ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་དང་རྗེས་འབྲེལ་གཤིན་པོར་ཕན་གདགས་པའི་ཆོ་ག་ཐུགས་རྗེའི་མཆིལ་རྣོན།

From Khyentse Lineage - A Tsadra Foundation Project
JKW-KABAB-04-NGA-018
Wylie title yang gter rtsa gsum dril sgrub dang rjes 'brel gshin por phan gdags pa'i cho ga thugs rje'i mchil rnon JKW-KABAB-04-NGA-018.pdf
Location mkhyen brtse'i bka' babs
Volume 4, Text 18, Pages 167-183 (Folios 1a to 18a6)
Author གདོལ་སྤྱོད་པ་བདུད་ལས་རྣམ་པར་རྒྱལ་བའི་སྡེ་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ ('jam dbyangs mkhyen brtse'i dbang po)
Citation gdol spyod pa bdud las rnam par rgyal ba'i sde. yang gter rtsa gsum dril sgrub dang rjes 'brel gshin por phan gdags pa'i cho ga thugs rje'i mchil rnon. In Rdzong sar 'jam dbyangs mkhyen brtse'i dbang po'i bka' babs, Vol. 4: 167-183. Dkar mdzes bod rigs rang skyong khul sde dge rdzong: Rdzong sar khams bye'i slob gling, 2013.
Genre Revelations - gter ma  ·  Ritual and Liturgical Texts - cho ga phyag len
Cycle རྩ་གསུམ་དྲིལ་སྒྲུབ་ (rtsa gsum dril sgrub)
Karchag page JKW-KABAB-Volume-04-NGA-Karchag
Colophon

དེ་ལྟར་སྔ་འགྱུར་བསྟན་པའི་གསལ་བྱེད་ཆེན་པོ་གཏེར་ཆེན་འགྱུར་མེད་རྡོ་རྗེས་མཛད་པའི་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རུས་སྦྱོང་ཉིད་རྩ་བར་གཟུང༌། དེའི་གསལ་བྱེད་དང༌། སཱཙྪ་རབ་གནས། གཤིན་པོ་རྗེས་འཛིན་བཅས་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་གཏེར་གཏོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་ཀྱིས་མཛད་པའི་རྡོ་རྗེའི་ཚིག་དྲི་མ་མེད་པས་ཟུར་བརྒྱན་ཏེ། ལུགས་གཉིས་མཁྱེན་སྤྱན་ཡངས་པའི་མ་ཏིའི་ཐུགས་བཞེད་སྐོང་ཕྱིར། སྙིགས་དུས་ཀྱི་རིག་སྔགས་འཆང་བའི་གཟུགས་བརྙན་གདོལ་སྤྱོད་པ་བདུད་ལས་རྣམ་པར་རྒྱལ་བའི་སྡེས་སྦྱར་བ་འབྲེལ་ཐོབ་ཀྱིས་གཙོས་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་འདྲེན་པ་འོད་དཔག་མེད་ཀྱི་ཞབས་དྲུང་ཏུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།།

de ltar snga 'gyur bstan pa'i gsal byed chen po gter chen 'gyur med rdo rjes mdzad pa'i rdor sems thugs kyi sgrub pa'i rus sbyong nyid rtsa bar gzung*/__de'i gsal byed dang*/__sAts+tsha rab gnas/__gshin po rjes 'dzin bcas sa gsum na 'gran zla dang bral ba'i gter gton grub thob yongs kyi 'khor los bsgyur ba chen po pad+ma 'od gsal mdo sngags gling pa nyid kyis mdzad pa'i rdo rje'i tshig dri ma med pas zur brgyan te/__lugs gnyis mkhyen spyan yangs pa'i ma ti'i thugs bzhed skong phyir/__snyigs dus kyi rig sngags 'chang ba'i gzugs brnyan gdol spyod pa bdud las rnam par rgyal ba'i sdes sbyar ba 'brel thob kyis gtsos mkha' khyab yid can rgya mtsho 'dren pa 'od dpag med kyi zhabs drung tu skye ba'i rgyur gyur cig__/sarba dA mang+ga laM//

[edit]
༄༅། །ཡང་གཏེར་རྩ་གསུམ་དྲིལ་སྒྲུབ་དང་རྗེས་འབྲེལ་གཤིན་པོར་ཕན་གདགས་པའི་ཆོ་ག་ཐུགས་རྗེའི་མཆིལ་རྣོན་ཅེས་བྱ་བ་བཞུགས་སོ།།

ན་མོ་གུ་རུ་ཏྲི་མཱུ་ལཱ་ཡ། འགྱུར་མེད་བདེ་ཆེན་བྱང་ཆུབ་སེམས་རྡོ་རྗེ། །རྣམ་ཀུན་མཆོག་ལྡན་ཆོས་དབྱིངས་སྟོང་ཆེན་གཉིས། །ཟུང་འཇུག་སྐྱབས་གནས་རྩ་གསུམ་ཡོངས་འདུས་སྐུ། །མ་ཧཱ་གུ་རུའི་ཞབས་ལ་གུས་ཕྱག་འཚལ། །རྒྱལ་བའི་མཛད་ཕྲིན་ལྷ་ལམ་མཐར་ཁྱབ་ཅིང༌། །བྱིས་བློས་གཞལ་བར་བཟོད་པ་མ་ཡིན་མོད། །གཞན་ཕན་ལྷག་བསམ་པད་རྩ་ལྟར་དཀར་བས། །ལྔ་ལམ་འགྲོར་ཕན་ལམ་བཟང་དབྱེ་བར་བྱ། དེ་ལ་སྔོན་དུ་འགྲོ་བ་རོའམ་རུས་བུ་སོགས་བསྲེག་བླུགས་ཀྱིས་སྦྱང་དགོས་པས། རྡོར་སེམས་སོགས་དཀྱིལ་འཁོར་གང་རུང་དུ་བསྲེག་ཀྱང་རུང་མོད། དམིགས་བསལ་འདི་ཉིད་ཀྱི་སྦྱིན་སྲེག་ཟུར་གསལ་ལྟར་བྱ་བར་སྤྲོ་ན་དེའི་ཆོ་གའི་ཁྱད་པར་ནི། བྲིས་ཐབས་སོགས་ཀྱི་ཁར་ཕ་གུ་སོགས་ཀྱིས་རོ་ཁང་རྒྱར་ཁྲུ་གང་གི་ཚད་དང་དཔངས་སུ་ཇི་ལྟར་རིགས་པ་བརྩིག །སྤར་བྱེད་ཀྱི་མེ་ཚང་མཆོད་བསྲེག་གི་རྫས་རྣམས་ཚོགས་པར་འདུ་བྱས་ལ། སྤྲོ་ན་རྗེ་བླ་མ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་རྩལ་གྱིས་མཛད་པའི་གཤིན་པོ་རྗེས་འཛིན་སྤྱི་འགྲོ་ཉིད་སྦྱར་ནས་པུར་ལ་སྡིག་སྦྱོང་གྲུབ་ན་ལེགས་པས། དེའི་ཚུལ་ནི་རྩ་གསུམ་བདག་བསྐྱེད་སྔོན་དུ་འགྲོ་བས། ལས་བུམ་དུ་སྐད་ཅིག་གིས་དཔལ་རྡོ་རྗེ་སེམས་དཔའ་གསལ་བའི་སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ། ཡི་གེ་བརྒྱ་པ་ཅི་ནུས་བཟླ། ཧཱུྃ་ཞེས་བརྗོད་པས་བསྐྱེད་པའི་ལྷ་འོད་དུ་ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་བསམ། དེ་ནས་མདུན་དུ་རོའམ་རུས་པ་མིང་བྱང་སོགས་འདུ་བགྱིས་ལ། ཤཱུ་ནྱ་ཏཱས་སྦྱང༌། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་མིང་བྱང་ཕུང་པོ་འམ་རུས་བུ་སོགས་སོ་སོར་ཁ་བསྒྱུར་ནྲྀཿལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་ཅིང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུའང་རྩ་གསུམ་ཀུན་འདུས་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དམིགས་ཡུལ་ཚེ་ལས་འདས་པའི་རྣམ་པར་ཤེས་པ་ཁམས་གསུམ་རིགས་དྲུག་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨ་ཀརྵ་ཡ་ཛཿས་རྣམ་ཤེས་དང༌། ཨོཾ་སརྦ་པཱ་པཾ་ཨ་ན་ཡ་ཧཱུྃ། གིས་སྡིག་པ་བཀུག་ནས། ཛཿཧཱུྃ་བྃ་ཧོཿས་རྣམས་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་བསམ། གཏོར་མ་རྟེན་ལ་བསྐོར་ཞིང༌། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་སོགས་ལན་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུས་བསྐོར་ཞིང་སུམ་བྷ་ནི་གསུམ་གྱིས་ཕྱེད་མ། རང་ཉིད་སྐད་གཅིག་གིས་བླ་མ་དྲག་པོའི་སྐུར་གྱུར། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་ཅིང༌། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུའང་རྩ་གསུམ་ཀུན་འདུས་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་དམིགས་ཡུལ་ཚེ་ལས་འདས་པ་གསོན་གྱི་དུས་ན་ཚེ་གནས་པ་དང༌། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་བགེགས་ཐམས་ཅད་གཏོར་མ་འདིས་ཚིམ་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོའི་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། དྲག་སྔགས་དང་བཅས་གཏོར་མ་ཕྱི་རོལ་དུ་དོར་བ་ནི་དྲག་པོའི་སྦྱང་བའོ། །དེ་ནས་སྤྲོ་ན་རྟེན་གྱི་གཡས་གཡོན་དུ་མེ་ཆུ། མདུན་དུ་ཏིལ་ཅུང་ཟད་བཅས་འདུ་བགྱིས་ལ། ཚེ་ལས་འདས་པའི་སྡིག་སྒྲིབ་ཐམས་ཅད་སྙིང་ཁར་ཡི་གེ་ཀཾ་ནག་པོའི་རྣམ་པར་གནས་པ་ལྟེ་བའི་གཏུམ་མོའི་མེས་དེད་སྣ་སྒོར་ནས་སྡིག་པ་རྭ་ཅན་གྱི་རྣམ་པས་མདུན་གྱི་ཏིལ་ལ་ཐིམ་པ་དེ་ཉིད་ཡེ་ཤེས་ཀྱི་མེ་དང་ཆུས་བསྲེགས་ཅིང་སྦྱངས་པར་བསམ་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བྷསྨི་ཀུ་རུ་ཡེ་སྭཱ་ཧཱ། ཚེ་ལས་འདས་པས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་ཕྱིར་དོར། རྩ་སྔགས་དང༌། ངན་སོང་སྦྱོང་བའི་སྔགས་བཟླས་པའི་བྱེ་མས་བྲབས། རྟེན་གྱི་གཟུགས་བརྙན་མེ་ལོང་གི་ངོས་སུ་ཤར་བ་ལས་བུམ་གྱི་ཆུས་བཀྲུ་ཞིང༌། ཇི་ལྟར་བལྟམས་པ་སོགས་དང༌། འདི་ནི་ཕྱིན་དྲུག་རང་བཞིན་ཆུ། །ཉོན་དྲུག་དྲི་མ་སྦྱོང་མཛད་ཅིང༌། །ཕྱིན་དྲུག་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བགྱིའོ། རྩ་སྔགས་དང༌། ཡིག་བདུན་ཡི་གེ་བརྒྱ་པའི་མཐར། ཚེ་ལས་འདས་པའི་དུག་ལྔ་སེར་སྣ་དང་ཉོན་དྲུག་གནས་སུ་དག་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་རིམ་གྱིས་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་རིན་པོ་ཆེ་མྱུར་དུ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །འདི་དག་ཚེ་འདས་དུག་གསུམ་སྟེ། །དཀོན་མཆོག་གསུམ་པོ་དུག་མི་མངའ། །མཆོག་གསུམ་བདེན་པས་དུག་བཅོམ་མོ། སྔགས་མཐར། ཚེ་ལས་འདས་པའི་དུག་གསུམ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་དཀོན་མཆོག་གསུམ་གྱི་བདེན་པས་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། །འབྱུང་བཞི་དུག་གི་ཕ་ཡིན་ཏེ། །འབྱུང་བཞི་དུག་གི་མ་ཡང་ཡིན། །ཡུམ་ཆེན་བཞི་ཡི་བྱིན་རླབས་ཀྱིས། །ཚེ་འདས་ཁྱོད་ལ་དུག་མེད་ཤོག །སྔགས་མཐར། ཚེ་ལས་འདས་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་དུག་ཐམས་ཅད་རིགས་ཀྱི་ཡུམ་བཞིའི་བདེན་པས་ཤིནྟཾ་ཀུ་རུ་ཡེ་སྭཱ་ཧཱ། བྱང་ཆུབ་སྙིང་པོར་གཤེགས་པ་ན་སོགས་ཀྱི་མཐར། ཚེ་ལས་འདས་པས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་འཐོར། ཚེ་འདས་ཉིད་དཀོན་མཆོག་རྩ་གསུམ་རྒྱ་མཚོར་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བར་བསམ་ལ་ཉེ་དུ་སོགས་ལ་ཕྱག་འཚལ་དུ་བཅུག་སྟེ། །གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་སྒྲོལ་ཞིང༌། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་གི་དམ་པ་ཡོན་ཏན་ཞིང༌། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །བྱིན་རླབས་སྤྲིན་ཕུང་རིག་འཛིན་བླ་མ་དང༌། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །ཕྱི་ནང་མཁའ་འགྲོ་རྡོ་རྗེའི་སྲུང་མར་བཅས། །གུས་པས་ཕྱག་འཚལ་མཆོག་ཐུན་དངོས་གྲུབ་སྩོལ། །ཅེས་དང༌། །སྤྲོ་ན། །གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་རྣམ་སེལ་བ། །བདག་ནི་སྐྱབས་སུ་མཆི་ལགས་སོ། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་མཛད་པ། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཚེ་འདས་སྐྱབས་སུ་མཆི། །ཚེ་འདས་འཇིགས་པ་ཆེར་མཐོང་ནས། ཀུན་ཏུ་བཟང་ལ་ཚེ་འདས་འབུལ། །འཇམ་པའི་དབྱངས་ལ་ཚེ་འདས་ཀྱི། །ལུས་འདི་བདག་གིས་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་པའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་འདི་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་བདག་ཉིད་ཐམས་ཅད་ལ། །ཕྱག་འཚལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ནས་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། ཞེས་ཕྱག་བྱ། དབང་བསྐུར་ན་སྐབས་འདིར་བྱ། གང་ལྟར་ཡང༌། ཚེ་ལས་འདས་པ་སྐད་ཅིག་གིས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་བསམ་འདོད་ཡོན་གྱིས་དངོས་པོ་རྣམས། རཾ་ཡཾ་ཁཾ་གིས་བསང་སྦྱང༌། སྟོང་པའི་ངང་ལས་འདོད་ཡོན་གྱི་དངོས་པོ་ཟད་མི་ཤེས་པ་ནམ་མཁའ་གང་བར་བསམས་ལ། ནམ་མཁའ་མཛོད་གྱི་སྔགས་རྒྱས་བརླབ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ལུས་སེམས་ཚིམས་བྱེད་རྣམས། །རྡོ་རྗེ་སེམས་དཔའི་གནས་ཐོབ་ཁྱོད་ལ་འབུལ། །ཟག་མེད་དགའ་བདེས་རྟག་ཏུ་ཚིམས་པར་ཤོག །ཨོཾ་བཛྲ་སཏྭཱ་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། ཞེས་པས་བསྔོ། ལམ་བསྟན་སྦྱང་ནི། ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །རིགས་དྲུག་གནས་ན་བདེ་བ་མེད། །སྡུག་བསྔལ་ལས་ལ་མ་ཆགས་པར། །མ་ཡེངས་རྩེ་གཅིག་དྲན་པས་ཟུངས། །འོག་མིན་བདེ་ཆེན་ཞིང་ཁམས་སུ། །བཅོམ་ལྡན་སྣང་བ་མཐའ་ཡས་བཞུགས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །རང་རིག་རྩལ་གྱིས་འགྲོ་བར་གྱིས། །དཀོན་མཆོག་བདེན་པའི་བྱིན་རླབས་དང༌། །ལྷ་དང་སྙིང་པོ་ཕྱག་རྒྱའི་མཐུས། །ལམ་ལྔ་ས་བཅུ་སྐད་ཅིག་ལ། །ཐོགས་པ་མེད་པར་བགྲོད་གྱུར་ཅིག །པདྨོ་འདམ་གྱིས་མ་གོས་ལྟར། སོགས་ཀྱི་མཐར། ཕཊ་ཚེ་ལས་འདས་པའི་རྣམ་ཤེས་ཨ་ཐུང་གི་རྣམ་པས་སྤྱི་བོ་ནས་ཐོན། འོག་མིན་གྱི་ཞིང་དུ་སོང༌། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀར་ཐིམ་པས་རྒྱལ་བའི་སྲས་སུ་གྱུར་ཏེ་སངས་རྒྱས་པར་བསམ་ལ་མཉམ་པར་བཞག་་་་་་་བྱང་ཆོག་ཁོ་ན་བྱ་འདོད་ན། འོག་ཏུ་འབྱུང་བའི་རོ་སྲེག་མེ་སྦར་སྐབས་ཀྱི་ཆོས་ཀྱི་དབྱིངས་སོགས་ཀྱིས་བྱང་བུ་སྲེག་པས་གྲུབ་གསུངས། མཆན། དེ་ནས་རོ་ཁང་རྙིང་པ་ལས་གུད་དུ་ཕྱུང་སྟེ། སྔར་བཞིན་བགེགས་ལ་གཏོར་མ་བཏང་ནས་དྲགས་སྔགས་བཟླ་ཞིང་རོལ་མོ་དང་བཅས་པས་རྟེན་ལ་ཡུངས་ཐུན་གྱིས་བྲབས་གུ་གུལ་གྱིས་བདུག་པ་སོགས་བྱས་ལ་བགེགས་བསྐྲད། སྒྲིབ་སྦྱོང་གི་སྔགས་བཟླས་པའི་བྱེ་ཡུངས་ཀྱིས་བྲབས་ཅིང་བུམ་ཆུས་བཀྲུ། དྲི་བཟང་གིས་བྱུགས། སྟོད་གཡོགས་དང་སྨད་གཡོགས་དཀྲི། གནས་གསུམ་སོགས་སུ་བཏགས་གྲོལ་དང་གདགས་ཡིག་གི་རིམ་པ་ཅི་འབྱོར་བཏགས་སྐད་ཅིག་གིས་རྡོར་སེམས་སུ་བསྐྱེད། ཅུང་ཟད་མཆོད་ཅིང་བསྟོད་ནས་རས་སོགས་སྟན་སྲབ་མོའི་ཁྱོགས་ལ་བཏེགས་ནས་རོལ་མོ་དང་བཅས་པས་ཐབ་ཀྱི་ནང་དུ་ཅུང་ཟད་རྒུ་བར་བཞག་པའི་མདུན་ངོས་སུ་ཤིང་ཕྲ་བ་དང༌། རྒྱབ་རྣམས་ཅུང་ཟད་སྦོམ་པས་གཅིར་བའི་ཕྱིའི་མདུན་གྱི་རྩ་བ་སྦར་ཁུང༌། རྐེད་པར་རྫས་ཁུང་སྟེང་དུ་དུད་ཁུང་རྣམས་མ་གཏོགས་གཞན་ཐམས་ཅད་མཛེས་ཤིང་བསྟན་པར་བརྩིག །དཀར་རྩི་བྱུགས་ཅིང་གདུགས་དབུབ་པ་སོགས་བྱ། བདག་བསྐྱེད་སོགས་སྔར་བཞིན་ལས་མེ་སྦར་བ་ན། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་བས། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །སྤྱི་དྲིལ་སྔགས་དང་ཡིག་བདུན་མཐར། ཨོཾ་ཨགྣེ་ཡེ་སྭཱ་ཧཱ། ཞེས་བརྗོད་ཅིང་བསྲེག །གང་ཟག་མཆོག་ཡིན་ན་རྟེན་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་དུ་བྱ་ཞིང་དམན་པ་ལ་ཤ་ཁྲག་བདུད་རྩིའི་རང་བཞིན་གྱི་མཆོད་རྫས་སུ་དམིགས་པ་ཡིན་ལ། སྤེལ་ཚིག་ཀྱང་དེས་འགྲེ་སྦྱར་བས་ཁ་སྒྱུར་ཞིང༌། ཆོ་ག་གཞན་ནི་སྔར་གྱི་དཀྱུས་བཞིན་རྫས་རྣམས་འབུལ་བ་ན། དམིགས་ཡུལ་རྗེས་སུ་དྲན་པས་དེ་ལ་ཕན་པའི་བསམ་པས་སྔགས་བཟླས་ཤིང་སྦྱིན་སྲེག་བྱས་པས། བདག་དང་ལྷ་དང་མཆོད་རྫས་དང་མེ་ལས་ཡེ་ཤེས་ཀྱི་འོད་ཟེར་དཀར་པོ་འཕྲོས་དམིགས་ཡུལ་ལ་ཐིམ་པས་དེའི་སྡིག་སྒྲིབ་ཀྱི་ཉེས་པ་ཐམས་ཅད་སེལ་བར་བསམ་པ་ཡིན་ཏེ། སྤེལ་ཚིག །སྐུ་ཚེ་དུས་ལས་འདས་པའི་ས་ལམ་ལ་བར་དུ་གཅོད་པའི་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་སམ། ཡང་ན། ཚེ་ལས་འདས་པའི་ལས་ཉོན་སྡིག་སྒྲིབ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་སྐབས་ཐོབ་སྦྱར་རོ། །དེ་ལྟར་རོ་བསྲེག་ཚར་བའི་རྗེས་སུ་རང་ལྷའི་ང་རྒྱལ་གྱིས། བཛྲ་སཾ་ཧ་ར་ཎ་ཧཱུྃ། ཞེས་རུས་བུ་རྣམས་རིན་ཆེན་སོགས་ཀྱི་སྣོད་དུ་བཞག །དེའི་སྟེང་དུ་མཉྫུའི་ཁར་རིན་པོ་ཆེའི་བུམ་པ་སྨན་དང་དྲི་བཟང་གི་ཆུས་གང་བ་ཁ་བརྒྱན་གཟུངས་སྡོར་བཅས་པ་དང༌། ཉེ་ལོགས་སུ་བ་བྱུང་ལྔའི་སྣོད་དང་ག་བུར་གུར་གུམ་སོགས་དྲི་བཟང་གི་ཆུའི་སྣོད་ཀྱང་སོ་སོར་བཤམ། བདག་སྐྱེད་མདོར་བསྡུས་ཛབ྄་བཟླས་ཡན་གྲུབ་རྗེས་བུམ་པ་སྒྲུབ་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང༌། །བྷྲཱུྃ་གྱི་ཡི་གེ་ཡོངས་གྱུར་སྐད་ཅིག་གིས། །མཚན་ཉིད་ཡོངས་རྫོགས་རིན་ཆེན་བུམ་པ་ནི། །བདུད་རྩིའི་ཆུ་ཡིས་ཡོངས་སུ་གང་བའི་དབུས། །པད་ཉི་ཟླ་སྟེང་ཧྲཱིཿཡིག་ཡོངས་གྱུར་ལས། །སྐད་ཅིག་བླ་མ་ཀུན་འདུས་པདྨ་འབྱུང་སོགས། བཟླས་དམིགས་ཀྱི། རྟ་མགྲིན་ཐུགས་ཀར་པདྨ་ཟླ་བའི་སྟེང༌། །ཡེ་ཤེས་སེམས་དཔའ་འཕགས་མཆོག་སྤྱན་རས་གཟིགས། །དཀར་གསལ་ཞི་འཛུམ་མཆོག་སྦྱིན་པད་དཀར་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་བཞུགས། །རང་གི་ཐུགས་ཀའི་སྔགས་ལས་འོད་ཟེར་འཕྲོས། །གཟུངས་ཐག་ལ་འཁྲིལ་བུམ་པའི་ནང་དུ་སོང༌། །བུམ་ལྷའི་སྐུ་ལས་བྱུང་བའི་བདུད་རྩིའི་རྒྱུན། །བབ་པས་བུམ་པ་ཡོངས་སུ་གང་བར་གྱུར། ཅེས་དམིགས་ལ་རྩ་སྔགས་ཕྲེང་བསྐོར་ཙམ་ཅི་ནུས་ཀྱིས་མགོ་དྲངས། མ་ཎི་གཙོ་བོར་སྟོང་ཕྲག་ལས་མི་ཉུང་བས་ལེགས་པར་བསྒྲུབ་སྤྲོ་ན་སྤྱན་རས་གཟིགས་ཀྱི་གཟུངས་རིང་ཀྱང་བརྒྱ་ལྔ་བཅུ་ཉེར་གཅིག་སོགས་ཇི་འགྲུབ་བཟླ། དེ་ནས་དུང་ཆུ་མེ་ཏོག་བཅས་ཕུལ་ལ། ལྷ་རྣམས་འོད་དུ་ཞུ་བས་བུམ་ཆུ་དང་རོ་གཅིག་ཏུ་འདྲེས་པས་དངོས་པོ་གང་ལ་འཐོར་བས་ཉེས་པ་ཐམས་ཅད་སྦྱོང་བའི་བདུད་རྩིར་གྱུར་པར་བསམ། དེ་ནས། རུས་བུའི་སྟེང་དུ་ཟླ་བ་ལ་གནས་པའི་ཨཿདཀར་པོ་འོད་ཟེར་འཕྲོ་བ་དེ་ལས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ལ། རྩ་སྔགས་ཕྲེང་བསྐོར་ཙམ་དང༌། བཟླས་པའི་དངོས་གཞི་ཡིག་བདུན་འབུམ་ཕྲག་གཅིག་འགྲོ་ངེས་གྲངས་བཟུང༌། གཞན་ཡང་སྤྱན་རས་གཟིགས་ཀྱི་གཟུངས་རིང༌། རྡོར་སེམས་ཀུན་རིག །མི་འཁྲུགས། འཁོར་བ་དོངས་སྤྲུག །པདྨ་གཙུག་ཏོར། ཞི་ཁྲོ་སོགས་ངན་སོང་སྦྱོང་བའི་སྔགས་མང་དུ་བཟླས་ནས། ཨཱཿལས་བདུད་རྩི་བབས་པ་བུམ་ཆུ་ལ་སོགས་པའི་རྫས་རྣམས་ལ་ཐིམ་པས་དག་བྱེད་ཀྱི་ནུས་ལྡན་དུ་གྱུར་པར་བསམ་ལ། བྱེ་མ་ཕུས་འདེབས། གོང་དུ་གཤིན་པོ་རྗེས་འཛིན་སྐབས་ལྟར་སྦྱོང་བ་གསུམ་སྔོན་དུ་འགྲོ་བས་རྩ་སྔགས་དང་ངན་སོང་སྦྱོང་བའི་སྔགས་བཟླས་པའི་བྱེ་མས་བྲབས། ཁྲུས་དུག་དབྱུང་བཅས་ཀྱིས་རུས་བུ་རྣམས་དག་པར་བཀྲུ། དེ་ཉིད་ཤིན་ཏུ་ཞིབ་པར་བཏགས་ནས་དར་ཚགས་ལ་དྲངས། སྔར་གྱི་བུམ་ཆུ་དང༌། རྟེན་འདུས། ཆོས་སྨན། རིན་ཆེན། སྨན་སྣ། བ་བྱུང༌། དྲི་བཟང་རྣམས་ལྷན་ཅིག་སྦྱར་བ་འདམ་འཐག་ལྟ་བུ་ཅུང་ཟད་བྱས་རྗེས་སླར་ཡང་དྲི་བཟང་དང༌། ས་བཟང་པོའི་འཇིམ་པ་རྣམས་བསྲེས་པས་ཡིག་བདུན་བཟླ་བཞིན་པས་བརྫིས་ལ། འཇིམ་པ་རིན་པོ་ཆེའི་ཕུང་པོར་བསམ་ཏེ། རང་གི་ཐུགས་ཀའི་འོད་ཟེར་གྱིས་འོག་མིན་དུ་རྣམ་པར་སྣང་མཛད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་བྱུང་བས་སེམས་ཅན་ཀྱི་རྒྱུད་སྦྱངས་འཇིམ་པ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་རང་བཞིན་དུ་གྱུར་པར་བསམས་ལ་ལག་གཡོན་པའི་ཐེའུ་ཆུང་མཐེ་འོས་མནན་པ་གྱེན་བསྟན་དང༌། གཡས་པའང་དེ་བཞིན་དུ་ཁ་སྦུབ་པའི་བར་དུ་འཇིམ་པ་བཞག་ལ་རྣམ་སྣང་གི་གཟུངས་རིང་ངམ། ཡང་ན། ཨོཾ་ཛི་ན་ཛིཀ྄་སྭཱ་ཧཱ། ཞེས་ཉེར་གཅིག་དང་ཡིག་བདུན་བཟླས་པས་བྱིན་གྱིས་བརླབས། ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ། རྡོ་རྗེའི་སྲོག་ཐོབ་པར་བསམས་ལ་འཇིམ་པ་བཅད། ཨོཾ་བཛྲོདྦྷ་ཝཱ་ཡ་སྭཱ་ཧཱ། ཡེ་ཤེས་རྡོ་རྗེ་འབྱུང་བར་བསམ་ལ་འབི་འབི་བྱ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཡེ་ཤེས་སྡུལ་བྲལ་དུ་བསམས་ལ་སྣུམ་བྱུག །ཨོཾ་དྷརྨ་དྷ་ཏུ་གརྦྷ་སྭཱ་ཧཱ། ཆོས་ཀྱི་དབྱིངས་ཀྱི་སྙིང་པོ་རྙེད་པར་བསམ་ཞིང་བརྐོས་ཕོར་དུ་བཅུག །ཨོཾ་བཛྲ་མུརྒ་ར་ཨཱ་ཀོ་ཊ་ཡ་ཧཱུྃ་ཕཊ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པར་བསམས་ལ་གདབ། ཨོཾ་སརྦ་བིདྱ་སྭཱ་ཧཱ། ཡེ་ཤེས་ཀྱི་སྙིང་པོ་ཁོང་དུ་ཆུད་པར་བསམས་ལ་གུར་གུམ་གྱིས་བྲིས་པའི་རྩ་གསུམ་སྤྱི་སྔགས་དང༌། མ་ཎི་གྲངས་ཅི་འགྲུབ། རྟེན་སྙིང་གཟུངས་སུ་གཞུག །ཨོཾ་དྷརྨ་ར་ཏི་སྭཱ་ཧཱ། ཆོས་སྐུ་ལས་གཟུགས་སྐུར་གྲུབ་པར་བསམ་ཞིང་ཕྱིར་འདོན། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། སངས་རྒྱས་ཐམས་ཅད་དེ་ལ་བརྟན་པར་བཞུགས་པར་བསམས་ལ་མེ་ཏོག་འཐོར་ཞིང་རབ་ཏུ་གནས་པར་བྱའོ། །ཅུང་ཟད་རྒྱས་པར་སྤྲོ་ན་བདག་སྐྱེད་སྔོན་དུ་འགྲོ་བས། ལས་བུམ་དུ་སྐད་ཅིག་གིས་བདུད་རྩི་འཁྱིལ་པ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབ་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་སོགས་ཅི་ནུས་བཟླས་མཐར། ལྷ་འོད་དུ་ཞུ་ནས་བུམ་པའི་ཆུ་ནུས་པ་དང་ལྡན་པར་གྱུར་པར་བསམ། སཱཙྪ་རྣམས་སྟེགས་བུའི་ཁར་ལེགས་པར་བཀོད་པའི་མདུན་དུ་མཆོད་པ་ཅི་འབྱོར་དང་སྦྱོང་ཆས་སོགས་དགོས་པའི་ཡོ་བྱད་རྣམས་བཤམས། བགེགས་སྦྱང་བ་ནི། གཏོར་མ་རྟེན་ལ་བསྐོར་ཞིང༌། ཨོཾ་སརྦ་བིགྷྣན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ཞེས་པ་ནས་གྲྀ་ཧྣེ་དཾ་བ་ལིནྟ་སྭཱ་ཧཱ། ཞེས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུ་བསྐོར་ཞིང་ཧཱུྃ་བཞི་པ་གསུམ་གྱིས་ཕྱེད་མ། ན་མོ། རྩ་བརྒྱུད་ཀྱི་བླ་མ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང༌། ཁྱད་པར་དུའང་རྩ་གསུམ་ཀུན་འདུས་མ་ཧཱ་གུ་རུ་པདྨ་འབྱུང་གནས་ཀྱི་ལྷ་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བདེན་པ་དང༌། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་རབ་ཏུ་གནས་པའི་ཆོ་ག་བསྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་དཔག་ཚད་དང་རྒྱང་གྲགས་སུ་མ་གནས་པར་སོང་ཞིག །གལ་ཏེ་མི་འགྲོ་ན་ཡེཤེས་ཀྱི་རྡོ་རྗེ་འབར་བས་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། ཞེས་བརྗོད་ཅིང༌། གུ་གུལ་གྱིས་བདུག །ཡུངས་དཀར་གྱིས་བྲབ། དྲག་སྔགས་བཟླ་ཞིང་རོལ་མོའི་སྒྲ་དྲག་པོ་དང་བཅས་པས་གཏོར་མ་རྒྱང་རིང་དུ་དོར་བ་སྟེ་དྲག་པོས་སྦྱོང་བའོ། །བུམ་ཆུས་ཁྲུས་གསོལ་ཞིང༌། ཇི་ལྟར་བལྟམས་པ་སོགས། འདི་ནི་ཁྲུས་ཆོག་དཔལ་སོགས། རྒྱལ་བའི་སྐུ་གསུང་སོགས། དེ་དག་སྐུ་ལ་སོགས་ཀྱིས་སྐུ་ཕྱིའོ། དེ་ནས་སཱཙྪ་རྣམས། ཨ་མྲྀ་ཏས་བསང༌། ཤཱུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་ཆེན་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཨོཾ་ལས་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་འདུས་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། རིན་པོ་ཆེས་བརྒྱན་པ་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་དབང་ལྷ་དང་བཅས་པ་བཛྲ་ས་མ་ཛཿ ཛཿཧཱུྃ་བྃ་ཧོ༔ གཉིས་སུ་མེད་པར་ཐིམ། དབང་ལྷས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུར་བརྒྱན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་སོགས་ཀྱིས་མཆོད། ཕྱག་བྱར་འོས་པ་སོགས་ཀྱིས་བསྟོད། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱས་སྤྱན་དབྱེ་བའི་རྒྱ་དང་བཅས། ཀུན་མཁྱེན་ཡེ་ཤེས་སྤྱན་ལྡན་སྐྱོན་བྲལ་ཡང༌། །གུས་པས་འཕགས་པའི་སྤྱན་ནི་དབྱེ་བགྱིས་པས། །ནམ་མཁའི་མཐར་ཐུག་གྱུར་པའི་སེམས་ཅན་ཀུན། །ཀུན་མཁྱེན་ཡེ་ཤེས་སྤྱན་དང་ལྡན་པར་ཤོག །ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་བི་ཤྭཱ་དྷ་ནི་སྭཱ་ཧཱ། ཞེས་དང་མཆོད་ཅིང་བསྟོད་ལ། །བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་ལས་རྟེན་རང་གི་རྣམ་པར་གྱུར། འདི་ནི་རྟེན་དང་སོགས་ཀྱིས་མཐར། སུ་ཏྲ་ཏིཥྛ་དང་ཡེ་དྷར་མང་དུ་བཟླས་པས་མེ་ཏོག་དོར། མེ་ཏོག་དམ་པ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་སོགས་ཀྱིས་བསྟོད་ནས་ཤིས་བརྗོད་རྒྱས་པར་བྱའོ། །ཆོ་ག་དེ་ལྟ་བུའི་སྒོ་ནས་མཆོད་རྟེན་གཅིག་བཏབ་པ་བྱེ་བ་སྙེད་བཏབ་པར་འགྱུར་ཞིང་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །བདག་བསྐྱེད་བསྡུ་ལྡང་སོགས་མཐར་དབྱུང༌། དངོས་གཞི་སྒྲུབ་པའི་ཆོ་ག་ནི། རབ་ཏུ་གནས་པའི་སཱཙྪ་རྣམས་ཀྱི་མདུན་དུ་མཆོད་པ་རྒྱ་ཆེར་བཤམས། རུས་སྦྱོང་སྦྲེལ་ནས་ཞག་གི་བར་མ་ཆོད་ན་བདག་བསྐྱེད་མི་དགོས་ཀྱང་གཞན་དུ་ན་བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་རྣམས། རྃ་ཡྃ་ཁྃ། བདག་ཉིད་ལྷར་གསལ་ཐུགས་ཀའི་ས་བོན་སོགས་དང༌། ཨོཾ་བཛྲ་ཨརྒྷཾ་ནས་བཛྲ་སྥ་ར་ཎ་ཁཾ། གིས་བྱིན་གྱིས་བརླབས། དེ་ནས་སཱཙྪ་རྣམས། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་སོགས། སྟོང་པའི་ངང་ལས་པདྨ་ཟླ་བའི་སྟེང༌། །བྷྲཱུྃ་གྱི་ཡི་གེ་ཡོངས་གྱུར་སྐད་ཅིག་གིས། །མཚན་ཉིད་ཡོངས་རྫོགས་མཆོད་རྟེན་བུམ་པའི་དབུས། །སྣ་ཚོགས་པདྨ་ཉི་མ་ཟླ་བའི་སྟེང༌། །ཧྲཱིཿལས་བླ་མ་ཀུན་འདུས་པདྨ་འབྱུང༌། སོགས་ནས་བསྟོད་པའི་བར་དང༌། བསྙེན་དམིགས། རྟ་མགྲིན་ཐུགས་ཀར་པདྨ་ཟླ་བ་སོགས་ནས། ཧྲཱིཿམཐར་སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར། རང་ཉིད་ལྷར་གསལ་ཞལ་ནས་སྔགས་སྒྲ་སྒྲོགས། །དམིགས་ཡུལ་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་སྦྱངས་དུ་གསོལ་ཞེས་གསོལ་བཏབ་པས། །མདུན་བསྐྱེད་ལྷ་ཡི་ཞལ་ནས་སྔགས་སྒྲ་དང༌། །ཐུགས་རྗེའི་འོད་ཟེར་དཀར་པོ་དཔག་མེད་འཕྲོས། །དམིགས་ཡུལ་གཙོར་གྱུར་སེམས་ཅན་རྣམས་ལ་ཕོག །སྡིག་སྒྲིབ་ཀུན་སྦྱངས་འཕགས་པའི་གོ་འཕང་ཐོབ། །ཚུར་འདུས་རྟེན་ལ་ཐིམ་པས་གཟི་བྱིན་འབར། །སྣང་སྲིད་ལྷ་སྔགས་ཡེ་ཤེས་འཁོར་ལོར་གྱུར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་དྷེ་ཝ་སོགས་རྩ་སྔགས་ཅི་འགྲུབ་དང༌། དངོས་གཞི་ཡིག་དྲུག་གཙོ་བོར་བཟླས་པའི་གྲངས་བཟུང༌། ཐུན་མཐར་དབྱངས་གསལ་རྟེན་སྙིང་ལན་གསུམ་རེའི་མཚམས་ཨོཾ་ཨཱཿཧཱུྃ་དངོས་འབྱོར་ཡིད་སྤྲུལ་སོགས་མཆོད་བསྟོད་དང༌། ཡིག་བརྒྱ་བརྗོད། མཆོད་རྟེན་ལྷ་དང་བཅས་པ་འོད་དུ་ཞུ་བ་ལས་སཱཙྪའི་རྣམ་པ་ཇི་ལྟ་བར་གྱུར། སླར་ཡང་གོང་གི་རབ་གནས་སྐབས་ལྟར་མཆོད་བསྟོད་དང༌། བརྟན་བཞུགས་བྱ། བདག་བསྐྱེད་ཀྱི་མཇུག །འགག་མེད་སྣང་ཆར་ཤར་བའི་སོགས་ནས་བཀྲ་ཤིས་བར་མཐར་དབྱུང༌། །དེ་ལྟ་བུའི་རིམ་པས་ཡིག་བདུན་འབུམ་ཐེར་གཉིས་ཁ་སྐོང་བཅས་དེ་ཙམ་མ་འགྲུབ་ན། ཡིག་བདུན་འབུམ་ཕྲག་གཅིག་ཁ་སྐོང་བཅས་ལས་ཉུང་མི་ལོ། མཚན་མའི་བསྙེན་པ་མཆོད་རྟེན་ལས་འོད་ཟེར་འབར་བ་ལ་སོགས་པའི་རྟགས་མ་མཐོང་གི་བར་དུ་བཟླ་བར་གསུངས་སོ། །དེ་ལྟར་ཚུལ་བཞིན་བསྒྲུབས་པའི་སཱཙྪ་ནི། མཆོག་ཕལ་གང་ཡིན་ཀྱང་རྟེན་གྱི་ ནང་དུ་གཞུག་པ་དང༌། ཁང་བུ་བརྩེགས་པའི་མཆོད་རྟེན་སོགས་བགྱིས་ཀྱང་རུང་མོད། མཆོག་རྣམས་ལ་དེ་རྣམས་ཅི་རིགས་དང༌། ཕལ་པ་ལ་གནས་དབེན་པར་བཀུར་སྟི་དང་བཅས་ཏེ་གཞུགས་པའམ། རྒྱ་མཚོར་འབབས་པའི་ཆུ་ཀླུང་ཆེན་པོར་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཏུ་བསམས་ལ་སྨོན་ལམ་དང་བཅས་ཏེ་ལེགས་པར་དྲངས་པར་བྱའོ། །ཆོ་གའི་རིམ་པ་འདི་བཞིན་བསྒྲུབས་པའི་ཕན་ཡོན་ཀྱང༌། རྒྱུད་ལས། དེས་ནི་ངེས་པར་དམྱལ་གནས་ནས། །དེ་བྱས་པས་ནི་གྲོལ་བར་འགྱུར། ཡི་དྭགས་བྱོལ་སོང་སྡུག་བསྔལ་ལས། གྲོལ་ཏེ་ལྷ་ཡི་གནས་སུ་སྐྱེ། ཞེས་སོགས་རྒྱ་ཆེར་བསྔགས་ལ་ཡིད་ཆེས་པའི་དད་པ་བརྟན་པོས་འབད་པར་བྱ་བར་རིགས་པ་ཉིད་དོ། །འདི་སྦྱར་དགེ་བས་ལུང་རྟོགས་བསྟན་པ་དར། །བསྟན་འཛིན་སྐྱེས་བུས་འཛིན་མའི་བྱོན་ཀུན་གང༌། །འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་པ་དང༌། །ལྷན་ཅིག་ཕྱིར་མི་ལྡོག་པའི་ས་ཐོབ་ཤོག །དེ་ལྟར་སྔ་འགྱུར་བསྟན་པའི་གསལ་བྱེད་ཆེན་པོ་གཏེར་ཆེན་འགྱུར་མེད་རྡོ་རྗེས་མཛད་པའི་རྡོར་སེམས་ཐུགས་ཀྱི་སྒྲུབ་པའི་རུས་སྦྱོང་ཉིད་རྩ་བར་གཟུང༌། དེའི་གསལ་བྱེད་དང༌། སཱཙྪ་རབ་གནས། གཤིན་པོ་རྗེས་འཛིན་བཅས་ས་གསུམ་ན་འགྲན་ཟླ་དང་བྲལ་བའི་གཏེར་གཏོན་གྲུབ་ཐོབ་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་པདྨ་འོད་གསལ་མདོ་སྔགས་གླིང་པ་ཉིད་ཀྱིས་མཛད་པའི་རྡོ་རྗེའི་ཚིག་དྲི་མ་མེད་པས་ཟུར་བརྒྱན་ཏེ། ལུགས་གཉིས་མཁྱེན་སྤྱན་ཡངས་པའི་མ་ཏིའི་ཐུགས་བཞེད་སྐོང་ཕྱིར། སྙིགས་དུས་ཀྱི་རིག་སྔགས་འཆང་བའི་གཟུགས་བརྙན་གདོལ་སྤྱོད་པ་བདུད་ལས་རྣམ་པར་རྒྱལ་བའི་སྡེས་སྦྱར་བ་འབྲེལ་ཐོབ་ཀྱིས་གཙོས་མཁའ་ཁྱབ་ཡིད་ཅན་རྒྱ་མཚོ་འདྲེན་པ་འོད་དཔག་མེད་ཀྱི་ཞབས་དྲུང་ཏུ་སྐྱེ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

Footnotes

Other Information