སྙན་བརྒྱུད་དམ་པའི་བླ་སྒྲུབ་སྙིང་ཐིག་གི། དབང་ཆོག་ཡེ་ཤེས་བཅུད་ཐིག།

From Khyentse Lineage - A Tsadra Foundation Project
JKCL-KABUM-10-THA-007
Wylie title snyan brgyud dam pa'i bla sgrub snying thig gi/ dbang chog ye shes bcud thig JKCL-KABUM-10-THA-007.pdf
Location chos kyi blo gros bka' 'bum
Volume 10, Text 7, Pages 33-38 (Folios 1a1 to 3b1)
Author འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་
Less details More details
Associated People ཕ་དམ་པ་སངས་རྒྱས་ (pha dam pa sangs rgyas)
Citation 'jam dbyangs mkhyen brtse chos kyi blo gros. snyan brgyud dam pa'i bla sgrub snying thig gi dbang chog ye shes bcud thig. In Rdzong sar mkhyen brtse 'jam dbyangs chos kyi blo gros kyi gsung 'bum, Vol. 10: 33-38. Bir, H.P.: Khyentse Labrang, 2012.
Genre Empowerment Ritual - dbang chog - dbang skur
Colophon

གོང་གི་རྒྱལ་ཟླའི་ཚེས་༢༠སྐོར་འགོས་ལོའི་དེབ་ཐེར་སྔོན་པོ་མཇལ་བས་ཞི་བྱེད་སྐོར་གྱི་རྣམ་ཐར་ལམ་ཙམ་རེ་བལྟས་སྐབས། དམ་པ་སངས་རྒྱས་སྐུ་མདོག་དམར་སྨུག་དབུ་སྐྲ་ནག་པོ་རལ་པ་རིང་པོའང་མིན་པ། ཐུང་ངུའང་མིན་པ་ཨརྦད་ཅན་ལྟ་བུ་ཕྱག་གཉིས་རེས་དཔྲལ་བར་ནམ་མཁའ་མཛོད་རྒྱ་ཅན། རེས་ཌཱ་རུ་ཐོད་པ་བསྣམ་པ་ཞིག་ཡིད་ངོར་ལམ་ལམ་གསལ་བ་བྱུང་ངོ་། །སརྦ་དཱ་མངྒ་ལཾ།།

gong gi rgyal zla'i tshes 20skor 'gos lo'i deb ther sngon po mjal bas zhi byed skor gyi rnam thar lam tsam re bltas skabs/__dam pa sangs rgyas sku mdog dmar smug dbu skra nag po ral pa ring po'ang min pa/__thung ngu'ang min pa arbad can lta bu phyag gnyis res dpral bar nam mkha' mdzod rgya can/__res DA ru thod pa bsnam pa zhig yid ngor lam lam gsal ba byung ngo /__/sarba dA mang+ga laM//

1 Texts in this Section (sde tshan or chos tshan)

[edit]
སྙན་བརྒྱུད་དམ་པའི་བླ་སྒྲུབ་སྙིང་ཐིག་གི། དབང་ཆོག་ཡེ་ཤེས་བཅུད་ཐིག་བཞུགས། ཕ་གཅིག་དམ་པ་རྗེ་ལ་འདུད། ཤིན་ཏུ་གསང་བའི་རྣལ་འབྱོར་ནི། །ཉམས་བླངས་སྨིན་པར་བྱེད་པའི་ཐབས། །དཀྱིལ་འཁོར་དམར་ཟླུམ་ལྟེ་བ་རུ། །ཐིག་ལེ་མཐིང་ག་ཆེན་པོའི་དབུས། །ཧྲཱི་དྷཱི་མཱུྃ་གྱི་ས་བོན་བཀོད། །བུམ་པ་ཐོད་ཆང་རིག་ཙག་དང་། བརྟུལ་ཞུགས་སྤྱོད་པའི་ཆས་རྣམས་དང་། །ཚེ་ཡི་དངོས་གྲུབ་རྫས་རྣམས་བཀྲམ། །མེ་ལོང་ཤེལ་རྡོ་དང་བཅས་མཐར། །ཕྱི་ནང་མཆོད་ཚོགས་ཅི་འབྱོར་བཤམས། །སློབ་དཔོན་རང་ཉིད་ནུས་ལྡན་སྒྲུབ། །དབང་རྫས་དབྱངས་གསལ་རྟེན་སྙིང་གིས། །བྱིན་གྱིས་བརླབ་ཅིང་ནུས་ལྡན་བྱ། །ཏིང་ངེ་འཛིན་གྱི་དབང་བླངས་ཤིང་། །རྣམ་པར་འཇོམས་པས་ལས་བུམ་སྒྲུབ། །སློབ་མ་ཁྲུས་དབྱུངས་བགེགས་བསལ་ཞིང་། །ལོ་རྒྱུས་ཇི་ལྟར་རིགས་པ་བརྗོད། །མཎྜལ་ཕུལ་བ་གསོལ་བ་བཏབ། །སངས་རྒྱས་ཀུན་བདག་ངོ་བོ་ཉིད། །ཧེ་རུ་ཀ་དཔལ་དམ་པ་རྗེར། །གུས་པས་གསོལ་བཏབ་བདག་རྒྱུད་ནི། །ཡོངས་སུ་གྲོལ་བར་མཛད་དུ་གསོལ། །ལན་གསུམ། སྐྱབས་སེམས་ཚོགས་བསགས་དང་། །སྡོམ་བཟུང་ཇི་ལྟར་རིགས་པར་བྱ། །དངོས་གཞི་ལྷར་བསྐྱེད་ཡེ་ཤེས་དབང་། །ཏིཥྛ་བཛྲས་བརྟན་པར་བྱ། །དབང་ལྷ་སྤྱན་དྲངས་མཆོད་གསོལ་གདབ། །དེ་ནས་དབང་རྣམས་རིམ་པར་བསྐུར། །བུམ་པ་བཟང་པོ་ཆེ་བའི་མཆོག །ཡོན་ཏན་ཀུན་གྱི་རྒྱན་ལྡན་པ། །བྱང་ཆུབ་སེམས་ཀྱི་རྒྱུན་བཟང་པོས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་སྦྱིན། །ཇི་ལྟར་བདེ་གཤེགས་རྒྱལ་རྣམས་ཀྱིས། །དེ་བཞིན་སྲས་རྣམས་དབང་བསྐུར་ལྟར། །དབང་བསྐུར་རྡོ་རྗེ་ཆེན་པོ་འདིས། །དེས་ནི་ཁྱོད་ལ་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཨོཾ་བཛྲི་བྷ་ཝ་ཨབྷི་ཥིཉྩ་ཧཱུྃ། སྤྱི་བོ་ནས་ནི་དབང་བསྐུར་ཞིང་། །སྒྲིབ་དག་བྱིན་བརླབས་ལུས་གང་ཞིང་། །བདེ་བ་ཆེན་པོ་ཉམས་སུ་མྱོངས། །ཆུ་ལྷག་སྤྱི་བོར་ལུད་པ་ལས། །པདྨའི་རིགས་ཀྱི་གཙོར་གྱུར་པའི། །དབང་ལྷས་དབུར་བརྒྱན་རྒྱས་གདབ་བྱ། དབང་ལྷ་བསྟིམ་ཞིང་བརྟན་བཞུགས་དང་། །མངའ་གསོལ་ཤིས་བརྗོད་ཅི་རིགས་བྱ། །བླ་མའི་སྨིན་མཚམས་ཨོཾ་ཡིག་ལས། །ཨོཾ་དང་སྐུ་འཕྲོས་བུམ་དབང་ཐོབ། །སྐུ་ཡི་གསང་བའི་བྱིན་རླབས་ཞུགས། །བརྟན་བྱེད་སྣང་བརྙན་སྤྱི་གཙུག་བཞག །ཨོཾ། སངས་རྒྱས་ཀུན་གྱི་སྐུ་ཡི་བདག །ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །དམ་པ་སངས་རྒྱས་འགྲོ་མགོན་གྱིས། །སྐུ་ཡི་བྱིན་བརླབས་སྦྱིན་པར་བྱ། །སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། བླ་མའི་མགྲིན་པའི་ཨཱཿ ཡིག་ལས། །ཨཱཿ དམར་སྔགས་ཀྱི་ཕྲེང་བ་འཕྲོས། །གསུང་གི་གསང་བའི་བྱིན་རླབས་ཞུགས། །བཟླས་ལུང་སྦྱིན་ཅིང་བགྲངས་ཕྲེང་ནི། །མགྲིན་པར་བཞག་ཅིང་བརྟན་པར་བྱ། ཨཱཿ ཇི་སྙེད་བརྗོད་པ་ཀུན་གྱི་གཞི། །སྒྲ་ཚིག་ལས་འདས་རང་བྱུང་གི། བདག་མེད་སེངྒེའི་སྒྲ་ལྡན་པ། །ཀུན་ཏུ་བརྗོད་པས་དབང་བསྐུར་རོ། །སྔགས་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཐུགས་ནི་ཙིཏྟ་དམར་པོ་ནི། །ཧཱུྃ་གིས་མཚན་པ་སྙིང་དབུས་བཞག །བླ་མའི་ཐུགས་ནས་འོད་དམར་གྱི། །གོང་བུ་ཧཱུྃ་གིས་མཚན་པ་སྤྲོས། །སྙིང་གའི་དབུས་སུ་ཐིམ་པར་བསམ། ཧཱུྃ། མི་རྟོག་ཡེ་ཤེས་བསམ་ལས་འདས། །གཟུང་འཛིན་སྤྲོས་པ་ཀུན་ཞི་བ། །རིག་སྟོང་འོད་གསལ་ཐུགས་ཀྱི་དབང་། །འཕོ་འགྱུར་མེད་པ་མངོན་གྱུར་ཤོག །སྔགས་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། བུམ་དབང་རྟོགས་བསྐྱེད་གསང་དབང་སྦྱིན། ཨཱཿ རང་བྱུང་པདྨ་བྷཉྫའི་སྣོད། །བླ་མ་ཧེ་རུ་ཀ་དཔལ་ཉིད། །དགྱེས་པ་ཆེན་པོས་སྙོམས་ཞུགས་པའི། །བྱང་ཆུབ་སེམས་ཀྱི་བདུད་རྩིའི་བཅུད། །སྐལ་ལྡན་ལྕེ་ལ་བཞག་པ་ཡིས། །རྩ་ཁམས་ཡི་གེའི་འཁོར་ལོར་སྨིན། །རླུང་བཅུ་རྣམ་པར་དག་གྱུར་ཏེ། །དེ་བཞིན་གཤེགས་པའི་གསང་བ་ཆེའི། །ཡེ་ཤེས་ཐིག་ལེའི་བཅུད་ཐོབ་ཤོག །ཨ་ཧོ་མ་ཧཱ་སུ་ཁ་ཧོཿ། བདེ་བའི་ཡེ་ཤེས་ངོ་སྤྲད་ཅིང་། །དབང་གི་རྟོགས་བསྐྱེད་ཤེར་དབང་སྦྱིན། །རིག་པའི་གཟུགས་བརྙན་ལ་སོགས་པ། །དབང་པོའི་རིམ་པ་དང་བསྟུན་བྱ། །ཧོཿཆོས་རྣམས་ཀུན་གྱི་འབྱུང་གནས་ཆེ། །བདེ་བ་ཆེན་པོ་གསང་བའི་ཡུམ། །རིགས་ཀྱི་བུ་ལ་སྦྱིན་པར་བྱ། །སྔོན་བྱོན་རྒྱལ་བ་ཐམས་ཅད་ཀྱང་། །ཐབས་མཆོག་འདི་ལ་བརྟེན་ནས་གྲོལ། །འདི་སྤངས་ན་ནི་དངོས་གྲུབ་མེད། །དེ་བས་བློ་གྲོས་ཐབས་ཆེན་པོས། །གསང་བ་མཆོག་ལ་སྤྱོད་པར་བགྱི། །པདྨ་བྷཉྫ་མོ་ཀྵ་ཧོཿརྗེས་ཆགས་སྙོམས་ཞུགས་བདེ་ཆེན་ནི། །རྣམ་བཅས་སྟོང་ཉིད་སྒྱུ་མའི་འཕྲུལ། །ངོ་སྤྲོད་དེ་ཡི་དོན་བསྐྱངས་ཤིང་། །རྗེས་འབྲེལ་བརྟུལ་ཞུགས་ཆས་རྣམས་སྦྱིན། །ཨེ་མ་ཧོཿདགྱེས་པའི་གར་གྱིས་རྣམ་རོལ་པ། །བདེ་མཆོག་བརྟུལ་ཞུགས་གྲུབ་པ་ཆེ། །རྡོ་རྗེའི་གནས་ཡུལ་ཀུན་ཏུ་རྒྱུ། །འཇིགས་པ་མེད་པའི་བརྟུལ་ཞུགས་ཀྱིས། །ཞུམ་མེད་སྣང་བ་ཟིལ་གནོན་ཅིང་། །མཁའ་འགྲོའི་རུས་རྒྱན། སྟག་ཤམ། ཌཱར་རྐང་། རོ་གདན། ཁ་ཊྭཱྃ། རྟེན་འབྲེལ་གལ་རྟ་རྣམས། ཚོགས་དང་སྐལ་མཉམ་ཕྱིར། །རྣལ་འབྱོར་རོལ་པའི་ཆས་འདི་ལོངས། །སྔགས་དང་དབྱངས་གསལ་རྟེན་སྙིང་མཐར། ཙཪྻ་ཨ་བྷི་ཥིཉྩ་ཧཱུྃཿདབང་གི་རྟོགས་བསྐྱེད་ཚིག་དབང་སྦྱིན། །མེ་ལོང་ཤེལ་རྡོའི་བརྡས་མཚོན་ཏེ། ཨོཾ་ཨཱཿཧཱུྃ་ཧོཿཨ་ཧོ་ཡེ། སྐྱེ་མེད་སྟོང་པའི་རང་སྒྲ་ལས། །ཚིག་ཏུ་བརྗོད་པ་ཀུན་ཏུ་སྣང་། །དོན་གྱི་ཡུམ་ཆེན་ཤེར་ཕྱིན་ནི། །ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་། །ཡེ་ནས་རང་ལ་རྫོགས་པ་ལ། །སྤང་ཐོབ་བྲལ་བའི་ཆོས་ཀྱི་དབྱིངས། །གཏིང་གསལ་འདུས་མ་བྱས་པ་ལ། །ངོ་བོ་སྐུ་དང་ཡེ་ཤེས་རྫོགས། །ལམ་ལྔའི་རྟོག་པ་དབྱིངས་སུ་ཆོད། །རྟེན་འབྲེལ་སྒྱུ་མ་ལྟར་སྣང་ཡང་། །དོན་ལ་བྲི་གང་འཕོ་འགྱུར་བྲལ། །དེ་བཞིན་ཉིད་དབྱིངས་ཀློང་དུ་ཨ། ཨ་ཨ་ཨ། ཞེས་དགོངས་པ་གཏད་ཅིང་རིག་པ་བསྲེ། །དབང་གི་རྟོགས་བསྐྱེད་མཐའ་རྟེན་དུ། །ཚེ་ཡི་དངོས་གྲུབ་སྦྱིན་ཅིང་བསྐུལ། །ཚེ་ཡི་འབྲང་རྒྱས་བཟང་པོ་ཐོགས། །ཧྲཱིཿའཆི་མེད་ཡེ་ཤེས་འོད་ཀྱི་སྐུ། །ཚེ་བདག་འདུས་པའི་ངོ་བོ་ཉིད། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ། །ཧེ་རུ་ཀ་དཔལ་དམ་པ་རྗེའི། །འཆི་མེད་ཚེ་ཡི་དབང་བསྐུར་བས། །སྐྱེ་འཆིའི་རྟོགས་པ་དབྱིངས་སུ་གཞོམ། །ཚེ་དཔག་མེད་མགོན་ཡབ་ཡུམ་གྱི། །གསང་གསུམ་རྟག་པའི་དབང་བསྐུར་སྦྱིན། །སྔགས་མཐར། ཨོཾ་བཛྲ་ཨ་ཡུ་ཥེ་ཚེ་བྷྲཱུཾནྲྀ་ཛ་སརྦ་སིདྡྷི་ཕ་ལ་ཧཱུྃ། ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་བརྗོད་ཚེ་འབྲང་ཚེ་རྫས་དངོས་གྲུབ་སྦྱིན། །ཤིས་པ་བརྗོད་ཅིང་དགའ་སྟོན་བྱ། །དམ་ཚིག་བསྒྲགས་བཟུང་གཏོང་རག་འབུལ། །དེས་ནི་ཡོངས་སུ་སྨིན་པར་འགྱུར། །ས་མ་ཡ། གུ་ཧྱ། རྒྱ་རྒྱ་རྒྱ། ཅེས་པའང་ཁོ་བོ་པདྨ་ཡེ་ཤེས་རྡོ་རྗེ་རང་ལོ་༦༥བ་མེ་བྱ་ཟླ་༡༢ཚེས་༢༢ལ་དམ་པ་སངས་རྒྱས་དེ་ཉིད་ཀྱི་སྐུ་ཡི་སྣང་བརྙན་ར་རིས་འཆར་བའི་རྐྱེན་གྱིས་ཡིད་ངོར་ཤར་བ་བཞིན། རྗེ་བླ་མ་པདྨ་འོད་གསལ་མདོ་སྔགས་གླིང་པའི་དམ་པའི་བླ་སྒྲུབ་དག་སྣང་སྙན་བརྒྱུད་ཀྱི་སྨིན་བྱེད་དུ་ཡིན་པར་རློམ་ནས་འབྲས་ལྗོངས་མཁའ་སྤྱོད་ཌཱ་ཀིའི་ཕོ་བྲང་ངོ་མཚར་སྤྲུལ་པའི་ཞིང་གི་གཙུག་ལག་ཁང་ཆེན་པོའི་འགྲམ་ལོག་གི་བ་གམ་དུ་ཤར་མར་བྲིས་པ་ནོངས་པར་གྱུར་ན་སྙིང་ནས་བཤགས་ཤིང་སྒྲིབ་པར་མི་འགྱུར་བ་དང་། ལེགས་བྱས་ཀྱིས་གདུལ་བྱ་སྐལ་བཟང་རྣམས་རྒྱུད་ཡོངས་སུ་སྨིན་ཅིང་ཕ་གཅིག་དམ་པའི་གསང་བ་གསུམ་གྱི་བྱིན་རླབས་སྙིང་ལ་སིམ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། ཤུ་བྷཾ། གོང་གི་རྒྱལ་ཟླའི་ཚེས་༢༠སྐོར་འགོས་ལོའི་དེབ་ཐེར་སྔོན་པོ་མཇལ་བས་ཞི་བྱེད་སྐོར་གྱི་རྣམ་ཐར་ལམ་ཙམ་རེ་བལྟས་སྐབས། དམ་པ་སངས་རྒྱས་སྐུ་མདོག་དམར་སྨུག་དབུ་སྐྲ་ནག་པོ་རལ་པ་རིང་པོའང་མིན་པ། ཐུང་ངུའང་མིན་པ་ཨརྦད་ཅན་ལྟ་བུ་ཕྱག་གཉིས་རེས་དཔྲལ་བར་ནམ་མཁའ་མཛོད་རྒྱ་ཅན། རེས་ཌཱ་རུ་ཐོད་པ་བསྣམ་པ་ཞིག་ཡིད་ངོར་ལམ་ལམ་གསལ་བ་བྱུང་ངོ་། །སརྦ་དཱ་མངྒ་ལཾ།། །།

Footnotes

Other Information