རྩ་གསུམ་འཇམ་དཔལ་སྙིང་ཐིག་ལས༔ རྡོ་རྗེའི་དབང་གི་ཆོ་ག༔

From Khyentse Lineage - A Tsadra Foundation Project
JKCL-KABUM-10-THA-024
Wylie title rtsa gsum 'jam dpal snying thig las: rdo rje'i dbang gi cho ga: JKCL-KABUM-10-THA-024.pdf
Location chos kyi blo gros bka' 'bum
Volume 10, Text 24, Pages 241-253 (Folios 1a to 7a4)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Tertön འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ ('jam dbyangs mkhyen brtse chos kyi blo gros)
Citation 'jam dbyangs mkhyen brtse chos kyi blo gros. rtsa gsum 'jam dpal snying thig las rdo rje'i dbang gi cho ga. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 241-253. Bir, H.P.: Khyentse Labrang, 2012.
Genre Empowerment Ritual - dbang chog - dbang skur
Cycle རྩ་གསུམ་འཇམ་དཔལ་སྙིང་ཐིག་ (rtsa gsum 'jam dpal snying thig)
Deity 'jam dpal
Recension Link Other Versions on this site: རྩ་གསུམ་འཇམ་དཔལ་སྙིང་ཐིག་ལས༔ རྡོ་རྗེའི་དབང་གི་ཆོ་ག༔

1 Texts in this Section (sde tshan or chos tshan)

[edit]
༄༅། །རྩ་གསུམ་འཇམ་དཔལ་སྙིང་ཐིག་ལས༔ རྡོ་རྗེའི་དབང་གི་ཆོ་ག་བཞུགས༔

འཇམ་དཔལ་ཡེ་ཤེས་སྒྲོན་མེར་འདུད༔ གདོད་ནས་བཞུགས་པའི་ཡེ་ཤེས་སེམས༔ སྲིད་ཞི་ལས་འདས་སྲིད་ཞིའི་བདག༔ ཡེ་ཤེས་གཉིས་མེད་ཚུལ་འཆང་བ༔ གཞོན་ནུའི་ལུས་ཅན་ཉིད་དུ་བཞུགས༔ མ་རྟོགས་འཁྲུལ་པའི་ཡིད་ཅན་རྣམས༔ རྒྱུན་རིང་འཁོར་བར་ཡ་རེ་ང་༔ གཟུང་འཛིན་གཉིས་སུ་སྣང་བས་འཁྲུལ༔ རང་ངོ་ཤེས་ན་ད་ལྟ་ཡང་༔ ཡེ་ཤེས་དབྱིངས་སུ་འདུ་འབྲལ་མེད༔ འཕེལ་འགྲིབ་བྲི་གང་བྲལ་བར་བཞུགས༔ རྡོ་རྗེ་ཐེག་པའི་གསང་བ་ནི༔ ཐབས་མང་དཀའ་བ་མེད་པ་དང་༔ དབང་པོའི་ཐབས་ཀྱི་ཁྱད་པར་གྱིས༔ གཏོར་དང་བླུགས་པའི་ཆོ་ག་ཡིས༔ གང་ཟག་སྨིན་ན་མངོན་སུམ་མཐོང་༔ ལམ་ཀུན་རྩ་བ་དབང་ཉིད་དེ༔ དབང་ནི་རང་སེམས་ཉིད་ལ་རྫོགས༔ ཀུན་རྫོབ་བརྡའ་ཡི་ནུས་པ་ལས༔ བརྟེན་པས་དོན་གྱི་དབང་བཀའ་ཐོབ༔ མངོན་དུ་གྱུར་ན་རྒྱུད་དང་ལུང་༔ མན་ངག་མ་ལུས་གཅིག་ཏུ་དྲིལ༔ དེ་ཕྱིར་ཐོག་མར་དབང་ཉིད་གཅེས༔ བསྒྲུབ་གཞི་གཉུག་མའི་རྡོ་རྗེ་བཞི༔ སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི༔ དཀྱིལ་འཁོར་ཉིད་དུ་ལྷུན་གྱིས་གྲུབ༔ སྒྲུབ་བྱེད་དབང་གི་བུམ་པ་དང་༔ གསང་བ་ཤེར་ཡེ་བཞི་པ་སྟེ༔ ཕྱི་ནང་གསང་བ་དེ་ཁོ་ནའི༔ ཚུལ་དུ་ཡང་དག་ངེས་པར་གནས༔ སྒྲུབ་པོ་རྡོ་རྗེ་སློབ་དཔོན་ནི༔ དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེ༔ སྐུ་བཞི་དབྱེར་མེད་ཧེ་རུ་ཀ༔ དྲུག་པ་རྡོ་རྗེ་འཆང་དུ་བཞེངས༔ ཐབས་རྣམས་ཚོགས་པའི་རྟེན་འབྱུང་གི༔ ནུས་པས་ཅིར་ཡང་རུང་བས་ན༔ རང་བཞིན་ཡོན་ཏན་བརྒྱད་ལྡན་པས༔ རིམ་པ་དབང་གི་ཆོ་ག་ཡིས༔ རྡོ་རྗེའི་སློབ་མ་རྗེས་འཛིན་བྱ༔ ས་མ་ཡ༔ དེ་ལ་དང་པོ་སའི་ཆོ་ག༔ ཡན་ལག་བཅས་པ་ལས་རུང་ཚེ༔ ལྷ་དང་བུམ་པ་སློབ་མ་རྣམས༔ ལྷག་པར་གནས་པས་ཉེ་བར་བསྙེན༔ དངོས་གཞི་བཀྲ་ཤིས་སྟེགས་ཡངས་པར༔ རྡུལ་ཚོན་ཆོ་གས་སྒྲུབ་པ་ཡི༔ དཀྱིལ་འཁོར་ཚད་དང་ལྡན་པར་བཞེངས༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང་༔ བུམ་པ་བྷནྡྷ་བདུད་རྩིས་གཏམས༔ མེ་ལོང་ལི་ཁྲིའི་རྡུལ་ལྡན་པར༔ རྡོ་རྗེ་སེམས་དཔའི་མན་ཤེལ་འགོད༔ མཆོད་པ་རྒྱན་གྱིས་མཛེས་པར་བྲེས༔ བདག་མདུན་ཆོ་གས་ཡང་དག་སྒྲུབ༔ བསྐྱེད་དང་བཟླས་པས་ལས་རུང་བྱ༔ སྣོད་དུ་གྱུར་པའི་སློབ་མ་རྣམས༔ བྱུང་བསལ་བགེགས་ཀྱི་འཇུག་པ་བསྐྲད༔ ཕྱོགས་བཅིངས་དད་པས་འཁོད་པ་ལ༔ བློ་བཅོས་ལོ་རྒྱུས་རྒྱས་པར་བཤད༔ མཎྜལ་ཕུལ་ལ་གསོལ་བ་གདབ༔ ཨེ་མ་ཡང་དག་དཀྱིལ་འཁོར་ཆེ༔ རྡོ་རྗེ་འཆང་དབང་ཀུན་གྱི་རྗེ༔ དམིགས་མེད་བརྩེ་བས་ཉེར་དགོངས་ལ༔ བདག་ཅག་དཀྱིལ་འཁོར་འཇུག་པར་མཛོད༔ སྐྱབས་སེམས་བསགས་སྦྱངས་སྡོམ་པ་བཟུང་༔ མིག་དར་འཆིང་ཞིང་མེ་ཏོག་གཏད༔ སློབ་མ་རང་ཉིད་སྲས་སུ་བསྐྲུན༔ རྒྱས་གདབ་མིག་འབྱེད་མཐོང་བ་བསྟན༔ རིགས་ངེས་ཤེས་ཕྱིར་མེ་ཏོག་དོར༔ དབང་རྟགས་ཚུལ་དུ་སྤྱི་བོར་བཅིངས༔ མདུན་བསྐྱེད་འོད་ཀྱིས་ཡེ་ཤེས་བསྐུལ༔ མངོན་སུམ་བྱིན་དབབ་དམིགས་པ་གཟིར༔ བརྡ་དང་སྤོས་རོལ་དབྱངས་ཀྱིས་བསྐུལ༔ བརྟན་པར་བྱེད་པ་ནང་འཇུག་གོ༔ སླར་ཡང་གསོལ་བ་གདབ་པ་ནི༔ བྱང་ཆུབ་རྡོ་རྗེ་དཀྱིལ་འཁོར་གཙོ༔ ཡེ་ཤེས་གཉིས་མེད་ཚུལ་འཆང་བ༔ གསང་བ་རྡོ་རྗེའི་ཡང་དག་དབང་༔ བདག་ལ་ངེས་པར་སྩལ་དུ་གསོལ༔ སློབ་དཔོན་ལྷ་ཡི་འོད་ཟེར་གྱིས༔ མཁའ་ཁྱབ་གདན་གསུམ་དབང་གི་ལྷ༔ མདུན་དུ་སྤྱན་དྲངས་མཆོད་ཅིང་བསྟོད༔ གསོལ་བ་གདབ་པས་ཉེར་བསྐུལ་ཏེ༔ ཐོག་མར་བུམ་དབང་སྦྱིན་པ་ནི༔ ཧཱུྃ༔ བཀྲ་ཤིས་རིན་ཆེན་བུམ་པ་ན༔ ཡེ་ཤེས་བདུད་རྩིའི་བཅུད་ཀྱིས་གཏམས༔ སྒྱུ་འཕྲུལ་དྲྭ་བའི་དབང་བསྐུར་གྱིས༔ རྡོ་རྗེའི་སྐུ་གསུང་ཐུགས་སུ་ཤོག༔ ཨོཾ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ བདུད་རྩི་སྦྱིན་ཞིང་འཐོར་འཐུང་བྱ༔ སྤྲོ་ན་རིགས་པའི་དབང་ལྔ་བསྐུར༔ ལུས་གང་ཡེ་ཤེས་མངོན་དུ་གྱུར༔ སྣང་སྟོང་ལྷ་ཡི་ཕྱག་རྒྱར་སད༔ བརྟན་ཕྱིར་ནུས་པ་འཇུག་དབང་ནི༔ ཨོཾ༔ ཡེ་ཤེས་སྐུ་སྟེ་སྐུ་ཡི་མཆོག༔ གཞོན་ནུའི་ལུས་ཅན་མཉྫུ་ཤྲཱི༔ དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་ནི༔ ཡབ་ཡུམ་གཉིས་མེད་དབང་བསྐུར་རོ༔ ཨོཾ་ཨ་ར་པ་ཙ་ན་དྷཱིཿཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ ཟག་པ་ཟད་པ་རྡོ་རྗེའི་རིགས༔ དཀྱིལ་འཁོར་ཀུན་བདག་ཆེ་བའི་མཆོག༔ རིགས་ཀྱི་བདག་པོ་ལྔ་རྣམས་ཀྱིས༔ ཡབ་ཡུམ་གཉིས་མེད་དབང་བསྐུར་རོ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཀཱ་ཡ་ཨ༴ ཧཱུྃ༔ སྐྱེ་མེད་དག་པ་གཟུང་འཛིན་འདས༔ གཉིས་སུ་མེད་ཀྱང་དུ་མར་སྣང་༔ རྒྱལ་སྲས་སེམས་དཔའ་ལྕམ་དྲལ་སྟེ༔ ཡབ་ཡུམ་གཉིས་མེད་དབང་བསྐུར་རོ༔ ཨོཾ་བྷོ་དྷི་ས་ཏྭ་ཀཱ་ཡ་ཨ༔ ཧཱུྃ༔ ཉོན་མོངས་དག་པའི་ཡེ་ཤེས་ཀྱིས༔ མ་ལུས་འགྲོ་བ་སྒྲོལ་བའི་ལྷ༔ རིག་པའི་སྐྱེས་བུ་ཆེན་པོ་ནི༔ ཐུབ་པ་དྲུག་གིས་དབང་བསྐུར་རོ༔ མ་ཧཱ་མུ་ནེ་ཨ༴ ཧཱུྃཿཚད་མེད་དག་པ་འགྲོ་བའི་མགོན༔ རང་བྱུང་ཁྲོ་རྒྱལ་དཀྱིལ་འཁོར་སྐྱོངས༔ མཐར་བྱེད་སྒོ་བ་རྣམ་པ་བཞི༔ ཡབ་ཡུམ་གཉིས་མེད་དབང་བསྐུར་རོ༔ ཛཿཧཱུྃ་བྃ་ཧོཿཀཱ་ཡ༴ རྡོ་རྗེའི་བཟླས་པའི་ལུང་སྦྱིན་ཞིང་༔ སྔགས་ཀྱི་ཕྲེང་བ་མགྲིན་པར་བཞག༔ ཨཱཿ གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་༔ དངོས་གྲུབ་ཀུན་གྱི་གཞི་འཛིན་པ༔ བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག༔ ཡང་དག་རོལ་པས་དབང་བསྐུར་རོཿཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཕྱག་མཚན་གཏད་ལ་དོན་ངོ་སྤྲད༔ ཧཱུྃ༔ ཡེ་ཤེས་སྐུ་སྟེ་རང་བྱུང་བ༔ འགྲོ་བའི་མར་མེ་ཡེ་ཤེས་སྒྲོན༔ གཉིས་ཆོས་རྡོ་རྗེ་བདེ་བ་ཆེའི༔ དཀྱིལ་འཁོར་འདི་ནི་རྟག་ཏུ་གནས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོན་ཏན་རྒྱན་ཆས་ཡན་ལག་གཏད༔ ཧོཿཕ་རོལ་ཕྱིན་བཅུའི་དག་པའི་མཐའ༔ ཟག་མེད་དཀྱིལ་འཁོར་འབྱུང་བའི་གཞི༔ ཡོན་ཏན་ལྡན་པ་ཡོན་ཏན་ཤེས༔ རིན་ཆེན་ཀུན་བདག་དབང་མཆོག་སྦྱིན༔ རཏྣ་ཨཱ་ལངྐ་གུ་ཎ་ཨ་བྷི་ཥིཉྩ་ཏྲཱྃ༔ ཕྲིན་ལས་སྣ་ཚོགས་རྡོ་རྗེ་གཏད༔ ཧོཿསངས་རྒྱས་ཕྲིན་ལས་བྱེད་པའི་མགོན༔ འགྲོ་ལ་ཕན་པའི་བྱེད་པ་ཅན༔ ཚར་གཅོད་རྗེས་སུ་འཛིན་པ་ཡི༔ སྒྱུ་འཕྲུལ་འདི་ནི་ཁྱོད་ལ་སྦྱིན༔ བི་ཤྭ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ གསང་བའི་དབང་ལ་དཀྱིལ་འཁོར་གཙོ༔ སྦྱོར་བའི་སྒྲ་དང་འོད་ཟེར་གྱིས༔ ཕྱོགས་བཅུའི་བུདྡྷ་བཀུག་ཅིང་བསྟིམ༔ ཞལ་ཞུགས་ཐུགས་ཀར་ཆགས་པས་ཞུ༔ མཁའ་གསང་ནས་སྤྲོས་ལྷག་པའི་སེམས༔ བུ་ཡིས་ལེན་ནམ་ཡང་ན་སྦྱིན༔ ཨཿབདེ་ཆེན་རོལ་པའི་ཡེ་ཤེས་ནིཿདཀར་དམར་བྱང་ཆུབ་སེམས་ཀྱི་གཟུགས༔ བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་༔ རྟོག་བྲལ་གསང་བའི་དབང་བསྐུར་རོ༔ ཨོཾ་བོ་དྷི་ཙིཏྟ་གུ་ཧྱ་ཨ་བྷི་ཥིཉྩ་མ་ཧཱ་སུ་ཁ་ཧོཿམགྲིན་པར་རོ་རྣམས་འདུས་པའི་རྩར༔ བརྒྱུད་དེ་ལུས་གང་རྟོག་པ་བཅོམ༔ ཐབས་ཀྱི་བདེ་བས་དྲངས་པ་ཡིཿཡེ་ཤེས་ཉིད་ལ་ཡང་དག་བལྟ༔ ཤིན་ཏུ་གསང་བ་རྡོ་རྗེའི་ལུས༔ དོན་གྱི་ངེས་པའི་དབང་ཉིད་དོ༔ བློ་ལྡན་བརྟུལ་ཞུགས་རིགས་ཅན་ལ༔ མཚན་ལྡན་རིགས་ཀྱི་བུ་མོ་བཙལ༔ རྒྱུད་སྦྱངས་སྣོད་དུ་གྱུར་པ་དག༔ རྡོ་རྗེའི་གཟུངས་མར་གཏད་ནས་སུ༔ ཧོཿཡང་དག་སངས་རྒྱས་ཀུན་གྱི་ལམཿསྣ་ཚོགས་གཟུགས་ཅན་དབྱིངས་ལས་བྱུང་༔ ཁྱེར་ལ་རོལ་ཅིག་དཔའ་བོ་ཆེ༔ བདེ་མཆོག་བརྟུལ་ཞུགས་གྲུབ་པར་གྱིས༔ རྨ་མུ་དྲ་ཛྙཱན་མཎྜ་ལ་ཨ་བྷི་ཥིཉྩ་ཨཱ༔ འདུ་ཤེས་གསུམ་གྱི་རོལ་པ་ལས༔ བྱུང་བའི་ཡས་བབ་མས་བརྟན་གྱི༔ རྒྱུ་འབྲས་དགའ་བ་ངོ་སྤྲད་པས༔ བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་༔ ཞུ་བས་དགའ་བ་སྐྱེས་པ་ན༔ བདེ་བས་མྱོས་ཚེ་སྟོང་པར་བལྟ༔ གཉིས་མེད་གཉིས་སུ་ལྷུན་གྲུབ་པས༔ ནམ་མཁའི་དེ་ཉིད་ངོ་སྤྲོད་གཅེས༔ ཐབས་ཀྱི་གསང་བ་བླ་མེད་པའི༔ ལམ་འདི་སངས་རྒྱས་ཀུན་གྱི་སྲོག༔ རྣམ་གྲོལ་ཞི་བའི་མཐར་ཐུག་པ༔ རང་ངོ་འཕྲོད་པ་ཤིན་ཏུ་གནད༔ བཞི་པ་ཡེ་ཤེས་དབང་བསྐུར་ནི༔ མི་ཕྱེད་ཅོད་པན་འཆང་བ་སྟེཿཤེལ་དང་མེ་ལོང་བརྡ་ཡི་ཐབས༔ བདེ་བའི་རྗེས་སྐྱོང་གནད་ཀྱི་གསང་༔ རྡོ་རྗེའི་ཚིག་གི་མཚམས་སྦྱར་བས༔ ཡེ་ཤེས་སེམས་དཔའི་ཞལ་མཐོང་འགྱུར༔ ཨཿཀ་དག་མེ་ལོང་དྭངས་མའི་ངོགས༔ ལྷུན་གྲུབ་འོད་གསལ་ཟེར་དང་ལྡན༔ ཀུན་ཁྱབ་ཀུན་ལས་འདས་པ་ཡི༔ ཡེ་ཤེས་དམ་པས་ཁྱོད་སྨིན་བྱ༔ ཨེ་མ་སངས་རྒྱས་གདོད་ནས་དག༔ རྡོ་རྗེའི་རིགས་ཏེ་དཀྱིལ་འཁོར་གཙོ༔ མཉམ་ཉིད་དབང་འདི་བླ་མེད་པཿརང་ཉིད་དེ་ཉིད་ངང་ལྟོས་ཤིག༔ འཇམ་དཔལ་དཔལ་གྱུར་རྫོགས་པའི་སྐུ༔ ཕྱག་བྱར་འོས་པ་བླ་མའི་རབ༔ ངོ་བོ་ཉིད་དུ་ལྷུན་གྲུབ་པ༔ ལྟོས་ཤིག་ལྟོས་ཤིག་རིགས་ཀྱི་བུ༔ སྙིང་དབུས་ཡེ་ཤེས་གསང་བ་ཆེའི༔ ཤེས་རབ་རང་བྱུང་སྒྲོན་མ་ནི༔ ཆོས་ཀུན་འབྱུང་གནས་དམ་པ་སྟེ༔ སྐུ་ལྔའི་བདག་ཉིད་ཤེས་པར་གྱིས༔ དབྱིངས་དང་རིག་པ་གཉིས་སུ་མེད༔ ངོ་བོ་བལྟས་པས་ས་ལེར་མཐོང་༔ འོད་གསལ་བླ་ན་མེད་པའི་ལམ༔ རང་ངོ་འདི་ལ་ཡང་དག་རྫོགས༔ འདི་སྟེ་དོན་གྱི་མཉྫུ་ཤྲཱི༔ ནམ་མཁའ་ཆེན་པོ་ཡོངས་སུ་དག༔ དེ་ཀོ་ངེས་པའི་རྡོ་རྗེ་སེམས༔ ཁྱོད་ཀྱི་སྙིང་ལ་ཡང་དག་གནས༔ དྷརྨ་དྷཱ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་ཨ་ཨ༔ ངོ་བོ་མ་བཅོས་ངང་ལ་བཞག༔ ཕཊ་ཀྱིས་རྟོག་པའི་འཕྲོ་འདུ་བཅད༔ སལ་ལེ་ཧྲིག་གེའི་དོན་ངོས་བཟུང་༔ སྙིང་པོའི་གནད་ཀྱི་ངོ་སྤྲོད་གདབ༔ དབང་ལྷ་སློབ་མ་ཉིད་ལ་བསྟིམ༔ དག་བྱ་དག་བྱེད་ངོ་འཕྲོད་པས༔ དབང་བསྐུར་བས་ཀྱང་ལམ་རྣམས་རྫོགས༔ རྡོ་རྗེ་གསང་བའི་སྣོད་དུ་འགྱུར༔ ཉན་འཆད་བསྒོམ་དང་སློབ་མ་བསྡུ༔ ཆོས་ཀྱི་རྒྱལ་པོར་མངའ་དབང་བསྒྱུར༔ རྗེས་ལ་གཏང་རག་ལུས་འབུལ་ཞིང་༔ དམ་ཚིག་ཁས་བླངས་བསྔོ་སྨོན་བྱ༔ ཕྲིན་ལས་རིམ་པ་མཐར་དབྱུང་བས༔ ཡང་དག་འབྲས་བུའི་སར་སྦྱོར་འགྱུར༔ ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི༔ ལྷ་དང་སྔགས་ཀྱི་གསང་བ་འདི༔ དུས་གསུམ་རྒྱལ་བའི་ཐུགས་ལ་གནས༔ ངེས་པའི་མཐར་ཐུག་འདི་ཡིན་པས༔ ཟབ་ཅིང་རྒྱ་ཆེ་བླ་ན་མེད༔ བསམ་མི་ཁྱབ་པར་སྣང་བ་ལས༔ ཀུན་གྱི་མཐར་ཐུག་སྙིང་པོའི་ལམ༔ དེ་ཉིད་ངེས་པའི་དོན་སྟོན་པ༔ ཐུགས་ཀྱི་ཏི་ལ་ཀ་འདི་ཉིད༔ སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ༔ ཡེ་ཤེས་སེམས་དཔའ་ཉིད་ཀྱིས་སྩལ༔ དངོས་གྲུབ་འབད་མེད་ཕྱོགས་པར་བྱུང་༔ ཁྱབ་བརྡལ་སྤེལ་བར་ཤིན་ཏུ་ཕོངས༔ འོན་ཀྱང་ཐ་མའི་གདུལ་བྱ་རྣམས༔ ཡར་བར་དོར་བ་བློས་མ་བཟོད༔ སྨོན་ལམ་བཙན་པོས་རྒྱས་བཏབ་པས༔ བདག་གི་ཡེ་ཤེས་སྒྱུ་མ་ནི༔ དུས་གསུམ་ཅིར་ཡང་སྣང་བ་ལས༔ སྙིགས་མའི་དུས་ཀྱི་སྐྱེས་བུ་ནི༔ འཇམ་དཔལ་ཆོས་ཀྱི་བཤེས་གཉེན་ཞེས༔ ཟབ་རྒྱས་ཆོས་ཀྱི་བཀའ་བབ་བདུན༔ ཐུབ་པའི་བསྟན་ལ་མཆོག་ཏུ་སྨན༔ དེ་ཡི་སྐལ་བར་གཏད་རྒྱས་གདབ༔ ཕྱི་ནང་རྟེན་འབྱུང་ལེགས་ཚོགས་ན༔ རིག་པའི་རྩལ་གྱི་ཆོ་འཕྲུལ་ནི༔ ཡི་གེ་སྤྲིན་གྱི་འཁོར་ལོར་སྣང་༔ བཅས་བཅོས་མ་བྱེད་གཏན་ལ་ཕོབ༔ དད་བརྩོན་བརྟུལ་ཞུགས་ལྡན་ལ་སྦྱིན༔ ཚུལ་བཞིན་ཉམས་བླང་དྲོད་ཐོབ་པས༔ དོན་གཉིས་རྒྱ་ཆེར་འགྲུབ་པར་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠི་གུ་ཧྱཿབརྡ་ཐིམཿ

༈འཇམ་པའི་དཔལ་དང་ལྡན་པ་ཡི། །ཡེ་ཤེས་སྒྱུ་མ་ཞི་དང་ཁྲོ། །ཇི་སྙེད་སྣང་བ་ཐམས་ཅད་ཀུན། །གདུལ་བྱའི་རྒྱུད་དང་མཐུན་པར་ཤར། །དེ་ལས་རབ་མཆོག་གསང་བ་ཡི། །བླ་མེད་ངེས་པར་ཐིག་པ་ནི། །འཇམ་དཔལ་ཞི་ཁྲོའི་ལྷ་རྒྱུད་བཅུད། །སྟོང་སྲོག་ཡི་གེའི་རྣམ་པར་ཤར། །རྡོ་རྗེའི་སྒྲ་ཆེན་མཐའ་ཡས་པ། །འགགས་མེད་ཕྱག་རྒྱ་ཟིལ་གྱིས་གནོན། འཁོར་འདས་ཀུན་ལ་ཁྱབ་པ་ཡི། །ཡ་མ་མོན་པ་བདུད་ཀྱི་ཚོགས། །མ་གཤིན་བདུན་བརྒྱ་ཉི་ཤུ་རྣམས། །རྡོ་རྗེའི་སྔགས་འདི་ལས་ཤར་བའི། །རང་བྱུང་གསང་བའི་ཡི་གེ་ཆེ་ཧོ། །བརྗོད་མེད་བརྗོད་པ་ཀུན་གྱི་གཞི། ཨཱ་ལི་ཀཱ་ལིའི་སྲོག་ལྡན་པ། །ཐབས་ཤེས་ཟུང་འཇུག་ཕྱག་རྒྱ་ཆེ། །དོན་དམ་རྡོ་རྗེའི་སྒྲ་དབྱངས་ནི། །ཅིར་ཡང་འཕྲོ་ཞིང་ཅིར་ཡང་སྣང་། །དེ་ལ་ཨྱེ་ཨྱེ་ཨྱེ་རྣམ་ཐར་གྱི། །སྒོ་གསུམ་ཆོས་ཀྱི་འབྱུང་གནས་ཆེ། །ཨ་ཀྲོ་ཏེ་ཀ་འཇམ་པའི་དཔལ། །དཔའ་བོ་ཆེན་པོ་རང་བྱུང་བ། །ཡ་མནྟ་ཀ་གཤིན་རྗེའི་རྒྱལ། །ཡ་མ་ཡེ་ཡི་བདག་པོ་ནི། །ཀཱ་ལ་རཱུ་པ་ཀ་པ་ཡེ། །ཁྲོ་གཤིན་གཟུགས་ཀྱི་རྒྱལ་པོ་གང་། །ཧྲཱིཿཥྚྲི་ཨ་པ་ཡེ་ཕྱོགས་སྐྱོང་། །བདག་པོ་ཆེན་པོ་ཨ་ཨ་ནེ། །ཨ་ཨ་ནེ་སྟེ་གཤེད་ཆེན་རྣམས། །ཨུ་ཨུ་ནེ་ཨ་ནེ་འཆི་སྲོག །དུ་དུ་ནེ་དུ་ནེ་བདུད་ཀྱི་གཤེད། །ཨ་ཨི་ཨུ་ཨེ་ཨོ་ཨཾ་དབྱངས། །བཅུ་གཉིས་བདག་པོ་འཇིག་རྟེན་རྒྱལ། ར་རཱི་ལ་ལཱི་སྲིན་པོའི་རྒྱལ། །དུ་རུ་ཡེ་ནི་ཀླུ་བདུད་གཤེད། །བྱ་ཚ་ཡེ་ནི་མཁའ་འགྲོ་དང་། །སིདྷ་ཡེཿཡི་རིག་པ་འཛིན། །ཧྲཱི་ད་ཡེ་ནི་ཞི་ཁྲོའི་ཚོགས། །བྷི་ཏ་ཡེ་ཏེ་གཟའ་བདུད་དང་། །ཙིཏྟ་ཡེ་ཡི་རུ་ཏྲའི་ཚོགས། །ཧ་ལ་ཡེ་ནི་འཕྲོག་པར་བྱེད། །མུ་ཀ་ཡེ་ནི་རྨུ་བདུད་དང་། །ཨུ་ཨུ་ནེ་ཨུ་ཨུ་ནེ་སྔགས་ཀྱི་བདག །བྱི་ཏྲི་ཏ་ནི་འདྲེ་རྣམས་དང་། །ཨ་ཨ་ན་ན་བཙན་གྱི་ཚོགས། །ཡ་མ་རཱ་ཛ་གཤིན་རྗེའི་རྒྱལ། །ཡ་མ་རཀྴ་སྲིན་གཤིན་རྣམས། །ཡ་མ་རཀ་ཨ་ལྷ་ཡི་བཙན། །ཡ་མ་རཀྵ་རོ་ལངས་དང་། །འབྱུང་པོའི་ཚོགས་རྣམས་ཐམས་ཅད་དང་། །བཻ་ཏ་ལི་ནི་ཟ་བྱེད་མ། །ཀྲོ་ཏཱི་ཤྭ་རཱི་དབང་མོའི་ཚོགས། །མ་མོ་མཁའ་འགྲོ་འབར་སྲིན་མོན། །ཨེ་ཀ་ཛཱ་ཊི་རལ་གཅིག་མ། །དེ་མ་ཁ་ལ་བཾ་རིལ་ནི། །ལྷ་མ་སྲིན་དང་སྡེ་བརྒྱད་དང་། །བགེགས་རྒྱལ་འབྱུང་པོ་ཇི་སྙེད་ཀུན། །རུ་ལུ་རུ་ལུའི་སྒྲ་ལྡན་པའི། །དྲག་པོར་ཁྲོས་པ་མ་ལུས་རྣམས། །ཤྲཱི་བཛྲ་ཀྲོ་དྷ་སྟེ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡི། །ཡ་མ་ཀརྨ་རོ་ཥ་ཎ། །ཕྲིན་ལས་གཤེད་བུ་མི་གཡོ་བ། །ཀྲོ་དྷ་ཙཎྜ་རཀྴ་མོནྟ་ནི། །ཁྲོ་བོའི་བཀའ་ལས་མི་འདའ་ཞིང་། །འདའ་ན་ཀླད་པ་ཚལ་པར་འགེམ། ཨཱཿ ཧཱུྃ་ཛཿཡིས་སྲོག་མནན་པའི། །སྤུ་གྲི་ཆེན་པོ་འབར་བ་སྟེ། །རབ་ཏུ་འཇོམས་བྱེད་གསང་སྔགས་རྒྱལ། །དུས་གསུམ་དུས་མེད་ཀུན་ཏུ་སྣང་། །བརྟན་དང་གཡོ་བའི་སྒྲ་སྐད་ཀུན། །འདི་ཡི་སྲོག་ལས་མི་འདའ་ཞིང་། །དུས་གསུམ་རྒྱལ་བ་ཞི་དང་ཁྲོའི། །གསུང་དབྱངས་སྙིང་པོའི་རྡོ་རྗེའི་སྒྲ། །རང་བྱུང་གཞོམ་མེད་རང་ཤར་བ། །རྡོ་རྗེའི་ལྕེ་ཡི་སུས་བཀླག་པའི། །ཡོན་ཏན་བསྐལ་པར་བརྗོད་མི་ཤེས། །ལས་རྣམས་ཐམས་ཅད་འདིས་འགྲུབ་བོ། །བསྟན་པ་ཀུན་གྱི་འཕྲོ་བའི་གཞི། །འཇམ་དཔལ་ཞི་ཁྲོའི་ལྷ་རྒྱུད་ཀྱི། །སྙིང་པོའི་སྙིང་པོ་གསང་སྔགས་ཆེ། །འདི་ཁོ་ན་ཉིད་ངེས་པའི་དོན། །མཐར་ཐུག་དོན་དམ་བདེ་བ་ཆེ། །རང་བྱུང་གསང་བ་ཆེན་པོའི་སྔགས། །དོན་གྱི་གསལ་བྱར་བྱེད་པ་འདི། །རྡོ་རྗེའི་རིག་པ་འཛིན་པ་ཡི། །ཙིཏྟའི་དཀྱིལ་དུ་ཨ་ཐཾ་རྒྱ། །དུས་སུ་བབ་ཚེ་སྣང་བར་འགྱུར། །ཨི་ཐི་ས་མ་ཡ། རྒྱ་རྒྱ་རྒྱ། །མནྟྲ་གུ་ཧྱ་གརྦྷ་ཨ་ཏི་ཧོཿ༔ ༔༔

Footnotes

Other Information