ཉེར་མཁོའི་ལེའུ་ཚན་ནོ། །ཤུ་བྷཾ།། །། ༈

Footnotes

Other Information