རྩ་གསུམ་དྲིལ་སྒྲུབ་ཀྱི་ལས་བཞིའི་སྦྱིན་སྲེག་བསྡུས་པ་གྲུབ་གཉིས་དཔལ་སྦྱིན་སྟོན།

From Khyentse Lineage - A Tsadra Foundation Project
JKW-KABAB-04-NGA-017
Wylie title rtsa gsum dril sgrub kyi las bzhi'i sbyin sreg bsdus pa grub gnyis dpal sbyin ston
Location mkhyen brtse'i bka' babs
Volume 4, Text 17, Pages 149-165 (Folios 1a to 9a3)
Author ཕུན་ཚོགས་རྣམ་རྒྱལ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་, སངས་རྒྱས་བླ་མ་ ('jam dbyangs mkhyen brtse'i dbang po, sangs rgyas bla ma)
Citation phun tshogs rnam rgyal. rtsa gsum dril sgrub kyi las bzhi'i sbyin sreg bsdus pa grub gnyis dpal sbyin ston. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 4: 149-165. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Fire Offerings - sbyin sreg
Cycle རྩ་གསུམ་དྲིལ་སྒྲུབ་ (rtsa gsum dril sgrub)
Karchag page JKW-KABAB-Volume-04-NGA-Karchag
[edit]
༄༅། །རྩ་གསུམ་དྲིལ་སྒྲུབ་ཀྱི་ལས་བཞིའི་སྦྱིན་སྲེག་བསྡུས་པ་གྲུབ་གཉིས་དཔལ་སྦྱིན་ཞེས་བྱ་བ་བཞུགས་སོ།།

༄༅། །རྩ་བ་གསུམ་ལ་ཕྱག་འཚལ་ལོ། །བསྙེན་པའི་ཁ་སྐོང་སོགས་ལ་སྦྱིན་སྲེག་མདོར་བསྡུས་བྱེད་པར་འདོད་པས་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། སྟེགས་བུ་དཀར་ཟླུམ་གྱི་ངོས་སུ་རྡུལ་ཚོན་དཀར་པོས་པདྨ་འདབ་བརྒྱད་མུ་ཁྱུད་རྡོ་རྭ་མེ་རི་དང་ བཅས་པའི་དབུས་སུ་རྡོ་རྗེས་མཚན་པ་བྲི། མ་གྲུབ་ན་ཤོག་བུ་སོགས་ལ་བྲིས་པ་འདིང་བའམ། འབྲུ་ཚོམ་ཙམ་གྱིས་རུང་བའང་གསུངས། དེའི་སྟེང་དུ་ལྕང་མ་ལ་སོགས་ཞི་བའི་བུད་ཤིང་སྦོམ་ཕྲ་མཛུབ་མོ་དང་མཉམ་བ་ཁྲུ་གང་བ་ཟླུམ་པོར་བརྩེགས། རང་གི་ གཡས་སུ་སྨན་རག་གཏོར་ཚོགས་ཉེར་སྤྱོད་ལྔ་སོགས་དང་། གཡོན་དུ་ཡམ་ཤིང་། མར་ཁུ། ཁྱད་པར་གྱི་རྫས་ཏིལ་ནག་པོ་རྣམས་དང་། འབྱོར་ན་བསྲེགས་རྫས་གཞན་ཡང་ཇི་ལྟར་རིགས་པ་བཤམས། ཐོ་རང་གྱི་དུས་ཆས་གོས་དཀར་པོ་དང་ལྡན་པས་ཁ་ ཤར་དུ་བལྟས་ནས་སེམས་དཔའི་སྐྱིལ་དཀྲུང་གིས་འཁོད་པའི་མདུན་དུ་རྡོར་དྲིལ་བསང་ཆུ་འཐོར་གཡབ་བཅས་དང་དགང་བླུགས་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། ལས་ཀྱི་གཞུང་བསྲང་ནས་བཟླས་པ་ཡན་གྲུབ་པ་དང་། བསང་ཆུ། ཨོཾ་ཧ་ཡ་གྲཱི་བ་ཧཱུཾ་ཕཊ། བརྒྱ་རྩ་སོགས་ཀྱིས་བྱིན་བརླབ་པ་ནི་སྦྱོར་བའོ། གཉིས་པ་དངོས་གཞི་ལ་འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་། འདས་པའི་མེ་ལྷ་མཆོད་པ། འཇིག་རྟེན་པ་ལ་གཏང་རག་འབུལ་བའོ། དང་པོ་ནི། མཆོད་སྲེག་ གི་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་། ཨོཾ་ཧ་ཡ་གྲཱི་བ་ཧཱུཾ་ཕཊ། མཆོད་པ་རྣམས། རྃ་ཡྃ་ཁྃ། །བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་ལས། །རྃ་ཡྃ་ཁྃ་འཕྲོས་མཆོད་རྫས་དངོས་འཛིན་ སྦྱངས༑ །ཨོཾ་ཨཱཿཧཱུཾ་གིས་ཟག་མེད་བདེ་བ་ཆེ། །འདོད་ཡོན་རོལ་མོ་ཅིར་ཡང་འཆར་བར་གྱུར། །ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བརླབ། བསྲེགས་རྫས་རྣམས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ ཝ་ཤུདྡྷོཉ་ཧཾ་གིས་སྦྱང་། སྟོང་པའི་ངང་ལས་བསྲེག་རྫས་རྣམས། །སྟོང་གསུམ་དང་མཉམ་ཡངས་པའི་ནང་། །བཅུད་རྣམས་ཡེ་ཤེས་བདུད་རྩིའི་དངོས། །འདོད་ཡོན་རྒྱ་མཚོ་འཕྲོ་བར་གྱུར། ཨོཾ་ཨཱཿཧཱུཾ། ལན་བདུན་གྱིས་བརླབ། དཔལ་འབར་ཐོགས་ལ། ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུཾ་ཛྭ་ལ་རཾ་ཞེས་མེ་སྦར། ཧཱུཾ། ཞེས་བརྗོད་ཅིང་ལས་དང་བསྟུན་པའི་མེ་དར་གྱིས་རླུང་གཡབ། བསང་ཆུ་འཐོར་ཞིང་། ཨོཾ་ཧ་ཡ་གྲཱི་བ་ཧཱུཾ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་སྦྱང་། མེ་ཐབ་མི་དམིགས་སྟོང་པའི་ངང་ཉིད་ལས། །ཨེ་ལས་བྱུང་བའི་ཞི་བའི་ཐབ་ཁུང་ཟླུམ། །དཀར་གསལ་མདངས་ལྡན་མེ་ལྕེ་ ཟླུམ་པོར་འབར། །དབུས་སུ་པདྨ་ཉི་ཟླའི་གདན་སྟེང་དུ། །དམ་ཚིག་མེ་ལྷ་དྲང་སྲོང་ཆ་ལུགས་ཅན། །སྐུ་མདོག་དཀར་པོ་འཛུམ་ཞིང་ཞི་ཚུལ་མཛེས། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ར་སྐྱེས་ཆིབས། ། ཕྱག་གཡས་མེ་ཐབ་འོག་མས་གུནྡྷེ་བསྣམས། །གཡོན་པས་བགྲང་ཕྲེང་འོག་མས་ལྕགས་ཀྱུ་འཛིན། །ཤ་རྒྱས་གཟུགས་ཕུང་སྒེག་ཅིང་ལྟོ་བ་འཕྱང་། །སྨ་ར་དམར་སེར་རལ་པའི་ཅོད་པཎ་ཅན། དྲང་སྲོང་ ཚོགས་ཀྱིས་བསྐོར་བའི་དབུས་སུ་གསལ། །བདག་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས། །འོད་འཕྲོས་ཤར་ཕྱོགས་མེ་ལྷའི་ཡུལ་ནས་ནི། །ཡེ་ཤེས་དམ་ཚིག་སེམས་དཔའ་ཇི་ལྟ་བར། །དྲང་སྲོང་ཚོགས་ཀྱིས་ བསྐོར་བ་སྤྱན་དྲངས་གྱུར། མདའ་དར་དཀར་པོ་གཡབ་ཅིང་། ཧཱུཾ། དད་པ་དང་ནི་དམ་ཚིག་གིསཿ ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོཿ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོགཿ བསྲེགས་བླུག་ཞལ་ཟས་བཞེས་སླད་དུཿ འདི་ཉིད་དུ་ནི་གཤེགས་སུ་གསོལཿ ཨོཾ་ཨགྣེ་དེ་བ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཡ་ཛཿ ཛཱཿཧཱུཾ་བཾ་ཧོཿ ཅེས་སྤྱན་དྲངས་ནས་དབྱེར་མེད་དུ་བསྟིམས་ལ། མཆོད་ཅིང་བསྟོད་པ་ནི། ཨོཾ་ཨགྣེ་དེ་བ་ས་པ་རི་ཝཱ་ར་ཨརྒྷཾ་པ་དུཾ་པུཥྤེ་དྷཱུཔྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱེ་ཤབྡ་པྲ་ཏིཙྪ་སྭཱ་ཧཱས་མཆོད། སརྦ་པཉྩ་ཨམྲྀ་ཏ་རཀྟ་བ་ལིངྟ་ཁ་རཾ་ཁ་ཧི། ཧཱུཾ། གཟི་བརྗིད་འབར་བ་མེ་ཡི་ལྷཿ འབར་བཅས་སྐུ་ནི་རྒྱན་གྱིས་བརྒྱནཿ རྔམས་པའི་བྱིན་ཅན་ལས་ལ་ བརྩོནཿ བསྲེགས་བླུག་འབུལ་ལོ་ལས་ཀུན་སྒྲུབཿ ཚངས་པ་འཇིག་རྟེན་མགོན་གྱི་སྲསཿ ཞི་ལ་སོགས་པའི་ལྷ་དཔལ་ཏེཿ ཇི་ལྟར་འདོད་པའི་དོན་སྒྲུབ་པཿ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོདཿ དགང་བླུག་བཟུང་ལ། མེ་ལྷ་ཞལ་གདངས་པའི་ལྗགས་རྡོ་རྗེའི་སྦུ་གུས་སྲེག་བླུག་གི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱཿ ཞེས་པས་མར་ཁུ་ལན་བདུན་ནམ་ཉེར་གཅིག་གིས་བྱོན་སྐྱེམས་ཕུལ། ཡམ་ཤིང་ཐོགས་ལ། ཨོཾ་ཨགྣེ་དེ་བ་ ཏ་ཡམ་བདག་ཅག་འཁོར་དང་བཅས་པའི་སྔགས་ཀྱི་ལྷག་ཆད་དང་། ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཐམས་ཅད་དྷརྨ་དྷཱ་ཏུ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་ལན་བརྒྱ་རྩའམ་ཉེར་གཅིག་བར་ཅི་རིགས་འབུལ། མར་ཁུ་བླུག་གཟར་གྱིས་ དགང་གཟར་བསྐང་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། དང་། བདག་ཅག་འཁོར་དང་བཅས་པའི་སྔགས་ཀྱི་ལྷག་ཆད་དང་། ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཐམས་ཅད་དྷརྨ་དྷཱ་ཏུ་ཤནྟིཾ་ཀུ་རུ་སྭཱ་ཧཱ། སྤེལ་བ་བརྒྱ་རྩ་སོགས་ཀྱི་མཐར་ཁ་སྦྱོར་དུ་འབུལ། ཏིལ་ལ། ཨོཾ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། དང་། བདག་ཅག་འཁོར་དང་བཅས་པའི་སྔགས་ཀྱི་ལྷག་ཆད་དང་། ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཐམས་ཅད་དྷརྨ་དྷཱ་ཏུ་ཤནྟིཾ་ཀུ་རུ་སྭཱ་ཧཱ། སྤེལ་བས་ཕུལ། སྲེག་ རྫས་གཞན་ཡོད་ནའང་སྔགས་དེ་ཉིད་ཀྱིས་ཕུལ་མཐར། ཧཱུཾ། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། མེ་ལྷ་དྲང་སྲོང་ཚོགས་ལ་མཆོད་པ་འབུལ། ཕྲིན་ལས་རྣམ་བཞི་མྱུར་ དུ་འགྲུབ་པར་མཛོད། ཧ་ཧ་ཧེ་ཧེ་ཧཱུཾ་ཧཱུཾ། ཞེས་འདོད་དོན་གསོལ། གཉིས་པ་འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ཅུང་ཟད་གསོས་ལ། བསང་ཆུ་འཐོར་ཞིང་། ཨོཾ་ཧྲཱིཿཧ་ཡ་གྲཱི་བ་ཧཱུཾ་ཕཊ་ཀྱིས་བསང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷ་རྨཱ་སྭ་བྷཱ་ཝ་ཤུདྡྷོཉ་ཧཾ་གིས་ སྦྱང་༑ མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་དབུས། །ཡེ་ཤེས་འོད་ལྔ་འཁྲུགས་པའི་ཀློང་དཀྱིལ་དུ། །སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་། །ཧྲཱིཿལས་བླ་མ་ཀུན་འདུས་པདྨ་འབྱུང་། །དཀར་དམར་མདངས་ལྡན་ ཞི་ཁྲོའི་ཉམས་ཀྱིས་མཛེས། །སྐུ་ལ་གསང་ཕོད་ཆོས་གོས་བེར་ཕྱམས་དང་། །དབུ་ལ་རབ་མཛེས་ཤེའུའི་སྙན་ཞུའི་བརྗིད། །ཕྱག་གཡས་སྡིགས་མཛུབ་དང་བཅས་རྡོ་རྗེ་འཕྱར། །རྩེ་ལས་བླ་མ་དྲག་པོ་ཧེ་རུ་ ཀ ༑མདོག་དམར་མེ་ལྕེའི་ཕྲེང་བ་རབ་ཏུ་འཁྲུག །གནམ་ལྕགས་རྡོ་རྗེ་སྡིག་པའི་ཕྱག་མཚན་ཅན། །ཁྲོ་བོའི་ཆས་རྫོགས་སྤྲུལ་པའི་སྤྲིན་ཕུང་འཕྲོ། །གཡོན་པས་མཉམ་བཞག་མཚན་ལྡན་ཀ་པཱ་ལ། །འཆི་མེད་མཆོག་སྩོལ་ཚེ་བུམ་བཅུད་ཀྱིས་གཏམས། །ལྔ་ལྡན་འོད་ཟེར་ལྷ་མོ་མགྱོགས་མའི་ཚོགས། །སྤྲོ་ཞིང་སྡུད་པས་སྲིད་ཞིའི་ཚེ་བཅུད་འགུགས། །གྲུ་མོར་གསང་བའི་ཡུམ་མཆོག་མནྡཱ་ར། །སྦས་ ཚུལ་ཁ་ཊྭཱཾ་འཁྱུད་པའི་བརྡ་ཐབས་ཀྱིས། །དགའ་བཞིའི་ཡེ་ཤེས་རྩོལ་བ་མེད་པར་འདྲེན། །ལྷན་སྐྱེས་ཕྱག་རྒྱ་ཆེན་པོའི་གཟི་བྱིན་འབར། །ཐབས་ཤེས་ཞབས་ཟུང་རྒྱལ་པོ་རོལ་སྟབས་ཀྱིས། །འཇའ་ཟེར་ ཐིག་ལེ་འོད་ཕུང་འཁྱིལ་བའི་ཀློང་། །སྣང་སྲིད་ཟིལ་གནོན་འཁོར་འདས་ཡོངས་ཀྱི་བདག །རྩ་གསུམ་རྒྱ་མཚོའི་སྤྱི་དཔལ་ཆེན་པོར་བཞུགས། །སྤྱི་བོར་རིགས་བདག་མགོན་པོ་འོད་དཔག་མེད། །སྤྲུལ་སྐུའི་ ཆ་ལུགས་མཉམ་གཞག་ཕྱག་རྒྱའི་སྟེང་། །བཻཌཱུར་ལྷུང་བཟེད་བདུད་རྩིས་གང་བ་བསྣམས། །རྡོ་རྗེའི་སྐྱིལ་ཀྲུང་པད་ཟླའི་གདན་ལ་རོལ། །ཐུགས་ཀར་རབ་ཏུ་རྒྱས་པའི་པད་ཉིའི་དབུས། །ཡི་དམ་ཡོངས་ འདུས་དབང་ཆེན་རྟ་མཆོག་དཔལ། །དམར་སྨུག་གྲི་ཐོད་གར་དགུའི་ཉམས་ཀྱིས་བརྗིད། །དུར་ཁྲོད་ཆས་རྫོགས་མེ་ཕུང་འབར་བའི་དབུས། །བདུད་བཞིའི་གདན་ལ་གཡོན་བརྐྱང་སྟབས་ཀྱིས་འགྱིང་། །སྦྱོར་ཡུམ་འབུམ་ཕྲག་མཁའ་འགྲོ་འདུས་པའི་གཙོ། །ཕག་མོ་མཐིང་ནག་གྲི་ཐོད་འཛིན་པས་འཁྱུད། །རིན་ཆེན་རུས་རྒྱན་བདེ་བའི་ལང་ཚོ་རྒྱས། །ཡབ་ཡུམ་སྤྱི་བོར་རྟ་གདོང་ཕག་ཞལ་བཞད། །སྐུ་ལས་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །ཆོས་སྲུང་ནོར་ལྷ་གཏེར་བདག་བྲན་བཞིན་འདུ། །སྣང་སྲིད་གཞིར་བཞེངས་ཕྱག་རྒྱའི་གནས་གསུམ་དུ། །རྡོ་རྗེ་གསུམ་དངོས་ཨོཾ་ཨཱཿཧཱུཾ་གིས་མཚན། །དེ་ལས་འོད་འཕྲོས་ ཡེ་ཤེས་སེམས་དཔའི་ཚོགས། །ནམ་མཁའ་གང་བ་བཛྲ་ས་མཱ་ཛཿ སྤྱན་འདྲེན་ནི། ཧཱུཾ་ཧྲཱིཿ །པདྨ་འོད་དང་དབང་དྲག་འབར་བའི་ཞིང་། །གནས་ཡུལ་དུར་ཁྲོད་སྤྲུལ་པའི་དཀྱིལ་འཁོར་ནས། །རྩ་གསུམ་ཆོས་ སྲུང་རྒྱ་མཚོའི་ཚོགས་རྣམས་ཀུན། །ཐུགས་རྗེ་སྨོན་ལམ་དབང་གིས་གཤེགས་སུ་གསོལ། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུཾ་བཾ་ཧོ། བཞུགས་གསོལ་ནི། ཧཱུཾ་ཧྲཱིཿ །ཕྱི་ སྣོད་དག་པ་རབ་འབྱམས་གཞལ་མེད་དབུས། །ནང་བཅུད་ཕུང་ཁམས་ལྷ་སྐུར་ཡོངས་རྫོགས་པའི། །དམ་ཚིག་རྟེན་ལ་ཡེ་ཤེས་སེམས་དཔའི་ཚོགས། །གཉིས་མེད་བརྟན་བཞུགས་དབང་དང་དངོས་གྲུབ་ སྩོལ༑ །སརྦ་ས་མ་ཡ་ཏི་ཥྛནྟུ། ཕྱག་གིས་འདུད་པ་ནི། ན་མོ། །སྐྱེ་མེད་དབྱིངས་ལས་ཡེ་ཤེས་རང་ཤར་བ། །བྱིན་རླབས་དངོས་གྲུབ་ཕྲིན་ལས་ཀུན་གྱི་གཏེར། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ལ། ། མི་ཕྱེད་གུས་པའི་བརྡ་ཡིས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ མཆོད་པ་འབུལ་བ་ནི། ཨོཾ་ཨཱཿཧཱུཾ། །དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི། །ཉེར་སྤྱོད་འདོད་ཡོན་སྨན་རག་གཏོར་མའི་ཚོགས། །ཡུལ་དང་དབང་པོ་མཉམ་སྦྱོར་བདེ་བ་ཆེས། །རྩ་གསུམ་ལྷ་ཚོགས་རྟག་ཏུ་མཉེས་གྱུར་ཅིག །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པ་དུཾ་པུཥྤེ་དྷཱུཔྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཾ་ཤབྡ་པཉྩ་ཀཱ་ མ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ བསྟོད་པ་བྱ་བ་ནི། ཧཱུཾ་ཧྲཱིཿ །བྱིན་རླབས་སྤྲིན་ཕུང་རིག་འཛིན་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །ཕྱི་ནང་མཁའ་འགྲོ་རྡོ་རྗེའི་ སྲུང་མར་བཅས། །གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། མར་ཁུ། དཀྱིལ་འཁོར་པའི་ལྷ་ཚོགས་རྣམས་ཀྱི་ལྗགས་རྡོ་རྗེ་སྦུ་གུ་ཅན་གྱིས་སྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་བསམ་ལ། །ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུཾ་ཨོཾ་ཨགྣ་ཡེ་སྭཱ་ཧཱ། ལེན་ཉེར་གཅིག་གྱིས་བྱོན་སྐྱེམས་དུ་ཕུལ། དེ་ནས་ཡམ་ཤིང་བརྒྱ་རྩ་སོགས་ཇི་ལྟར་རིགས་པར། བསྙེན་སྔགས། ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་སརྦ་སིདྡྷི་ཕ་ལ་ཧཱུཾ། ལན་གསུམ་ཙམ་གྱི་རྗེས། ཨོཾ་བྷོ་དྷི་དྷིཀྵ་ཡེ་སྭཱ་ཧཱས་འབུལ་ཞིང་། བདག་ཅག་འཁོར་དང་བཅས་པའི་སྔགས་ཀྱི་ལྷག་ཆད་དང་། ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཐམས་ཅད་དྷརྨ་དྷཱ་ཏུ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཅེས་དང་། ཨོཾ་ ཨགྣ་ཡེ་སྭཱ་ཧཱས་མར་ཁུ་བརྒྱ་རྩ་སོགས་དང་རྫས་གཞན་ཡོད་ནའང་ཨོཾ་ཤནྟིཾ་ཀུ་རུ་སྭཱ་ཧཱས་འབུལ་ཞིང་གོང་ལྟར་སྤེལ་ཚིག་སྦྱར། བསྙེན་པའི་ཁ་སྐོང་ཡིན་ན་ཏིལ་དང་རྫས་སྤུངས་ལྟ་བུ་བསྙེན་སྔགས་ཁོ་ནས་འབུལ་ཞིང་ཁྲི་འབུམ་སོགས་གྲངས་བཟུང་། བརྒྱ་རེའི་མཚམས་སུ། ཧཱུཾ། ཡེ་ཤེས་ཀློང་ཡངས་འཁྱིལ་བའི་ཧོམ་ཁུང་དུ། དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། །རྩ་གསུམ་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ། ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་མཛོད། ཧ་ཧ་ཧེ་ཧེ་ཧཱུྃ་ཧཱུྃ། ཅེས་སྦྱར། མཇུག་རྫོགས་པ་ན། མཆོད་བསྟོད་ནི། ཨོཾ་ཨཱཿཧཱུྃ། །དངོས་འབྱོར་ཡིད་ཀྱིས་རྣམ་པར་སྤྲུལ་པ་ཡི། །ཉེར་སྤྱོད་འདོད་ཡོན་སྨན་རག་གཏོར་མའི་ཚོགས། །ཡུལ་དང་དབང་པོ་མཉམ་སྦྱོར་བདེ་བ་ཆེས། །རྩ་གསུམ་ལྷ་ ཚོགས་རྟག་ཏུ་མཉེས་གྱུར་ཅིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ས་པ་རི་ཝཱ་ར་ཨརྒྷཾ་པ་དུཾ་པུཥྤེ་དྷཱུཔྤེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱཾ་ཤབྡ་པཉྩ་ཀཱ་མ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ ཧཱུྃ་ཧྲཱིཿ ། བྱིན་རླབས་སྤྲིན་ཕུང་རིག་འཛིན་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །ཕྱི་ནང་མཁའ་འགྲོ་རྡོ་རྗེའི་སྲུང་མར་བཅས། །གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། དངོས་གྲུབ་གསོལ་ བ་ནི༑ ཧོཿ །རྩ་གསུམ་ལྷ་ཚོགས་བདག་ལ་དགོངས་སུ་གསོལ། །བདག་ཅག་ཁྱེད་ཀྱི་གདུང་འཚོབ་བརྒྱུད་འཛིན་ཕྱིར། །རྩེ་གཅིག་གུས་པས་སྲེག་བླུག་འབུལ་ལགས་ན། །ཐུན་མོང་མཆོག་གི་དངོས་གྲུབ་དེང་ འདིར་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་དྷཱ་ཀི་ནཱི་ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་བདུད་རྩི་མྱང་ཤིང་ཚོགས་ཡོད་ན་རོལ། མ་འབྱོར་པ་དང་ཉམས་པ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་པ་མང་དུ་བརྗོད། ཨོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ་པར་བསམ། གསུམ་པ་ནི། སླར་ཡང་མར་ཁུས་མེ་ཅུང་ཟད་གསོས་པས། །ཨོཾ་བཛྲ་ཛྭ་ལ་རཾ། སླར་ཡང་མེ་ལྷ་ཆ་བྱད་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར་པར་བསམ་ལ། ཨོཾ་ཨགྣེ་དེ་བ་ས་པ་རི་ཝཱ་ར་ཨརྒྷཾ་པ་དུཾ་པུཥྤེ་དྷཱུཔྤེ་ཨཱ་ལོ་ཀེ་གནྡྷེ་ ནཻ་ཝིདྱེ་ཤབྡ་པྲ་ཏིཙྪ་སྭཱ་ཧཱ་གྱིས་མཆོད། སརྦ་པཉྩ་ཨམྲྀ་ཏ་རཀྟ་བ་ལིངྟ་ཁ་རཾ་ཁ་ཧི། ཧཱུཾ། གཟི་བརྗིད་འབར་བ་མེ་ཡི་ལྷ༔ འབར་བཅས་སྐུ་ཡི་རྒྱན་གྱིས་བརྒྱན༔ རྔམས་པའི་བྱིན་ཅན་ལས་ལ་བརྩོན༔ བསྲེགས་ བླུག་འབུལ་ལོ་ལས་ཀུན་སྒྲུབ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ ཞི་ལ་སོགས་པའི་ལྷ་དཔལ་ཏེ༔ ཇི་ལྟར་འདོད་པའི་དོན་བསྒྲུབ་པ༔ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད༔ ཅེས་མཆོད་བསྟོད་སྔོན་དུ་འགྲོ་ བས༑ ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ཞེས་ལན་གསུམ་གྱིས་མར་ཁུ་ཕུལ་བས་མེ་བསྲོས་ནས། ཡམ་ཤིང་ལ། ཨོཾ་ཨགྣེ་དེ་བ་ཏ་ཡམ་བདག་ཅག་འཁོར་དང་བཅས་པའི་སྔགས་ཀྱི་ལྷག་ཆད་དང་། ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཐམས་ ཅད་དྷརྨ་དྷཱ་ཏུ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་བདུན་ནམ་ཉེར་གཅིག་གིས་ཕུལ། མར་ཁུ་ལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ། བདག་ཅག་འཁོར་དང་བཅས་པའི་སྔགས་ཀྱི་ལྷག་ཆད་དང་། ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ཐམས་ཅད་དྷརྨ་དྷཱ་ཏུ་ཤནྟི་ཀུ་རུ་སྭཱ་ཧཱ། ཞེས་ལན་བདུན་ནམ་ཉེར་གཅིག་གིས་མཐར་ཁ་སྦྱར་དུ་ཕུལ། ཏིལ་ལ། ཨོཾ་ཤནྟི་ཀུ་རུ་ཡེ་སྭཱ་ཧཱ། བདག་ཅག་འཁོར་དང་བཅས་པའི་སྔགས་ཀྱི་ལྷག་ཆད་དང་། ནད་གདོན་སྡིག་སྒྲིབ་རྐྱེན་ངན་བར་ཆད་ ཐམས་ཅད་དྷརྨ་དྷཱ་ཏུ་ཤནྟི་ཀུ་རུ་སྭཱ་ཧཱ། བསྲེག་རྫས་གཞན་ཡོད་ནའང་སྔགས་དེ་ཉིད་ཀྱིས་ཕུལ་མཐར། ཧཱུཾ། ཡེ་ཤེས་ཀློང་ཡངས་འཁྱིལ་པའི་ཧོམ་ཁུང་དུ། དམ་རྫས་བདུད་རྩི་འབར་བའི་སྦྱིན་སྲེག་འདི། མེ་ལྷ་དྲང་སྲོང་ཚོགས་ ལ་མཆོད་པ་འབུལ། ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་མཛོད། ཧ་ཧ་ཧེ་ཧེ་ཧཱུཾ་ཧཱུཾ། ཅེས་འདོད་དོན་གསོལ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ ལན་བདུན་ནམ་གསུམ་གྱིས་གཤེགས་སྐྱེམས་ཕུལ། མ་རྙེད་ཡོངས་སུ་མ་ཚང་དང་། །གང་ ཡང་ནུས་པ་མ་མཆིས་པས། །འདི་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛོད་རིགས། །ཕྲིན་ལས་ཐོགས་མེད་མེ་ཡི་ལྷ། །འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །རང་བཞིན་གནས་སུ་ ད་གཤེགས་ལ། །ཕྱོགས་འདིར་དགེ་ཞིང་ཤིས་པར་མཛོད། ཨོཾ་ཨགྣ་ཡེ་གཙྪས། མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་འབར་བའི་རྣམ་པར་བསམ། བཀྲ་ཤིས་རྒྱ་ཆེར་བརྗོད་པ་དང་མེ་ཏོག་གི་ཆར་དབབ། གསུམ་པ་རྗེས་ནི། ལས་ བྱང་གི་བསྡུ་ལྡང་ནས་ཤིས་བརྗོད་བར་མཐའ་དབྱུང་། མེ་རང་ཞིར་འཇོག་པའམ་ལོང་མེད་ན་འོ་མས་བཏུལ་ཞིང་ཆུ་རླུང་ཆེན་པོར་སྤྱན་དྲངས་ལ་ལས་ཀྱི་རྗེས་མི་མངོན་པར་བྱ། ༈ ལས་གཞན་གསུམ་ལ་ཞི་བ་གཞིར་བཞག་གཞན་ཁ་བསྒྱུར་ཚུལ་ནི། རྒྱས་པའི་ཁྱད་པར་སྟེགས་བུ་སེར་པོ་གྲུ་བཞི་པའི་ངོས་སུ་ནོར་བུའི་།མཚན་པའི་ཐབ་གྲུ་བཞི། བུད་ཤིང་དང་། ཡམ་ཤིང་འབྲས་བུ་ཅན་གྱི་ཤིང་གུང་མོ་དང་མཉམ་པ་ཁྲུ་གང་བ། ཁྱད་པར་གྱི་རྫས་ཟས་མཆོག་དང་འབྲུ་སྣ་རིན་པོ་ཆེ་དང་དར་ཟབ་ལ་སོགས་གང་འབྱོར། དུས་ཉི་ཤར། ཆས་གོས་མེ་དར་སེར་པོ། ཁ་བྱང་བལྟ། བཟང་པོའི་འདུག་སྟངས་བྱམས་བཞུགས། འཇིག་རྟེན་པའི་མེ་ལྷ་སྐྱེད་པའི་སྐབས། མེ་ཐབས་མི་དམིགས་སྟོང་པའི་ངང་ཉིད་ལས། །བྷྲུཾ་ལས་བྱུང་བའི་རྒྱས་པའི་ཐབ་ཁུང་ནི། །གྲུ་བཞི་སེར་པོ་མེ་ལྕེ་རིན་ཆེན་འབར། །དབུས་སུ་པདྨ་ཉི་ཟླའི་གདན་སྟེང་དུ། །དམ་ ཚིག་མེ་ལྷ་སེར་གསལ་རྒྱས་པའི་ཉམས། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ར་སྐྱེས་ཆིབས། །ཕྱག་གཡས་མེ་ཐབ་འོག་མས་གནྡྷེ་བསྣམས། །གཡོན་པས་བགྲང་ཕྲེང་འོག་མས་ལྕགས་ཀྱུ་འཛིན། །ཤ་རྒྱས་ གཟུགས་ཕུང་སྒེག་ཅིང་ལྟོ་བ་འཕྱང་། །སྨ་ར་དམར་སེར་རལ་པའི་ཅོད་པཎ་ཅན། དྲང་སྲོང་ཚོགས་ཀྱིས་བསྐོར་བའི་དབུས་སུ་གསལ། །བདག་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས། །འོད་འཕྲོས་ཤར་ཕྱོགས་ མེ་ལྷའི་ཡུལ་ནས་ནི། །ཡེ་ཤེས་དམ་ཚིག་སེམས་དཔའ་ཇི་ལྟ་བར། །དྲང་སྲོང་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་གྱུར། བསྟོད་པའི་སྐབས། ཧཱུཾ། གཟི་བརྗིད་འབར་བ་མེ་ཡི་ལྷ༔ འབར་བཅས་སྐུ་ཡི་རྒྱན་གྱིས་ བརྒྱན༔ རྔམས་པའི་བྱིན་ཅན་ལས་ལ་བརྩོན༔ བསྲེགས་བླུག་འབུལ་ལོ་ལས་ཀུན་སྒྲུབ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ རྒྱས་ལ་སོགས་པའི་ལྷ་དཔལ་ཏེ༔ ཇི་ལྟར་འདོད་པའི་དོན་སྒྲུབ་པ༔ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད༔ སྤེལ་ཚིག །ཨོཾ་ཨགྣེ་དེ་བ་ཏ་ཡམ་ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཁྱད་པར་གྱི་རྫས་སྔགས། བྷྲཱུཾ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། འདོད་གསོལ་གོང་དང་འདྲ། འདས་པའི་མེ་ལྷ་སྐབས། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུས། །ཡེ་ཤེས་འོད་ལྔ་འཁྲུགས་པའི་ཀློང་དཀྱིལ་དུ། །སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་། །ཧྲཱིཿལས་བླ་མ་ཀུན་འདུས་པདྨ་འབྱུང་། སོགས་འདྲ། དངོས་གཞི་སྤེལ་ ཚིག་སོགས་གོང་ལྟར་བསྒྱུར། ལོང་ཡོད་ན་མེ་རང་ཞི་ལོང་མེད་ན་དྲི་སེར་པོའི་ཆུས་གཞིལ། རྗེས་སུ་ཐལ་བ་བང་མཛོད་ཀྱི་ཕུག་ཏུ་སྦ་བའམ། རི་རྩེ་མཐོན་པོར་སྐྱལ་ལོ། ༈ དབང་གི་ཁྱད་པར་ལ། ཐབས་ཟླ་གམ་ལྕག་ཀྱུའི་མཚན་པ། བུད་ཤིང་དང་ཡམ་ཤིང་མདོག་དམར་ཞིང་རོ་སྐྱུར་བ་ཁྱད་པར་གྱི་རྫས་མེ་ཏོག་ དམར་པོ་དང་། ལན་ཚྭ་གར་ཆང་གི་སྦགས་པ། ཆས་གོས་དང་མེ་དར་སོགས་དམར་པོ། དུས་དགོང་ཀ་ཁ་ནུབ་ལོང་བུ་བསྣོལ་བ་པདྨའི་འདུག་སྟངས་འཇིག་རྟེན་པའི་མེ་ལྷའི་སྐབས། ཧྲཱིཿལས་བྱུང་བའི་དབང་གི་ཐབ་ཁུང་ནི། །ཟླ་གམ་དམར་པོ་འགུགས་བྱེད་ལྕགས་ཀྱུ་ འབར༑ །དབུས་སུ་པདྨ་ཉི་ཟླའི་གདན་སྟེང་དུ། །དམ་ཚིག་མེ་ལྷ་དམར་པོ་ཆགས་པའི་ཉམས། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ར་སྐྱེས་ཆིབས། །ཕྱག་གཡས་མེ་ཐབ་འོག་མས་གནྡྷེ་བསྣམས། ། གཡོན་པས་བགྲང་ཕྲེང་འོག་མས་ལྕགས་ཀྱུ་འཛིན། །ཤ་རྒྱས་གཟུགས་ཕུང་སྒེག་ཅིང་ལྟོ་བ་འཕྱང་། །སྨ་ར་དམར་སེར་རལ་པའི་ཅོད་པཎ་ཅན། དྲང་སྲོང་ཚོགས་ཀྱིས་བསྐོར་བའི་དབུས་སུ་གསལ། །བདག་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས། །འོད་འཕྲོས་ཤར་ཕྱོགས་མེ་ལྷའི་ཡུལ་ནས་ནི། །ཡེ་ཤེས་དམ་ཚིག་སེམས་དཔའ་ཇི་ལྟ་བར། །དྲང་སྲོང་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་གྱུར། བསྟོད་པའི་སྐབས། ཧཱུྃ༑ གཟི་བརྗིད་འབར་བ་མེ་ཡི་ལྷ༔ འབར་བཅས་སྐུ་ཡི་རྒྱན་གྱིས་བརྒྱན༔ རྔམས་པའི་བྱིན་ཅན་ལས་ལ་བརྩོན༔ སྲེག་བླུག་འབུལ་ལོ་ལས་ཀུན་སྒྲུབ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ དབང་ལ་ སོགས་པའི་ལྷ་དཔལ་ཏེ༔ ཇི་ལྟར་འདོད་པའི་དོན་སྒྲུབ་པ༔ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད༔ ཞེས་བསྒྱུར། སྤེལ་ཚིག །ཨོཾ་ཨགྣེ་དེ་བ་ཏ་ཡམ་ཁམས་གསུམ་གྱི་སྐྱེ་འགྲོ་དང་བརྟན་གཡོའི་བཅུད་དང་ནུས་པ་ ཐམས་ཅད་ཝ་ཤཾ་ཀུ་རུ་སྭཱ་ཧཱ། ཁྱད་པར་གྱི་རྫས་སྔགས། ཧྲཱིཿཝ་ཤཾ་ཀུ་རུ་སྭཱ་ཧཱ། འདོད་གསོལ་འདྲ། འདས་པའི་མེ་ལྷ་སྐབས། མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུས། །ཡེ་ཤེས་འོད་ལྔ་འཁྲུགས་པའི་ཀློང་དཀྱིལ་དུ། །སྣ་ཚོགས་ པདྨ་ཉི་ཟླའི་གདན་གྱི་སྟེང་། །ཧྲཱིཿལས་བླ་མ་ཀུན་འདུས་པདྨ་འབྱུང་། སོགས་འདྲ། དངོས་གཞི་སྤེལ་ཚིག་སོགས་གོང་ལྟར་ཁ་སྒྱུར། ལོང་ཡོད་ན་མེ་རང་ཞི། ལོང་མེད་ན་ཙན་དན་ཆུས་མེ་གཅིག་ཆར་དུ་གཞིལ། ཐལ་བ་ཆུ་ཀླུང་ཆེན་པོར་དོར་རོ། ༈ དྲག་པོའི་ཁྱད་པར། ལྕགས་བུ་ནག་པོ་ཟུར་གསུམ་པའི་ངོས་སུ་འཁོར་ལོ་རྩིབ་བརྒྱད་མུ་ཁྱུད་རྡོ་ར་མེ་རི་དང་བཅས་ཟུར་གསུམ་རལ་གྲིས་མཚན་པ། བུད་ཤིང་དང་ཡམ་ཤིང་ཚེར་མ་ཅན་གྱི་ཤིང་མཐེའུ་ཆུང་དང་མཉམ་བ། ཁྱད་པར་གྱི་རྫས་དུག་ཁྲག་གི་སྦགས་པའི་ཡུངས་ཀར་ཏེ་དེའང་མཆོད་རྫས་གཡོན་དང་བསྲེགས་རྫས་གཡས་སུ་བཤམ། དུས་སྲོད་འཁོར་སོགས། ཆས་གོས་མེ་དར་སོགས་ཁ་དོག་ནག་པོ། ཁ་ལྷོར་ལྟ། རུ་སྦལ་གྱི་འདུག་སྟངས་ཞེས་ཧོར་འདུག །འཇིག་རྟེན་པའི་མེ་ལྷ་བསྐྱེད་སྐབས། ཧཱུཾ་ལས་བྱུང་བའི་དྲག་པོའི་ཐབ་ཁུང་ནི། །གྲུ་གསུམ་ལྗང་ནག་མེ་ལྕེ་མཚོན་ཆ་འབར། །དབུས་སུ་པདྨ་ཉི་ཟླའི་གདན་སྟེང་དུ། །དམ་ཚིག་མེ་ལྷ་མཐིང་ནག་ཁྲོས་པའི་སྐུ། །ཞལ་གཅིག་ཕྱག་བཞི་སྤྱན་གསུམ་ར་སྐྱེས་ཆིབས། །ཕྱག་གཡས་མེ་ཐབ་འོག་མས་གནྡྷེ་བསྣམས། །གཡོན་པས་བགྲང་ཕྲེང་འོག་ མས་ལྕགས་ཀྱུ་འཛིན། །ཤ་རྒྱས་གཟུགས་ཕུང་སྒེག་ཅིང་ལྟོ་བ་འཕྱང་། །སྨ་ར་དམར་སེར་རལ་པའི་ཅོད་པཎ་ཅན། དྲང་སྲོང་ཚོགས་ཀྱིས་བསྐོར་བའི་དབུས་སུ་གསལ། །བདག་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ ནས༑ །འོད་འཕྲོས་ཤར་ཕྱོགས་མེ་ལྷའི་ཡུལ་ནས་ནི། །ཡེ་ཤེས་དམ་ཚིག་སེམས་དཔའ་ཇི་ལྟ་བར། །དྲང་སྲོང་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས་གྱུར། བསྟོད་པའི་སྐབས། ཧཱུཾ༔ གཟི་བརྗིད་འབར་བ་མེ་ཡི་ལྷ༔ འབར་བཅས་སྐུ་ཡི་རྒྱན་གྱིས་བརྒྱན༔ རྔམས་པའི་བྱིན་ཅན་ལས་ལ་བརྩོན༔ བསྲེགས་བླུག་འབུལ་ལོ་ལས་ཀུན་སྒྲུབ༔ ཚངས་པ་འཇིག་རྟེན་མགོན་གྱི་སྲས༔ དྲག་ལ་སོགས་པའི་ལྷ་དཔལ་ཏེ༔ ཇི་ལྟར་ འདོད་པའི་དོན་སྒྲུབ་པ༔ གཟི་བརྗིད་རྒྱལ་པོར་ཕྱག་འཚལ་བསྟོད༔ ཞེས་བསྒྱུར། སྤེལ་ཚིག །གནོད་བྱེད་དགྲ་བགེགས་ཐམས་ཅད་མ་ར་ཡ་ཕཊ། ཁྱད་པར་གྱི་རྫས་སྔགས། ཧཱུཾ་མཱ་ར་ཡ་ཕཊ། འདོད་གསོལ་འདྲ། འདས་པའི་མེ་ལྷ། །མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེའི་དབུས། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་དུ། །སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་། །ཧྲཱིཿལས་བླ་མ་ཀུན་འདུས་པདྨ་འབྱུང་། སོགས་ནས་འདྲ། སྤེལ་ཚིག་སོགས་གོང་ལྟར་ཁ་སྒྱུར་སྤྲོས་པ་ལ་དགའ་ན་ལིངྒ་དམིགས་བྱ་འགུགས་བསྟིམ་བགྱིས་པ་བརྒྱ་རྩ་རེ་སོགས་འབུལ་བར་བྱའོ། །རྗེས་ཀྱི་སྐབས་ཐལ་སོལ་དུག་ཁྲག་གིས་མེ་གཅིག་ཅར་དུ་གཞིལ་ཞིང་ལམ་གྱི་གཞི་མདོར་མནན་པ་ཁྱད་པར་རོ། །རྩ་བ་གསུམ་ལ་གོས་དཀར་གྱི། །ཡུམ་གྱིས་འཁྱུད་པའི་མཆོད་སྤྲིན་གྱིས། །བདེ་ཆེན་ ཡེ་ཤེས་ལ་སྦྱོར་ཏེ། །ལས་བཞིའི་ཕྲིན་ལས་མྱུར་འགྲུབ་ཤོག །ཅེས་དཀོན་མཆོག་སྤྱི་འདུས་ཀྱི་སྦྱིན་སྲེག་རྗེ་མཁྱེན་བརྩེའི་དབང་པོས་མཛད་པ་ལས་བློ་གྲོས་ཕུན་ཚོགས་ནས་ཉེར་མཁོའི་ཆེད་རྩ་གསུམ་དྲིལ་སྒྲུབ་ལ་སྦྱར་བ་དག་བཅོས་དགོས་ཚུལ་གསུངས་པ་བཞིན་ཕུན་ཚོགས་རྣམ་རྒྱལ་པས་འདོན་བདེར་སྤེལ་བ་མངྒ་ ལཾ༐༐ །།



Footnotes

Other Information